ལོ་མ།
ལོ་ངོ་མང་པོ་འགོར་བའི་རྗེས་སུ། ངས་ད་གཟོད་ལོ་མ་ནི་འཇིག་རྟེན་གྱི་ཆེས་བདེ་སྐྱིད་ལྡན་པ་དེ་ཡིན་པ་གཞི་ནས་རྟོགས་སོང་།
“གཟུགས་སྟོང་བ་ཉིད། སྟོང་བ་ཉིད་གཟིགས་སོ།། མ་གཞི་འཇིག་རྟེན་འཁོར་རྒྱུགས་ཀྱི་གནད་དོན་ཞིག་བཤད་ཀྱིན་འདུག་ཨང་། ཕྱོགས་གཞན་ཞིག་ནས་བཤད་ན་འཇིག་རྟེན་གྱི་བྱ་དངོས་ཡོད་ཚད་ལ་སྙིང་བོ་ཅི་ཡང་མེད་པ་བསྟན་འདུག རེད་དེ། ང་ཚོའི་འདི་ལྟར་འདང་བརྒྱབ་ཆོག ངས་སྟོན་ཁ་ལོ་མ་ཅིའི་ཕྱིར་སྡོང་བོ་དང་བྲལ་ནས་རླུང་གི་གར་མ་རུ་གྱུར་བ་ཤེས་སོང་།”
“ཁོའི་གནས་ལུགས་ཆེན་པོ་ཞིག་རྟོགས་འདུག ཉོན་དང་། ཉོན་དང་། ཚང་མས་ཉོན་དང་། དེ་རིང་གླིང་གེ་སར་རྒྱལ་བོའི་ཆང་གིས་བཟི་འདུག དེ་བས་དུང་དཀར་གླུ་ལེན་གར་རྩེད་འདིའི་མདོ་འཛིན་པ་དང་གཏམ་བཤད་པ་བྱས་ཆོག ད་ནི་ཁོས་ཀློའུ་བཤད་བྱེད་པར་སྒུག་ཆོག” གསེར་སྐྱབས་ཀྱིས་དེ་ལྟར་བཤད་ཞོར་རང་གི་མགྲིན་པར་ཡང་ནས་ཡང་དུ་རེག
གློ་བུར་དུ་དུང་དཀར་ཡར་ལངས་བྱུང་། ས་འབུ་ནག་ནར་ཞིག་ནུད་ནས་ཁོའི་རྐང་མགོར་ཐོན། ཁོའི་ས་འབུ་ནག་ནར་དེ་བཟུང་ནས་གར་སྟེགས་སུ་བུད་མ་ཐག རེ་ཞིག་ཚང་མ་ཚང་མ་ཧད་པར་གྱུར། དུང་དཀར་གྱིས་འདང་འགའ་རྒྱག་ཞོར་འདི་རྒྱུ་འབྲས་རེད། རྒྱུ་སྐྱེ་བ་སྔོན་མར་ལས་ངན་པ་བསགས་པས་འབྲས་བུ་འཇིག་རྟེན་ད་ངོགས་འདིར་ནུད་ནས་འགྲོ་བའི་འབུ་འདིའི་སྐྱེ་བ་བླངས་པ་རེད། ཁྱེད་ཚོའི་དེ་རིང་གི་དགོང་ཚོགས་འདི་དེ་སྔོན་འབད་པ་བྱས་པའི་འབྲས་བུ་རེད། དེ་ནི་སྐད་ཅིག་ཙམ། གཟུགས་སྟོང་བ་ཉིད།སྟོང་བ་ཉིད་གཟུགས་སོ། ཁྱོད་ཚོས་གནས་ལུགས་འདི་ཤེས་པར་མཛོད། ང་ཚོར་མ་འོངས་བ་ཟེར་བའི་ཐ་སྙད་གཅིག་མེད། ང་ཚོ་ད་རག་བར་གསོན་ཐུབ་པ་ནི་ཕྱིར་དྲན་གྱི་དྲིན་ཡིན། དེ་བས་ཚང་མས་སང་ཉིན་ཅི་བྱུང་ལ་མ་སྒུག་པར། ཁ་སང་ཅི་བྱས་པར་ཕྱིར་འདང་བརྒྱབ་ན་ད་གཟོད་བདེ་སྐྱིད་ཟེར་བ་འདི་ང་ཚོའི་དང་འབྲལ་བར་མི་སྲིད་དོ།། དེ་ལྟར་བཤད་ཞོར་ས་འབུ་ནག་ནར་དེ་རང་གི་གློ་ཁུག་ནང་བསྡུས། གསེར་སྐྱབས་ཀྱི་ཞི་ལུ་རྒྱུགས་ཡོང་ནས།
“ཨ་ཁུ། ངའི་ཨ་ཕས་བཤད་ན་འབུ་བསད་ན་དམྱལ་བ་ལྷུང་ནི་རེད། རྩྭ་འཐུས་ན་གཟུགས་སྐྱེ་ནི་མ་རེད། ཆུ་རྙོག་ན་རྐང་བ་ཞ་འགྲོ་ནི་རེད་ཟེར་གི ཁྱོས་ས་འབུ་དེ་གསད་མི་ཉན། གལ་སྲིད་ཁྱོས་འབུ་དེ་བསད་ན་ཁྱོད་རང་དམྱལ་བ་ལྷུང་འགྲོ་ནི་རེད། ཨ་ཕས་བཤད་ན་དམྱལ་ཟངས་ཆེན་པོ་ཞིག་ཡོད་པ་དེའི་ནང་གསོན་པོར་བཙོ་ནི་རེད་ཟེར། དེ་ནས་ཡང་ཕྱིར་གསོན་དུ་བཅུག་སྟེ་ཡང་བཙོ་ནི་རེད་ཟེར། དེ་བས་ཁྱོས་འབུ་དེ་གསད་མི་ཉན"དེ་ལྟར་ཟེར་བཞིན་དུང་དཀར་གྱིས་ངོ་ལ་བལྟས་འདུག དུང་དཀར་གྱིས་ཞི་ལུ་དེ་ལ་བཤད་རྒྱུར“གཟུགས་སྟོང་བ་ཉིད། སྟོང་བ་ཉིད་གཟིགས་སོ།། ངས་འབུ་འདིས་སྡུག་བསྔལ་བཅོམས་ནས་བདེ་སྐྱིད་ཅན་གྱི་མི་ཞིག་ལ་སྐྱེ་རུ་འཇུག་རྒྱུ། དེ་བས་ང་དམྱལ་བ་ལྷུང་ནི་མ་རེད། ཁྱེད་ཚང་གི་ཨ་ཕ་གསེར་སྐྱབས་དམྱལ་བར་ལྷུང་ན་ཐང་། ཁོས་འབུ་འདི་ལས་ལྷག་པའི་མང་པོ་ཞིག་བསད་ཡོད་ནི་རེད། ” ཞི་ལུ་དེ་མ་ཐག་མཚར་སྣང་དང་བཅས་སྟེ་“ངའི་ཨ་ཕས་ཉིན་རྒྱུན་ཁ་འདོན་འདོན་བཞིན་ཡོད། དུས་རྒྱུན་དུ་སེམས་ཅན་ཐམས་ཅད་བདེ་བ་བདེ་བའི་རྒྱུ་དང་བདག་གིས་ལྡན་པར་གྱུར་ཅིག་དང་སེམས་ཅན་ཐམས་ཅད་སྡུག་བསྔལ་མེད་པའི་སྡུག་བསྔལ་མེད་པའི་བདེ་བ་རུ་བདག་གིས་ལྡན་པར་གྱུར་ཅིག དེ་ལྟར་དུས་ནམ་རྒྱུན་གསོལ་བ་འདེབས་ཀྱིན་ཡོད་པས་ཁོ་རང་དམྱལ་བ་ལྷུང་ནི་མ་རེད། ཨ་ཁུ་འོ་ན་མི་ནི་འཇིག་རྟེན་གྱི་ཆེས་བདེ་སྐྱིད་ལྡན་པ་དེ་ཡིན་པ་ཨེ་རེད།ངས་དུས་རྒྱུན་དུ་མཐོང་པའི་མི་མང་པོ་ཞིག་ཁོམ་སོང་བ་མི་འདུག