ཚེ་སྐྱབས།
དེ་རིང་ཡང་སློབ་ཁང་ནང་དུ་སློབ་མ་གཅིག་ཀྱང་མི་འདུག སློབ་གཙོ་གསར་བ་དེ་ཡང་གར་སོང་ཆ་མེད་དུ་གྱུར་བ་ན། ངས་རང་གི་ཁྲིད་དེབ་བཟུང་ནས་གཞི་རིམ་གྱི་སློབ་ཆུང་འདིའི་ཁོར་ཡུག་ཡོད་ཚད་ཉུལ་བ་ན་ལག་ཏུ་བྱིས་པ་ལོ་བཅུ་ཡས་མས་ཀྱི་ལྷམ་ཡ་གཅིག་དང་ཁ་སང་ང་ཚོའི་སློབ་གྲྭའི་ནང་ནས་ཁྱབ་བསྒྲགས་བྱས་པའི་ཡིག་ཆ་དེའི་ཤོག་ལྷེ་ཁ་ཁེར་རེ་ལས་ཅི་ཡང་མ་རྙེད། སྐབས་དེར་ཁ་པར་ལས་བརྡ་འཕྲིན་གསར་བ་ཞིག་འབྱོར་བ་ནི“སང་ཉིན་ནས་རྫོང་ཡོངས་ལ་ཆུ་དང་གློག་མེད་པས་ཁྱེད་ཅག་གིས་དུས་ལྟར་གྲ་སྒྲིག་བཟང་བོ་ཞིག་བྱེད་རྒྱུ་གལ ”ཟེར་བ་ཞིག་བསྐུར་འདུག ངས་རང་གི་མལ་ཁང་གི་ཁ་གཏད་དུ་ཡོད་པའི་རྫ་རི་དེར་ཧད་ནས་སླར་ཡང་ཚེ་སྐྱབས་ཀྱི་སྣང་བརྙན་རེ་རེ་ཡིད་ལ་ཝ་ལེེར་དྲན་བྱུང་། ཁོ་ནི་ང་དང་ན་ཟླ་ཡིན་ལ་ལོ་རིས་སྟག་ཡིན་པས་ཁོས་མི་གཞན་ལ་ངོམ་སོ་བྱེད་པ་ནི་རང་གི་ལོ་རིས་ཡིན་ལ་ཆང་འཐུང་ནས་དཔའ་ཉམས་སྟོན་པ་དང་གོ་ས་སྙེག་པ་ནི་ཁོ་རང་གི་ཁྱད་ཆོས་སུ་གྲུབ་ཡོད་པ་མ་ཟད་སྒྱུ་རྩལ་དགའ་བའི་མི་བུ་ཞིག་ཀྱང་ཡིན། ངས་ཐོག་མར་ཁོ་ངོ་ཤེས་དུས་ནི་ལོ་བརྒྱད་ཀྱི་བྱིས་པ་ཞིག་ཡིན་ལ་ང་ཚོའི་སྡེ་བའི་ནང་དུ་ཁོ་མ་གཏོགས་ལྕགས་རྟ་ཡོད་སའི་བྱིས་པ་གཅིག་ཀྱང་མེད། ལོ་དེའི་སྟོན་ཁ་ངེད་གཉིས་མཉམ་དུ་གཞི་རིམ་གྱི་སློབ་ཆུང་གི་སྒོ་ཐེམ་ལ་གོམ་པ་དང་པོ་སྤོས་པ་དང་འཛིན་གྲྭ་གཅིག་གི་སློབ་གྲོགས་སུ་གྱུར། སྐབས་དེར་ཁོ་ནི་ང་ཚོ་དང་མི་འདྲ་བར་དཔེ་ཁུག་དང་འབྲི་དེབ་སོགས་ཆ་ཚང་འཛོམས་པའི་སློབ་མ་ཞིག་ཡིན་ལ་ད་དུང་གསལ་བྱེད་སུམ་ཅུ་བློར་སྐྱོར་ཤེས་པའི་རིག་རྒོད་ཅིག་ཀྱང་ཡིན། ལོ་ངོ་ལྔའི་རིང་ལ་ངེད་གཉིས་ཀྱིས་འཛིན་གྲྭའི་ནང་གི་རྒྱུགས་འབྲས་ཨང་དང་པོ་རྩོད་རེས་བྱས་ནས་ཡོང་བ་དང་སློབ་འབྲིང་