ས་རུབ་རྗེས།
དྲག་ཆར་ཞིག་གིས་རྫོང་མཁར་འདིའི་སྲང་ལམ་གྱི་འུར་ཟིང་ཡོད་ཚད་སྐད་ཅིག་ཉིད་ལ་རྨེག་མེད་དུ་བཅོམ་ནས། མི་དང་འཕྲུལ་འཁོར་གྱི་བཞུར་རྒྱུན་རིང་མོ་དེ་ཡང་དུམ་སེར་བཅད་སོང་། ཁོས་སྒེའུ་ཁུང་ཕྱི་རོལ་གྱི་རྡོ་གཅལ་སྟེང་དུ་རྡོག་བྲོ་འཁྲབ་བཞིན་པའི་ཆར་བའི་འབབ་རྒྱུན་ལ་ཅེར་ནས་"ཤུ དོ་དགོང་ཡང་མགྲོན་པོ་ཡོད་རྒྱུ་མ་རེད་"ཅེས་ཁེར་ལབ་ཞིག་བྱས་རྗེས་ཡང་བསྐྱར་ཐ་མག་རྐང་གཅིག་ལ་མེ་བསྒོས།
ད་ལྟ་ས་ཡོངས་སུ་རུབ་སོང་། སྒེའུ་ཁུང་ཕྱི་རོལ་གྱི་ཆར་བའི་ཤག་སྒྲ་སྔར་བཞིན་མཐོ་ལ། མཚམས་རེར་སྒོ་སྲུབས་ནས་རླུང་བུ་ལྡོམ་པོ་རེ་ཡང་ཁོའི་ཁྱིམ་དུ་བཙན་གྱིས་འཛུལ་ཡོང་བས། ཁོ་ལ་འཁྱགས་སིབ་སིབ་གྱི་ཚོར་བ་ཞིག་གིས་ཁོང་འདར་ཡང་ཡང་བསླངས། ཆུ་ཚོད་བཅུ་བ་གཟུར་སོང་། མགྲོན་པོ་གཅིག་ཀྱང་སླེབས་མ་སོང་། ཁོས་གློ་ཁུག་ནས་ཁ་པར་བླངས་ཏེ་ནང་དུ་ཉར་ཚགས་བྱས་ཡོད་པའི་ཨང་གྲངས་དག་ཡར་འདེད་མར་འདེད་ཐེངས་འགར་བྱས་ཀྱང་ཐ་མར་ཁ་པར་གཏོང་ཡུལ་འོས་འཚམ་ཞིག་གཏན་ནས་རྙེད་མ་སོང་བ་འདྲ། ཁོས་ “ཤུ དོ་དགོང་གི་ནམ་འདི་ཅི་ལྟར་ཕུད་རྒྱུས་”ཞེས་ཡང་བསྐྱར་ཁེར་ལབ་ཞིག་བྱས་རྗེས། ཉིན་འགའི་སྔོན་ལ་རང་ཉིད་ཀྱིས་ཨ་ལགས་བསྟན་དར་ཚང་གི་མདུན་ནས་རྒྱན་སྐུགས་རྒྱུ་བཅད་པར་འགྱོད་པ་དྲག་པོ་ཞིག་སྐྱེས།
ཁོ་ནི་བྲག་ལུང་སྡེ་བའི་མི་ཡིན་ལ། ཕྱུགས་ཟོག་བཙོང་དེ་རྫོང་མཁར་ནས་འཚོ་བ་རོལ་བའི་འབྲོག་ཁྱིམ་སྔ་མའི་གྲས་ཡིན། ལོ་དེར་ཁོའི་ཕ་མ་གཉིས་ཀ་གཅིག་འཕྲོར་གཅིག་མཐུད་ནས་མི་རྟག་ཕྱི་མའི་ཡུལ་དུ་ཆས་སོང་ལ། དེ་ནས་ལོ་གཅིག་མ་འགོར་བར་ཁོ་ལ་སུ་ཞིག་གིས་བོས་པ་བཞིན་ཕྱུགས་ཟོག་ཚང་མ་རྩ་མེད་བྱས་ཏེ་ཆུང་མ་ཁྲིད་ནས་རྫོང་མཁར་དུ་གནས་སྤོར་བྱས། དང་ཐོག་ཁོས་རྫོང་མཁར་འདིའི་རྒྱ་སྲང་འགྲམ་གྱི་ཁང་བ་ཉིས་ཐོག་ཞིག་ལས་གྱན་བཞི་གླས་ཏེ་སྟེང་ནས་སྡོད་ས་དང་ཞབས་ནས་སྟེགས་སྒང་རྩེད་ས་གཉིས་བཞག་ནས་རང་གི་ཆུང་མ་ལ་སྟེགས་སྒང་རྩེད་ས་དེ་གཉིས་སྲུང་དུ་བཅུག་པ་དང་། རང་ལ་ལས་ཀ་ཅི་ཡང་མེད་པར་དུས་འདའ་ཐབས་བྱས། ཁོ་ལ་བློ་དེ་སུས་བསླབས་པ་མི་ཤེས་མོད། ཉིན་ཞིག་ལ་ཁོས་མཱ་ཅང་རྩེད་སའི་ཅོག་ཙེ་གཉིས་ཉོས་ནས་སྟེང་གི་སྡོད་ཁང་ནང་བཞག ཉི་མ་དེ་ནས་བཟུང་ཁོ་ཚང་གི་མགྲོན་པོ་ལྡབ་གྱིས་ཇེ་མང་དུ་བུད་སོང་ལ། ཡོང་སྒོ་ཡང་ཧ་ཅང་ཇེ་ལེགས་སུ་སོང་། ཡིན་ནའང་དུས་ཡུན་རིང་བོ་ཞིག་མ་འགོར་བར་ཁོ་ཡང་མཱ་ཅང་རྩེད་མཁན་དག་གི་འགྲམ་ནས་བལྟས་ཏེ་སྡོད་མཁན་དེ་མ་ཡིན་པར་མཱ་ཅང་འཛུབ་མོས་ཕུར་ཞོར་རྩེད་མཁན་ཞིག་ཏུ་གྱུར། ཁོ་རང་དེ་ལྟར་གྱུར་བར་ཡང་རྒྱུ་མཚན་མེད་པ་ཞིག་མ་ཡིན་སྟེ། མཚམས་རེར་མགྲོན་པོ་གཅིག་གཉིས་རེ་ཐོན་ནས་རྩེད་རོགས་མ་རྙེད་དུས་ཁོས་རྩེད་རོགས་བྱེད་དགོས་པ་རེད། འདི་ལྟར་དུས་ཡུན་རིང་བོ་ཞིག་མ་འགོར་བར་ཁོས་ཕྱུགས་ཟོག་བཙོང་བའི་མ་རྩ་ཚང་མ་གཞན་ལ་ཤོར་སོང་ལ། ཐ་ན་ཆུང་མས་ཀྱང་ཁོ་རང་བསྐྱུར་ནས་རྒྱན་སྐུགས་མཁན་གཞན་ཞིག་གི་རྗེས་ལ་བུད་སོང་། ད་ལྟ་ཁོ་ལ་མཱ་ཅང་རྒྱགས་སའི་ཅོག་ཙེ་དེ་གཉིས་ལས་ཅི་ཡང་ལྷག་མེད། ཉིན་འགའི་སྔོན་ལ་ཁོ་རང་འགུལ་གྱིས་ཨ་ལགས་བསྟན་དར་ཚང་གི་མདུན་ལ་སོང་ནས་རྒྱན་སྐུགས་རྒྱུ་བཅད་མོད། ཉིན་ལྔ་དྲུག་ཞིག་ཀྱང་མ་འགོར་བར་རྒྱན་སྐུགས་རྒྱུ་བཅད་པར་འགྱོད་སེམས་གཏིང་ནས་སྐྱེས། ཁོ་ལའང་ཁག་མེད་དེ་རྒྱན་སྐུགས་རྒྱུ་བཅད་པའི་ཉིན་དེ་ནས་བཟུང་ནམ་རྒྱུན་ཐོན་ཡོང་བའི་མགྲོན་པོ་དེ་དག་གི་གྲིབ་མ་ཙམ་ཡང་རིག་རྒྱུ་མེད་པར་གྱུར་བས་སོ། །