དུས་རྒྱུན་རང་འདོད་ཙམ་གྱི་ཆེད་དུ་རང་ཉིད་སྡུག་ལ་སྦྱོར་ཀྱིན་འདུག ངེད་ཚང་གི་ཨ་ཕ་གསེར་སྐྱབས་ཀྱིས་བཤད་ན་མི་ནི་འཇིག་རྟེན་གྱི་ཆེས་གདུག་རྩུབ་ཆེ་བའི་སྲོག་ཆགས་དེ་རེད་ཟེར། མ་ཟད་རྗེས་ཕྱོགས་ང་རང་ནར་སོན་ཚེ་བྱམས་སྙིང་བརྗེ་ཅན་གྱི་གྲྭ་བ་ཞིག་བྱས་ནས་ཆོས་ལ་འབད་དགོས་ཟེར། ཁྱོས་མི་ནི་འཇིག་རྟེན་གྱི་ཆེས་བདེ་སྐྱིད་ཅན་དེ་རེེད་ཟེར་དོན་ཅི་ཡིན། ”དུང་དཀར་ཡིད་ཙམ་ཁ་རོག་གེར་བསྡད་རྗེས། “ཆེས་བདེ་སྐྱིད་ལྡན་པ་ནི་མི་མ་ཡིན་པར་ལོ་མ་རེད། ལོ་མ་འཇིག་རྟེན་གྱི་ཆེས་བདེ་སྐྱིད་ལྡན་པ་དེ་རེད། "དེ་ལྟར་བཤད་པའི་རྗེས་སུ་རང་གི་ཁོང་དགོད་འགའ་མི་རྒྱག་ཀ་མེད་བྱུང་།
ཞི་ལུས་འདང་རྒྱག་ཞོར་ཕྱིར་ཨ་ཕ་གསེར་སྐྱབས་བཙལ་དུ་བུད་སོང་། དུང་དཀར་གྱིས་སྐད་གསེང་མཐོན་པོའི་མུ་མཐུད་དུ་བཤད་པར་འདོད་དུས་ཉན་མཁན་མང་པོ་ཞིག་བཟི་ནས་ལོག་འདུག དུང་དཀར་གར་སྟེགས་ལས་བབས་སྟེ་ཆང་དཀར་ཡོལ་གཉིས་བསྟུད་མར་འཐུང་རྗེས་“ཡ་ཚང་མ་བདེ་མོ་བྱོས། ང་དམག་སྒར་ལ་འགྲོ་ནི། དམག་སྒར་ཁོ་ན་ནི་ང་རང་བདེ་མོའི་ངང་ངལ་གསོས་ཆོག་སའི་གནས་མལ་གཅིག་པུ་ཡིན། ཚང་མས་མཉམ་དུ་ཆང་དཀར་ཡོལ་བཀང་འཐུང་། གེ་སར་རྒྱལ་བོ་བཟི་སོང་ན་གླུ་ཨ་ལ་ལ་མོ་ཡང་འཇིག་སོང་བ་ཡིན། ཚ་ཞང་འདབ་མས་ཆམ་པ་ཞིག་ལ་ཁ་གཡར་ནས་རྒད་མོ་དང་མཉམ་དུ་ལྷ་སར་བུད་ཐལ་ཟེར། དམྱལ་བ་འདི་ཚོ། སྤྱིར་ན་ང་ཚོ་མིག་ནང་ལ་འཇོག་གི་མི་འདུག ཁྲོ་ཐུང་བརྒྱུགས་ཡོང་ནས་དུང་དཀར་ལ་བཤད་རྒྱུར“ དོ་ནུབ་གེ་སར་རྒྱལ་བོ་བཟི་འདུག་པས་ང་ཚོའི་འབྲུག་མོར་བདག་དམ་ཡག་པོ་བྱེད་དགོས། གལ་སྲིད་དོན་དག་འདྲ་བྱུང་ཚེ་སང་ཉིན་གེ་སར་རྒྱལ་བོའི་འུ་གཉིས་ཀྱི་གོ་གནས་ལེན་ངེས། ཁྱོད་ད་དུང་བཟི་མི་འདུག