སྨིན་སྒྲོལ།
མདང་ནུབ་ཀྱི་རྨི་ལམ་ནི་ལོ་ངོ་འདི་དག་གི་རིང་ལའམ་ཕ་ཡུལ་དང་ཁ་གྱེས་ནས་རྨིས་མྱོང་མེད་པ་ཞིག་རེད། རྨི་ལམ་ནང་དུ་ང་རང་མི་ཚོགས་ཤིག་དང་གྱེས་ནས་འགྲོ་ཞིང་མི་ཚོགས་དེའི་ཁྲོད་ནས་ངོ་ཐག་མི་ཆོད་པའི་བུ་མོ་ཞིག་གིས་ང་ལ་ལག་པས་གཡབ་མོ་ལན་འགར་བྱས་ཤིང་། ག་ལེར་བུ་མོ་དེའི་བྲང་ཁ་ནས་སྲིད་སྐུད་དཀར་པོ་ཞིག་ང་ཡི་ཕྱོགས་སུ་བསྲིངས། ང་རང་བུ་མོ་དེ་དང་མི་ཚོགས་ལ་རྒྱང་ནས་རྒྱང་དུ་གྱེས། ཚོད་ཅིག་ལ་སྲིད་སྐུད་དཀར་པོ་དེ་ང་ཡི་རྒྱབ་ཀྱི་སོག་བར་ནས་ཁོག་པའི་ནང་དུ་བརྒྱུས་སོང་།
རྨི་ལམ་ནི་མ་གཞི་ནས་འཁྲུལ་སྣང་ཞིག་རེད་ལ་མདང་ནུབ་ཀྱི་རྨི་ལམ་ནི་དེ་བས་ཀྱང་འཁྲུལ་ཞིང་འཛིང་། མགོ་རྔ་དང་གོ་རིམ་ནི་ཆེ་ཆེར་མི་གསལ། ང་ཡི་སེམས་སུ་སྲིད་སྐུད་དཀར་པོ་དེ་ནི་བུ་མོ་དེས་ང་ལ་བདེ་མོ་འཇོག་པའམ་གཏན་དུ་གྱེས་ཆེམས་ཤིག་ལ་གཙིས། རྨི་ལམ་ཁྲོད་ནས་ང་ཡིས་མི་ཁ་རྒྱུད་ནས་སྐད་ཆ་འདི་འདྲ་ཞིག་གོ་སྟེ། ང་ཡི་རྒྱབ་སོག་ནས་ཁོག་ཏུ་བརྒྱུས་པའི་སྣང་ཚུལ་གྱི་སྲིད་སྐུད་དཀར་པོ་དེ་ནི་བུ་མོ་ཞིག་གི་རྣམ་ཤེས་ཡིན་པར་ང་རང་ཕ་ཡུལ་དང་ཁ་བྲལ་ནས་ལོ་འགའི་རྗེས་སུ་དགོན་པའི་གྲྭ་རྒན་མོ་པ་ཞིག་གིས་མོ་རུ་བསྟན་འདུག་སྐད། དེ་མ་ཐག་ང་རང་རྨི་ལམ་དུའང་འགྱོད་གདུང་གིས་གཟིར་ཞིང་རྨི་ལམ་ནས་སད་པར་འདོད། ལོས་ཡིན་ཏེ། ང་རང་ཕ་ཡུལ་དང་བྲལ་བ་ནི་བུ་མོ་ཞིག་བསད་པའི་ཉེས་པ་ཡོད་འདུག