འཁྲབ་སྟོན་པ།

གཡུ་རྔོག་ལུང་རྟོགས། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2015-12-24

  ང་རང་ཁོ་ལ་དེ་ཙམ་མི་དགའ་བའི་རྒྱུ་རྐྱེན་གཅིག་ནི་ཁོས་མི་རྣམས་ཀྱི་སྔོན་དུ་འཁྲབ་སྟོན་བྱེད་པ་སྟེ། དཔེར་ན་མི་ཆ་མེད་རྒྱུས་མེད་རྣམས་ཀྱི་མདུན་དུ་ཁོ་རང་འགྲོ་སྟངས་གཅིག་པོའི་སྟེང་ནས་བཤད་ནའང་། གཟན་སྐྱོར་ཕབས་ནས་བྱ་ཕོ་འགྲོ་འགྲོ་བྱེད་ཅིང་། ཡང་སྐབས་རེར་མི་ཆ་མེད་དེ་དག་གི་ཁྲོད་ནས་ཁོའི་ང་དང་འཇིགས་མེད་སོགས་ཕ་ཡུལ་གཅིག་པའི་གྲོགས་པོ་ཀུན་ལའང་ཁ་ཡ་མི་བྱེད་པ་ལྟ་བུ་རེད།
  ཡིན་ནའང་། ང་མ་གཏོགས་གྲོགས་པོ་གཞན་དག་གིས་ཁོ་ལ་ལྐོག་ཏུ་འདྲ་མིན་གྱི་སྐད་ཆ་ལབ་པ་ལས། ངོ་དང་ངོ་ཐུག་སྟེ་ཁོའི་འཁྲབ་སྟོན་དེ་ལ་མི་འཐད་པའི་སྐད་ཆ་བཤད་མཁན་གཅིག་ཀྱང་མི་འདུག དེ་ནི་གཞན་དག་གིས་ཁོའི་སེམས་ཁམས་དཀྲུགས་མ་འདོད་པ་ཡིན་སྲིད་ལ། ད་དུང་ཁོ་ཚོས་དེ་ལྟར་བྱེད་པ་ནི་ཆོས་ལུགས་ཀྱི་ཆེས་ཡང་དག་པའི་ཉམས་ལེན་གྱི་མཛད་སྤྱོད་ཅིག་ཏུ་སེམས་ཏེ་ཧོབ་རྒྱག་བྱས་པ་ཡིན་ཀྱང་སྲིད།
  འོན་ཏེ། ངས་ཅི་ལྟ་ཅི་ལྟར་བསམ་གཞིགས་བྱས་ན་དེ་ལྟ་དེ་ལྟར་ཁོའི་ཚུལ་འཆོས་ཀྱི་བྱ་སྤྱོད་དེ་ལ་དགག་པ་ཞིག་བྱེད་རྒྱུ་ནི་མི་ཚེ་འདིར་ང་རང་ཁོའི་གྲོགས་པོ་ཞིག་ཡིན་པའི་ངོས་ནས་བསམ་ན་འོས་འགན་ཞིག་ཀྱང་རེད་སྙམ་སྟེ། ང་རང་ཐོག་དང་པོར་ཁོའི་ངོ་གདོང་ནས་ལངས་ནས་སེམས་བསམ་པའི་གཏིང་ནས་ལྷག་བསམ་དཀར་པོ་འོ་མ་འདྲ་བ་ཞིག་གིས་མདུན་བསུས་ཏེ་སྐད་ཆ་མང་པོ་ཞིག་དྲང་མོར་བཤད་པ་ཡིན་ལ། ཉིན་དེར་ཁོས་ང་ལ་ངོ་དམར་པོར་ལོག་ནས་འདྲ་མིན་གྱི་ཚིག་རྩུབ་མང་པོ་མ་བཤད་ཀྱང་། ངས་ཁོའི་ལུས་དང་ངག་གི་རིག་བྱེད་དག་ལས་སྐད་ཆ་དེ་དག་ལ་ཁོ་རང་གཏན་ནས་མ་དགའ་བ་གཞི་ནས་ཤེས་སོང། དྲང་མོར་བཤད་ན། ང་རང་ཉིད་ཀྱང་སྐད་ཆ་དེ་དག་ཉིན་དེར་བཤད་པར་འགྱོད་པ་སྐྱེས་ཡོད་ལ། ལྷག་པར་ཏུ་ལོ་འགའ་འགོར་བའི་རྗེས་ཀྱི་ཁ་སང་དེ་རིང་འགྱོད་པ་སྐྱེ་བཞིན་ཡོད།
  ཉི་མ་དེ་ནས་བཟུང་། དུས་ཚོད་དེ་ནས་བཟུང་། ང་དང་ཁོའི་བར་ཐག་རང་བཞིན་ཤུགས་ཀྱིས་རྒྱང་རིང་རྒྱང་རིང་དུ་བྱིན་ནས། ཐ་ན་ཁ་པར་གྱི་འབྲེལ་གཏུགས་ཀྱང་ཆད་སོང། དེའི་རྒྱུ་རྐྱེན་ནི་ངས་མ་བཤད་ནའང་ཁྱོད་ཚོའི་སེམས་ལ་ཨ་གསལ་ལེར་་ཨོཾ་དག་གེར་ཡོད་པ་གདོན་མི་ཟའོ།།ཁོའི་མིང་ལ་བློ་བཟང་བཀྲ་ཤིས་ཟེར་ཞིང་