ལ་ཞུགས་སྐབས་ང་ཚོའི་འཛིན་གྲྭ་ལས་ངེད་གཉིས་མ་གཏོགས་མུ་མཐུན་དུ་སློབ་གྲྭར་འགྲོ་མཁན་མེད་པས་སླར་ཡང་འཛིག་གྲྭ་གཅིག་གི་སློབ་གྲོགས་སུ་གྱུར། མདོར་ན་ངེད་གཉིས་སློབ་མཐར་ཕྱིན་རེག་བར་ཏུ་སློབ་གྲོགས་དང་གྲོགས་པོ་བྱས་ནས་མི་ལོ་བཅུ་གཅིག་གི་རིང་ལ་མཉམ་འགྲོ་མཉམ་འདུག་བྱས་པ་ཡིན། སློབ་མཐར་ཕྱིན་རྗེས་ང་ནི་ཕྱིར་ངེད་གཉིས་ཐོག་མར་སློབ་གྲྭར་འགྲོ་སའི་སློབ་ཆུང་དེའི་ནང་གི་དམངས་སྒྲུབ་དགེ་རྒན་དུ་ལས་བགོས་བྱས་ལ་ཚེ་སྐྱབས་རྫོང་སྲིང་གཞུང་གི་གཞུང་ལས་ཁང་གི་ནང་དུ་ལས་བགོས་བྱས་རྗེས་ངེད་གཉིས་ལོ་རེར་ཐེངས་གཅིག་གཉིས་རེ་མ་གཏོགས་ངོ་མི་ཐུག་ཀྱང་ཁོས་དུས་རྒྱུན་དུ་ང་ལ་ཁ་པར་གཏོང་བ་མ་ཟད། ངའི་བྲིས་པའི་སྙན་ངག་དང་བརྩམས་སྒྲུང་ཁོས་ཀྱང་ཀློག་གིན་ཡོད་རབས་ཟེར། ད་རུང་ཁོས་ང་ལ་ཚེ་རིང་དོན་གྲུབ་ཀྱི《ར་ལོ》དང་སྐྱབས་ཆེན་བདེ་གྲོལ་གྱི《དུས་ཆད》ནི་ལོ་འདི་དག་གི་ནང་དུ་ཆེས་ཀློག་པར་སྤྲོ་བའི་བོད་ཀྱི་བརྩམས་སྒྲུང་གཉིས་དང་རྒྱ་ཡིག་གི་སྟེང་ནས་ད་རུང་དཔེ་ཀློག་མང་ཙམ་བྱེད་ཀྱིན་ཡོད་ཅེས་བཤད་ཀྱང་ང་རང་ཁོ་ལ་དེ་འདྲ་ཡིད་ཆེས་མ་བྱུང་། གློ་བུར་དུ་ངའི་ཁ་པར་གྲགས་བྱུང་།
“དེ་རིང་ཡང་ཁྱོད་ཀྱིས་སློབ་ཁྲིད་མི་བྱེད་དོན་ཅི། ”
“སློབ་ཁང་ནང་དུ་སློབ་མ་གཅིག་ཀྱང་མེད་པས་སུ་ཞིག་ལ་སློབ་ཁྲིད་བྱེད།”
“གོང་རིམ་ནས་འགོ་ཁྲིད་འགའ་ང་ཚོའི་སློབ་གྲྭར་ལྟ་ཞིབ་བྱེད་དུ་ཡོང་ཡོད་པ་མ་ཤེས་སམ།”
“མི་ཤེས། འོན་ཀྱང་། སློབ་གསོ་ཟེར་བ་ཉིན་མ་གཅིག་གཉིས་རེ་ཡིས་རྒྱུས་ལོན་བྱེད་ཐུབ་བམ།”
“སློབ་མ་ཚོ་གང་དུ་བུད་སོང་བ་རེད།”
“གསལ་བོ་ངས་ཀྱང་མི་ཤེས། ཕལ་ཆེར་དབྱར་རྩྭ་དགུ་འབུ་རྐོ་བར་་་་་་་་་་”