བུ་མོ་དེའི་རྣམ་ཤེས་ད་ལྟ་གང་དུ་ཡོད་དམ། ང་ཡི་རྒྱབ་སོག་གི་ཤ་བོག་བར་དུ་འཁྲིལ་ནས་ཡོད་དམ། ཡང་ན་ང་ཡི་ལུས་ཀྱི་རྩ་ལམ་གང་དུ་བརྐྱངས་བརྐྱངས་ཏེ་ད་ནི་དུས་ཚོད་ཀྱི་དབང་གིས་ཤ་ཁྲག་དང་ངོ་བོ་གཞི་གཅིག་ཏུ་འདྲེས་ཟིན་ནམ། གལ་ཏེ་སྲིད་སྐུད་དཀར་པོ་དེ་མི་ཚོགས་ཁྲོད་ཀྱི་བུ་མོ་དེའི་རྣམ་ཤེས་ཡིན་ན། ད་ལྟ་བུ་མོ་དེ་གསོན་གསོན་དུ་མཆིས་སམ། ང་ཡིས་དེ་ལ་མནོ་བསམ་བྱས་པ་ན་དེ་ནི་བུ་མོ་དེའི་རྣམ་ཤེས་ང་ལ་ཞུགས་པ་མིན་པར་ང་ཡི་རྣམ་ཤེས་ཁོ་མོར་འཁོར་བ་ར་འཕྲོད་བྱུང་སྟེ། དེ་ནི་ང་རང་མི་ཚོགས་དང་གྱེས་ཁར་མི་ཞིག་ལ་ཕྱིར་མིག་ཡང་ཡང་གློད་ཅིང་སྐད་ཆ་ཅི་ཞིག་བརྗོད་འདོད་པའི་སེམས་པ་ནི་མེ་ལྕེ་ལྟར་མི་དེའི་ཕྱོགས་སུ་མཆེད། དེ་ལྟར་ང་ནི་མི་ཚོགས་དེ་དང་གཏན་དུ་གྱེས་ཟིན་ལ་བློས་མི་ཐོངས་པ་ནི་མི་ཚོགས་ཁྲོད་ཀྱི་བུ་མོ་དེ་ཁོ་ན་རེད། ད་ནངས་ང་རང་གཉིད་ལས་སད་དུས་ང་ཡིས་མདང་ནུབ་ཀྱི་རྨི་ལམ་ནང་གི་བུ་མོ་དེ་སུ་ཡིན་པ་ཤེས་འདོད་བྱུང་།
ནངས་མོར་དལ་ཁོམ་གྱིས་དྲ་ཉུལ་ལ་བྲེལ་ཞིང་བདེན་མིན་ལ་ཁ་ཚོན་གཅོད་དཀའ་བའི་དྲ་ཐོག་གི་གནས་ཚུལ་དག་ལ་རྣ་བ་བླགས་ཤིང་མིག་གིས་བཤེར་བ་བྱས། དེ་ནི་སྤྱིར་བཏང་གི་ང་ཡི་ལོབས་ཕྱོགས་ཉི་ཚེ་བ་ཞིག་རེད་པས་ནངས་མོར་རེ་རེའམ། ནམ་ཁོམ་དུས་སུ་དྲ་ལམ་དུ་མགོ་འཁོར་ནས་ཡོད་ལ། འདི་ལ་མགོ་འཁོར་ནས་མི་ཁོམ་པ་ཞིག་ཀྱང་རེད། ནངས་མོར་དྲ་ཐོག་ཏུ་ད་ལྟ་ཕ་ཡུལ་ན་ཁ་བ་འབབ་བཞིན་ཡོད་ཚུལ་དང་ནམ་ཟླ་འཁྱག་རབས་སོགས་དྲ་ཐོག་གི་ཁ་བརྡའི་གཙོ་བོར་གྱུར། མོད་དུ་དྲ་ཐོག་ཏུ་པར་འཁྱམ་ཞིག་སྟེ་ཁ་བའི་འདབ་མ་དཀར་པོ་ས་ལ་འཐོར་ཞིང་ཕ་ཡུལ་གྱི་ས་གཞིར་ཁུ་འཕངས་དཀར་བོང་བོང་གིས་ཆགས། དྲ་ལམ་དུ་ཐོལ་ཐོལ་གྱིས་འབྱོར་བའི་པར་འཁྱམ་ཞིག་གིས་ང་ཡི་མིག་ཟུང་སྦྲིད་དུ་བཅུག་སོང་། ངས་ནི་པར་འཁྱམ་དེ་ལ་ཡང་ཡང་བལྟས་པ་བཞིན་ཕ་ཡུལ་གྱི་ནང་བརྙན་ཞིག་དེ་ལྟར་གྱིས་ཡིད་ལ་ལྡོག་བསྐྱིལ་བྱས་འོང་། པར་འཁྱམ་དེས་སྐད་ཅིག་རིང་ང་ནི་དངོས་སུ་ཕ་ཡུལ་དུ་ཁྲིད་པ་འདྲ་སྟེ། ཉིན་གང་བོར་ང་ཡི་མིག་ལམ་དུ་བབས་པའི་ཕ་ཡུལ་གྱི་ལྡེབས་རིས་ནི་དེངས་པ་མི་འདུག ལྡེབས་རིས་དེའི་ཁྲོད་དུ་ང་ཡིས་རྟོག་པའི་བཞེངས་པའི་མི་སྣ་གཉིས་ཏེ། མཐར་ཐུག་གི་ཕ་ཡུལ་གྱི་མཛེས་པ་དང་བརྩེ་དུང་བྱུང་སའི་ཕ་མ་གཉིས་ནི་ཚོད་ཚོད་དུ་པར་འཁྱམ་དེའི་སྟེང་དུ་གསལ་བོ་དོད་པའི་སྣང་བ་སྐྱེས། པར་མིག་ཏུ་ཐེབས་པའི་ཕ་ཡུལ་གྱི་རང་བྱུང་ཁམས་ནི་ཁུ་འཕངས་དཀར་པོས་གཡོགས་ཏེ་རས་གཞི་དཀར་རྐྱང་ཞིག་གི་མདངས་དང་མཚུངས། དེ་ཡི་སྟེང་དུ་ང་ཡི་ཕ་མ་གཉིས་པོ་ཁུ་འཕངས་དང་ལྷན་དུ་བདོག་པར་ང་ལ་འཁྲུལ་སྣང་འགོག་མེད་ཅིག་སྐྱེས་བྱུང་། ང་ལ་མཚོན་ན་ཕ་མ་གཉིས་ནི་ཁུ་འཕངས་ལྟར་དཀར་བའི་མི་སྣ་གཉིས་ཡིན་སྐན།
ང་རང་སློབ་གྲྭའི་སྡོད་ཁང་གི་སྒོར་བུད་པ་ན་ནམ་ཚོད་ནི་ཕྱི་དྲོར་ཉེ། ཕ་ཡུལ་ཡིན་ན་ད་ཚོད་དུ་རྫི་བུས་ཟོག་སྐོར་རན་ཚོད་རེད། ཡང་ཟོག་སྐོར་ཟིན་ཏེ་ཁྱིམ་ལ་སླེབས་ནས་རྫི་ཇ་འཐུང་དུས་རེད། ངས་དེ་ལྟར་ནམ་ཚོད་བརྟག་གིན་འདས་ཟིན་པའི་བྱིས་དུས་ཀྱི་འཚོ་བའི་ཟུར་རེ་དྲན་བྱུང་། དེ་ནི་དྲན་པ་རང་ག་བ་ཞིག་མིན་པར་དེ་རིང་དྲ་ཐོག་གི་པར་འཁྱམ་དེ་དང་རྨང་ནས་འབྲེལ་ཡོད། ལར་ང་ཚོ་གོ་ལ་འདིའི་ཡང་ཐོག་ཐོན་མ་ཉིད་ནས་འཚོ་བ་ཟེར་བ་ཞིག་རང་ཚོད་ཀྱིས་གྲུབ་ཟིན་འདུག་ལ། ང་ཚོ་དགའ་བ་དང་སྐྱོ་བ། ཆགས་པ་དང་སྡང་བ། ཐོབ་ཤོར་སོགས་ལ་འདྲེས་ནས་ང་ཚོའི་དགའ་སྐྱོ་དེ་དག་ནི་འཚོ་བ་ཟེར་བ་འདི་ནས་འོང་གིན་འདུག
དེ་བས་འཚོ་བ་ཧྲིལ་བོ་ཞིག་གྲུབ་པར་ངའམ་རང་ཉིད་ནི་དེའི་ཕྱེད་ཀ་རེད་གྲང་། ང་ནི་འཚོ་བའི་ཕྱེད་ཙམ་རེད་དེ་ང་ཡི་ཕྱེད་ཀ་ནི་སྨིན་སྒྲོལ་ཡིན། འདི་ནི་བྱིས་དུས་ཀྱི་འཚོ་བ་བརྗོད་པ་ཡིན་ཡང་བྱིས་དུས་ནི་འཁོག་དུས་ཀྱང་ཡིན་ངེས་མོད། སྨིན་སྒྲོལ་ནི་ང་ཡི་བྱིས་དུས་ཀྱི་འཚོ་བའི་ཕྱེད་ཀ་རེད་འདུག དེ་བས། མཚམས་ལན་རེར་བྱིས་དུས་ཀྱི་བྱུང་རབས་ལ་ནི་དོན་སྙིང་གིས་དབེན་པ་རེད་བམས་ཤིང་། སྨིན་སྒྲོལ་ཡང་རང་སེམས་ནས་རྒྱང་ཕུད་གཏོང་ཅི་ཐུབ་བྱས་པ་ཡིན། རེད་དེ། བྱིས་དུས་ཀྱི་བྱུང་རབས་ནི་ཆེས་ལྷད་མེད་པ་ཞིག་རེད་པས་ལྷད་མེད་པའི་སྨིན་སྒྲོལ་གྱི་བག་ཆགས་ནི་བརྗེད་མི་འདུག འདི་ལྟར་ཕྱིར་འདང་རེ་བྱས་ན་སྨིན་སྒྲོལ་གྱི་རྣམ་བྱད་དང་ལུས་ཀྱི་རྣམ་འགྱུར་སེམས་སུ་ཞིབ་ཀྱིས་ཤར་བྱུང་། ཡིན་ཏེ། སྨིན་སྒྲོལ་གྱི་མཛེས་ཆོས་ནི་མིག་གི་ཆ་ག་ཆེ་བ་ཁོ་ན་རེད་ཅེས་སྨྲས་ན་འཐུས་ཏེ། ང་ཚོའི་སྡེ་བའི་ནང་གི་ང་དང་ན་མཉམ་གྱི་བུ་མོ་ཚོའི་ཁྲོད་ནས་མིག་གི་ཆ་ག་ཆེ་བ་ནི་སྨིན་སྒྲོལ་ཡིན།
ང་རང་ཕ་ཡུལ་དང་ཁ་བྲལ་དུས་ནི་དགུན་གཞུང་ཞིག་རེད། དེ་ལོའི་ཉིན་ཞིག་གི་ས་སྲོད་དུ་སྨིན་སྒྲོལ་ངེད་གཉིས་འཕྲད་ཙམ་བྱུང་། དེའི་དུས་སྨིན་སྒྲོལ་ནི་སློབ་གྲྭར་ཞུགས་ནས་ལོ་གཅིག་འགོར་ཏེ་སློབ་གནང་འཁེལ་བས་ཕྱིར་ཡུལ་སྐོར་ཡོང་དུས་རེད་འདུག ལོ་གཅིག་གི་ནང་ཁོ་མོ་ཧ་ཅང་འགྱུར་བ་ཕྱིན་པའམ་འཚར་ལོངས་བྱུང་འདུག་སྙམ། ད་བསམས་ན་དེ་ནི་ང་རང་དེ་ལོར་གང་དུའང་མ་སོང་བས་རེད་འདུག