གསེར་བྱ།
དེ་རིང་རྟ་རྡོའི་སྙིང་ལ་གྲིས་བསྣུན་པ་ལྟར་ན་ཟུག་སྐྱེས་པས། ཉིན་ཧྲིལ་བོར་ཉལ་ནས་བསྡད་འདུག
རྟ་རྡོ་ལ་དངོས་འབྲེལ་ཁག་པོ་མི་འདུག
ཁ་སང་གསེར་བྱས་རྟ་རྒྱུགས་འགྲན་བསྡུར་སྟེང་བྱ་དགའ་ཨང་དང་པོ་བླངས་རྗེས། རྟ་རྡོས་བསམ་དབང་དྲན་དབང་མེད་པར་གསེར་བྱ་མི་གཞན་ལ་བཙོང་སོང་།
“ངས་གསེར་བྱ་བཙོང་འདོད་ཡེ་ནས་མེད། འོན་ཀྱང་ང་ལའང་ཐབས་མི་འདུག” རྟ་རྡོས་ཧ་ཅང་སྐྱོ་ཉམས་དང་ཡི་ཆད་ཀྱིས་དེ་ལྟར་བཤད།
“སྐྱོན་མི་འདུག འུ་ཚང་གི་རྒོད་མ་རྐྱང་སེར་མ་ལ་ད་ལོ་ཡང་རྟེའུ་ཞིག་ཡོད་ཚོད་རེད། མཆོག་སྤྲུལ་ཚང་ལ་སྐྱབས་འཇུག་རེ་ཞུས་དང་། ཕོ་རྟེའུ་ཞིག་ཡིན་ན་གསེར་བྱ་ལྟ་བུ་ཞིག་ཡོང་ངེས་ཡིན། ”རྟ་རྡོའི་ཆུང་མས་ཁོ་ལ་འོ་ཇ་དཀར་ཡོལ་གང་འདྲེན་བཞིན་དེ་ལྟར་བཤད།
རྟ་རྡོས་མལ་ལས་མགོ་བོ་ཡར་བཀྱགས་ཏེ་ཆུང་མའི་གདོང་ལ་ལྟ་ཙམ་བྱས་རྗེས“ངས་ཇ་མི་འཐུང་། སྐབས་འདིར་ང་ལ་ཇ་འཐུང་བའི་ཡི་ག་ཡོད་དམ། ངས་གསེར་བྱ……”ཁོས་བཤད་མ་ཐག་ཤུགས་རིང་ཞིག་དང་བསྡོངས་ནས་སླར་ཡང་མགོ་བོ་སྙེས་འབོལ་སྟེང་དུ་ལྷུང་སོང་།
གསེར་བྱ་ནི་རྟ་རྡོ་རང་གི་ལག་སྐྱེས་ཀྱི་གོམ་རྟའི་མིང་ཡིན་ལ། མིང་དེ་དང་ཐོག་མཆོག་སྤྲུལ་གསེར་ནག་ཚང་གིས་བཏགས་པ་ཡིན། རྟ་རྡོ་རང་ཉིད་ཀྱང་མིང་དེ་ལ་ཧ་ཅང་དགའ།
ཕལ་ཆེར་མཆོག་སྤྲུལ་ལགས་ཀྱིས་དངོས་སུ་གསེར་བྱ་ཞེས་མིང་བཏགས་པ་དེ་རྟེན་འབྲེལ་འགྲིག་པས་ཡིན་པ་འདྲ་སྟེ། གསེར་བྱ་ཐོ་རུ་ཡིན་དུས་ནས་བཟུང་རྟ་རྒྱུགས་འགྲན་བསྡུར་ཆེ་འབྲིང་ཆུང་གསུམ་གང་ལ་ཞུགས་ཀྱང་བྱ་དགའ་མ་ཐོབ་པ་གཅིག་ཀྱང་མེད་ལ། ནང་སྒོས་སུ་ན་ནིང་གི་ཞིང་ཆེན་རིམ་པའི་རྟ་རྒྱུགས་འགྲན་བསྡུར་སྟེང་གསེར་བྱ་ལ་གོམ་རྟའི་ཨང་དང་པོའི་བྱ་དགའ་ཐོབ་པས། གསེར་བྱ་ཟེར་ན་སྡེ་བ་ཕྱི་ནང་ཀུན་ན་མཚན་སྙན་གྱི་བ་དན་དགུང་ལ་འཕྱོ་ཞིང་། དེ་དང་བསྟུན་གསེར་བྱ་ཉོ་མཁན་གྱི་ཚོང་པའང་རྒྱ་རིགས་དང་བོད་རིགས། སོག་རིགས། ཐ་ན་ཕྱི་རྒྱལ་བའང་ཁ་ཤས་འདུག་པས་གསེར་བྱའི་རིན་གོང་ནི་ཉིན་རེ་ནས་ཟླ་རེར་གོང་དུ་འཕར་བཞིན་གདའ།