“དེ་ན་ཁྱོད་མྱུར་དུ་གཞུང་ལས་ཁང་གི་ནང་དུ་ཤོག”ངའི་ཕར་བཤད་པའི་སྐད་ཆ་མ་ཚར་གོང་ནས་དེ་ལྟར་བཤད་ཀྱིན་ཁ་པར་སྒོ་གཏན་སོང་། དེ་རིང་ཡང་གོང་རིམ་གྱི་འགོ་ཁྲིད་འགའ་ང་ཚོའི་སློབ་གྲྭའི་ནང་དུ་ཁ་སྐྱིད་རྒྱག་པར་ཐོན་འདུག ཁོ་ཚོས་དུས་ཚོད་གཅིག་གཉིས་ཀྱི་ནང་དུ་ང་ཚོའི་སློབ་གྲྭའི་འདས་མ་ད་གསུམ་ཐག་གཅོད་བྱས་ནས་དུ་བ་འཐེན་ཞོར་ཆང་མཆོད་ཀྱིན་འདུག ངས་ཀྱང་རང་གིས་རྫུན་བཟོ་བྱས་པའི་རེའུ་མིག་འགའ་ཁོ་ཚོའི་མདུན་དུ་འཇོག་སྐབས“ཁྱོད་ཚེ་སྐྱབས་ཀྱི་སློབ་གྲོགས་དེ་རེད་ལ། ཁོ་ད་ལྟ་ཁྱོད་ཚོའི་ཞང་གི་ཧྲུའུ་ཅུར་མངག་ཡོད་པ་ཤེས་སམ། ཁྱོད་ལ་མདུན་ལམ་ཡོད་རྒྱུ་རེད།”སྐབས་དེར་ཕྱི་རོལ་གྱི་རླུང་བུས་རྩྭ་སྐྱ་འགའ་སྤུར་གྱིན་གད་སྙིགས་ཀྱིས་བཀང་བའི་གྱང་གི་སྲུབ་ཀ་ཞིག་ལ་ད་དུང་གད་སྙིགས་རེ་བསྐྱལ་ཡོང་དུས་ངས་ཀྱང་རང་གི་སྐྲ་ལོ་དགུན་ཞྭ་འདིའི་ནང་བསྡུས་ནས་ཕྱིར་རང་གི་མལ་ཁང་དུ་ཐོན་རྗེས་ཏག་ཏག་ཚེ་སྐྱབས་ཀྱིས་ང་ལ་ཁ་པར་ཐོན་བྱུང་། “ཁྱོད་བདེ་མོ། ང་ཕ་ཡུལ་ལ་ཡོང་གིན་ཡོད།”
“ཁྱོད་ལ་དཔོན་ས་ཡོད་པས་ང་མེད་རུང་ལོས་ཆོག”
“ཕྱི་དྲོ་མཉམ་དུ་དྭངས་གཙང་ཟ་ཁང་ནས་དགོང་ཟས་ཟ་རྒྱུ་བྱེད།”
“ང་ལ་དགོང་ཚོགས་ཡོད་པས་དུས་ཚོད་མེད།”
“དེ་ན་གཟའ་ཉི་མར་ང་ཚོས་མཉམ་དུ་ཁ་བརྡ་ཞིག་བྱེད།”
“དེ་ཆོག་གི འོན་ཀྱང་ངས་ཆང་བཅད་ནས་ཟླ་བ་གཉིས་འགོར་ཡོད། ”སྐབས་དེར་སློབ་མ་གཅིག་ཀྱང་མེད་པས་ངས་སུ་ཞིག་ལ་དགོང་ཚོགས་འཚོགས་ནས་སློབ་ཁྲིད་བྱེད་དགོས་པ་རང་ཉིད་ཀྱིས་ཀྱང་ཤེས་མ་སོང་། འོན་ཀྱང་དེ་ནི་ཁོ་ལ་གཡོལ་ཐབས་ཤིག་ཡིན་པ་འདྲ། ཁོ་ང་ཚོའི་ཞང་གི་ཧྲུའུ་ཅུར་བསྡད་པ་ནས་བཟུང་ངེད་གཉིས་ཀྱི་འབྲེལ་འདྲིས་སྔར་བཞིན་ཇེ་ཟབ་ལ་སོང་བ་མ་ཟད། ཁོ་བཟི་སོང་དུས་རྒྱུན་དུ་ང་ལ་འབོད་པ་མ་ཟད་གམ་གྱི་མི་ཚོར་དཔོན་གཏམ་དང་མཁས་བཤད་འདྲ་ཡང་བྱེད་ཀྱིན་འདུག