ནམ་གུང་ཡོལ་སོང་། ད་ལྟ་རྫོང་མཁར་འདིའི་ཕྱི་ནང་གི་འུར་ཟིང་ཡོད་ཚད་སྔུར་བ་རིང་མོ་ཞིག་གི་ཁུགས་ན་བག་ཡངས་ཀྱིས་གཉིད་དུ་ཡུར་འདུག་ལ།ཡར་སྔོན་ཤེད་ཤུགས་ཀྱིས་འབབ་པའི་ཆར་བ་དེ་ཡང་ད་ལྟ་ཧ་ཅང་ལྷོད་གཡེང་དང་ཁུ་སིམ་གྱིས་རྫོང་མཁར་འདིའི་ཕྱི་ནང་ལ་སིམ་གྱིན་འདུག ཁོས་མཚམས་རེར་ཁ་པར་བླངས་ནས་རོལ་རྩེད་ཁ་ཤས་རྩེ་བ་དང་། མཚམས་རེར་བརྙན་འཕྲིན་གྱི་གློག་སྒོ་ཕྱེས་ནས་ལྟ་ཁུལ་བྱས་ཀྱང་། དོ་ནུབ་གྱི་མཚན་ནུབ་རིང་མོ་འདི་ཕར་ལ་སྐྱེལ་བར་རྔོ་ཅི་ཡང་ཐོགས་མ་སོང་། བར་སྐབས་ཤིག་ལ་ཁ་པར་ཏིར་སྒྲ་ཞིག་དང་མཉམ་དུ་འདར་ཙམ་བྱས་བྱུང་། ཁོས་དེ་མ་ཐག་ད་སོ་མར་མདུན་ཅོག་སྟེང་བཞག་པའི་ཁ་པར་དེ་ཕྱིར་ལག་ཏུ་བླངས་ནས་འཆར་ངོས་སུ་ལྟ་དུས། གངས་རིའི་སྲས་མོ་ཞེས་པའི་དྲ་མིང་ཞིག་ཁ་པར་གྱི་འཆར་ངོས་སུ་གསལ་ལྷང་ངེར་ཤར་འདུག ཁོས་མིང་དེ་མཐོང་མ་ཐག་གདོང་ལ་ཐེ་ཚོམ་དང་དགའ་སྤྲོ་འདྲེས་མའི་རྣམ་འགྱུར་ཞིག་མངོན་བཞིན། ངོ་མ་མོ་ཡིན་ནམ་ཞེས་ཁེར་ལབ་ཞིག་བྱེད་ཞོར་གངས་རིའི་སྲས་མོས་ཁོ་ལ་སྐད་འཕྲིན་དུ་བསྐུར་བའི་སྐད་ཆར་ཉན། "ཉེ་ལམ་བདེ་མོ་ཡིན་ནམ། ཁོམ་པ་ཡོད་ན་སྤྲོ་སྐྱིད་གླིང་དུ་ཤོག་དང་ཟེར" ། ཁོས་མོའི་སྐད་ཆར་ལན་འདེབས་རྩིས་མི་བྱེད་པར་མོ་ད་རག་བར་དུ་གང་ཞིག་ལ་སོང་བ་ཡིན་ནམ། ནམ་ཞིག་ལ་ཕྱིར་ཐོན་པ་ཡིན་ནམ་སོགས་འབྲུ་གསལ་ལ་མི་གསལ་བའི་ཁེར་ལབ་ལྡབ་ལྡིབ་ཞིག་བྱེད་ཞོར། སྔས་མགོའི་གྱང་ངོས་སུ་བཀལ་བའི་སྟོད་ལ་བར་ཚགས་ཅན་དེ་མགྱོགས་མྱུར་གྱིས་གྱོན་ནས་དེ་མ་ཐག་སྒོར་བུད་ནས་གླ་གཏོང་རླངས་འཁོར་ཞིག་ཡོང་བར་བསྒུག