། གྲྭ་སའི་ཆོས་གྲོགས་དག་གིས་ཁོའི་མིང་ལ་བློ་བཀྲ་ཟེར། དེ་ནི་གྲྭ་ས་ལ་ཡོད་པའི་གོམས་གཤིས་ཤིག་ཡིན་ཏེ། དེ་རིང་གསར་ཏུ་འབྱོར་བའི་གྲྭ་བ་ཞིག་ཡིན་ནའང་། སང་ཉིན་ནས་གྲྭ་བ་དེར་བསྡུས་མིང་སྐྱིད་པོ་རེ་འདི་ལྟར་ཡོངས་གྲགས་སུ་དཀའ་ཚེགས་དཀའ་ལས་མེད་པར་ཐོགས་སྲིད། དེའང་གྲྭ་བ་དེ་ལ་བཞིན་མོ་ཞིག་འབྱོར་སྲིད། རྗེས་སུ་ཁོ་ལ་མིང་གཞན་ཞིག་ཡོད་པ་ནི། དེ་སྔའི་བློ་བཀྲ་ལྟ་བུའི་མིང་ཡག་པོ་ཀུན་གྱི་སར་བསྐྲགས་ཏེ་བོས་ན་ཆོག་པ་ཞིག་མིན་མོད། མ་གཞི་ཐ་སྙད་མཛེས་མོ་བརྗིད་པོ་དགའ་ས་མོས་ས་ཞིག་རེད། དེ་ནི་ལྐོག་ཏུ་ཆོས་གྲོགས་ཚོས་ཁོ་ལ་བསྩལ་བའི་མཚང་མིང་ཞིག་སྟེ། "འཁྲབ་སྟོན་པ"ཞེས་པ་དེའོ།།
དངོས་གནས་བཤད་པ་ཡིན། འཁྲབ་སྟོན་པ་ཞེས་པ་ནི་ང་དང་ང་ལྟ་བུའི་གློག་བརྙན་ལས་རིགས་ལ་དགའ་མོས་ཡོད་མཁན་གྱི་མི་ཞིག་ལ་མཚོན་ཏེ་བཤད་ན་ཆེས་མཛེས་སྡུག་དང་འཆར་ཡན། སྨོན་འདུན་གྱིས་སྤྲས་པའི་གསེར་གྱི་མེ་ཏོག་ལྟ་བུའི་ཐ་སྙད་ཅིག་ཡིན། ཡིན་ནའང་། ང་ཚོ་སྟེ་རྣམ་རྟོག་གི་རྦ་རླབས་ཀྱིས་གང་ཡིན་སར་བསྐྱོད་ནས་ཁ་ལོ་རང་ལ་མི་དབང་བའི་ཝུ་བ་ལྟ་བུའི་མི་ཕལ་བ་ཞིག་ལ་མཚོན་ཏེ་བཤད་ན། བྱ་དངོས་མཐའ་དག་ལ་བརྟན་ཚུགས་ཀྱི་རྒྱུན་མཐུད་ཐུབ་པའི་ཁྲེལ་གཞུང་དང་བརྩེ་བ་ཟེར་བ་ཞིག་ག་ལ་ཡོད་དེ་མེད་པ་ནི་ཕལ་བའི་སྐྱེ་བོ་མང་ཤོས་ཀྱིས་ཤེས་གསལ་རེད། དེ་བས། བློ་བཀྲ་ལ་འཁྲབ་སྟོན་པ་ཞེས་པའི་མཚང་མིང་ཞིག་ལྐོག་ཏུ་ཁོ་ཚོའི་ས་ནས་ཚོར་བ་ནས་བཟུང་སྟེ། ང་ནི་དེ་སྔའི་རང་གི་འདང་ཆེན་གྱི་ཐ་སྙད"འཁྲབ་སྟོན་པ"ཞེས་པ་དེ་ལའང་ཅི་ཡིན་འདི་ཡིན་མེད་པར་གཏན་ནས་འདང་རྩིས་ཇེ་ཆུང་དུ་གྱུར་སོང་།

  འཁྲབ་སྟོན་པ་ནི་འཁྲབ་སྟོན་པ་རང་ཡིན་མོད། རྨོངས་པའི་མིག་ཤེལ་གྱོན་ཞིང་ཨ་གསར་གྱི་འཕྲུལ་རྟ་ཞོན་པའི་ཕ་ཡུལ་གྱི་འབྲོག་པ་དག་གིས་དེ་དུས་རྟ་མཆོག་རྒོད་པོ་གཞི་བདག་གི་ཆིབས་པ་འདྲ་བ་དག་བསྐྱུར་ཏེ་ཞིན་ཧྥོའི་མགོ་ལྟིག་རེ་རེ་ཨུ་ཚུགས་ཀྱིས་ཉོས་པ་ནང་བཞིན། ཐེངས་དེར་ཡང་འཁྲབ་སྟོན་པར་ཁྲི་སྟོན་དང་ཆིབས་བསུ། ཁྱིམ་ཞུས་སོགས་ཞུས་པ་རེད་ཟེར། དོན་དག་དེའི་སྐོར་ལོ་འགའི་རྗེས་སུ་ངའི་ཕ་ཡུལ་གྱི་གྲོགས་པོ་ཞིག་གི་སར་ནས་ཐོས་པ་ཡིན། ངའི་གྲོགས་པོ་ནི་ཤེས་རབ་དང་རྟོག་དཔྱོད་གང་ནས་བལྟས་ན་མ་བརྟག་མ་དཔྱད་པར་གཡམ་རྒྱུག་བྱེད་མཁན་ཞིག་གཏན་ནས་