“ཨ་ལ་ལ། གསེར་བྱས་ད་ཐེངས་ཀྱང་ཨང་དང་པོ་བླངས་སོང་།”ཁ་སང་གསེར་བྱས་གཟི་བརྗིད་ངང་བྱ་དགའ་ཨང་དང་པོ་བླངས་རྗེས། རྟ་རྡོ་ནི་མི་སྣ་རྩེ་གྲ་ཞིག་དང་མཚུངས་པར། རྟ་རྒྱུགས་དགའ་སྟོན་ལ་ཕེབས་པའི་སྐྱེས་ཕོ་མོ་རྒན་དར་གཞོན་གསུམ་ཚང་མས་གསེར་བྱ་དང་ཁོ་གཉིས་ཀྱི་མཐའ་ནས་བསྐོར་ཏེ། བསྟོད་བསྔགས་བྱེད་མཁན་དང་འདྲ་པར་བསྐྱོན་མཁན། དགའ་བསུ་བྱེད་མཁན་ནི་དབྱར་དུས་ཀྱི་མེ་ཏོག་དུས་གཅིག་ལ་བཞད་པ་ལྟར་མཚམས་འཇགས་རྒྱུ་མ་བྱུང་། སྐབས་དེར། རྟ་རྡོས་ཟོལ་བཅོས་ཀྱི་འཛུམ་མདངས་ཤིག་བསྟན་ནས་ཉེ་འཁོར་གྱི་མི་རེ་རེ་འཛུམ་གྱིས་བསུ་བ་ལས། གདོང་ལ་དགའ་ཉམས་དང་སྐྱོ་ཉམས་ཅི་ཡང་ཤར་མི་འདུག
དེ་ལོས་ཡིན། ཁོས་བྱ་དགའ་ཨང་དང་པོ་བླངས་པ་བགྲང་གིས་མི་ལང་པས། ད་ཐེངས་ཨང་དང་པོ་བླངས་པའང་ཧ་ཅང་རྒྱུན་ལྡན་ཞིག་མ་ཡིན་ནམ།
དགའ་སྟོན་གྲོལ་སོང་། རྟ་རྒྱུགས་ཚར་སོང་། མི་ཚོགས་ཀྱང་ཡུན་གྱིས་རང་རང་གི་ཡུལ་ལ་བཞུད་སོང་།
རྟ་རྡོས་གསེར་བྱ་བཅིབས་ཏེ་གཟི་བརྗིད་ཀྱི་བྱ་དགའ་བསྣམས་ནས་ཕྱིར་རང་ཁྱིམ་དུ་ལྡོག་པའི་ལམ་བར་དུ། ཨ་ལོང་བཞི་ལོང་རྟགས་ཅན་གྱི་རླངས་འཁོར་ཞིག་རྒྱུགས་ཡོང་སྟེ་ཁོའི་གཡོན་ཕྱོགས་ཀྱི་ལམ་འགྲམ་ནས་བཀན་གྱི་ལེར་བསྡད་བྱུང་།
རླངས་འཁོར་གྱི་དྲ་སྒོ་ནི་ནང་ནས་བལྟས་ན་ཕྱི་རིག་མོད། ཕྱི་ནས་བལྟས་ན་ནང་མི་མཐོང་བ་དེའི་རིགས་ཡིན་སྟབས། རྟ་རྡོས་དང་ཐོག་རླངས་འཁོར་ནང་གི་མི་དེ་གཉིས་སུ་ཡིན་པ་ཡེ་ནས་ཤེས་མ་སོང་། ཁ་ལོ་བས་རླངས་འཁོར་གྱི་དྲ་སྒོ་ཡུན་གྱིས་ཕྱེས་པ་ན། རྟ་རྡོ་ནི་ཉམ་ཆུང་གི་གཡོག་པོ་ཞིག་གིས་རང་གི་དཔོན་པོ་མཐོང་བ་དང་ཀུན་ནས་མཚུངས་བས། དེའི་མུར་རྟ་ཐོག་ནས་འབབ་མ་ལྷུང་གིས་མར་བབས་ཏེ་ལུས་སྒུར་སྒུར་དང་ཉྭ་ཞུམ་ཞུམ་བྱེད།