ཉིན་ཞིག་གི་ཕྱི་དྲོ་ཁོ་བཟི་ནས་ང་ཚོའི་སློབ་གྲྭར་ཐོན་འདུག ཁོས“སློབ་གྲྭ་འདི་ལ་འགྱུར་ལྡོག་ཅིག་ཡོད་པ་ནི་ཐོག་ཁང་འདི་ཡིན་ནམ་”ཟེར་དུས་ངས་ཀུ་རེ་ཡི་ཚུལ་དུ་ད་རུང་སློབ་མའི་གྲངས་ཀ་འཕེལ་བ་དང་དགེ་རྒན་གྱི་གྲངས་ཀ་ཇེ་མང་ལ་སོང་ཡོད་རུང་སློབ་ཁྲིད་ཀྱི་སྤུས་ཀ་ཇེ་ཞན་དུ་སོང་བ་འདི་རེད། སྐབས་དེར་ང་ཚོའི་སློབ་གཙོས་མགོ་སྒུར་ནས་ལྕེ་དྲུད་ཡོད་པ་མ་ཟད། ཁོའི་ངང་ཚུལ་ནི་ཁྱི་ཞིག་དང་འདྲ་བར་ཚེ་སྐྱབས་ཀྱི་མདུན་ནས་རྔ་མ་གཡུག་གཡུག་བྱེད་ཀྱིན་གང་ཐུབ་ཀྱིས་བཅོས་མའི་འཛུམ་མདངས་ཤིག་ཕྱི་རུ་མངོན། སློབ་གསོ་མི་ཤེས་པའི་ཁོ་ལ་ཅི་ཁག ཐ་ན་རྒྱུན་ཤེས་ཀྱི་རྩ་ཁྲིམས་ཀྱང་མི་ཤེས་པའི་མི་འདིའི་རིགས་ལ་ཅི་ཁག ཁོས་ད་རུང་དགེ་རྒན་འགའ་བཀོད་སྒྲིག་བྱས་ནས་ཆང་དང་ཟ་མ་གྲ་སྒྲིག་གང་ལེགས་བྱས་ཡོད་རུང་ཚེ་སྐྱབས་བཟི་ནས་གོམ་ཁ་ཡང་མི་བརྟན་པས་སློབ་གྲྭའི་ཁོར་ཡུག་ཀུན་ལ་མིག་ཉུལ་རེ་བྱས་རྗེས་ཕྱིར་རང་གི་ལས་ཁུངས་ཀྱི་ཕྱོགས་སུ་བུད་སོང་།
ངེད་གཉིས་ཀྱིས་ལོ་རེ་རེར་རང་གི་སློབ་ཆུང་དགེ་རྒན་ལ་ལོ་སར་ལག་སྐྱེས་རེ་འབུལ་མྱོང་བ་མ་ཟད་ཁོས་ཆང་གང་བཟང་དང་ཤ མར་དང་ཕྱུར་བ་སོགས་ཁྱེར་བཞིན་ཡོད་རུང་ངས་དགེ་རྒན་ཁོང་ཀློག་པར་སྤྲོ་བའི་དཔེ་ཆ་རེ་དང་སྨྱུ་གུ འབྲི་དེབ་རེ་སྦྱིན་པ་ཡིན། ཟླ་བ་དགུའི་རྗེས་ནས་ཚེ་སྐྱབས་རྫོང་གི་སློབ་གསོ་ཅུའུ་ཡི་ཅུའུ་ཀྲང་ལ་བསྡད་པ་མ་ཟད་ཁོས་སྔར་བཞིན་ང་ལ་འབྲེལ་བ་བྱེད་ལ་རྒྱུན་དུ་ཁ་པར་གཏོང་གིན་འདུག འོན་ཀྱང་ཁོ་ང་ཚོའི་ཞང་གི་ཧྲུའུ་ཅུའུ་ཡིན་པ་ནས་བཟུང་ངས་ཁོ་ལ་འབྲེལ་བ་གཅིང་ཀྱང་བྱེད་མ་མྱོང་།
ཁོས་ང་ལ་ཁ་པར་ཡོང་ཐེངས་རེར་ཁྱོད་ང་ཚོའི་སློབ་གསོ་ཅུའུ་ཡི་ནང་དུ་ཨེ་ཡོང་དང་དེ་མིན་ན་སློབ་གྲྭ་དེའི་སློབ་གཙོར་སྡོད་དང་ངས་ཁྱོད་ལ་གང་ཐུབ་ཀྱིས་ཆ་རྐྱེན་སྒྲུབ་རབས་ཟེར་ལ་ད་དུང་ཁྱོད་ཀྱིས་བྲིས་པའི་རྩོམ་ཡིག་དེ་དག་དཔེ་སྐྲུན་ཁང་ཅིག་ལ་བསྐུར་དང་ངས་ཁྱོད་ལ་སྦྱིན་བདག་བྱེད་ཟེར། ཡིན་ན་ཡང་ངས་ཁོས་བཏོན་པའི་ཆ་རྐྱེན་གཅིག་ཀྱང་ཁས་ལེན་བྱེད་མ་མྱོང་རུང་ཁོས་ད་དུང་དབྱར་གནང་དགུན་གནང་གི་སྐབས་སུ་ཆེད་དུ་ང་བཙལ་ནས་ཁ་བརྡ་གློད་ལ་དཔེ་ཀློག་གི་སྐོར་ནས་ཀྱང་མང་པོ་རེ་བཤད་མྱོང་བ་མ་ཟད་ང་ལ་མཐོང་ཆེན་དང་བརྩི་བཀུར་བྱས་པ་ཉུང་ཉུང་མིན། དེ་རིང་ཡང་ཁོས་ང་ལ་ཁ་པར་ཐོན་བྱུང་། “སྐུ་ཞབས་དམར་པོའམ་བཀྲ་ཤིས་དོན་གྲུབ་ལགས་ཉེ་ལམ་བདེ་མོ། ” “བདེ་མོ། ཅི་རེད། ”ཟེར་དུས་ཁོས་ཀུ་རེ་ཞིག་དང་མཉམ་དུ་དེ་རིང་ངེད་གཉིས་ཀྱི་སློབ་གྲོགས་ལྷན་འཛོམས་ཀྱི་ཁ་ཆད་ལ་ཐོན་འདུག་པས་ཁྱོད་ཀྱིས་མི་ཡོང་མི་གསུངས་རོགས། སྐབས་དེར་ངས་ཁ་པར་ལས་ཟླ་ཚེས་ལ་ལྟ་དུས་ཏག་ཏག་སྤྱི་ཟླ་བརྒྱད་པའི་ཚེས་བཅོ་ལྔ་ཡིན་པས་ང་ཡང་ཐད་ཀར་ཚེ་སྐྱབས་ཀྱིས་གཏན་འཁེལ་བྱས་པའི་སྤྲོ་སྐྱིད་གླིང་ཀ་ཟེར་བའི་ས་འདིའི་ཇ་ཁང་དང་ཟ་ཁང་གཉིས་འཛོམས་ཡིན་པའི་སྐྱིད་པོ་གཏོང་ས་དེ་ལ་སོང་བ་ཡིན། ལོ་རེའི་ཟླ་ཚེས་འདི་ནི་ངེད་གཉིས་ཀྱིས་སློབ་གྲོགས་ལྷན་འཛོམས་སམ་ལྷོད་ལྷོད་ངང་ཁ་བརྡ་གློད་པའི་ཉི་མ་ཞིག་ལ་གཏན་འཁེལ་བྱས་ཡོད་པ་མ་ཟད། ཚེ་སྐྱབས་གཏན་ཚིག་འདི་ལ་མི་འགལ་བའི་ཆེད་དུ་འཚོགས་འདུ་དང་གོང་རིམ་གྱི་སྒྲིག་ལམ་ལ་འགལ་བ་མང་ཡང་དེ་ནི་ཁོས་ད་རུང་གཟི་བརྗིད་ཅིག་ཏུ་བརྩིས་ཡོད། ངེད་གཉིས་སྤྲོ་སྐྱིད་གླིང་ཀའི་སྒོ་རྟགས་བརྒྱད་ཐོ་གསུམ་ཅན་གྱི་ཁང་ཆུང་དེའི་ནང་ནས་བསྡད་པ་ཡིན་ལ་ཇ་དང་སྦི་རག་ཐུང་ཞོར་རང་རང་གི་འདས་མ་ད་གསུམ་གྱི་སྐོར་ནས་མང་པོ་རེ་ལབ་པ་ཡིན། མཚམས་རེར་ཁོས་སྐད་དངངས་ཇེ་མཐོར་སོང་ནས་ང་རྒྱལ་གྱི་ངང་ནས་དཔོན་གཏམ་བཤད་དུས་ཀྱང་ཡོད།