མིན། དེའི་ཕྱིར། རེབ་དེར་ཡང་ཁོ་འཁྲབ་སྟོན་པར་ཕྱག་འཚལ་ཏེ་མ་མཇལ་བའི་གྲས་ཀྱི་གཅིག་རེད། ཡིན་ནའང་། ཁོའི་ཁྱིམ་མི་ཚང་མ་ནི་འཁྲབ་སྟོན་པར་ཕྱག་གྱང་རལ་ལོག་ལོག་བྱས་ཏེ་འཚལ་མཁན་ཏག་ཏག་རེད། ངའི་གྲོགས་པོས་བཤད་ན་ཉིན་དེར་ཁོའི་སེམས་གཏན་ནས་མ་དགའ་ཟེར། རྒྱུ་མཚན་ཁོ་ནི་འཁྲབ་སྟོན་པར་ཆ་རྒྱུས་ཡོད་མཁན་ཞིག་ཡིན་ཏེ། དེ་སྔ་འཁྲབ་སྟོན་པ་དང་ངེད་ཚོ་སློབ་གྲྭ་ཆུང་འབྲིང་གཉིས་སུ་སློབ་གྲོགས་ཡིན་ལ། ད་དུང་འཁྲབ་སྟོན་པ་ནི་ཁོའི་གཉེན་ཉེ་ཞིག་ཡིན། འཁྲབ་སྟོན་པས་དེ་དུས་ནམ་རྒྱུན་རྒྱུགས་འབྲས་ཡག་པོ་ཞིག་གཏན་ནས་བླངས་མྱོང་མེད་པས། འཁྲབ་སྟོན་པའི་ཨ་ཕས་ངའི་གྲོགས་པོ་ལ་ཡང་ཡང་ཞུ་བ་བྱས་ཏེ་ཁོས་ཀྱས་ངོ་མ་ཆོད་པར་འཁྲབ་སྟོན་པར་སློབ་ཚན་བསྐྱར་ཁྲིད་ཀྱི་ཁས་བླངས་མྱོང་ཡོད་ལ། འཁྲབ་སྟོན་པ་དབྱར་གནང་དགུན་གནང་སྐབས་ངའི་གྲོགས་པོའི་སློབ་མ་ཆགས་ཡོད་པ་རེད།
  ད་དུང་ངའི་གྲོགས་པོས་བཤད་ན། འཁྲབ་སྟོན་པས་དེ་དུས་སློབ་ཆུང་སྐབས་རྐུ་བྱེད་པ་དང་རྫུན་བཤད་པའི་དུས་སྐབས་ཀྱི་མིག་ཟུང་དང་ཚུགས་ཀ་གཞི་ནས་མ་འགྱུར་བར་ཉིན་དེར་ཁྲི་སྟེང་ན་འགྱིང་ཚུགས་བཏོད་དེ་མང་ཚོགས་ཁྲོད་བལྟས་འདུག་ཟེར།
  སློབ་ཆུང་སྐབས་ཀྱི་གཟའ་ཉི་མའི་ཉིན་ཞིག དེའང་དབྱར་ཁའི་ཉིན་ཞིག་ཡིན། ང་དང་ངའི་གྲོགས་པོ། ད་དུང་འཁྲབ་སྟོན་པ་གསུམ་པོ་སློབ་གྲྭའི་ཕྱི་རོལ་ཏུ་གྱོན་པ་ཉོ་རུ་སོང་བ་ཡིན། དེ་དུས་སློབ་གྲོགས་མང་པོ་ཞིག་གིས་སྟེང་དུ་སྡུག་པ་ར་ཙ་དོད་པའི་ཞྭ་མོ་ཞིག་དང་། ལྭ་བའི་སྟེང་དུ་དབྱིན་ཡིག་གི་Sportཟེར་བའི་ཡིག་འབྲུ་དོད་པའི་ལུས་རྩལ་ལྭ་བ་ཆ་ཚང་ཞིག་ཉོས་ཏེ། ངེད་ཚོ་སློབ་གྲྭའི་ནང་ཟང་ཟིང་དུ་བཏང་ཡོད། ང་ཚོ་གསུམ་པོའང་དེའི་གྲས་ཀྱི་ཡིན། ང་ཚོས་ཡང་ཡང་ཞུ་བ་ཞུས་མཐར་ངེད་ཅག་གི་ཕ་མས་རང་གི་བུ་ཕྲུག་གི་རེ་བ་བསྐང་བ་རེད། ངེད་ཚོ་དེ་དུས་ལོ་རིམ་དྲུག་པར་བུད་ཡོད་པས། ངེད་ཅག་གི་ཕ་མས་སྒོར་མོ་འདང་ཚོད་ཅིག་བྱིན་ཏེ་གྱོན་པ་རང་རང་གིས་ཉོས་ཞེས་གདམས་ཡོད། ཡིན་ནའང་། འཁྲབ་སྟོན་པས་སློབ་གྲོགས་ཁྭ་ཏྭ་དང་ལྷན་ཏུ་ཧྥོའུ་རོང་ཧུ་དང་ཞང་པིན་སོགས་ཉོས་ནས་རྐྱལ་སྟོང་གི་འཚོ་བ་དུས་ཚོད་འགར་རོལ་བས། ང་ཚོ་གྱོན་པ་ཉོ་རུ་འགྲོ་དུས་ཏག་ཏག་ཁོ་ལ་གྱོན་པ་ཆ་ཚང་ཞིག་ཉོ་བའི་སྒོར་མོ་ལྷག་མི་འདུག