གཅིན།
“རྨོ་བོ། བུ་ཚ་ཚང་མ་ལངས་ཏེ་གཅིན་གཏོང་ཞིང་། བུ་མོ་ཚང་མ་ཙོག་སྟེ་གཅིན་གཏོང་བའི་རྒྱུ་མཚན་ཅི་རེད།”
“ཀློའུ་བཤད་མ་རྒྱག ད་རེམས་མེར་གཏོང་། ”
པད་མ་དོན་གྲུབ་དང་ཁོའི་རྨོ་བོ་གཉིས་ཀྱིས་མུན་ནག་པའི་ལྷིང་འཇགས་ཀྱི་མཚན་མོ་དེ་གྱོན་ནས་དེ་ལྟར་ཡུད་ཙམ་ལས་འགོར་མ་བྱུང་ནའང་། གཡུ་ལུང་རྩྭ་ཐང་གི་སྦྲ་ཁྱིམ་རེ་རེའི་གློག་འོད་ལས་གྲོང་ཁྱེར་གང་ཞིག་ལ་མཚན་ལྗོངས་སུ་འགྲོ་བ་ལྟར་སྣང་བྱུང་ལ།འབྲི་མོ་མ་བུའི་ངུར་སྒྲ་དང་། གཡང་དཀར་ཕོ་མོའི་འབའ་སྒྲ། ད་དུང་སྒོ་ཁྱིའི་ཟུག་སྐད་དག་ནི་གྲོང་ཁྱེར་གང་ཞིག་གི་རླངས་འཁོར་གྱི་དུང་སྒྲ་དང་འཕྲུལ་ཆས་མང་བོའི་འུར་སྒྲ་རུ་གྱུར་སོང་། དེ་ནི་དགོང་ཇ་འཐུང་རྗེས་སུའང་ཟླ་བ་མེད་པའི་རྐྱེན་གྱིས་རེད།
གལ་ཏེ་རྩྭ་ཐང་སྟེང་གི་མི་ཚང་མས་འདི་ལྟར་གང་ས་གང་དུ་གཅིན་སྐྱག་གཏོང་གིན་ཡོད་ཚེ་རྩྭ་ཐང་དུ་གཅིན་སྐྱག་གི་དྲི་མས་ཁྱབ་སྟེ་འགྲོ་ས་མེད་པར་བཟོས་མི་འགྲོའམ། གལ་ཏེ་དགུན་མཚེར་མཐའ་ཁའི་ཕག་ཁྱུ་དེ་དག་ཡོད་ཚེ་འུ་ཅག་གིས་བཏང་བའི་སྐྱག་པ་དེ་དག་ཡར་འཇོག་རྒྱག་སྲིད་མོད། ཡིན་ཡང་དབྱར་མཚེར་རམ་རྩྭ་ཐང་དུ་དེ་དག་མེད་པས་ཇི་ལྟར་འགྱུར་བཞིན་ཡོད་དམ། གནད་དོན་ཞིག་ཡོད་པ་ནི་བཏང་མ་ཐག་ཏུ་རླངས་པ་ཐུ་ལུ་ལུ་འཁོར་འོང་བའི་སྐྱག་པ་དེ་དག་ལས་གཅིན་ནི་འབྲི་མཛོ་དག་གིས་ཀྱང་ལྡག་སྲིད་པས་གནད་དོན་ཆེར་མི་འདུག་སྙམ་བཞིན་སང་ཉིན་མཛོ་མོ་འཛི་ལོས་ལྡག་པར་རེ་བ་ལྟར་རང་གིས་བཏང་བའི་གཅིན་པ་ལ་ཡུད་ཙམ་བལྟས་རྗེས་རྨོ་མོའི་ལག་པར་འཇུས་ཏེ་རས་གུར་དུ་འཛུལ་སོང་། ཉིན་འགའི་སྔོན་ལ་ཁོས་བཟའ་མི་གང་བོ་ཡོད་ས་ཞིག་ནས་ཨ་མས་རང་གི་ནུ་མོ་ཆུང་ཆུང་མ་ལ་ནུ་མ་སྣུན་གྱིན་པ་མཐོང་མ་ཐག ཁོས་ཨ་མ་ལ་ཁེན་ཙམ་བྱས་ཏེ་བུད་མེད་ཚོ་ལ་ནུ་མ་ཆེན་པོ་ཡོད་པ་མ་ཟད་བྱིས་པ་ཆུང་ཆུང་ཚོར་ནུ་མ་སྣུན་ཐུབ་པ་ལས་སྐྱེས་པ་ཚོས་སྣུན་མི་ཐུབ་པ་ཅི་རེད་ཅེས་དྲིས་བྱུང་མོད། ཁོ་ལ་ཨ་ལན་སྟེར་མཁན་གཅིག་ཀྱང་མ་བྱུང་བ་མ་ཟད། ཨ་ཕས་མེ་ཡོག་ལག་ཏུ་བཟུང་ནས་ཁོ་རང་བདའ་མགོ་བརྩམས་བྱུང་། རྗེས་སུ་ཁོས་དྲི་བ་ཞིག་འདྲི་ཚེ་བུ་མོ་ཚོར་བྱིས་པ་བཙས་ཤིང་སྐྱེས་པ་ཚོར་བྱིས་པ་མི་སྐྱེས་པའི་རྒྱུ་མཚན་ཅི་ཞེས་པ་དེའང་ཕལ་ཆེར་འདྲི་སྲིད་སྙམ། འདང་རེ་བརྒྱབ་ན་ཁོ་ནི་ངོ་མ་སྐྱིད་རྒྱག་མི་ཤེས་པའི་བྱིས་པ་ཞིག་རེད། ནམ་རྒྱུན་ཁྱིམ་མཚེས་ཚང་གི་གདུགས་དཀར་སྐྱིད་སོགས་དང་འགྲོགས་ནས་རྩེད་མོར་མི་འཁོར་བར་བཟའ་མི་ཚོའི་ཁ་བརྡའི་བར་ནས་ཉི་མ་འཁྱོལ་ཐབས་བྱེད་པ་ནི་ཡིད་ཕངས་པའི་གནད་དོན་ཞིག་ཡིན་འདུག སྐབས་རེར་ཁོ་རང་གདུགས་དཀར་སྐྱིད་དང་འགྲོགས་ནས་འགྲོ་སྲིད་ལ། འགྲོགས་དུས་སུ་མོ་དང་འགྲན་སྡུར་བྱེད་རྒྱུར་ཧ་ཅང་དགའ་བོ་ཡོད། ཡིན་ཡང་འགྲན་སྡུར་དེ་ནི་མཆོང་རྒྱུག་གི་འགྲན་སྡུར་དང་གླུ་ལེན་རེས་དང་ཞབས་བྲོ་འཁྲབ་རེས་སོགས་ཀྱི་འགྲན་སྡུར་ཅིག་མ་ཡིན་པར་དེ་ནི་གཅིན་གཏོང་རེས་ཀྱི་འགྲན་སྡུར་ཞིག་སྟེ། དེ་ནི་ཁོ་ལ་མཚོན་ན་ཧ་ཅང་གཙོ་བོ་ཞིག་ཡིན་པ་འདྲ། ཁོ་རང་བུ་ཚ་ཚོ་དང་རྩེ་ཞིང་འགྲོགས་རྒྱུར་མི་དགའ་བས་ནམ་རྒྱུན་གདུགས་དཀར་སྐྱིད་དང་འགྲོགས་ནས་བུ་མོ་ཚོ་དང་མཉམ་དུ་རྩེ་བཞིན་ཡོད། ཁོས་ཁོ་མོ་ཚོ་དང་གཅིན་བཏང་ནས་འགྲན་འཛུགས་སྲིད་དེ། སུའི་གཅིན་གཏོང་ཡུན་རིང་ཞིང་བཏང་བ་རིང་ན་དེ་ནི་རྒྱལ་ཁ་ལ་བརྩི་བཞིན་ཡོད། པད་མ་དོན་གྲུབ་ལ་མཚོན་ན་དེའི་ཕྱོགས་ནས་ཁོ་མོ་ཚོ་དང་མི་འདྲ་བར་ལྷན་སྐྱེས་ཀྱི་ནུས་པ་ཁྱད་པར་བ་ཞིག་ལྡན།
པད་མ་དོན་གྲུབ་ནི་ལྷས་འགྲམ་ནས་གཅིན་གཏོང་རྒྱུར་དགའ་ལ། ཁོས་གཅིན་གཏོང་བའི་དམིགས་ཡུལ་ནི་མཛོ་མོ་འཛི་ལོ་འབོད་རྒྱུ་དེ་ཡིན་པ་དང་འདྲ་བར་ནམ་རྒྱུན་ཉིན་མཚན་གང་ཡིན་རུང་ལྷས་འགྲམ་ནས་གཅིན་གཏོང་བཞིན་ཡོད་ལ། གཅིན་གཏོང་དུས་མཛོ་མོ་འཛི་ལོ་ཡང་གང་ནས་ཡིན་ཡང་ཐོན་གྱི་ཡོད། ཁོས་མཛོ་མོ་འཛི་ལོ་འབོད་པའི་དམིགས་ཡུལ་ནི་མཛོ་མོས་ཁོས་བཏང་བའི་གཅིན་དེ་ཇི་ལྟར་ལྡག་པ་ལ་བལྟ་རྒྱུ་དེ་ཡིན་པ་དང་འདྲ་བར་ནམ་རྒྱུན་མཛོ་མོས་གཅིན་ལྡག་དུས་སུ་ཁོ་ཡང་དེའི་གམ་དུ་བག་ཡངས་ངང་ཙོག་སྟེ་འདུག་ངེས་ཡིན། མཚམས་རེར་ཨ་ཕ་ཡོད་དུས་སུ་ཁོ་ལ་དེ་འདྲའི