ཡུགས་ས་མའི་རོལ་དབྱངས།

  མུན་པ་སླེབས་བྱུང་། ཟླ་འོད་ཀྱི་འགྲམ་དུ་མིག་ཆུ་ནག་པོ་ཞིག་བཞུར་ཞིང་། དེ་ཡང་མེ་ལོང་གི་གཏིང་ནས་སྒེའུ་ཁུང་གི་ཡོལ་བའི་ངོས་ལ་འཁྱིལ། ང་རང་རླུང་བུ་ཞིག་གི་ལག་པར་འཇུས་ནས་ཡུགས་ས་མའི་ཕྱོགས་སུ་གོམ་པ་སྤོས། ཅི་ཙམ་གྱིས་ཉེ་རུ་བཅར་ཡང་རྨི་ལམ་གྱི་མཚོ་མཐར་སྤྱོད་པའི་གཡོར་གྲུ་ཕྱི་རོལ་གྱི་རྣམ་ཤེས་གཞན་ཞིག་ལ་བགྲོད་ཅིང་། ཆག་གྲུམ་ཤོར་བའི་རྨ་ཁ་རེ་རེ་ནས་མི་རྣམས་ཕྱིར་རང་ཁྱིམ་དུ་ལོག་པར་བྱེད་མོད། ལམ་ནི་འཇིགས་སུ་རུང་བའི་དུར་ཁྲོད་འབའ་ཞིག་དང་མཚུངས་ལ་བདག་པོ་མེད་པའི་དུད་འགྲོའི་ཚོགས་ཀྱིས་ང་ལ་མཆེ་བ་དང་སྡེར་མོ་གཏད། ཏག་ཏག་སྐབས་དེ་ལ་ཉེན་རྟོག་པའི་རླངས་འཁོར་ཞིག་བདག་གི་མཐོང་ས་ནས་མི་མཐོང་བའི་ཡུལ་ཞིག་ལ་ཡལ་སོང་བས། གྲོང་གསེབ་གྱི་མཁའ་དབྱིངས་སྐད་ཅིག་ངང་གྲགས་མེད་དུ་གྱུར་སོང་།
  ང་རང་གྲིབ་མ་ཞིག་ལ་འགྲོགས་ནས་མདུན་དུ་སོང་ཞིང་མིག་ལམ་གྱི་དངོས་པོ་དག་རབ་རིབ་ཏུ་གྱུར། སུ་ཡང་མེད་པ་འདྲ་བའི་གཞུང་ལམ་གྱི་གཡས་གཡོན་དུ་ནག་ནོག་གི་ངོ་གདོང་གྲལ་དུ་བསྒྲིག་ཅིང་དེ་ལས་ཟོལ་རྫི་དང་བསླུ་བྲིད་དང་འཕྱ་དམོད་ཀྱི་རི་མོ་མངོན། རི་མོ་ལས་སྲིད་པའི་སྒོ་མོ་ཞིག་མཐོང་ལ་ང་རང་དེ་ལས་ཕྱིར་ཤོར་མེད་པའི་བྱིའུ་ཞིག་ཏུ་གྱུར། གཤོག་པའི་སྟེང་དུ་བྲིས་པའི་དུས་ཚོད་ཀྱི་རྐང་ལམ་གསལ་བོ་ཞིག་མཐོང་ལ་སྒྲ་རླབས་མཆེད་པའི་གཏིང་རིམ་ལས་མེ་ཕུང་ཞིག་ཤུགས་ཀྱིས་འབར། སྟོབས་ཀྱིས་ཟད།
  དེ་བས་མུ་མཐུད་དུ་འགྲོ་བཞིན་པ་ནི་ང་ཡི་རྨི་ལམ་ཙམ་ལས་དོན་དངོས་སུ་འདི་ཡིན་ཟེེར་སའི་མཛུབ་མོ་འཛུགས་ས་ཞིག་ལར་ནས་རྙེད་རྒྱུ་མ་བྱུང་། ཡིན་ཡང་དོ་ནུབ་ང་རང་ཁེར་མོ་འདི་ལྟར་སྡོད་དགོས་པས། རོལ་དབྱངས་ཤིག་ཚོད་ཚོད་དུ་དྲན་བྱུང་།
  སྤྱིར་དེང་སང་གང་དུ་སོང་ཡང་ཆང་ཁང་ཞིག་མིན་ན་ཇ་ཁང་ཞིག་ཡོད་དགོས་པ་ནི་དུས་རབས་ཀྱི་ཁྱད་ཆོས་ཤིག་གམ་མི་རྣམས་ཀྱི་དགོས་མཁོ་ཞིག་ལོས་ཡིན་འདོད་པས། ང་རང་ཡོད་སའི་གྲོང་གསེབ་འདི་རུ་ཡང་ཇ་ཁང་དང་ཆང་ཁང་གི་སྐོར་མང་པོ་ཞིག་ཡོད། ང་རང་དེ་དག་ལས་“གཅིག་སྣོན་གཅིག”་ཅེས་པའི་ཆང་ཁང་དེར་འགྲོ་རྒྱུ་ཧ་ཅང་དགའ་བོ་ཡོད། དེ་རུ་ང་ལ་གཏམ་རྒྱུད་མང་པོ་ཞིག་ཡོད་ལ་ལྷག་པར་དུ་ང་རང་ཉན་པར་སྤྲོ་བའི་“ཡུགས་ས་མའི་རོལ་དབྱངས”་ཀྱང་གནས་དེའི་ཕྱི་ནང་བར་གསུམ་ལ་འཐིམས་ཡོད་པས་ཡིན། ནམ་རྒྱུན་འགྱུར་ཁུག་རེ་རེའི་སྡེབ་འགྲོས་ཀྱིས་ང་རང་སྒྱུ་རྩལ་གྱི་ཡུལ་ཁམས་གཞན་ཞིག་ལ་འཁྲིད་ཅིང་ངོ་མཚར་གྱི་གར་སྟབས་རེ་རེས་ང་རང་ཧང་སང་དུ་བཅུག་པའང་མང་པོ་ཞིག་ཡོད། ད་རུང་འཁྲབ་ཡོལ་དམར་པོ་ལས་སྒྱུ་མའི་གྲོང་གི་ཁྲག་ཁུ་དགོང་ལ་བྱོ་བའང་མང་དུ་མཐོང་གི་འཇུག
  ཕྱི་རོལ་ནས་ཅི་ཞིག་གློ་བུར་དུ་ཆག་པའམ་གས་པའི་སྒྲ་དེས་ང་རང་ཅི་ཡིན་འདི་ཡིན་མེད་པར་མལ་ཁྲིའི་སྟེང་ན་གན་རྐྱལ་དུ་ཉལ་འདུག་པ་དྲན་དུ་བཅུག་ཅིང་ཞོར་དུ་སྔས་འགྲམ་གྱི་མགོ་རུས་སྐམ་པོ་དང་ཚིག་གིན་པའི་སྒྲོན་མེ། ས་རྡུལ་གྱིས་བཟུང་བའི་དཔེ་དེབ་དག་རེ་རེ་བཞིན་དྲན་དུ་བཅུག་པས། ངས་དེ་མ་ཐག་ཏུ་མགོ་བོ་ཡར་ལ་དགྱེ་ནས་དུ་བ་རྐང་གཅིག་ཧམ་གྱིས་རྔུབས་པ་མ་ཟད། ཕྱི་རོལ་ན་སྒོ་མོ་རྡུང་པའི་སྒྲ་གདངས་ཤིག་གྲགས་ཀྱི་ཡོད་པའང་གསལ་བོར་ཐོས།