ཡིན་ནའང་། འཁྲབ་སྟོན་པས་ང་ཚོ་གྱོན་ཆས་ཚོང་ཁང་ནས་སྒོར་འབུད་དུས་གྱོན་པ་ཆ་ཚང་ཞིག་ལག་ཏུ་བཟུང་འདུག སྡུག་པ་ར་ཙ་དོད་པའི་ཞྭ་མོ་ནག་པོ་ཞིག་དང་།Sportདོད་པའི་ལུས་རྩལ་ལྭ་བ་སྐྱ་བོ་ཆ་ཚང་ཞིག་ལག་ཏུ་བཟུང་འདུག ངེད་གཉིས་ཀྱིས་ཁོ་ལ་ཁྱོད་ཀྱི་སྒོར་མོས་མི་འདང་བ་མ་ཡིན་ནམ། ལྭ་བ་ཇི་ལྟར་ཉོས་ཞེས་དྲིས་པ་ཡིན། འཁྲབ་སྟོན་པས་བུ་འཁྱོངས་མདོག་གིས་རྒྱ་སྤྲང་འདི་དག་ལ་རྐུ་བྱེད་མ་ཐུབ་ན་སྡུག་གྱོང་རང་རེད་ཟེར།
  ངའི་སེམས་སུ་ཉིན་དེར་ཁྲི་སྟེང་དུ་འཁྲབ་སྟོན་པས། མང་ཚོགས་ཁྲོད་དུ་བལྟ་ཞོར་འབྲོག་པ་གློའུ་རྒན་འདི་ཚོའི་མགོ་མ་བསྐོར་ན་སྡུག་གྱོང་རང་རེད་འདོད་ཀྱིན་མེད་དམ་སྙམ།
འཁྲབ་སྟོན་པའི་མིང་ལ་དེ་དུས་གསང་བདག་ཟེར། གསང་བདག་ངོ་ལུག་ཀྱང་ཟེར། རྗེས་སུ་ཁོ་རྫུན་རྐྱལ་གྲགས་ཅན་ཞིག་ཏུ་གྱུར་བ་ནས་གསང་བདག་རྫུན་རྐྱལ་ཟེར། དེ་དུས་སློབ་གྲོགས་མང་པོ་ཞིག་ལ་གསང་བདག་ངོ་ལུག་ཟེར་བ་ལས། གསང་བདག་རྫུན་རྐྱལ་ཟེར་ན་དེ་མ་ཐག་ཁོའི་རྫུན་བཤད་དུས་ཀྱི་དོན་སྤྱི་ཡིད་ལ་ཝ་ལེར་འཆར་ངེས།

  འཁྲབ་སྟོན་པ་ལོ་དེར་གྲྭ་སར་ཡོང་ནས་རབ་བྱུང་བསྒྲུབ་དུས། ང་རང་གྲྭ་སར་ཞུགས་ནས་ལོ་གཉིས་ཙམ་སོང་རྗེས་ཀྱི་སྟོན་ཁ་ཞིག་ཡིན། ང་རང་སློབ་འབྲིང་མཐར་ཕྱིན་རྗེས། ཕ་མ་དང་གཉེན་ཉེ་དག་གིས་གནང་བ་ཐོབ་སྟེ་རང་གི་རེ་འདུན་ལྟར་ནང་བའི་གཞུང་ལུགས་ལ་རང་ཚོད་ཀྱིས་བསླབ་གཉེར་ཞིག་བྱེད་པའི་གོ་སྐབས་ཐོབ་ནས་གྲྭ་ས་འདིར་ཐོན་ནས་རབ་ཏུ་བྱུང་བ་ཡིན། དེ་དུས་འཁྲབ་སྟོན་པ་དང་ངའི་གྲོགས་པོ་གཉིས་མཐོ་འབྲིང་དུ་སོང་བ་རེད། ལོ་གཉིས་ཀྱི་རྗེས་སུ་གློ་བུར་ཏུ། དེ་དུས་རྐུ་དང་རྫུན་བཤད་པ་སོགས་ཀུན་སྤྱོད་ངན་པ་གང་གི་ཕྱོགས་ནས་ཀྱང་། སྐབས་དེའི་སློབ་མ་ལྔ་བརྒྱ་ལྷག་གི་ནང་དུ་གོང་ནས་མར་ལ་བསྒྲེང་བའི་ཨང་དང་པོ་དང་། སློབ་སྦྱོང་དང་གཙང་སྒྲ་སོགས་ཕྱོགས་གང་གི་ཐད་ནས་ཀྱང་། སློབ་མ་ལྔ་བརྒྱ་ལྷག་གི་ནང་ཞོལ་ནས་ཡར་ལ་བསྒྲེང་བའི་ཨང་དང་པོ་ཡིན་པའི་སློབ་གྲོགས་གསང་བདག་རྫུན་རྐྱལ་རབ་བྱུང་བསྒྲུབ་ཏུ་དགོན་པར་སླེབས་པར། ང་རང་ཧ་ལས་སོང་། ཡ་མཚར་སོང་།
  རྗེས་སུ་ཡང་ངའི་གྲོགས་པོའི་ཁ་ནས་ཐོས་པ་ལྟར་ན། འཁྲབ་སྟོན་པ་གློ་བུར་ཏུ་ལོ་དེར་རབ་ཏུ་བྱུང་བ་ནི་ཏག་ཏག་འཁྲབ་སྟོན་པ་དེང་སང་སྤྲུལ་སྐུར་ངོས་འཛིན་བྱས་པ་དང་འབྲེལ་བ་ཡོད་འདུག་ཟེར།
  དེ་ནི་ལོ་དེར་འཁྲབ་སྟོན་པ་ཚང་དུ་སྟོད་ཕྱོགས་ནས་ཡོང་བའི་གྲུབ་ཐོབ་ཀྱི་ཚུགས་ཀ་ཅན་གྱི་བླ་ཆེན་ཞིག་ཐོན་ཞིང་། འཁྲབ་སྟོན་པའི་ཨ་ཕས་ཀྱང་ལོ་དེར་བླ་ཆེན་དེའི་ཞབས་ལ་ཁྱི་ཡིས་རྔ་མ་གཡུག་གཡུག་བྱས་ཏེ་བླ་ཆེན་དེ་དང་ཁོ་གཉིས་ཀྱི་བར་ལ་འབྲེལ་བ་ཞིག་འཇོག་ཐབས་བྱས་ཡོད་པ་དང་། མ་གཞི་བླ་ཆེན་དེ་ནི་སྤྲུལ་སྐུའི་སྤྱི་གཉེར་ཁང་ཞིག་གི་སྤྱི་གཉེར་བ་ཞིག་ཡིན་རབས་སྡེ་མི་དག་གི་ཁ་ན་དེ་དུས་རླུང་ལྟར་གྲགས་འདུག་ཟེར། དེ་ནི་ངའི་གྲོགས་པོའི་དང་པོ་ནས་ཤེས་པ་ཡིན་ནམ། ད་ལྟ་རྗེས་སུ་དཔགས་ཏེ་ཤེས་པ་ཡིན་ངས་མི་ཤེས་མོད། འོན་ཏེ། བཤད་སྟངས་འདི་གཞི་ནས་རྫུན་ཡིན་པའི་ངེས་པའང་མེད་དོ།།
  གང་ལྟར་ངས་ནི་ལོ་ངོ་འགའི་རྗེས་སུ་ད་གཟོད་དོན་དག་འདི་དག་ཤེས་པ་ཡིན་ལ། འདི་དག་གོ་རྗེས་ད་གཟོད་འཁྲབ་སྟོན་པ་ནི་འཁྲབ་སྟོན་པ་ཆེན་པོ་ཞིག་ཡིན་པ་གཞི་ནས་ཤེས་ལ། འཁྲབ་སྟོན་པ་ལ་ལྷག་ཏུ་མི་དགའ་བར་གྱུར་སོང་། གཞི་ནས་ཁོ་ལ་ཡིད་ཆད་སོང་། ཞེ་མེར་སོང་།
  འཁྲབ་སྟོན་གྱིས་མི་ཚེའི་གཞུང་ལམ་རིང་མོ་འདི་བརྒལ་ཐུབ་བམ། མི་ཚེའི་ཆེས་གལ་འགག་ཏུ་གྱུར་བའི་ཁུགས་སོ་རེ་རེ་ན་འཁྲབ་སྟོན་པ་ལ་འཁྲབ་ཆས་རེ་རེ་ཡོད་ལ། འཁྲབ་ཆས་རེ་རེ་གྱོན་ཏེ་འཁྲབ་གཞུང་ལྟར་གྱི་འཁྲབ་སྟོན་པ་ཞིག་བྱས་ཏེ། མི་ཚེའི་དགའ་སྐྱོ་ཆགས་སྡང་འཁྲབ་སྟོན་གྱིས་འཚོ་བ་རོལ་དགོས། འཚོ་བ་དང་འཁྲབ་སྟོན་བར་ན་བར་སྟོང་ཅི་ཡང་མེད་པའི་འཁྲབ་སྟོན་པའི་མི་ཚེ་འདི་ནི་ཡང་ཡང་བསམ་གཞིགས་བཏང་ན་དངོས་གནས་འཁྲབ་སྟོན་པ་ནི་སྙིང་རྗེ་སྐྱེ་བའི་གནས་སུ་གྱུར་བ་ཞིག་རེད། ངའི་གྲོགས་པོས་ཉིན་དེར་ངོ་མ་སྙིང་རྗེ། འཁྲབ་སྟོན་པའང་མི་རེད་ཟེར། དངོས་གནས་ཅི་མ་བདེན། ཁོ་ཡང་འཚོ་བ་འདི་ལ་དྲང་མོར་བཤད་ན་ཡིད་ཆད་སྐྱེ་ཡོད་ཤས་ཆེ་སྙམ།

  འཁྲབ་སྟོན་པ་དེ་དུས་གྲྭ་ས་ནས་འགྲོ་སྟངས་ནི་འཁྲབ་སྟོན་པ་ལོ་དེར་མཐོ་འབྲིང་ནས་འགྲོ་སྟངས་དང་ཀུན་ནས་འདྲ། དེ་ནི་ངས་ངའི་གྲོགས་པོར་དེ་དུས་འཁྲབ་སྟོན་པ་གྲྭ་ས་ནས་འགྲོ་སྟངས་བཤད་རྗེས། ངའི་གྲོགས་པོས་ང་ལ་དེ་ལྟར་བཤད་པ་ཡིན།