ང་དང་སྨིན་སྒྲོལ་ཐུག་དུས་སྨིན་སྒྲོལ་གྱིས་དོར་མ་གྱོན་ཞིང་ན་ནིང་ངམ་གཞིས་ནིང་ལོའི་ལན་བུ་ནར་མོ་དེ་ད་ནི་དུམ་བུ་གཉིས་སུ་བགོས་ཤུང་ཟ་འགྲམ་མའི་ཐོག་ཏུ་རྭ་ཕྲན་གཉིས་ལྟར་ཙོག་ཙོག་བསྡམས་འདུག་པས་རྒྱལ་ནང་གི་བུ་མོ་ཆུང་ཆུང་ཞིག་ལ་ནོར་འགྲོ། དེའི་དུས་ང་ཡི་སེམས་སུ་སློབ་གྲྭར་བསྐྱོད་པ་ནི་ཡེ་གེ་སྦྱོང་བ་ཁོ་ནའི་ཕྱིར་དུ་མ་རེད་སྙམ་བྱུང་། ས་སྲོད་དེར་ང་ནི་རོགས་པ་ཞིག་གི་ཁྱིམ་ནས་ཕྱིར་ཁྱིམ་དུ་ལོག་གིན་ཡོད། ལམ་བར་ནས་ང་རང་ཟམ་པ་ཞིག་ལ་བརྒྱུད་ནས་ཁྱིམ་དུ་ལོག་དགོས། ང་ནི་ཅི་བསམ་འདི་དྲན་མེད་པར་སྣ་གླུ་ཐན་ཐུན་རེ་ལེན་བཞིན་ཟམ་ཁར་ཐོན་དུས། སྨིན་སྒྲོལ་གྱིས་དཔེ་ཁུག་སྔོན་པོ་གྲུ་བཞི་ཞིག་རྒྱབ་ཏུ་འཁུར་ཞིང་ལག་ཏུ་ཁུག་མ་གློ་ཁ་ཞིག་རྩིབས་ཞོལ་དུ་རྒྱ་ཡིག་རགས་མོ་ཡོད་པ་ཞིག་འཁྱེར་ཏེ་ཟམ་ཁར་ཐོན། ངས་ནི་སྨིན་སྒྲོལ་སློབ་གྲྭར་ཕྱིན་པ་སྨིན་སྒྲོལ་སློབ་གྲྭར་ཞུགས་ནས་ལོ་གཅིག་འཁོར་རྗེས་སུ་གཞི་ནས་ཤེས་བྱུང་། སྨིན་སྒྲོལ་སློབ་གྲྭར་ཕྱིན་ཏེ་ཆེས་ཐོག་མའི་སློབ་གནང་ལོག་དུས་བསུ་བ་བགྱི་མཁན་ནི་སྟེས་དབང་ཞིག་གིས་ང་རང་གྱུར། ལོ་ངོ་གཅིག་གི་དུས་ཡུན་ནི་ཐུང་ཐུང་ཞིག་གཏན་ནས་མ་རེད་པས་གློ་བུར་དུ་སྨིན་སྒྲོལ་དང་འཕྲད་དུས་ཅི་བཤད་འདི་བཤད་མེད་པར་ཏལ་ཅིག་འདས། སྨིན་སྒྲོལ་ཡ་ང་དང་ཉེ་བར་བཏུད་པ་ན་རང་ཤུགས་ཀྱིས་མགོ་བོ་སྨད་པར་གྱུར། བུ་ཡུག་ཀྱང་འཚབ་འཚུབ་ཀྱིས་ད་ནངས་བབས་པའི་ཁེངས་ལོགས་ཤིག་ཏུ་རླུང་གིས་སྤུངས། བལྟས་ཚོད་སྨིན་སྒྲོལ་ནི་ཧ་ཅང་འཁྱག་ཡོད་པ་འདྲ་ལ་ལག་པ་ཡང་འཁོམས་ཡོད་པར་སྙམ། འདི་འདྲའི་ཙག་ཆེ་བའི་ས་སྲོད་དུ་ཟམ་ཁ་འདིར་ང་དང་སྨིན་སྒྲོལ་ལས་སུ་ཞིག་ཡོད་དམ། ཁེངས་བྱིད་འགྲོ་ཉེན་གྱི་བྱེའུ་འགའ་རེ་སྨིན་སྒྲོལ་གྱི་རྒྱབ་རོལ་ལམ་སྨིན་སྒྲོལ་གྱི་རྐང་རྗེས་སུ་ལྡིང་ཞིང་དེ་ནས་ས་ལ་ཉུག་ཉུག་བྱེད། སྨིན་སྒྲོལ་ནི་ང་དང་ཐག་ཉེ་རུ་གྱུར་ཏེ་ངེད་གཉིས་བར་དུ་མི་གཅིག་འགྲོ་སའི་སྟོང་ཆ་ཡོད་མེད་ཀྱི་ཚོད་དུ། ང་རང་འཚབ་འཚུང་ངང"དཀའ་ཨེ་ཐལ"ཞེས་འཚམས་འདྲི་དང་སྦྲགས་སྨིན་སྒྲོལ་གྱི་ལག་པ་གཡས་སུ་འཁྱེར་བའི་ཁུག་མ་དེ་འཁྱེར་རོགས་བྱས་ཤིང་། སྐད་ཆ་ཅི་ཞིག་བཤད་འདོད་ཀྱང་མགྲིན་པ་རྣོང་གིན་སླར་ཡང་མཆི་མ་ལྷན་དུ་ཁོག་མིད་བྱས། "དཀའ་མ་ཐལ" ཞེས་སྨིན་སྒྲོལ་གྱིས་མི་ཆེན་ཞིག་གི་ཚུལ་གྱིས་ལན་ལྡོན་བྱུང་། དེ་ནས་སྨིན་སྒྲོལ་གྱིས་ང་ལ་འཁྱུག་ལྟ་བྱེད་བཞིན་རྒྱབ་ཀྱི་དཔེ་ཁུག་འཁུར་གསིག་བྱེད། དེ་བས་ཁོ་མོར་མཚོན་ན་དཔེ་ཁུག་སྔོན་པོ་དེ་ལྗིད་ཚད་ཅན་ཞིག་ཡིན་པར་ཚོད་དཔག་བྱས། དེ་ལྟར་ངེད་གཉིས་ཟམ་པ་བརྒྱུད་ནས་ཡོང་བ་ན། སྨིན་སྒྲོལ་གྱིས"ཁ་བ་ཆེན་པོ་འབབ་འདུག་ཨང"ཞེས་ཆེས་སྤྱིར་བཏང་གི་ཁ་བརྡ་ཞིག་གློད། ངས་གཞི་ནས་ས་གཞིའི་ཁྱོན་ལ་རྒྱང་ལྟ་བྱེད་བཞིན་"ད་ལོའི་དགུན་ཁར་ཁ་བ་བསྟུད་མར་བབས་སོང"ཞེས་བཤད། ཚོད་དུ་སྨིན་སྒྲོལ་ངེད་གཉིས་ཟམ་པའི་ཚུལ་རོལ་དུ་སླེབས་ཤིང་ད་ཡང་སོ་སོའི་རྐང་ལམ་ཕྲ་མོ་རེ་བརྒྱུད་དེ་སོ་སོའི་ཁྱིམ་དུ་ལོག་དགོས། དེ་ནས་ང་ཡིས་སྨིན་སྒྲོལ་གྱི་ཁུག་མ་གློ་ཁ་དེ་ཕྱིར་སྤྲད་པ་ཡིན་ལ་ཞོར་དུ་བདེ་མོའི་ཚུལ་དུ་ལུས་ཀྱི་རྣམ་འགྱུར་ཞིག་ཀྱང་ཤོར། དེ་ལྟར་སྨིན་སྒྲོལ་ནི་ཁ་བའི་ཁྲོད་ཀྱི་རྐང་ལམ་ཕྲ་མོ་དེ་དེད་དེ་རང་ཁྱིམ་དུ་ལོག་སོང་། ངས་ནི་སྨིན་སྒྲོལ་ཕར་བསྐྱོད་པའི་རྒྱབ་གཟུགས་ལ་ཅེར། དེ་ནི་དེ་རིང་ཡང་ང་ཡི་སེམས་སུ་གསལ་ལེར་ཤར་བྱུང་། སྨིན་སྒྲོལ་ཕྱིན་རྗེས་མུན་པ་དང་ཁ་བ་ནི་སེམས