  “ཆང་ཁང་འདིའི་ནང་ན་བུ་མོ་ཡག་པོ་རེ་འདུག” ཕར་བལྟས་ན་སྤྱོད་པ་འཆལ་བོ་ཅན་ཞིག་ལོས་ཡིན་འདོད་པའི་གསར་བུ་ཞིག་གིས་དེ་ལྟར་ཁེར་ལབ་འཐེན་བཞིན་འདུག་མོད། ཆང་ཁང་ནང་གི་མི་དག་གིས་ཁོ་ལ་ཁ་ཡ་ཙམ་ཡང་མི་བྱེད་པར་“ཡུགས་ས་མའི་རོལ་དབྱངས”་ལ་ཡོངས་སུ་འཐིམས་འདུག
  ་་་་་་་་་་་་་་་་་་་་་་་་་་་་་་་་ཐྲོག་་་་་་་་་་་་་་་་་་་་་་་་་་ཐྲོག་་་་་་་་་་་་་་་་་་་་་་་་་་་་་་ཐྲོག་་་་་་་་་་་་་
  སྒོ་མོ་རྡུང་མཁན་དེ་སུ་ཡིན་ནམ། ཡང་ན་ང་རང་ད་དུང་གཉིད་གྱི་གཏིང་ན་ལུས་ཡོད་པ་ཡིན། གང་ལྟར་སྒོ་ནི་ཕྱེ་དགོས་པས་ང་རང་འཐད་ལ་མི་འཐད་ཀྱི་ངང་ནས་ཡར་ལངས། “མ་རེད། མོས་གླུ་དབྱངས་གཞན་ཞིག་བླངས་ན་འགྲིག དེ་མིན་ན་མགྲོན་པོ་ཚོ་ཕལ་ཆེ་བ་ཞིག་ལ་སུན་སྣང་སྐྱེ་ངེས་རེད།” ངས་དེ་ལྟར་འདོད་ནས་ཁོ་མོར་བརྡ་རྒྱག་དགོས་བསམ་དུས་མོས་ཀྱང་རྣམ་འགྱུར་དེ་ཤེས་ནས་མྱུར་དུ་གླུ་དབྱངས་གཞན་ཞིག་བཏང་“ཡར་ལ་བལྟས་པའི་བར་སྣང་དུ་གླག་རྒོད་འཕུར།
  དེ་ཡི་ཞེ་འདང་ད་རུང་བྲག་ན་ལུས།
  བྲག་དམར་ཡག་གང་གི་གང་ན་ཡོད” ད་དུང་་གཟུགས་མཛེས་མ་ཞིག་ཡོད་ལ་དེས་ཀྱང་ཤིན་ཏུ་སྐྱོ་བའི་ཚུགས་ཀ་ཞིག་ཕུད་ནས་གར་འཁྲབ་ཀྱིན་ཡོད། ཕོ་གཞོན་མང་པོ་ཞིག་དཀྱུས་གཅིག་ཏུ་དེ་ཡི་གསེང་ལ་འཐིམས་ནས་ཨ་རག་མཆོད། རྐང་ལག་གཡུགས། ང་རང་གློད་གློད་པོར་གྱུར་ནས་ཡར་ལྡང་མར་ལྡང་བྱས་ཀྱང་རང་གི་རྐང་བ་གཏན་དུ་ས་ངོས་དང་ཕྲད་མ་སོང་།
  ་་་་་་་་་་་་་་་་་་་་་་་་ཐྲོག་་་་་་་་་་་་་་་་་་་་་་་་་་་་་་་་ཐྲོག་་་་་་་་་་་་་་་་་་ཐྲོག་་་་་་་་་་་་་་་་་་
  དོན་ངོ་མར་ང་རང་གང་དུ་ཡོད། གང་གི་གང་ན་ཡོད། སུ་ཞིག་ནམ་སྨད་ཅིག་ལ་འདིར་ཡོང་དགོས་པ་རེད། དོན་དག་ཅི་བྱུང་བ་ཡིན་ནམ། ཧ་ལམ་དྲན་རྒྱུ་མང་སོང་བས་ཡིན་རྒྱུ་རེད། དེ་བས་ང་རང་མུ་མཐུད་དུ་“གཅིག་སྣོན་གཅིག” གི་ཆང་ཁང་གི་དྲི་དང་རོ་ཡིས་བད། “ཡུགས་ས་མའི་རོལ་དབྱངས”་ཀྱིས་བཀུག གང་འདྲ་ཡིན་རུང་། སྣང་བ་ཕྱེ་ལེབ་ཀྱི་གཤོག་པ་འདྲ་འདྲ། ཚོར་བ་ཆུ་རླབས་ཀྱི་ཟེགས་མ་འདྲ་འདྲ། དྲན་པ་རི་རྩེ་ཡི་དར་ལྕོག་འདྲ་འདྲ་རང་ལའང་མི་དབང་བའི་དོ་ནུབ་ཀྱི་མང་པོ་མང་པོ་ཞིག་འདི་ལྟར་འཇོག་དགོས་སམ། ད་ནི་ཕྱི་རོལ་གྱི་སྡིག་པའི་ཡུལ་དང་མི་དགེ་བའི་གྲོང་། རྫོབ་པའི་ལྗོངས་སོགས་ལ་བཀྱེད་ནས་“རོལ་མོའི་ཁམས་ལ་འཛུལ”། འོན་ཀྱང་ཡིད་སེམས་གཉིས་སུ་སྐྱོ་བ་སློང་བྱེད་ཅིག་ཡོད་པ་ནི་སྐྲག་སྣང་ཞིག་སྟེ། སྐྲག་སྣང་དེས་ཀྱང་ང་རང་ལྷོད་པོར་མ་བཏང་བས། འདར་བར་བྱེད་པའི་ལག་པ་བྲང་ཁར་བཞག
  ་་་་་་་་་་་་་་་་་་་་་་་ཐྲོག་་་་་་་་་་་་་་་་་་་་ཐྲོག་་་་་་་་་་་་་་་་་་་་་ཐྲོག་་་་་་་་་་་་་་་་་