གངས་རིའི་སྲས་མོ་ནི་ཁོ་རང་སྔོན་ཆད་མཱ་ཅང་བརྩེས་ནས་རྒྱུ་ཐོག་ལ་བརྒྱབ་ཡོད་དུས་ནམ་རྒྱུན་འགྲོ་སའི་སྤྲོ་སྐྱིད་གླིང་ཞེས་པའི་ཆང་ཁང་ཞིག་ནས་ངོ་ཤེས་པ་ཡིན་ལ། མོ་ནི་ཆང་ཁང་དེའི་ནང་གི་སྨད་འཚོང་མ་ཞིག་ཡིན། མོའི་ཡག་མོ་སྒོ་དང་གཟུགས་སྐྱེ་ལུས་གང་གི་ཐད་དུ་ཡང་ཁས་རྒྱགས་ཤིག་མེད་པས་ཆང་ཁང་དུ་ཡོང་བའི་མགྲོན་པོ་མང་པོ་ཞིག་གིས་ཁོ་མོའི་དོན་དུ་གློ་ཁུག་སྟོང་བར་ཕུད་མྱོང་། ཡིན་ནའང་ཁོས་གངས་རིའི་སྲས་མོ་ངོ་ཤེས་པའི་དགོང་མོ་དེ་ནས་བཟུང་། མགྲོན་པོ་གཞན་པས་གངས་རིའི་སྲས་མོར་ཞག་གཅིག་ལ་སྒོར་སུམ་བརྒྱ་བྱིན་ནས་འཁྲིད་རྩིས་བྱེད་དུས། ཁོས་དེ་ལ་བལྟས་ན་ལྡབ་ཀྱིས་སྒོར་མོ་མང་པོ་བྱིན་ནས་གངས་རིའི་སྲས་མོ་གཞན་ལག་ཏུ་གཏན་ནས་འཆོར་ཀི་མ་བཅུག་པ་རེད། དེ་བས་གངས་རིའི་སྲས་མོར་ཡང་མགྲོན་པོ་གཞན་དག་ལ་བལྟས་ན་ཁོ་གཅིག་པུར་འདང་བརྩེ་ཧ་ཅང་ཟབ། ཟླ་འགའི་སྔོན་ལ་གངས་རིའི་སྲས་མོ་གློ་བུར་དུ་གར་སོང་ཆ་མེད་དུ་གྱུར་སོང་ལ། ཁ་པར་གྱི་སྒོ་མོ་ཡང་གཏན་ནས་ཐེངས་གཅིག་ལའང་མི་འཕྲོད་པར་གྱུར། ཁོས་སྐད་འཕྲིན་ལས་མོའི་ཕྱོགས་སུ་སྐད་ཆ་ཇི་འདྲ་མང་པོ་ཞིག་བསྐུར་ཀྱང་ཕྱིར་ལན་ཚིག་གཅིག་ཀྱང་འབྱོར་མ་སོང་བས་ཁོའི་སེམས་པ་ཁོང་ཁྲོ་དང་དྲན་གདུང་འདྲེས་མའི་ཚོར་བ་ཞིག་གིས་མནར་གཅོད་གཏོང་ཞོར། སྔོན་ཆད་ཁོ་མོས་རང་ལ་སྐད་འཕྲིན་ནང་བསྐུར་ཡོང་བའི་འདྲ་པར་དག་ལ་ཡང་ཡང་ལྟ་བཞིན་ཉིན་མཚན་མང་པོ་ཞིག་ཤུགས་རིང་གིས་སྐྱེལ་དགོས་བྱུང་།