འོ། རླངས་འཁོར་ནང་གི་མི་དེ་ནི་མཆོག་སྤྲུལ་གསེར་ནག་ཚང་ཡིན་ཞིང་། ཁ་ལོ་བ་ནི་མཆོག་སྤྲུལ་ལགས་ཀྱི་རླངས་འཁོར་ཁ་ལོ་བ་དེ་ཡིན་འདུག
“མཆོག་སྤྲུལ་རིན་པོ་ཆེ། ཁྱེད་ཚང་གིས་དང་ཐོག་ངའི་གསེར་བྱ་ལ་མིང་བཏགས་པ་ནས་བཟུང་། ང་བུ་རྟ་གཉིས་ཀྱི་ཁ་ལས་རླུང་རྟ་མེ་ལྕེ་འབར་འབར་གྱུར་བས། ཁྱེད་ཚང་ནི་ངའི་དྲིན་ཅན་གྱི་བླ་མ་ཡིན། ”རྟ་རྡོས་མཆོག་སྤྲུལ་ལགས་ཡིན་པ་ཤེས་རྗེས། མྱུར་དུ་རིན་པོ་ཆེ་ཉིད་ཀྱི་སྐུ་མདུན་དུ་ཅར་ཏེ། དད་སེམས་རྣམ་དག་གིས་ལག་ཟུང་ཐལ་མོ་སྦྱར་ནས་དེ་ལྟར་བརྗོད།
“ད་ལྟ་ཁྱོད་ཀྱི་གསེར་བྱ་ཟེར་ན་གེ་སར་གྱི་རྐྱང་ངེ་བཞིན་མཚན་སྙན་ཕྱོགས་བཅུར་ཁྱབ་འདུག དེ་ནི་ཧ་ཅང་དགའ་འོས་པའི་དོན་དག་ཅིག་རེད་ཡ།”མཆོག་སྤྲུལ་ལགས་ཀྱིས་ཧ་ཅང་བྱམས་བརྩེ་ལྡན་པའི་ངང་ནས་དེ་ལྟར་གསུངས།
“འདི་ཡོད་ཚད་མཆོག་སྤྲུལ་ཁྱེད་ཚང་གི་བྱིན་རླབས་དང་བཀའ་དྲིན་གྱིས་ཡིན།”རྟ་རྡོས་སྔར་བཞིན་ལག་ཟུང་སྙིམ་པར་སྦྱར་ནས་གུས་གུས་ཞུམ་ཞུམ་བྱེད།
“རེད། རྟ་རྡོ། ཁྱེད་རང་རླངས་འཁོར་ནང་ཕེབས་ཤོག ང་དེ་རིང་ཆེད་དུ་ཁྱོད་ལ་དོན་དག་ཅིག་གྲོས་བྱེད་དུ་ཡོང་བ་ཡིན།” མཆོག་སྤྲུལ་གསེར་ནག་ཚང་གིས་སྔར་བཞིན་བྱམས་བརྩེ་ལྡན་པའི་ངང་ནས་དེ་ལྟར་གསུངས་རྗེས། རྟ་རྡོ་རླངས་འཁོར་ནང་སྡོད་དུ་བཅུག
རྟ་རྡོས་མཆོག་སྤྲུལ་ཚང་གི་གསུངས་དང་དུ་བླངས་ཏེ་མྱུར་དུ་རླངས་འཁོར་གྱི་རྒྱབ་ཕྱོགས་ཀྱི་འདུག་སྟེགས་སྟེང་བསྡད་རྗེས། “ཅི་གསུངས། མཆོག་སྤྲུལ་ཁྱེད་ཚང་གིས་ང་ལ་དོན་དག་ཅིག་གྲོས་བྱེད་རྒྱུ་ཡོད་གསུངས་སམ། ”ཞེས་ངག་འཇམ་པོས་སྒོ་ནས་དེ་ལྟར་དྲིས།
“ཡིན་ལགས། ཁྱེད་ཀྱི་གསེར་བྱ་བདག་ལ་བཙོང་ན་ཆོག་གམ།” མཆོག་སྤྲུལ་ལགས་ཀྱིས་ཐུགས་ཧ་ཅང་ནན་ཏན་གྱིས་དེ་ལྟར་གསུངས་རྗེས། “གལ་ཏེ་བཙོང་ཆོག་ན་བདག་ལ་རིན་གོང་ཞིག་གཏམ་རོགས།”ཞེས་ཁ་གསབ་ཀྱི་ཚུལ་དུ་གསུངས།