  “མགྲོན་པོ་སུ་ཞིག་ཡིན། ཅུང་ཙམ་བསྒུག་དང་མྱུར་དུ་སྒོ་ཕྱེ” ངས་དེ་ལྟར་བཤད་ཞོར་མདུན་དུ་གོམ་པ་འགའ་སྤོས་མོད། སླར་ཡང་“ཡུགས་ས་མའི་རོལ་དབྱངས”ཀྱི་གསེང་ལ་འཐིམས། “རོལ་མོ། ངས་སྒྱུ་རྩལ་གྱི་ཚོར་རྟོགས་རྣོན་པོ་ཞིག་ལ་བཞག་ཡོད།”གོང་གི་གསར་བུ་དེས་མུ་མཐུད་དུ་འུར་བརྒྱབ་བྱུང་། “ང་བཟི་མེད། ང་ཆང་གིས་བཟི་མེད།” ལ་ལུང་ཀུན་ནས་ཡོང་བའི་མགྲོན་པོ་ཚོ་གྲགས་མེད་དུ་གྱུར་ཡང་“ཡུགས་ས་མའི་རོལ་དབྱངས”སྔར་ལྟར་ཕྱོགས་སོ་སོར་ཁྱབ་འདུག མགྲོན་པོ་གཞན་ཞིག་ཡར་ལངས་ནས་དེ་རིང་སྐྱིད་ཚུལ་དང་སྣང་བ་བསོར་ཚུལ་སོགས་མང་པོ་འུར་གྱིན་འདུག ད་རུང་ལག་པ་ཡ་གཅིག་གིས་ང་རང་བསྟན་ནས་འདིར་ཤོག་ཅེས་བརྡ་གཏོང་།
  ་་་་་་་་་་་་་་་་་་་་་་་་་་་་ཐྲོག་་་་་་་་་་་་་་་་ཐྲོག་་་་་་་་་་་་་་་་་་་་་་་་་་་་ཐྲོག་་་་་་་་་་་་་་
  “སུ་ཞིག་ནམ་སྨད་ཀྱི་དཀྱིལ་ལ་ང་རང་བཙལ་དུ་ཡོང་བ་ཡིན། དོན་དག་ག་རེ་ཡོད་དམ”ངས་མུ་མཐུད་དུ་རང་ལ་“གལ་ཏེ་འདི་ཡང་རྨི་ལམ་ཞིག་ཡིན་ན་ང་རང་རྨི་ལམ་ལས་སད་ཡོད་པ་འདྲ” གང་ལྟར་བསམ་གཞིག་མང་པོ་ཞིག་བྱས་རྗེས་ང་རང་“གཅིག་སྣོན་གཅིག”་གི་ཆང་ཁང་དུ་ཡང་བསྐྱར་ཉུལ་ཞིང་ཡུགས་ས་མའི་རོལ་དབྱངས་ལ་ཡོངས་སུ་འཐིམས། སྐབས་དེའི་ཕྱོགས་མཚམས་ཀུན་ཏུ་བཟི་སྣང་ཞིག་འཁོར་ལ་ཤིན་ཏུ་སྡིག་ཅིང་རབ་ཏུ་རྫོབ་པའི་མཁའ་དབྱིངས་ནས་ཟིལ་བ་འགའ་ཤེལ་སྒོའི་ངོས་སུ་ཟེགས། གློ་བུར་རམ་སྐད་ཅིག་དུ་རྒུད་པ་འདྲ་བའི་ལང་ཚོ་གཞན་གྱིས་བརླག ང་རང་སྐྲག་སྣང་ཡ་མཚར་བ་ཞིག་གིས་སྒུལ་ཞིང་ཁང་སྟོང་ནང་གི་མུན་པས་མིག་དབང་བཅོམ། དེ་བས་འཕག་འཚག་ཤུགས་ཀྱིས་བྱས་མཐར་ང་རང་ཡང་བསྐྱར་རྨི་ལམ་མམ་དངོས་ཡོད་དེ་ལས་བརྒལ་ཐུབ་པར་གྱུར། ཡིན་ཡང་སྒོ་མོ་རྡུང་བའི་སྒྲ་དེ་ལར་ནས་མ་ཐོས་ཤིང་རྣམ་ཤེས་སྟོང་པའི་བེམ་པོ་གཡས་སུ་འགྱེལ།
  ་་་་་་་་་་་་་་་་་་་་ཐྲོག་་་་་་་་་་་་་་་་་་་་་་ཐྲོག་་་་་་་་་་་་་་་་་་་་་་་་་་་་ཐྲོག་་་་་་་་་་་་་
  ཐེངས་འདིར་སྒོ་མོ་རྡུང་བའི་སྒྲ་དེ་སྔོན་ལས་ལྡབ་འགྱུར་གྱིས་དྲག་ཅིང་སྐད་འབོད་གཏོང་བའི་སྒྲ་ཡང་དེ་བཞིན་ནོ། ང་རང་དེ་དག་གི་རྐྱེན་གྱིས་ཁང་བའི་སྒོ་ཁར་ཐོན་ཡོད་པ་ཤེས་ཤིང་། སྒོ་མོ་ཕྱེས་ནས་ལྟ་ཙམ་བྱས་པ་ན་སྦྱིན་བདག་དབང་ཁོ་གདོང་དམར་དམར་གྱིས་ཡར་འགྲེང་ནས་བསྡད་འདུག་ཅིང་ས་ངོས་སུ་དཔར་བའི་རྐང་རྗེས་ལས་ཁོ་རང་བདག་གི་སྒོ་ཁ་ནས་ཡར་འགྲོ་མར་འགྲོ་མང་པོ་ཞིག་བྱས་པའང་ཤེས་ཐུབ། ངས་གུས་འདུན་ཞུ་ཞོར་ཁོ་རང་ནང་དུ་བསུས། “བློ་བཟང་ཡ་བློ་བཟང་། ཁྱེད་འདི་ངོས་ནས་མི་གོ་མེད་ཚོར་མེད་ཅིག་རེད། ང་རང་ཁྱེད་ཀྱི་སྒོ་འགྲམ་ནས་དུས་ཚོད་དུ་ལ་ཡར་འགྲེང་གི་བཅུག་པ་ཤེས་སམ། ངོ་མ་ཁྱེད་འདི་་་་་་་” ཁོས་དེ་མིན་ཅི་ཡང་མི་བཤད་པར་བདག་གི་ཕྱོགས་སུ་ཅེར་ནས་བསྡད་འདུག ང་ཡང་ཅི་ཡིན་འདི་ཡིན་མེད་པར་གྱུར་ནས་ཁོ་ལ་ཇ་དཀར་ཡོལ་གང་བླུགས་ནས་མར་བསྡད་པ་ཡིན། “དེ་རིང་ཁ་རྩང་ཞིག་ལ་ཆང་ཁང་དུ་ཚོང་དེ་འདྲ་བཟང་པོ་མ་རེད། མ་ཟད་ཉེ་ལམ་གྱི་འཚོ་བའང་དེ་འདྲ་སྐྱིད་པོ་རང་མི་འདུག དོ་ནུབ་ཁོམ་ན་ལྷན་དུ་ཆང་བཏུང་གི་འགྲོ” “ག་ལ་ཡིན། མོས་བཀྲོལ་བའི་དབྱངས་རྟ་རེ་རེས་མགྲོན་པོ་མང་པོ་ཞིག་འུ་ཚང་གི་ཆང་ཁང་དུ་དྲུད་ཡོད”