སོང་ནས་འབྲུག་མོར་འདུག་རོགས་བྱོས། ངའི་བྱད་གཟུགས་བཙོག་ནི་རེད། ཧོར་གླིང་གཡུལ་འགྱེད་ད་སོ་མར་འཐབ་ཚར་བས་བྱབས་ཁྲུས་ཞིག་ཀྱང་རྒྱག་ཁོམ་སོང་མེད། དེ་བས་ང་སོང་ན་དྲི་ངན་འདྲ་བྲོ་སྲིད།། ཡ་མྱུར་མོར་སོང་།”“དུང་དཀར་ཀྱིས་ཁྲོ་ཐུང་ལ་བཤད་རྒྱུར་“ཁྱོད་ད་རག་བགད་པ་ཞིག་རིག་མ་མྱོང་། ཡ་དེ་རིང་ཁྱོད་ཅིག་དགོད་དང་། འབྲུག་མོ་ཡང་བཟི་མི་འདུག” ཁྲོ་ཐུང་གིས་ཆང་དཀར་ཡོལ་གང་གི་ནང་ལ་བལྟས་མ་ཐག་རང་ཉིད་ཀྱི་རྒས་གཉེར་དང་དེ་སྔོན་ཧོར་གླིང་གཡུལ་འགྱེད་སྐབས་ཧོར་གྱི་དམག་མི་ཞིག་གིས་ཡ་ཁའི་སྟེང་བཞག་པའི་རྨ་ཤུལ་སོགས་རིག་མ་ཐག་ངོ་ཚ་ཞོར་བྲོས་སོང་།
འབྲུག་མོ་ཡང་དགོད་ཞོར་དུ་“ཨ་ཁུ་ཁྲོ་ཐུང་འདི་དེ་འདྲའི་ངོ་ཚ་ནས་ཅི་བྱེད། ངས་ཚེ་གཅིག་སྐྱ་ཡ་གེ་སར་རྒྱལ་བོ་ཡང་གསར་བུ་མི་ཡག་གི་མོ། དེ་འདྲ་ངོ་ཚ་དོན་མི་འདུག སྐབས་དེར་ང་ཧོར་ན་ཡོད་དུས་ཀྱི་ཧོར་གུར་དཀར་རྒྱལ་བོ་ལྟ་བུའི་སྐྱེས་གཟུགས་ཡག་པོ་ཅན་ཞིག་ད་རག་བར་རིག་མ་མྱོང་། ཚང་མས་ཁྲོ་ཐུང་ལ་ལྟོས་དང་། ཁོ་ངོ་ཚ་ནས་བྲོས་ཐལ། ཁོ་ངོ་ཚ་ནས་བྲོས་ཐལ།” དུང་དཀར་གྱིས་ཆང་དཀར་ཡོལ་བཀང་ཧུབ་གཅིག་གི་འཐུང་རྗེས་འབྲུག་མོར་འཛུམ་ཞིག་སྟོན་ཞོར་དམག་སྒར་ལ་ལོག་སོང་། འབྲུག་མོའི་གེ་སར་སྐྱོར་བཞིན་མགར་གྱི་སྦྲ་ཆེན་ནང་ལ་འཛུལ་སོང་།
ནམ་དཀར་སོང་། དུང་དཀར་ཡར་ལངས་སྟེ་སྒེའུ་ཁུང་ཁ་ནས་རྒྱང་ལྟ་བྱེད་སྐབས། རླུང་གིས་ལོ་མ་མང་པོ་ཞིག་ཁྲིད་ནས་བྱང་ཕྱོགས་སུ་ཆས་སོང་།
༢༠༡༤ལོའི་ཟླ༡༠པའི་ཚེས༢༣ཉིན་ཆིན་ཏའོ་ནས།
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།