  འཁྲབ་སྟོན་པ་ཆུང་དུས་ནས་ང་དང་མཉམ་དུ་འགྲོགས་ཏེ་ཡོང་བས། ང་རང་ཁོ་ལ་ཆ་རྒྱུས་ཅུང་ཙམ་ཡོད། ཁོ་ནི་གཞི་ནས་ཀླད་པའི་ནང་ལ་ཞ་ཉེ་ལྐགས་ཡོད་མཁན་ཞིག་མིན་ནའང་། ཁོའི་ཀླད་པ་དེ་ནི་མ་རབས་དང་པྲ་ཚག་ལ་སྐོར་ན་བཟང་བ་ལས། དཔེ་ཆ་དང་གཞི་ནས་ལས་འབྲེལ་མེད་པ་ཞིག་ཆགས་ཡོད། ད་དུང་འཁྲབ་སྟོན་པ་ལ་ཁྱད་ཆོས་ཤིག་ཡོད་པ་ནི་ཁོ་རང་མི་དང་འབྲེལ་བ་བྱས་ན་བཟང་། དེ་དུས་སློབ་ཆུང་ནང་རང་ལས་ཟླ་གཅིག་གཉིས་ཀྱིས་ཆེ་བ་དག་ལའང་ཕུ་བོ་དང་ཨ་ཅེ་ཟེར་མཁན་ཞིག་ཡིན། དེ་བས། ཁོ་ལ་གནས་སྐབས་ཀྱི་གྲོགས་པོ་མང་པོ་ཡོད་མཁན་ཞིག་ཀྱང་ཡིན་ནོ།།
  ལོ་དེར་འཁྲབ་སྟོན་པ་དང་ངེད་ཚོ་ལོ་རིམ་དྲུག་པ་ཡིན། ངའི་གྲོགས་པོ་དང་འཁྲབ་སྟོན་པ། ད་དུང་སློབ་གྲོགས་ཁ་ཤས་བཅས་ང་ཚོ་རི་འགོར་རྩེད་མོར་གཡེང་དུ་སོང་བ་ཡིན། སྟོན་ཁའི་དུས་ཀྱི་བདག་གི་ཕ་ཡུལ་ནི་གསེར་མདོག་གི་མཚར་སྡུག་སྦྲུམ་པའི་རེ་བའི་ཞིང་ཁམས་ངོ་མ་ཞིག་ཡིན། ཉིན་དེར་ང་ཚོས་སོ་སོའི་དངུལ་ལྷག་ཡོད་ཚད་བསགས་ཏེ་པེ་ཧྲི་ཁུ་ལི་དང་པཱིན་ཧོང་ཁྲ། ད་དུང་ཝུ་ཆང་ཁ་ཤས། ཧྲ་ཆི་མ་དང་ཁུ་པུས་ཁུ། འཁྲབ་སྟོན་པས་སྒེར་ནས་ཉོས་ཡོང་བའི་ཧྥོས་རུང་ཧི་དང་སྐམ་ཤ་བཙོས་མ་རྒྱ་མ་དོ་བཅས་ཁྱེར་ཏེ། རི་སྐྱིད་པོ་དཔལ་རྩེ་འགོར་འགོས་པ་ཡིན་ལ། ཉིན་དེའི་ངལ་གསོ་ནི་དངོས་གནས་སྐྱིད་པོ་ཞིག་རོལ་བ་ཡིན།
  ཉིན་དེར་ང་ཚོས་རི་མགོ་ནས་ལ་གཞས་བླངས་པ་ཡིན་ལ། རི་འགོར་ནས་འཇུ་རེས་བྱས་པ་ཡིན། ད་དུང་རི་འགོ་ནས་སོ་སོའི་མ་འོངས་པའི་ཕུགས་བསམ་གླེང་བ་ཡིན་ལ། རི་འགོ་ནས་སྙན་ངག་ཐོལ་གྱིས་བྲིས་ཏེ་གྱེར་བའང་ཡིན། ཉིན་དེར་ཡང་འཁྲབ་སྟོན་པས་ང་ལ་ཁ་ཡག་ངོ་དགའ་མང་པོ་ཞིག་བཤད་སོང་།
  ཁོས་བཤད་ན། ང་ནི་མ་འོངས་པར་སྙན་ངག་པ་ཞིག་ཏུ་འགྱུར་རྒྱུ་ནི་སྨོས་མ་དགོས་ལ། ལྷག་པར་ཏུ་སྐབས་དེ་དུས་གྲགས་པ་ཆེ་བའི་གཅན་རང་སད་ལྟ་བུ་ཞིག་ཏུ་འགྱུར་རྒྱུ་རེད་ཟེར། འཁྲབ་སྟོན་པས་སྐད་ཆ་དེ་དག་གི་དམིགས་ཡུལ་ནི། ཉིན་དེར་སློབ་གྲོགས་ཚོའི་ཐོས་སར་ངས་ཁོའི་སྙན་ངག་ལ་བསྟོད་པ་རྒྱག་རྒྱུ་དེ་ཡིན་མོད། ངས་གཞི་ནས་ཁོའི་དམིགས་ཡུལ་རྟོགས་ནའང་མ་རྟོགས་ཁད་བྱས་ཏེ་བསྡད་པ་ཡིན། ལྷག་པར་ཏུ་ཁོའི་སྙན་ངག་བྲིས་པ་ནི་ལ་གཞས་ཤིག་ལ་བཟོ་བཅོས་ཁ་ཤས་བརྒྱབ་པ་ལྟ་བུ་ཞིག་ཡིན་པས། ང་ནི་ལ་གཞས་དགའ་བ་ཡིན་ནའང་། དུས་རབས་ཉེར་གཅིག་པའི་སྒལ་བར་འཛེགས་དུས་གསར་རྩོམ་ཞེས་པ་ལ་གཞས་ཤིག་ལ་ངོས་འཛིན་པའི་ལྟ་ཚུལ་རྨོངས་པ་དེ་ལ་གཏན་ནས་སྤྲོ་བ་མེད། དེ་བས། ཉིན་དེར་འཁྲབ་སྟོན་པའི་གྱེར་ཚིག་ལ་བསྟོད་པ་མ་བྱས་པའི་རྒྱུ་མཚན་གཅིག་དེའང་ཡིན་ནོ།།