  “མ་རེད། གལ་ཏེ་མོ་ད་རུང་ཆང་ཁང་དུ་ཡོད་ན་ཚོང་ལམ་སྔར་ལས་ཀྱང་འཕེལ་རྒྱས་ཀྱི་ཕྱོགས་སུ་འགྲོ་རྒྱུ་རེད།”
  “ཨོ་ལེ། ངས་ཀྱང་དེ་འདྲ་ཞིག་བསམ་མོད། ཉིན་འགའི་སྔོན་དུ་མོ་ཡང་རང་གི་ཡུལ་ལ་ལོག་སོང་ཟེར། ”
  “ཡུལ་ཟེར་ན་གང་། ”
  “གོ་ཐོས་ལྟར་ན་མོ་ཡང་རང་གི་འདས་པོ་ཁྱོ་ག་དེའི་ཆེད་དུ་འདིར་ཡོང་བ་རེད་ཟེེར། སྒོར་མོ་ཡོད་དུས་མོས་རང་གི་ཁྱོ་ག་ལ་དགེ་སྒྲུབ་བྱེད་དགོས་ཟེར།མོ་ངོ་མ་དེང་སང་གི་ཆང་ཁང་དུ་ཡོད་པའི་བུ་མོ་ཚོ་དང་འདྲ་བོ་མ་རེད། ང་ཁོ་མོའི་བརྩེ་དུང་ལ་ཡིད་ཀྱི་གཏིང་ནས་སྨོན་པ་ཤོར་ཡོད།
  “རེད། སྔོན་ཆད་ངས་ཀྱང་དེ་འདྲ་འདོད་མྱོང་། ཡིན་ཡང་སྐབས་དེར་ཡིད་ཆེས་བྱེད་ཐུབ་མ་སོང་།”ངས་སྐད་ཆ་དེ་བཤད་མ་ཚར་གོང་སྒེའུ་ཁུང་ལས་རླུང་བུ་གྲང་མོ་ཞིག་ཁྱིམ་དུ་ལྡང་ཞིང་དེ་ཡི་གྲང་ངར་གྱིས་ང་རང་དབང་མེད་དུ་ཡར་ལངས་དགོས་སོང་། དེ་ནས་ང་རང་སྒེའུ་ཁུང་ཁ་གཏད་དུ་སོང་མོད། ཕྱི་རོལ་ན་གྲགས་པའི་སྒྲ་ཞིག་གིས་ང་རང་གཞི་ནས་དྲོད་ལམ་ལམ་དུ་བཏབ། དེ་ནི་སྔོན་ཡུགས་ས་མ་ཆང་ཁང་དུ་ཡོད་དུས་རྒྱུན་དུ་བཀྲོལ་བའི་རོལ་དབྱངས་ཤིག་ཡིན།
 “སྨིག་རྒྱུའི་གསེབ་ཀྱི་ང་ཡི་ཕོ་བྲང
འོད་དུ་འཚེར་ཡང་ད་ལྟ་སྟོང་བ་ཉིད
སེམས་སུ་དྲན་པའི་གཞས་ཏེ་དབང་མེད་དུ
དེ་ཡི་ཕྱོགས་སུ་ཁྱབ་ན་ལྷག་ཏུ་སྐྱོ
ང་ཡི་རྒྱལ་ཁབ གནམ་གྱི་ཕ་མཐའ་ན
ང་ཡི་མེས་པོ གདོད་མའི་ཐང་གཞུང་ན”
  “བློ་བཟང་། བློ་བཟང་། དྲང་མོར་ཤོད་དང་ཁྱེད་ལ་ག་རེ་བྱུང་སོང་།” སྦྱིན་བདག་གི་སྐད་གདངས་དེས་ང་རང་སྔར་ལྟར་འཁྱག་སིབ་སིབ་ཏུ་བཏང་། རྨི་ལམ་གྱི་ཕ་རོལ་ན་ང་ལ་གཡུགས་པའི་རུས་སྐྱ་ཞིག་ལྷབ་ལྷུབ་གཡོ། “ཅང་མ་རེད། ངས་བློ་རིག་རྩེ་གཅིག་ཏུ་ཁྱེད་སར་འཁོར་མ་ཐུབ་པས་ཡིན་ས་རེད།”
  “མི་སྐྱོན། ད་རུང་ཆང་ཁང་དུ་བུ་མོ་རེ་རྙེད་ངེས་ཡིན། ཁྱེད་ཀྱིས་ཀྱང་ཤུགས་སྣོན། ང་ལ་འདི་ལས་བཤད་རྒྱུ་ཡང་མེད། གཙོ་བོ་ཚོང་བཟང་ན་ངས་ཁྱེད་ལ་གླ་དངུལ་མང་པོ་སྟེར་ངེས།”
  ཐུགས་རྗེ་ཆེ། ངས་ཀྱང་རང་གི་ནུས་པ་ཡོད་ཚད་ཕུད་ངེས། ”
  སྤྱིར་སྔོན་ཞིག་ཡིན་ན་ངེད་གཉིས་ལ་གཏམ་ཀུ་རེ་བཤད་ན་མི་ཚར་བ་ཞིག་ཡོད་མོད། དེ་རིང་དྲང་མོར་བཤད་ན་ངེད་གཉིས་ལ་སྣང་བ་སྐྱིད་པོ་ཞིག་མེད་པས། ངས་ཀྱང་ཁོ་རང་ལམ་བཅུག་བྱས།
  “ཕག” ང་ལ་འབོད་པའི་མགྲོན་པོ་དེས་མདུན་ལྕོག་སྟེང་དུ་ལག་པ་ཤུགས་ཀྱིས་བརྡབ། ང་ཡང་བཟི་སྣང་གི་སྟོབས་ཀྱིས་ཡར་ལ་འདེགས། ཡུགས་ས་མ་གཉོམ་དུང་དུང་གིས་གར་སྟེགས་ཏུ་འདུག་ལ་རོལ་དབྱངས་ཀྱི་འགྱུར་ཁུག་ཆང་དམ་རེ་རེར་འདྲེས། “གསར་བུ། ངས་ཁྱེད་ལ་ཁ་ཡག་བཤད་པ་ཡིན། མ་རེད་མ་རེད། ཁ་ཡག་ཅིག་ངོ་མ་མིན། ཆང་ཁང་འདིའི་ཕྱོགས་གང་ཞིག་ཡིན་རུང་གྲོང་གསེབ་འདིའི་ནང་གི་ལེགས་ཤོས་ཤིག་རེད། རྗེས་ནས་ང་ད་རུང་འདིར་ཡོང་རྒྱུ། ཡོང་རྗེས་ཡང་བསྐྱར་བཟི་རྒྱུ། ངོ་མ་ཡིན”“རེད། རེད། རེད། ཁྱེད་འདི་ངོ་མ་ཚོང་བ་ཟེར་ནོ་རེད། ད་སྐྱིད་པོ་བྱོས། ཆང་འཐུང་།” ངས་དེ་ལྟར་བཤད་ནས་ཅང་མ་འགོར་བར་སྦྱིན་བདག་ཀྱང་ཚོང་བ་དེའི་གམ་ལ་ཐོན་ནས་མཉམ་དུ་ཆང་ལ་གཡེང་ནས་འདུག