“སོག་མ་ཟེར་བ་དེས་བྲིས་པའི་བརྩམས་སྒྲུང་ག་འདྲ་རེད།”
“ངས་ཁོས་བྲིས་པའི《འདྲེ་བཤད》དང《སྙན་ངག་པ་དེ་དཔོན་ས་ལ་དགའ》ད་དུང་སྒྲུང་རིང་《ཉི་མ་ལྷ་ས་དང་རྒྱལ་ས་པེ་ཅིན》སོགས་བཀླགས་མྱོང་ལ་ད་ལྟའི་བོད་ཀྱི་བརྩམས་སྒྲུང་དག་ལས་རང་ཉིད་དགའ་སའི་བརྩམས་ཆོས་ཀྱི་གྲས་ཀྱང་ཡིན།”
“དེ་ན་ཁྱོད་ཀྱིས་སོག་མ་ཟེར་བའི་པིར་མིང་བཀོལ་མཁན་དེ་སུ་ཡིན་པ་ཤེས་སམ།”
“མི་ཤེས། ངས་ཁོས་བྲིས་པའི་སྙན་ངག་གཅིག་གཉིས་རེ་བཀླགས་མྱོང་ལ་ཁྱོད་ཀྱི་འབྲི་སྟངས་དང་འདྲ་ས་ཅུང་ཙམ་འདུག འོན་ཀྱང་ཁྱོད་ཀྱི་སྨྱུ་གུ་ད་ལྟ་སྐམ་ཐན་གྱིས་བཟུང་བ་མ་ཡིན་ནམ།”
“དེང་སང་ང་ལ་དུས་ཚོད་མེད་པས་ཅི་ཁག”སོགས་ལབ་གླེང་བྱས་ནས་མཚན་མོའི་ཆུ་ཚོད་གཅིག་དང་ཕྱེད་ཀ་ཡོལ་འདུག སྐབས་དེར་ངེད་གཉིས་ཀྱི་ངལ་གསོ་བྱེད་བསམ་ནས་སྤྲོ་སྐྱིད་གླིང་ཀའི་སྒོར་བུད་པ་ན་དེ་རུ་ཚེ་སྐྱབས་ཀྱི་ལས་གྲོགས་གཉིས་ཀྱིས་ཁོ་སྒུག་ནས་བསྡད་འདུག དེ་གཉིས་ལ་བྱ་བ་གཞན་མེད་པར་ཚེ་སྐྱབས་ལ་ཞབས་ཞུ་བྱེད་པ་ཁོ་ནའི་ཆེད་དུ་ཡིན་འདུག དྲང་མོ་བཤད་ན་དེ་རིང་ཚེ་སྐྱབས་ཡང་དེ་འདྲ་བཟི་མེད་པས་ཁོས་ང་ལ་ལྐོག་གཏམ་གྱིས་འདིའི་རིགས་ནི་སུན་སྣང་ཁོ་ན་ཡིན་ཡང་ད་ལྟའི་སྤྱི་ཚོགས་འདིའི་་གོམས་གཤིས་སུ་ཆགས་འདུག་པས་ང་ཚོར་བྱ་ཐབས་ཅི།
ཁོ་རྫོང་དཔོན་གཞོན་པར་བསྡད་པ་ནས་བཟུང་ཁོ་ལ་ཞབས་ཞུ་བྱེད་མཁན་ཇེ་མང་དུ་སོང་ཡོད་པ་མ་ཟད་ལྷག་ཏུ་ཁོའི་རྔ་མ་བྱེད་རྒྱུར་དགའ་བའི་མི་སྐོར་ཞིག་ལ་གོ་སྐབས་བཟང་བོ་ཡིན་པ་འདྲ། འོན་ཀྱང་ཁོས་རྒྱུན་དུ་ང་ལ་ཁ་པར་བཏོང་གིན་འདུག་ལ་ད་དུང་ཁོས་བཤད་རྒྱུར་ཁྱོད་ནི་མི་ཨུ་ཚུགས་ཅན་ཞིག་ཡིན་པས་ནམ་ཞིག་ཕམ་ཁ་མང་པོ་ཞིག་ཁྱོད་རང་ཉིད་ཀྱིས་དང་ལེན་མི་བྱེད་ག་མེད་དུ་འགྱུར་ངེས། དེ་ལྟར་སྔར་བཞིན་རང་ཉིད་སློབ་གྲྭ་དེ་རུ་དམངས་སྒྲུབ་དགེ་རྒན་བྱས་ནས་བསྡད་པ་ཡིན་ལ་སློབ་གྲྭའི་བྱ་བ་ཅི་ཞིག་ཡིན་རུང་སློབ་གཙོས་ཀྱང་གང་ཐུབ་ཀྱིས་ངའི་འདོད་པ་ལྟར་བསྒྲུབ་ཨེ་ཐུབ་ལྟ། དེ་ནི་གཞན་མ་ཡིན་པར་ཚེ་སྐྱབས་དང་ངེད་གཉིས་སློབ་གྲོགས་དང་གྲོགས་པོ་ཡིན་པས་རེད།
ཉིན་ཞིག་ཚེ་སྐྱབས་ཀྱིས་ང་ལ་ཁ་པར་ཡོང་ནས་ཁྱོད་སློབ་གསོ་ཅུའུ་ཡི་ནང་དུ་ལས་གནས་སྤར་ཡོད། དེའི་འགྲོ་ལུགས་ཡོད་ཚད་ངས་བསྒྲུབས་ཡོད་པས་ད་ཨུ་ཚུགས་མི་བྱེད་རོགས། ད་ལྟ་ངའི་ལུས་པོ་དེ་འདྲ་མི་བདེ་བས་ཁུལ་མི་དམངས་སྨན་ཁང་ནང་དུ་ནད་བཅོས་བྱེད་ཀྱིན་པའི་སྒང་ཡིན། ཉིན་དེར་ང་ཡང་ཁོ་དང་ཁོས་བཤད་པའི་སྐད་ཆར་སེམས་འགུལ་ཅིག་ཐེབས་ནས་ཁ་ནས་རང་དབང་མེད་པར་ཨོ་ཡ་ཞེས་པའི་ཡིག་འབྲུ་གཉིས་ཤོར་སོང་། ཕྱིར་ཉིན་ངས་རང་གི་ཅ་ལག་དག་བསྡུ་གསོག་བྱས་ནས་གླ་གཏོང་རླངས་འཁོར་ཞིག་ལ་ཁ་པར་གཏོང་འདོད་དུས་སློབ་གཙོ་ང་བཙལ་ནས་དེ་རུ་སླེབས་བྱུང་། “ཚེ་སྐྱབས་མདང་ཤི་སོང་བས་གནས་ཚུལ་ལ་འགྱུར་ལྡོག་འབྱུང་སྲིད་པས་ཁྱོད་རང་ད་རུང་སློབ་གྲྭ་འདི་ནས་འདུག་དགོས་རྒྱུ་རེད།”ངས་སློབ་གཙོར་དགོངས་པ་ཞུས་ནས་ཚེ་སྐྱབས་ཀྱི་སྐར་ཐོག་ལ་སོང་བ་ན་ཁོའི་ཆུང་མས་འཕྲིན་ཡིག་ཅིག་ཁྱེར་ཡོང་ནས་འདི་ནི་ཁོས་ཁ་ཆེམས་ལྟར་ཁྱོད་ལ་སྤྲོད་རོགས་ཟེར་ལ་ཅི་ཞིག་བྲིས་ཡོད་པ་ངས་ཀྱང་བལྟས་མེད་ཅེས་བཤད་བྱུང་། དགོང་མོ་ང་ཕྱིར་ཡུལ་ལ་ཡོང་ནས་འཕྲིན་ཡིག་དེའི་ཁ་ཕྱེས་ནས་ལྟ་སྐབས་སོག་མ་ཟེར་བའི་རྩོམ་པ་པོ་དེ་ནི་ཚེ་སྐྱབས་ཡིན་པ་ཤེས་ལ་ཁོས་ཧ་ཅང་སྟབས་བདེའི་ངང་རང་ཉིད་དང་རང་ཉིད་ཀྱིས་བརྩམས་ཆོས་དག་ངོ་སྤྲོད་བྱས་ཡོད་པས་ངས་རང་དབང་མེད་པར་མིག་ཆུའི་ཐིགས་འགའ་རང་གི་ལག་པའི་སྟེང་དུ་ལྷུང་ནས་ས་རི་ཟགས་སོང་།
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།