  འཁྲབ་སྟོན་པའི་ཉིན་དེར་རང་གི་ཕུགས་བསམ་གླེང་དུས། ཁོ་ནི་མ་འོངས་པར་འབྱོར་ལྡན་ཞིག་བྱེད་འདོད་ཡོད་ལ། དེའང་ཟ་མ་བསྐོལ་མཁནདང་།རྐང་པ་བཀྲུ་མཁན། གོན་པ་བསྐོན་མཁན། ཕུར་མཉེ་བྱེད་མཁན། ཐ་ན་རྐང་པའི་སེན་མོ་འདྲ་མཁན་བཅས་ཡོད་པའི་འབྱོར་ལྡན་པ་ཞིག་རྒྱུ་ཡིན་ཟེར། ད་དུང་རླངས་འཁོར་གང་ཡག་དང་ཁང་པ་གང་སྟོབས། བུ་མོ་གང་མཛེས་བཅས་ཀྱི་བདག་པོ་ཡིན࿒པའི་འབྱོར་ལྡན་པ་ཞིག་བྱེད་རྒྱུ་ཡིན་ཟེར།
  ད་ལྟ་གཞི་ནས་འཁྲབ་སྟོན་པའི་ཕུགས་བསམ་མངོན་གྱུར་བྱས་ཡོད་དམ། ད་ལྟ་དེ་དུས་ཀྱི་ང་ཚོའི་སློབ་གྲོགས་རྫུན་རྐྱལ་ཁོ། དེ་དུས་ཀྱི་ང་ཚོའི་སློབ་གྲོགས་འཁྲབ་སྟོན་པ་ཁོ། གཞི་ནས་རླངས་འཁོར་ཡོད་ལ། གཟིམ་ཁང་དང་ཟ་མ་བསྐོལ་མཁན། གོན་པ་བསྐོན་མཁན། ཐ་ན་དངོས་གནས་རྐང་པ་བཀྲུ་མཁན་ཡང་ཡོད་པའི་བོད་ཀྱི་མཐོ་རིམ་སྐུ་དྲག་ཅིག་སྟེ། སྤྲུལ་སྐུ་ཞིག་ཏུ་ངོས་འཛིན་བྱས་ཡོད་པ་རེད། ཡང་ན། གློ་བུར་ཏུ་སྒྲིབ་པ་མ་ལུས་ཅིག་ཅར་ཏུ་བཅོམ་སྟེ་སྤྲུལ་བའི་སྐུ་མཆོག་ཅིག་གི་ངོ་བོར་སྤྲུལ་བསྒྱུར་བྱས་ཡོད་པ་རེད།

  འཁྲབ་སྟོན་པ་ནི་དུས་རབས་བཅོ་བརྒྱད་པའི་ནང་གི་རྙིང་མའི་མཁས་གྲུས་ཀྱི་སྐྱེས་བུ་ཆེ་གེ་མོ་ཞིག་གི་སྤྲུལ་སྐུར་ངོས་འཛིན་བྱས་འདུག ལོ་རྒྱུས་ནི་མིས་བསྐྲུན་པ་ཡིན་ལ་ལོ་རྒྱུས་ཀྱིས་མི་བསྐྲུན་པའང་རེད། ལོ་རྒྱུས་ཞེས་པ་ནི་ཡོ་རྒྱུ་གཟུར་རྒྱུ་མེད་པའི་དྲང་ཐིག་ཅིག་རེད་ཟེར་ན་སུ་ལའང་ཡིད་ཆེས་མེད་མོད། འོན་ཏེ། ལོ་རྒྱུས་ནི་ང་ཚོས་འདས་པའི་བྱ་དངོས་ལ་རྒྱུས་ལོན་དང་ཞིབ་འཇུག་བྱེད་དུས་མེད་དུ་མི་རུང་བའི་ལམ་ཡིག་འགངས་ཆེན་ཞིག་ཡིན་པ་ལ་སུས་ཀྱང་བསྙོན་ཏུ་མེད། ངས་འདི་ལྟར་གློ་བུར་ཏུ་ལོ་རྒྱུས་གླེང་དོན་ནི། འཁྲབ་སྟོན་པ་ལ་ཞེ་གནག་བྱེད་བསམ་པ་ནི་གཏན་ནས་མིན་ཏེ། དེ་ནི་ངས་འཁྲབ་སྟོན་པ་དང་དུས་རབས་བཅོ་བརྒྱད་པའི་ནང་འཁྲུངས་བའི་རྙིང་མའི་མཁས་གྲུབ་ཀྱི་སྐྱེས་བུ་དེ་གཉིས་ལ་དཔྱད་བསྡུར་ཞིག་བྱེད་བསམ་པ་ཙམ་ཡིན། ང་ཚོས་དཀའ་རྙོག་གང་མང་ཞིག་ལ་དཔྱད་པ་བྱེད་དུས་བསྡུར་བ་བྱེད་པ་ནི་དཀའ་རྙོག་དེའི་རིགས་ཀྱི་གསང་སྒོ་འབྱེད་པའི་གསང་གྲངས་སུ་མི་འགྱུར་བའི་ངེས་པའང་ག་ལ་ཡོད།