སྐབས་དེའི་སྣང་ཚོད་ཅིག་ལ་ཨ་ཐང་ཆད་པའི་རྒྱུད་སྐུད་ཀྱི་ཤུ་སྒྲ་རེ་རེས་ང་ལ་སྨྲ་མི་ཤེས་བའི་སེམས་ཁམས་ཤིག་སྐྲུན་ཞིང་སྐྱོ་གདུང་གི་ཚོར་ཤེས་ཡོད་ཚད་མུན་ནག་གི་གསེང་ལ་ཡལ། རང་གིས་བྲིས་པའི་ཡི་གེ་དག་ཀྱང་ཆང་གི་རོ་བཅུད་དུ་ཕབ། མགོ་ན་གདུ་བའི་སོབ་སོབ་ཀྱི་ཝུ་བ་ལས་རྫས་དང་ཆོ་འཕྲུལ་གྱི་རི་མོ་གཡོ། དཀར་དམར་སེར་ལྗང་གི་གློག་འོད་ཆུང་ཆུང་ཡུགས་ས་མའི་ཕྱོགས་སུ་འཕྲོ། ཡང་བསྐྱར་གཞན་དུ་འཕྲོ། དེ་དུས་ཕོ་གསར་གཞན་ཞིག་གིས་ཆང་ཕོར་ཡར་བཏེགས་ནས “འདིའི་ནང་དུ་ཡོད་དགོས་པ་ཚང་མ་ཡོད།”ཅེས་བཤད། ཁོ་ནི་དེ་རིང་གསར་དུ་འདིར་ཡོང་བའི་ཞིག་མིན་ལ་རྒྱུན་དུ་འཁྱམས་ཉུལ་དུ་གྱུར་བའི་སློབ་མ་ཞིག་ཡིན། སློབ་ཆེན་མཐར་མ་ཕྱིན་གོང་ལ་མག་པར་བསྡད་པའི་སྐྱ་བྷ་ཟེར་བ་དེ་རེད། ང་རང་ཁོའི་ཁ་ལྕེ་བདེ་མོ་དེར་ཤིན་ཏུ་དགའ་ཞིང་མཚམས་མཚམས་སུ་ཁོའི་ལད་མོ་ཡང་བྱེད་མྱོང་། “སུ་ཡིན་མི་གསལ་ན་འདི་ན་ང་ཡོད། གན་ན་ཁྱེད་འདུག ད་དུང་ཁོ་དང་ཁོ་མོ་སོགས་ཀྱང་འདུག ”སྐྱ་བྷ་དེ་རིང་དངོས་ནས་བཟི་འདུག་འགྲམ་ན་ཡོད་པའི་མི་དག་ཁོ་ལ་ཅུང་སྐྲག་གི་ཡོད་ཚོད་རེད། ཡིན་ཡང་ང་ལ་མཚོན་ན་ཁོས་ད་དུང་གཞན་པ་རེ་བཤད་ཨེ་ཡོང་འདོད་མཁན་དེ་ཡིན། རོལ་དབྱངས་སྔར་ལས་གདངས་ཞེ་ཞན་དུ་གྱུར། ཆང་ཁང་གི་སྒེའུ་ཁུང་ལས་ཡུགས་ས་མའི་ཕྱོགས་སུ་མེ་ཏོག་གཏོར། འདབ་མ་རེ་རེའི་སྟེང་ལ་བབས་པའི་སྦྲང་མའི་མིག་གཉིས་འབུར་ཚུགས་སུ་གཏད་ནས་སྒྱུ་མའི་གྲོང་གི་མེ་ལོང་དང་མཚེའུ་ལ་ཡང་ཡང་ལྟ། དེ་དག་གི་ནང་ནས་དུག་སྦྲུལ་གྱི་ལྕེ་ལྟ་བུའི། ཁྲག་སྣག་འདྲེས་མ་འདྲ་བའི། གཅིན་སྐྱག་བསྲེས་མ་དང་མཚུངས་བའི་ཞེན་ལོག་གི་དངོས་ཡོད་མང་དུ་འཆར་བས། སྦྲང་མ་རེ་རེས་རང་གི་གཤོག་པ་ལ་རྨས་སྐྱོན་ཕོག་པར་དོགས་ནས་མཁའ་རུ་འཕུར་ཡང་མེ་ཏོག་ལ་ཆགས་ནས་ཕྱིར་ལ་བབས།
  “འདི་ན་སུ་ཞིག་གི་ཕྱིར་དྲན་ལུས་ཡོད་པ་མི་ཤེས་མོད། ང་ནམ་ཡང་འདི་ནས་བཟི་འགྲོ་བའི་ཕྱིར་དྲན་ཞིག་ཡོད།”ངས་མུ་མཐུད་དུ“ད་ནི་སྦྲང་མ་ཡང་རང་ཉིད་ལ་དུངས་ཤེས་འདུག ང་། ང་འདི་གླེན་པ་རང་རེད། རང་ཉིད་ལའང་དུངས་མི་ཤེས་བའི་གླེན་པ་དེ་རེད།” ཡང་གཅིག་བསམ་ན་ཡིད་སེམས་ཀྱི་གཏིང་ལ་ལྷུང་བ་འདི་དག་མིན་པ་འདྲ་སྟེ། ལོབ་ཀྱང་འགྲོས་པའི་ཕྱི་རོལ་གྱི་དབྱངས་རྟ་དེ་ཡིན་ཡང་སྲིད་པས། ངས་སྦྱིན་བདག་སོང་བའི་སྲང་ལམ་གྱི་ཕྱོགས་སུ་མིག་ཟུར་འཕངས།
  གློ་བུར་དུ་རྒྱུད་སྐུད་ཅིག་ཐག་སེར་ཆད་པས། སྣང་བའི་ངོས་ཀྱི་སྤྲིན་པ་མཐའ་རུ་བཀྱེད། སུན་སྣང་གི་ཉི་འོད་དེ་ཡང་ང་གཅིག་པུའི་གདོང་ལ་བརྒྱབ། མ་གཞི་མཚན་མོ་ཞིག་ཕར་ལ་འདས་ཤིང་རི་ར་བ་ཁང་ཁྱིམ་སྐྱ་ཐང་ཐང་དུ་མངོན་འདུག་པ་དེ་རེད།
