མཚན་མོའི་དགའ་རོགས།
༡
མཚན་མོ་དེར། ཁོའི་ལག་ན་ཅི་ཡང་མེད། ཐ་མག་དང་མེ་ཆ་ཡང་མི་འདུག དེ་ལྟར་ཁོ་མུ་མཐུད་དུ་མདུན་དུ་བསྐྱོད། ཐག་མི་རིང་བའི་ས་ན་ཆང་ཁང་ཆེན་པོ་ཞིག་ཡོད་ན་བསམ།
༢
མཚན་མོ་དེར། ཁོས་གཉེན་སྟོན་དེའི་ཐོག་ནས་ཆང་བཏུངས་མེད་ན་དེ་རིང་གི་མཚན་མོ་འདི་བྱུང་དགོས་དོན་མེད། འོན་ཀྱང་། ཡོད་ཚད་བྱུང་ཟིན། ང་ལ་འགྱོད་པ་ཅི་ཡང་མི་འདུག ཝེ་ན་ཟི་ངའི་ཆུང་མ་ཡིན། ཁྱོད་ཚོ་ཕར་སོང་ཞིག བརྩེ་དུང་ཟེར་བ་ཁྱོད་ཚོས་ཡེ་ནས་རྟོགས་ཀྱི་མི་འདུག
༣
མཚན་མོ་དེར། ཁོ་ཐོག་མར་གྲོགས་པོ་ཞིག་གི་གཉེན་སྟོན་སྟེང་ནས་མོ་དང་འཕྲད། མོའི་འཛུམ་བག་ཏུ་དྭངས་གཙང་གི་བསླུ་བྲིད་ཅིག་འདྲེས་ཤིང་། མིག་མདངས་ལ་ལྷད་མེད་ཀྱི་ཆགས་པ་ཞིག་ཡིབ་པས། ཁོས་རང་གིས་བལྟས་མྱོང་བའི་བརྩམས་སྒྲུང་གི་ཁྲོད་ནས་མོ་ལྟ་བུའི་མི་སྣ་ཞིག་ཨེ་རྙེད་བལྟས། འོན་ཀྱང་དུས་ཐོག་ཁོའི་ཡིད་ལ་འོས་མཚམས་ཤིག་མ་འཆར་བས། གལ་ཏེ་མོ་དང་གཉེན་བསྒྲིགས་ཐུབ་ན་མོའི་མིང་ལ་ཝེ་ན་ཟི་ཞེས་འདོགས་དགོས་ཞེས་ཐག་བཅད། ཕྱི་ཉིན་ནམ་ལངས་དུས། རང་ཉིད་མོའི་རུམ་ན་ཉལ་འདུག་པ་ཤེས། མ་རེད། མོ་རང་གི་རུམ་ན་ཉལ་འདུག དེ་ཡང་མ་རེད། ཁོ་གཉིས་བརྩེ་དུང་ཞིག་གི་རུམ་ན་ཉལ་འདུག
༤
ཡང་མཚན་མོ་ཞིག་རེད། མོའི་ལས་གནས་སྤོར་ཆེད་ཁོ་གཉིས་ཀྱིས་མར་ལྟང་གཅིག་གི་ཐོག་ཆང་སྒམ་ཆུང་གང་དང་། དེའི་ཐོག་ཁ་བཏགས་ཤིག་བཟུང་སྟེ་ཀྲུའུ་རིན་གྱི་ཁྱིམ་ལ་སོང་། མཇུག་མཐར་ཁོ་གཉིས་ཀྱི་བསམ་དོན་ཡིད་བཞིན་དུ་འགྲུབ་སོང་སྟེ། ཀྲུའུ་རིན་གྱིས་མོ་ཁོ་ཚོའི་ལས་ཁུངས་སུ་ལས་གནས་སྤར་ཐུབ་པར་ཁས་ལེན་བྱས།
༥
ཡང་མཚན་མོ་ཞིག་སྟེ། ཀྲུའུ་རིན་གྱི་སྐྱེས་སྐར་སྟེང་ཁོ་ཚོའི་ལས་གྲོགས་ཀུན་འཛོམས་ཤིང་། ནུབ་དེར་ཀྲུའུ་རིན་གྱིས་ཁོ་ལ་རྒུན་ཆང་མང་པོ་དྲངས་ལ། ཁོས་ཡོངས་རྫོགས་ཞབས་བཏགས་གནང་། བར་སྐབས་ཤིག་ལ་གློ་བུར་དུ་ཁོས་ཐག་རིང་ཞིག་ན་མོ་དང་ཀྲུའུ་རིན་གཉིས་བྲོ་རྩེད་ཀྱི་པ་ཤེས། དེ་མཚམས་རེར་ནག་ཐིག་གཉིས