་རང་དབང་ཞིག་ཡོད་མི་སྲིད་ལ། མཛོ་མོ་གཡང་མོ་ལ་ཁྱོད་རང་གི་གཅིན་ལྡག་གི་བཅུག་ཚེ། ཁྱོད་རང་ཉེས་པའི་སླ་ངའི་ནང་ལ་ལྷུང་ངེས་རེད་ཟེར་ནས་འཇིགས་སྐུལ་དང་འཕྱ་དམོད་ཡང་ཡང་བྱེད་ཞོར་དུ་བག་ཡངས་དང་ལྷོད་ལྷོད་ངང་སྡོད་དུ་འཇུག་གི་མེད། ཡིན་ཡང་། པད་མ་དོན་གྲུབ་ནི་ཆུང་དུས་ནས་བཟུང་དབྱར་ཆར་ཆུ་གདོང་གིས་བསུས་ཤིང་དགུན་ཙག་ཤེད་ཐོད་ལ་ཚད་ནས་སྒོ་ཟོག་ལྔ་བཅུ་བོ་དང་མཉམ་དུ་ལག་ཆགས་ནས་འོང་བ་ཡིན་སྟབས་དེ་དག་དང་བརྩེ་བ་ཧ་ཅང་ཟབ་མོ་ཞིག་ཆགས་ཡོད། ཡིན་ཡང་ད་ལོ་པད་མ་དོན་གྲུབ་སློབ་གྲྭར་བསྐྱལ་བ་དང་། དབྱར་ཁའི་གུང་གསེང་དེ་ལ་ཏག་ཏག་འབྲུག་སྒྲ་དང་དྲག་ཆར་འདྲེས་མ་ཞིག་གིས་ཁོ་རང་ཕ་ཡུལ་དུ་འགྲོ་སའི་ལམ་བཀག་ལ། སྐབས་དེའི་ཁོའི་སེམས་ཀྱི་དྲོད་ཁོལ་ཡོད་ཚད་དྲག་ཆར་རྒོད་པོས་བཅོམ་པར་བྱས་སོང་། དེ་ནི་དབྱར་གནང་གི་གུང་གསེང་གཏོང་བའི་ཉིན་དེ་ཡིན་ལ། ཉིན་དེར་ཁོ་རང་འབྲུག་སྒྲའི་དབྱངས་རྟ་དང་བསྡོངས་ནས་འབྲོག་ཏུ་ལོག་དུས་ཁོའི་ཨ་ཕ་རིག་ལོས་མཛོ་རྒན་དམར་ཁྲ་དང་ནག་ཁྲ་༼དམར་ཁྱ་དང་ནག་ཁྱ༽གཉིས་མཉམ་དུ་བཙོང་ཟིན་པས། ཇི་ལྟར་འཚོ་བ་མཇུག་སྐྱོང་དགོས་པའང་མི་ཤེས་པའི་ཚོར་བ་ཞིག་གིས་ཁོའི་སེམས་པ་སྟོང་ལྷང་ལྷང་དུ་བཏང་ལ། འགྱོད་སེམས་དང་ཁོང་ཁྲོ་འདྲེས་མའི་མིག་ཆུ་རྡོག་ཕྲེང་མང་བོ་ཞིག་གིས་ཁོ་རང་ཉིན་རེ་འགར་ཟ་མ་མི་དགོས་པར་བཟོས་སོང་། དེ་ནི་ཁོའི་ལོ་རྒྱུས་སྟེང་གི་གོད་ཆག་ཆེན་པོ་ཞིག་དང་འདྲ་བར་ནམ་རྒྱུན་ཨ་ཕ་ལ་འཛི་ལོ་མ་མི་བཙོང་བར་རེ་བ་ཞུ་འགོ་བརྩམས།
པད་མ་དོན་གྲུབ། གཅིན་མཛོ་མོ་ལ་ལྡག་གི་མ་འཇུག་ཨ གཅིན་ལྡག་གི་བཅུག་ར་ངས་མཛོ་མོ་འཛི་ལོ་མ་བཙོང་རྒྱུ་ཡིན་ཨ ། ཨ་ཕ་ལོ་ལོ། མཛོ་མོ་འཛི་ལོ་མ་མ་བཙོང་ར་ངས་གཅིན་ལྡག་གི་མི་འཇུག་ཡ།
གནམ་སའི་འདྲེས་མཚམས་སུ་གསལ་ལ་མི་གསལ་བར་ཐོས་པའི་དབྱངས་རྟའི་འགྱུར་ཁུག་དེ་ནི་གཡུ་ལུང་རྩྭ་ཐང་ནས་བྱུང་བའི་ཉེ་ལམ་གྱི་གཏམ་རྒྱུད་གསར་བ་ཞིག་ཏུ་གྱུར།
7.20དགོང་མོར།
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།