“ཨོ། མཆོག་སྤྲུལ་རིན་པོ་ཆེ། དེ་ལོས་ཆོག ལོས་ཆོག……”རྟ་རྡོར་གློ་བུར་དུ་འཚུབ་ཆ་ཞིག་སྐྱེས་པས། སྐད་ཅིག་ཉིད་ལ་ཁས་བླངས་སོང་།
“དེ་ན་ཧ་ཅང་བཟང་། རིན་གོང་ག་ཚོད་ཡིན་གསུངས་རོགས། ”མཆོག་སྤྲུལ་ལགས་ཀྱིས་གོམ་གང་མདུན་སྤོས་ཀྱིས་དེ་ལྟར་གསུངས།
“ཨ། རིན་གོང……རིན་གོང…… ”རྟ་རྡོ་ལ་འཚུབ་ཆ་སྔར་བས་དྲག་པོ་ཞིག་སྐྱེས་པ་ན། རེ་ཞིག་རིན་གོང་ག་ཚོད་ཡིན་པའང་བཤད་མ་ཐུབ་པར་གྱུར།
“ཁྱེད་ཉིད་འཚུབ་ཆ་བླངས་མི་དགོས། ག་ལེར་གསུངས་རོགས། གསེར་བྱ་རིན་གོང་མཐོ་བ་བདག་གིས་ཀྱང་ཤེས་གསལ་ཡིན། དེ་བས་ང་ལ་རིན་གོང་དངོས་མ་དེ་གསུངས་རོགས། ཐུགས་འཛེམ་འཛེམ་གནང་མི་དགོས། དྲང་མོར་གསུངས་རོགས། ”མཆོག་སྤྲུལ་ལགས་ཀྱིས་སྔར་བཞིན་ཐུགས་བརྩེ་བརྩེ་སྒོ་ནས་དེ་ལྟར་གསུངས།
སྐབས་དེར། རྟ་རྡོའི་སེམས་ལ་ན་ནིང་ནས་བཟུང་གསེར་བྱའི་རིན་གོང་འཕར་ཚད་དང་གསེར་བྱ་ཉོ་མཁན་གྱི་ཚོང་བ་ཚོས་ཕན་ཚུན་བར་འགྲན་རྩོད་ཤུགས་དྲག་བྱེད་པའི་རྣམ་པ་དེ་ཤར་བྱུང་།
ན་ནིང་ནས་བཟུང་གསེར་བྱ་ཉོ་མཁན་གྱི་ཚོང་བ་ནི་རྒྱ་བོད་སོག་གསུམ་མ་ཟད། ད་དུང་ཕྱི་རྒྱལ་གྱི་ཚོང་བའང་འདུག་པས། ལོ་གཅིག་གི་ནང་ལ་གསེར་བྱའི་རིན་གོང་ནི་དམངས་སྒོར་ཁྲི་བཅུ་ནས་ཁྲི་ལྔ་བཅུའི་བར་འཕར་ཟིན། དེ་རིང་རྟ་རྒྱུགས་སྐབས་སུའང་རྟ་ལ་ཤིན་ཏུ་དགའ་བའི་ཚོང་བ་མིང་གྲགས་གཅིག་ཡོང་སྟེ། གསེར་བྱ་ལ་དམངས་སྒོར་ཁྲི་ལྔ་བཅུ་སྟེར་ཞེས་བཤད་སོང་བས། ཉེ་འཁོར་གྱི་མི་ཚོགས་ལ་འུར་ཟིང་ཆེན་པོ་ཞིག་བསླངས་སོང་། མི་ལ་ལས་དེ་རིང་རྟ་རྡོ་རྒྱུ་ཐོག་ལ་བརྒྱབ་ཤ་སྟག་རེད་ཟེར། ཡང་ལ་ལས་ཁྲི་ལྔ་བཅུ་དམའ་འདུག ཁྲི་དྲུག་ཅུ་བྱིན་ན་འོས་འཚམས་རེད་ཟེར། འོན་ཀྱང་མི་མང་ཆེ་བས་རྟ་རྡོས་དམངས་སྒོར་ཁྲི་ལྔ་བཅུ་དེ་ཇི་ལྟར་ཚུར་ལེན་པར་ངང་སྒུག་ཆེན་པོ་བྱས་ནས་འདུག་མོད། ཁོ་ཚོའི་བསམ་ཡུལ་ལས་འདས་པ་ཞིག་ལ། རྟ་རྡོས་གསེར་བྱ་ནི་ངའི་ལྷ་རྟ་དང་མགོན་རྟ་ཡིན་པས་དུས་ནམ་ཡང་བཙོང་མི་སྲིད་ཅེས་བཤད་སོང་།