  ཞོགས་པ་དེར་ང་རང་དོན་སྣ་ཕྲན་ཙམ་རེ་ཡོད་པས་ཆང་ཁང་དུ་འགྲོ་ཁོམ་མ་བྱུང་། སྲང་ལམ་རེ་རེ་བརྒྱུད་ནས་རང་གི་བཙལ་དགོས་པ་དེ་བཙལ་མོད། སོང་སོང་བའི་མཐའ་མར་དཔེ་དེབ་ཅིག་རྙེད་ཀྱང་དེ་ཡང་མི་དག་ལ་མ་དགོས་པར་མར་གཡུགས་བཞག་པ་ཞིག་དང་མཚུངས། ཡིན་ཡང་ངས་དེ་ཁྱེར་ནས་སྲང་ལམ་གྱི་ཕྱོགས་དང་ཕྱོགས་སུ་ཉུལ། སྐབས་དེར་ང་ལ་ཉམས་འཇོག་བྱས་ཡོད་པ་ཞིག་ཡོད་ན་ང་ཡང་ “ཁྱི་ཕྲུག་ལྡོམ་པོ་ཞིག་”དང་འདྲ་བར་སེམས། ཡིན་ཡང་སྲང་ལམ་ནས་རང་གི་རྐང་བའང་འཇོག་ས་མི་རྙེེད་པས། མི་ཚོགས་ཁྲོད་ཀྱི་རང་ཉིད་ཅི་འདྲའི་ཆུང་བ་ལའང་།
  “འགའ་ཞིག་སྡུག་གི་ཆེད་དུ་གྱེས་ཤིང
ཁ་ཤས་བདེ་བའི་ཆེད་དུ་འདུར
རྐང་ལམ་ཀྱ་ཀྱུ་འཐེན་པའི་མདུན་ཐད་དུ
ང་ཡི་བྱམས་པ་མཐོང་ན་སྐྱིད་པ་ལ”
  གལ་ཏེ་ང་རང་གོ་ནོར་ཐེབས་མེད་ན་གླུ་སྐད་འདི་དེ་རིང་གི་མི་ཚོགས་ཁྲོད་ནས་ཐེངས་མང་པོ་ཞིག་ལ་གོ་མོད། ལེན་མཁན་སུ་ཡིན་གཏན་ནས་གསལ་བོ་ཞིག་ཤེས་མ་སོང་། ཡིན་ཡང་བག་ཆགས་ཀྱི་ངོས་སུ་སྦྱར་བའི་གདངས་དང་དབྱངས་རྟ་འདིས་སྔོན་ཆད་ང་རང་རྒྱུན་དུ་ངུ་རུ་བཅུག་མྱོང་། དྲང་མོར་བཤད་ན་ང་རང་མི་སེམས་ཆུང་ཞིག་ཀྱང་ཡིན། སྔོན་ཆད་ཡུགས་ས་མའི་རོལ་མོ་འདི་དང་སྡེབ་ནས་ང་ལ་ཁ་བརྡ་མང་པོ་ཞིག་བྱས་མྱོང་ལ། ཁོ་མོས་རང་གིས་བྱམས་པ་མི་ཡུལ་དུ་མེད་ཚུལ་སོགས་ཀྱང་བཤད་མྱོང་། ཡིན་ཡང་དེ་རིང་གི་གནམ་མཁའ་ནི་སྟོང་བར་ལུས་ཤིང་ཉི་འོད་ཀྱི་ཟེགས་མ་ཚེ་སྲོག་གི་ཁམས་སོ་སོར་མཆེད། ཨོ་རེད། དཔེ་ཆ་དེ་ནི་སྨད་འཚོང་མ་ཞིག་གི་ལོ་རྒྱུས་རེད་པས། མི་ག་གེ་མོ་དེ་ཕལ་ཆེར་མ་དགའ་བར་གཡུགས་པ་ཡིན་ས་རེད། ངས་དཔེ་ཆ་དེར་གསལ་བོ་ཞིག་མ་བལྟས་ལ་བལྟ་ཁོམ་ཡང་མ་བྱུང་། གཙོ་བོ་དཔེ་ཆའིི་མིང་ཁོ་ནར་དགའ་ནས་གད་སྙིག་ཁྲོད་ནས་བླངས་པ་ཡིན།
  ང་རང་ཉིན་གང་བོར་བརྒྱུགས་མོད་ཉི་མ་དང་དུས་ཚོད་གཞི་ནས་མ་ཟིན། དེ་ལྟར་སེམས་སྡུག་སྡུག་ངང་ཕྱིར་ལོག་ཅིང་སྦྱིན་བདག་དབང་ཁོའི་རེ་བཅོལ་ཡང་ཡང་དྲན།
  “དེ་རིང་ཁྱེད་ལག་སྟོང་དུ་ཕྱིར་ཐོན་དོན་ག་རེ་ཡིན། དོན་དག་རེ་ཕྲད་པ་ཡིན་ནམ།”ཆུང་མས་ང་ལ་སེམས་ཁུར་བྱེད་པའི་གོ་བརྡ་ཞིག་སྤྲད་ནས་ཕྱིར་ཁྱིམ་དུ་འཛུལ་སོང་།
  “མདང་ནུབ་ཁྱེད་ཀྱི་ཉལ་ས་བདེ་མེད་པ་འདྲ་རེད། མཚན་གང་བོར་ཚིག་འདྲི་མི་གསལ་བའི་སྐད་ཆ་རྡབ་རྡིབ་རེ་བཤད་བྱུང་། ”
  “ཨེ་རེད། དེ་རིང་ངའི་ལག་ཏུ་དཔེ་ཆ་ཞིག་རྙེད་བྱུང་།”
  “དཔེ་ཆ་ཅི་ཞིག་རེད།
  《ཇ་ཤིང་མེ་ཏོག་མ་རེད》
  “ཨོ་རེད། དཔེ་ཆ་དེ་ཧ་ཅང་ཀློག་རིན་ལྡན་པ་ཞིག་ཡིན། སྔོན་ཆད་ངས་ཅུང་ཙམ་ཞིག་བལྟས་མྱོང་། དེའི་ནང་ན་ཁྱེད་ཀྱིས་གོ་དགོས་པ་མང་པོ་ཞིག་འདུག་ཚོད་ཡིན། རང་གིས་ཞིབ་མོ་ཞིག་ལྟོས།” མ་བསམ་ས་ནས་ཆུང་མ་ང་ལས་རིག་པ་སྐྱེན་པོ་ཞིག་རེད། སྔོན་ཆད་ངས་མོ་ལ་དཔེ་ཆ་མང་པོ་ཞིག་ལ་བལྟ་དགོས་ཞེས་ཁ་བརྡ་བྱེད་དགོས་ས་ཞིག་མ་རེད།
  “ཡང་ཅི་རེད།མདང་ནུབ་ཀྱི་རྨི་ལམ་ངན་པ་ཞིག་དྲན་ཡོང་བ་རེད་དམ།”