ཁོ་རང་སྤྲོ་སྐྱིད་གླིང་གི་ནང་དུ་ཐོན་དུས་ངོ་མི་ཤེས་པའི་མགྲོན་པོ་མང་པོ་ཞིག་གིས་ཧབ་ཆ་རྒྱགས་ཞོར་དང་ཝུ་ཆང་འཐུང་ཞོར་བྱེད་ཀྱིན་འདུག་ལ། གངས་རིའི་སྲས་མོས་སྐྱེས་པ་ཞིག་གི་པང་དུ་མགོ་བོ་བཞག་ནས་གཉིད་དུ་ཡུར་འདུག ཁོ་ལ་ག་བྱེད་འདི་བྱེད་མེད་པར་ཆང་ཁང་གི་ལོགས་ཤིག་ནས་ཧད་ནས་སྡོད་སྐབས་སྐྱེས་པ་དེ་ཡར་ལངས་ནས་ཁྱོད་རང་ཐོན་བཏང་ངམ། གན་ནས་སྡོད་ཅེས་འགྱིག་གི་རྐུབ་སྟེགས་སྟོང་བ་ཞིག་བསྟན། ཡིན་ནའང་ཁོ་རང་སྔར་བཞིན་གནས་གཅིག་ནས་ཧད་དེ་ལུས། སྐབས་དེར་སྐྱེས་པ་དེས ཨོ ཁྱོད་ལ་ཁག་མེད ཁྱོད་ཀྱིས་ཤེས་མི་སྲིད མོ་ནི་ངའི་ཆུང་མ་ཡིན། ང་ཡང་སྔོན་ཆད་རྒྱན་ལྐུགས་མཁན་ཞིག་ཡིན། ཁྱིམ་གྱི་རྒྱུ་ནོར་ཡོད་ཚད་རྒྱན་ལ་ཤོར་བས་མོ་ལ་ལས་ཀ་འདི་བྱེད་དུ་མི་འཇུག་ཀ་མེད་བྱུང་བ་རེད། མོས་ནམ་རྒྱུན་དུ་ང་ལ་ཁྱོད་རང་གླེང་མྱོང་། ཁྱོད་ནི་ངེད་གཉིས་ཀྱི་དྲིན་ཆེན་ཡིན། དེ་རིང་ཆེད་དུ་ཁྱོད་ལ་བཀའ་དྲིན་ཞུ་རུ་ཡོང་བ་ཡིན་ཞེས་བཤད་ནས་ཆང་ཕོར་དཀར་ཡོལ་གང་ཁོའི་ཕྱོགས་སུ་གཏད། སྐབས་དེར་ཁོའི་ངོ་གདོང་ཡོངས་ཚ་ལམ་ལམ་བྱེད་ལ་ཀླད་པའི་ནང་ཧྲིལ་བོ་ནག་འཐོམ་མེར་གྱུར་ནས་འཆར་སྒོ་ཅི་ཡང་མེད་པར་གྱུར།
ད་ལྟ་ཆར་བ་འབབ་མཚམས་བཞག་འདུག་ལ་མུན་པ་ཁོ་ན་ཧ་ཅང་སྲ་མཁྲེགས་ཀྱིས་རྫོང་མཁར་འདིའི་བྲང་ཁ་རུ་ལྷུང་འདུག ཁོས་ལྗིད་ཏིག་ཏིག་གི་རང་གི་ལུས་པོ་འདི་དྲུད་ནས་ལམ་བུ་ཞིག་རྡོག་པས་གནོན་གྱིན་ཡོད་མོད། ནམ་གུང་འདིའི་མུན་པའི་ཟབ་སར་བསྐུངས་ཡོད་པའི་རང་ཁྱིམ་དེ་གང་ན་ཡོད་པ་ཤེས་སྲིད་དམ།
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།