“རྟ་རྡོ། རིན་གོང་ག་ཚོད་ཡིན་པ་གསུངས་རོགས།”མཆོག་སྤྲུལ་ལགས་ཀྱིས་ཡང་བསྐྱར་ནན་འདྲི་ཞིག་བྱེད་དགོས་བྱུང་།
“མཆོག་སྤྲུལ་རིན་པོ་ཆེ། ཁྱེད་ཚང་གིས་ཇི་ལྟར་གསུངས་ན་དེ་ལྟར་བྱས་ཆོག”
རྟ་རྡོས་ཅི་ནུས་ཀྱང་མཆོག་སྤྲུལ་ཚང་ལ་གསེར་བྱ་མི་བཙོང་ཞེས་ཟེར་མ་ཕོད།
མཇུག་མཐར་མཆོག་སྤྲུལ་གསེར་ནག་ཚང་གིས་རྟ་རྡོ་ལ་དམངས་སྒོར་ཁྲི་ལྔ་བྱིན་ཏེ་གསེར་བྱ་ཉོས་པ་དང་། ཁོང་གིས་རྟ་རྡོ་ལ་ཁྱེད་དང་ཁྱེད་ཀྱི་བཟང་མི་ཡོངས་དུས་ནམ་ཡང་ཐུགས་རྗེ་སྐྱབས་འོག་ནས་འདོར་མི་སྲིད་ཅེས་གསུངས་རྗེས་གསེར་བྱ་ཁྲིད་དེ་རྒྱང་རིང་ལ་ཕེབས་སོང་།
རྟ་རྡོས་རང་ཉིད་ཀྱིས་བྱ་བ་ཅི་ཞིག་སྒྲུབ་སོང་བའང་རྟོགས་མ་བྱུང་བས། ཁོ་རང་བརྒྱལ་བ་ནང་བཞིན་རིག་པ་ལྡབ་ལྡིབ་ཏུ་གྱུར་སོང་། ཡུད་ཙམ་འགོར་བ་ན། དྲན་པ་ཡུན་གྱིས་སོས་པ་དང་བསྟུན། ཁོ་རང་དབང་མེད་དུ་ངུས་བྱུང་། མིག་ཆུ་ནི་རགས་ལས་ཤོར་བའི་ཆུ་བོ་དང་འདྲ་བར་ཟམ་མ་ཆད་པར་ས་ལ་བཞུར་སོང་།
དེ་རིང་ཞོགས་པར་རྟ་རྡོ་ལ་ཁ་པར་ཞིག་འབྱོར་བྱུང་།
“རྟ་རྡོ། གོ་ཐོས་ལྟར་ན་ཁྱེད་ཀྱིས་གསེར་བྱ་མཆོག་སྤྲུལ་ཚང་ལ་འབུལ་བཏང་ཟེར། ཁྱེད་ཀྱིས་ངོ་མ་བྱ་བ་རླབས་ཆེན་ཞིག་བསྒྲུབས་སོང་། …… མཆོག་སྤྲུལ་ཚང་གིས་རྒྱ་ནག་གི་རྟ་ཉོ་ཚོང་པ་ཞིག་ལ་དམངས་སྒོར་ཁྲི་དྲུག་ཅུ་བྱས་ནས་གསེར་བྱ་བཙོང་བཏང་ཟེར་བ་དེ་ཁྱེད་ཀྱིས་མ་གོའམ……”
སྐད་ཆ་དེ་ཐོས་པ་ན། རྟ་རྡོའི་སྙིང་ལ་གྲིས་བསྣུན་པ་བཞིན་ན་ཟུག་དྲགས་པོ་སྐྱེས་པས། ཉིན་དུ་མར་ཉལ་སར་ལྷུང་སོང་།
2015/4/ 29ཉིན་པེ་ཅིན་ནས་བྲིས།
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།