  “མ་རེད། ང་ཁྱེད་ལ་ཧ་ལས་སོང་།”ཆུང་མ་ཅུང་ཙམ་མི་དགའ་བའི་སྒོ་ནས“གླེན་བཤད་མ་བྱེད། ད་རང་གིས་དཔེ་ཆར་ལྟོས། ངས་ཁྱེད་ལ་ནུབ་ཇ་གྲ་སྒྲིག་བྱེད།”
  མ་གཞི་ང་རང་ད་རུང་རྨི་ལམ་དུ་ཡོད་ཚོད་འདྲ། དུས་ཚོད་མང་པོ་ཞིག་འགོར་མོད་ངས་ད་རུང་དེ་རིང་གི་ཟླ་ཚེ་གསལ་བོ་ཞིག་ཤེས་ཀྱི་མི་འདུག “ཆུང་མ། ང་རང་རྨི་ལམ་ལས་ཁྲིད་རོགས་ཞུ” ངས་ཅི་ཙམ་སྐད་འབོད་བྱས་ཀྱང་རང་ཉིད་ལས་གཞན་སུས་ཀྱང་བདག་གི་སྐད་འབོད་བྱས་པ་ཐོས་མ་སོང་ཟེར།
  གལ་ཏེ་དེ་མ་ཐག་ཏུ་རྨི་ལམ་དེ་ལས་སད་པར་ཆ་བཞག་ན་ང་ཡང་སྐྲག་སྟེ། དགའ་སྐྱིད་ཅི་ཡོད་འཚོ་བ་དངོས་ཡིན་པས། ང་རང་མུ་མཐུད་དུ་གཉིད་དུ་གཡུར། དེ་ཡང་རྨི་ལམ་ལས་ཆུང་མ་ཞིག་རྙེད་ཡོད་པས་ཀྱང་ཡིན་སྲིད། དེ་མིན་ང་རང་རྒྱུན་དུ་ཉལ་ཕྱི་བའི་མི་དེའི་རིགས་ཡིན།
  “ཐྲོག” ་ཡང་བསྐྱར་སྒོ་མོ་གཞན་ཞིག་ཕྱེས། ནང་དུ་སུ་ཡང་མེད་པའི་ཁང་བ་དེ་ནི་སྔོན་སྐྱབས་ཆེན་བདེ་གྲོལ་གྱིས་བྲིས་པའི་བརྩམས་སྒྲུང་ནང་གི་ཁང་བ་དེ་དང་ཤིན་ཏུ་མཚུངས་པས། ང་ཡིས་རྡུལ་ཆགས་པའི་མེ་ལོང་གི་ངོས་སུ་བྱིལ་བྱིལ་བྱས་ཤིང་རང་གི་གྲིབ་མ་བཙལ།
  “ཝེ། ནང་དུ་མི་ཡོད་དམ།”གྲགས་འགུལ་ཅི་ཡང་མེད་སོང་། སྔར་བཞིན་སྟོང་བའི་ཁང་བ་དེ་ལས་ད་ནི་དབུགས་ཀྱང་ལེན་དཀའ་ཚོད་དུ་གྱུར་བས། བྱིའུ་འགའ་ཁང་བ་དེའི་སྒེའུ་ཁུང་ལས་ཕྱིར་ལ་འཕུར། གཤོག་སྒྲོ་འགའ་གནམ་ལས་ཐུར་དུ་འཐོར་བའི་སྣང་ཚུལ་ལས། ངས་གོང་ན་བཤད་པའི་ལང་ཚོ་དེ་ལྷག་ཏུ་དྲན། ཡིན་ཡང་། སྐབས་དེར་སུ་ལའང་དྲན་པ་གླེང་ན་མགོ་བོ་གཡུགས་པ་ཤེས་ནས་དྲན་ཚུལ་དེ་དག་ཕྱིར་ཁོག་ཏུ་མིད།
  “སུ་ཡིན། ཁང་སྟོང་འདི་ལ་ཡོང་ནས་དོན་དག་ག་རེ་ཡོད། ”ཤིན་ཏུ་རྒས་འཁོགས་ཏུ་གྱུར་བའི་རྒན་མོ་ཞིག་སྒོ་ནང་ནས་ཡར་འཛུལ་ཡོང་ནས་དེ་ལྟར་བཤད།
  “ངས་མི་ཞིག་བཙལ་གྱིན་ཡོད། མོའི་མིང་ལ་་་་་་་་་་་”
  “བཤད་མི་དགོས། ངས་དོན་དག་དེའི་མགོ་རྔ་ཚང་མ་ཤེས་ཡོད། མོ་འདི་ནས་གནས་སྤར་ནས་བུད་སོང་། ཕལ་ཆེར་ཉི་མ་ནུབ་པའི་ཕྱོགས་སུ་བུད་སོང་།”རྒན་མོ་དེས་ཕལ་ཆེར་ང་ལ་སྐད་ཆ་དྲང་མོ་ཞིག་བཤད་རྒྱུ་མ་རེད། དེ་ན་ད་ལྟ་ངས་ཅི་བྱེད་དགོས་པ་ཡིན་ནམ། མུ་མཐུད་དུ་ཉི་མ་ནུབ་པའི་ཕྱོགས་སུ་འགྲོ་རྒྱུ་ཡིན་ནམ། ཡང་ན་ཉི་མ་ཤར་བའི་ཕྱོགས་སུ་འགྲོ། ཏག་ཏག་སྐབས་དེར་རྒྱང་ནས་རོལ་དབྱངས་ཤིག་དལ་མོར་གྲགས་ཡོང་།
  “མགོ་བོ་དགྱེས་དང་ནམ་མཁའ་འདི་སྟོང་བ་ཡིན།
གླག་རྒོད་ཅིག་རྒྱང་དུ་འཕུར་ཡང་གང་ལ་ཐོན།
ང་ཡི་བརྩེ་བ་དམར་ཡག་བྲག་ན་ཡོད།”
  ད་ནི་མཚན་མོ་སླེབས་ཡོད་པ་འདྲ། ཕྱོགས་མཚམས་ཀུན་ཏུ་མུན་པ་འཐིབས། ང་ཡི་ཁ་ཕྱོགས་ཤིག་བོར་སོང་བ་འདྲ་ཡང་དཔེ་ཆ་དེ་བདག་གི་ལག་ཏུ་བརྟན་པོར་བཟུང་འདུག
  དེ་ཡང་མིན་ན་བདག་གི་ལག་ན་ཆང་གི་དམ་བུ་ཞིག དུ་བ་འཐེན་འཕྲོ་ཞིག་བཟུང་ཡོད་ངེས།
  “ཁྱེད་རང་མི་དགའ་བའི་བུ་མོས་དེར་བསམ་བློ་གཏན་ནས་མ་གཏོང་།”ཡིན་ཡང་ཚིག་འདི་དཔེ་ཆའི་ངོས་ན་འདུག དངོས་ཡོད་ཅིག་རྩ་བ་ནས་མ་རེད། ཇི་ལྟར་བཤད་དགོས་པའང་མི་ཤེས་པའི་ཚོར་བ་འདི་གློ་བུར་དུ་སྐྱེས་བྱུང་། སྟབས་ལེགས་ན་འདི་ཡང་བདག་གི་བཙལ་ནས་མ་རྙེད་པ་དེ་ཡིན་སྲིད། ཡིན་ཡང་སུ་ཡང་མེད་ལ་གང་ཡང་མི་འདུག་པའི་ཁང་བ་འདི་ནི་ད་དུང་བདག་གི་མདུན་ན་མངོན།
“ཁྱེད་རང་བསྡད་ནས་ཅི་བྱེད། མུ་མཐུད་དུ་སོང་དང་ཐོན་ས་ཞིག་ཅིས་ཀྱང་ཡོད་ངེས།”རྣམ་ཤེས་ཤིག་བར་དོ་ནས་ང་སར་ཐོན། སྐད་གདངས་མི་འདྲ་བ་འདིས་ང་རང་རྨང་ནས་དཀྲོགས་བྱུང་། རྨི་ལམ་གྱི་ཁམས་སོ་སོ་ཤོག་སྐྱ་བཞིན་ཡུལ་ཕྱོགས་གཞན་ལ་དེད། མིག་གཉིས་ཀྱིས་ཅི་ཡང་མི་མཐོང་བའི་རྒན་པོ་ཞིག་ང་སར་ཡོང་ནས “ཁྱེད་ཀྱང་འདིར་ཐོན་ཡོད་པ་ཡིན་ནམ། ང་ཡི་བདག་པོ།” ང་རང་ནམ་ཞིག་ལ་སུ་ཞིག་གི་བདག་པོར་གྱུར་བ་རེད། ཡང་ན་ང་རང་སུ་ཞིག་གི་བྲན་དུ་གྱུར་བ་རེད། ཧ་ཅང་མག་མོག་དང་ཤིན་ཏུ་རབ་རིབ་དག་གིས་ང་རང་རྒྱང་ལ་བསྐྲད། དེ་ནི་མཚོ་མཐའ་ཞིག་ཡིན་པ་འདྲ་མོད། ངང་མོ་ཞིག་སྔོན་ནས་ཤི་སྟེ་གཤོག་སྒྲོ་ཀུན་ལ་འཐོར་འདུག དེ་ནི་འཆི་བ་རེད་པས། ནམ་ཞིག་བདག་གི་སྐྱི་པགས་ཀྱང་ཀུན་ལ་འཐོར་སྲིད།
  “མི་ཚེ་ནི་ཁེངས་རྒྱུ་མེད་པའི་འདོད་སེམས་བསྐོང་རྒྱུ་ཙམ་ཡིན་པ་དང་། རྣམ་ཤེས་ནི་བརྩེ་དུང་གི་མེ་ཕུང་རྒྱུན་སྐྱོང་མཁན་ཐབ་སྲུང་ལྷ་མོ་ཙམ་ཡིན།”ངས་ཇི་ལྟར་བསམ་ཡོད་པ་ནི་རང་ལ་གསལ་ཁ་བདེ་མོ་ཞིག་མི་འདུག་མོད། ཚོར་ཞིང་རྟོགས་པའི་ལས་འབྲས་སྨིན་རྒྱུ་ནི་ཡོད་དུ་ངེས་པས། ངས་མུ་མཐུད་དུ་རྒན་པོ་དེར “བདག་པོ་མེད་པ་ནི་བེམ་གཟུགས་ལ་གོ་བ་མིན་ནམ” ་ཞེས་དྲིས་མོད། བར་སྟོང་ག་གེ་མོ་དེའི་དབང་གིས་ངས་ཁོར་ཅི་ཞིག་བཤད་པ་ལར་ནས་གོ་མ་བྱུང་། “ཤེས་ཚོར་མགྱོགས་པའི་དབང་གིས་ང་ཚོའི་མི་ཚེ་དེ་འདྲའི་ཐུང་ཐུང་ཡིན་པ་རྟོགས” ལོས་བདེན། འདི་ནི་ཏན་ཏན་གནས་ལུགས་ཤིག་རེད། གནས་ལུགས་ཀྱི་ཆོས་ཉིད་མ་བརྒལ་བའི་ང་ནི་གཟེབ་ཏུ་བཅུག་པའི་བྱིའུ་ཞིག་ཅི་ལ་མིན། ཡིན་ཡང་། བཙལ་ནས་རྙེད་དགོས་པ་དེ་ནམ་ཡང་སེམས་ནས་མི་བརྗེད། དེ་ནི་བདག་གི་གནས་ལུགས་ཡིན།
  དེ་བས། ངས་སྒོ་མོ་དེ་བརྟན་པོར་བརྒྱབ་ནས་རང་ཉིད་ཀྱི་རྨི་ལམ་གྱི་ཁ་གྲངས་རྩིས།“ རྨི་ལམ་གཅིག རྨི་ལམ་གཉིས། རྨི་ལམ་གསུམ” “ཡིན་ཡང་རྨི་ལམ་སོ་སོའི་ནང་གི་མི་རྣམས་རང་རང་འགྲོ་དགོས་ས་དེར་ཆས་སོང་བས། ང་ཡི་རྨི་ལམ་ནི་སྟོང་བ་སྟོང་རྐྱང་ཞིག་རེད། དེ་མིན་ན་སྦྱིན་བདག་བློ་བཟང་གིས་རྒྱུན་དུ་མོ་ལ་ངན་དམོད་གཏོང་དགོས་དོན་ཡང་མེད་མོད། མཚམས་མཚམས་སུ་ཡུགས་ས་མའང་མ་རབས་ལ་ཕྱོགས་ནས་དོན་དག་ཕུད་ཡོད།” ད་ནི་ང་རང་སད་ཡོད་པ་འདྲ། ང་ཡི་རྣམ་ཤེས་ཀྱང་རང་དོན་དུ་གསོན་ཡོད་པ་འདྲ། ད་དུང་ང་ཡི་སྒེའུ་ཁུང་། ང་ཡི་སྒོ། ཕྱི་རོལ་གྱི་ཡོད་ཚད་སད་ཡོད་པ་འདྲ་བས། ང་རང་རྨི་ལམ་མེད་པའི་འཇིག་རྟེན་ནས་ཡར་ལངས་ཤིང་། གོམ་པ་རེ་རེ་རྨི་ལམ་གྱི་ཕྱོགས་སུ་སྤོས།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཡུགས་ས་མའི་རོལ་དབྱངས།

2015-12-24 རྡོ།༼ རྨ་ཆུ ༽ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།