་ཅན་དཀར་ནག་གཉིས་འཐབ་མོ་བཀྱེས་པ་བཞིན་གཅིག་གིས་སྔོན་དུ་གཅིག་གིས་བཅད་ནས་སླེབས་བྱུང་། དེ་ཡི་བར་སྟོང་དུ་སྨིན་སྒྲོལ་ནི་ཆུང་ནས་ཆུང་དུ་འགྲོ་བའི་སྣང་ཚུལ་ཞིག་ང་ལ་འགོག་མེད་དུ་སྐྱེས་ཤིང་ང་ཡིས་རང་ཁྱིམ་གྱི་ཕྱོགས་སུ་གོམ་གང་ལེན་པ་ནི་སྨིན་སྒྲོལ་གྱི་རྒྱབ་གཟུགས་མིག་ལམ་ནས་བློས་གཏོང་བར་བྱེད་པ་དང་འདྲ་བས། ང་ནི་མུན་པ་དང་ཁ་བའི་བསྣོལ་བའི་རླུང་གི་དཀྱིལ་འཁོར་ནས་ཐོ་ཡོར་བཞིན་ཏལ་ཅིག་ལུས་སོང་། མུན་པ་དང་ཁ་བའི་སོ་མང་གི་བར་གསེང་ནས་སྨིན་སྒྲོལ་གྱིས་ང་ལ་ཕྱིར་མིག་རེ་ནི་ཁ་བའི་ཁྲོད་ཀྱི་རྡོ་བ་ལས་ཀྱང་འཁྱག་པའི་ཚུལ་གྱིས་ཕངས། དེ་ནི་མདང་ནུབ་ཀྱི་རྨི་ལམ་དུ་འོང་བའི་མི་ཚོགས་ཁྲོད་ཀྱི་བུ་མོ་དེ་དང་འདྲ་ཙམ་བྱུང་། སྨིན་སྒྲོལ་ཕྱིར་མིག་གི་ཀློང་དུ་བྱིས་དུས་ཀྱི་བག་ཆགས་རེ་རེ་འཁྲེང་ཞེན་དང་ཕྱིར་དྲན་གྱི་ཟོལ་དུ་ཡོད་དམ། དེའི་དུས་ང་རང་སྨིན་སྒྲོལ་གྱི་རྒྱབ་གཟུགས་ལ་ཅེར་ཏེ་ཁ་བའི་ཁྲོད་དུ་འགྲེང་། ཁ་བ་ལྷབ་ལྷུབ་བྱ་རོ་བྱེའུ་རོ་འདྲ་བ་ཞིག་ཞིག་ངང་འབབ། ས་གཞིའི་ཁ་དོག་རས་གཞི་དཀར་པོས་གཡོག་འདྲར་གྱུར་རྗེས། གཞུང་ཆུ་ནི་ནག་ཤིག་སེ་རས་སྲིབ་སྐུད་ནག་གིས་ཚེམ་པ་བཞིན་ས་གཞིའི་གཞུང་རྟ་དུམ་བུ་གཉིས་སུ་བཀར། དེ་རིང་ཁུ་འཕངས་དཀར་པོས་ས་གཞི་གཡོག་པའི་ཕ་ཡུལ་གྱི་ཉེ་པར་འདི་མིག་ཏུ་ཐེབས་དུས། ཆུང་དུས་ཀྱི་སྨིན་སྒྲོལ་དང་ཉིན་དེའི་སྨིན་སྒྲོལ དེ་རིང་གི་སྨིན་སྒྲོལ་ཏེ་ང་ཡི་རྨི་ལམ་དུ་ཡང་ཡང་མཇལ་བའི་ཆུང་འདྲིས་ཀྱི་བུ་མོ་དེ་དྲན་པར་ཚིག་ལ་ཇི་ལྟར་བྲི་ཨང་།
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།