  དུས་རབས་བཅོ་བརྒྱད་པའི་ནང་བྱོན་པར་གྲགས་པའི་མཁས་གྲུབ་ཀྱི་སྐྱེས་བུ་དེ་ནི། ཐོག་མ་ནས་འཁོར་བ་ལ་ངེས་པར་འབྱུང་བའི་བློ་བཅོས་མ་མ་ཡིན་པ་ཞིག་གིས་ཡང་ཡང་རྒྱུད་བསྐུལ་ཏེ། ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ཤིང་། མདོ་སྔགས་རིག་གནས་དང་བཅས་པར་ཐོས་བསམ་དཔྱིས་ཕྱིན་པ་མཛད། ཁྱད་པར་ཏུ་མན་ངག་རྫོགས་པ་ཆེན་པོའི་སྐོར་ལ་དཀའ་སྤྱད་སྙིང་རུས་ཆེན་པོས་སྤྱངས་པ་མཛད་པའི་སྐོར་ནི་ང་ཚོའི་བློ་ཡུལ་ལས་འདས་པའི་མཛད་རྣམ་མཆིས། དེ་ནི་ཁོང་གི་ལྟ་མགུར་དག་ལས་ཀྱང་རྗེས་སུ་དཔོག་ནུས་སོ།། དེ་རྗེས་མུ་མེད་དབེན་པའི་རྫ་རི་དང་བྲག་རི་བསྟེན་ཏེ་སྒྲུབ་པ་ལ་རྩེ་གཅིག་ཏུ་གཞོལ་བས་སྐུ་ལུས་ལྷག་མེད་པར་འཇའ་ལུས་སུ་གྲུབ་པ་ཞིག་རེད་འདུག
  ང་ནི་རྟོག་གེ་མགོ་མཁྲེགས་ཤིག་ཡིན་པས་མིན་ན། འཁྲབ་སྟོན་པ་དེའི་སྤྲུལ་སྐུ་རེད་ཟེར་ན་དགོད་རྒྱུ་ཞིག་ངང་ངམ་ཤུགས་ཀྱིས་ཡོང་ངོ་།། རྒྱུ་མཚན་ནི། ང་རང་འཁྲབ་སྟོན་པ་ལ་ཧ་ཅང་ཆ་རྒྱུས་ཡོད་པ་ཁོ་ནས་མིན་ཏེ། འདི་ལྟར་དུས་རབས་བཅོ་བརྒྱད་པའི་ནང་འཁྲུངས་པའི་མཁས་གྲུབ་ཀྱི་སྐྱེས་བུ་དེའི་མཛད་རྣམ་དང་འཁྲབ་སྟོན་པའི་བཅའ་སྲོལ་ལས་སྲོལ་གཉིས་བསྡུར་ཏེ་དཔྱད་ན་ཁོ་གཉིས་ནི་རྦད་དེ་མི་ཁ་ཁ་སོ་སོ་གཉིས་ཡིན་ལ། ཁོ་གཉིས་ཀྱི་བྱ་བ་ལས་ཀ་སྒྲུབ་ལུགས་ཀྱང་ལྡོག་ཟླ་རྐྱང་རྐྱང་དུ་གྲུབ་ཡོད་པས་སོ།།
  ངའི་བརྩམས་སྒྲུང་འདི་བྲིས་ཏེ་མཇུག་རྫོགས་ལ་ཉེ་བའི་སྐབས་འདིར། འཁྲབ་སྟོན་པ་ཡིས་འཁྲབ་སྟོན་གསར་བ་ཞིག་བྱེད་བཞིན་ཡོད་པའི་སྐོར་གྱི་གསར་འགྱུར་ཞིག་ཀྱང་ཐོས། འོན་ཏེ། དེ་དག་ནི་གཞན་དག་གིས་ཁོའི་མཛད་རྣམ་གྱི་ཁོངས་སུ་བསྡུས་ཏེ་གདུལ་བྱ་དག་གི་བགོ་སྐལ་དུ་སྩོལ་བར་འགྱུར་བས་དེའི་འཐུས་སོ།། དེ་དུས་བརྩམས་སྒྲུང་འདི་ནི་ཁོའི་གསང་རྣམ་གྱི་ས་བཅད་ཉིད་དུ་བཞག་ནས་བལྟས་ན་དཔྱོད་ལྡན་དག་ལ་བློ་སྐྱེད་ཆུང་ཆུང་རེ་སྟེར་ཡང་སྲིད།
  གང་ལྟར། བརྩམས་སྒྲུང་འདི་འདི་ལྟར་གྲུབ་རྗེས། ང་ནི་ཡང་བསྐྱར་འདང་རྒྱག་ཏུ་ལྷུང་སོང་། དེ་ནི་ངས་དེ་དུས་འཁྲབ་སྟོན་པའི་ངོར་བལྟས་ཏེ་ཁོའི་ཚུལ་མིན་གྱི་བྱ་སྤྱོད་ལ་དགག་པ་བྱས་པ་ནང་བཞིན། བརྩམས་སྒྲུང་འདིས་ཀྱང་མཇུག་འབྲས་གཞན་ཞིག་ཨེ་བསྐྱེད་སྙམ་ན། ང་རང་ཡང་བསྐྱར་འདང་རྒྱག་ཏུ་ལྷུང་འགྲོ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འཁྲབ་སྟོན་པ།

2015-12-24 གཡུ་རྔོག་ལུང་རྟོགས། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།