་སུ་གྱུར་ཞིང་ཡང་བར་རེར་ཡིན་ནམ་མིན་ནམ་འདྲ་བའི་མོ་དང་ཀྲུའུ་རིན་གཉིས་སུ་འགྱུར་ཏེ་དེ་ནས་བསྐྱར་ཟློས་ཡང་ཟློས་བྱེད་པས་ཁོས་འཁྲུལ་སྣང་ངམ་རྨི་ལམ་ཞིག་ཡིན་པར་བསམ། དེ་བས་ཁོ་ཐོག་མར་རང་ལ་ཁོང་དགོད་ཅིག་ཤོར་ཏེ་ཡིན་མི་སྲིད། ཁོ་མོ་ང་ལ་ཧ་ཅང་དགའ། དེ་འདྲ་གཏན་ནས་བྱུང་མི་སྲིད། ཚང་མ་འཁྲུལ་སྣང་རེད་ཅེས་རང་ལ་སེམས་གསོ་ཐེངས་ཤིག་བྱས། འོན་ཀྱང་། མཚམས་ཤིག་ལ་ཀྲུའུ་རིན་གྱི་ལག་པ་མོའི་སྐེད་པ་ན་རྒྱུ་ཞིང་དེ་ནས་ཨོང་མགོ་རུ་རེག་སྟེ་མོའི་ལུས་སྟོད་ནས་ལུས་སྨད་དང་ཡང་ལུས་སྨད་ནས་ལུས་སྟོད་དུ་ཕག་གིས་མཆུས་ཟས་འཚོལ་བ་ལྟ་བུ་བྱེད་བཞིན་པ་གསལ་ལ་མི་གསལ་བའི་ངང་མཐོང་མ་ཐག ཁོ་ལ་གློ་རྡེག་ཏུ་ཁོང་ཁྲོ་དང་འཇིགས་སྣང་། ཐེ་ཚོམ་དང་འགྱོད་སེམས་ཡོད་ཚད་རགས་ཁ་ཤོར་བ་བཞིན་ལུས་དང་རིག་པ་ཀུན་ལྗིད་ཏིག་གེར། ཚ་བེར་རེར་གྱུར། ཡིན་ཡང་ཁོས་ཇི་ལྟར་ཤེད་ཀྱིས་འབོད་བསམ་ཀྱང་མགྲིན་པ་རུ་དངོས་པོ་ཞིག་འཚངས་པ་བཞིན་སྐད་ཕྱུང་མི་ཐུབ་ལ། ཡང་ཇི་ལྟར་ཡར་འགྲེང་བསམ་ནའང་ལུས་པོ་ནི་ཤིང་ལེབ་ཞིག་རྡོ་རྒན་ཞིག་གིས་མནན་པ་བཞིན་ལངས་མི་ཐུབ་པར་གྱུར། མཚམས་ཤིག་མོས་ཁོ་ལ་ཕྱིར་བལྟས་ཤིག་ཀྱང་མ་བྱས་པར་ཀྲུའུ་རིན་དང་འགྲོགས་ཏེ་སྒོར་བུད་སོང་། འོན་ཏེ། ཁོ་ནི་འབོལ་ཁྲིའི་སྟེང་གཟེར་རྒན་ཞིག་གིས་བརྡབས་པ་བཞིན་འགུལ་ཙམ་ལས་བྱེད་ཐུབ་མ་སོང་།
༦
“མཚན་མོ།/མཚན་མོ་མང་པོའི་ཁྲོད་ཀྱི་མཚན་མོ།/སྙིང་དུ་སྡུག་པའི་མཚན་མོ།/སོག་ལེའི་ཁ་ལྟ་བུའི་མཚན་མོ།” འདི་ནི་ཁོས་མཚན་མོ་མཐའ་མ་དེར་བྲིས་པའི་སྙན་ངག་ཅིག་གི་དུམ་ཚན་ཡིན། མཚན་མོ་དེར། ཁོ་ཆང་ཁང་ཞིག་ནས་ཕྱིར་ཁང་ཆུང་དུ་སླེབས་དུས། མོ་སླེབས་ཟིན་འདུག མདུན་ཅོག་སྟེང་དུ་ལྡེ་མིག་གཅིག་བཞག་འདུག་ལ་དེའི་ཤེལ་ལེབ་འོག་གི་མོའི་པར་དང་ཁོ་གཉིས་མཉམ་དུ་བླངས་པའི་པར་རྣམས་མཐོང་ས་ན་མི་འདུག
༢༠༡༥ལོའི་ཟླ༤པའི་ཚེས༢༩ཉིན་བྲིས་ཚར།
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།