རྐང་རྗེས། ཁ་བ་ན་བོར།

ཀླད་ཀོར༼ པེ་ཅིང ༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2016-02-20

??????????????????.jpg
  མི་རྣམས་ཀྱིས་ང་ཚོ་ལ་ཞི་མི་ཞེས་འབོད་ཀྱིན་འདུག  ངའི་ཨ་མ་ལ་ཞི་མ་ཞེས་འབོད་ཅིང་ང་ལ་ཞིམ་ཕྲུག་ཅེས་འབོད། ངའི་ཨ་མས་ང་ལ་དུང་དཀར་ཞེས་འབོད་ཀྱིན་ཡོད། སྔོན་མ་ངས་རང་གི་མིང་འདི་ལ་བསམ་བློ་མང་པོ་བཏང་མྱོང་། ངའི་ཁ་དོག་ནི་དཀར་པོའི་ནང་དམར་པོ་འདྲེས་ཡོད་པས་དུང་ལྟར་དཀར་བ་ཞིག་མ་ཡིན། ང་རང་མིང་འདི་ལ་བསམ་བློ་བཏང་སྟེ་ཉིན་གང་ཧད་ནས་བསྡད་པ་ན། ང་རང་གཅེན་གཅུང་རྣམས་ཀྱི་རྩེད་ཆས་དང་བརྙས་བཅོས་བྱ་ཡུལ་དུ་གྱུར། ཁོ་ཚོས་རྟག་པར་ང་ལ་སོ་དང་སེན་མོ་བརྒྱབ་ནས་བསམ་བློ་གཏོང་དུ་བཅུག་གི་མི་འདུག བསམ་བློ་གཏོང་གིན་གཏོང་གིན་ཟླ་བ་ཁ་ཤས་ཕར་ལ་སོང་ཡང་ཅིའི་ཕྱིར་དུང་དཀར་ཞེས་བཏགས་པ་ཤེས་རྒྱུ་ཕར་ཞོག་བསམ་བློ་ཅི་ཙམ་བཏང་བ་ན་དེ་ཙམ་གྱིས་རྙོག་དྲ་ཇེ་ཆེར་སོང་། གཅེན་གཅུང་རྣམས་ཀྱིས་ངའི་ཀླད་པ་ལ་སྐྱོན་ཡོད་པར་ངོས་འཛིན་བྱས་པ་མ་ཟད་བདག་གི་བྱམས་པའི་ཨ་མས་ཀྱང་རིམ་གྱིས་དེ་ལ་བདེན་པར་བཟུང་སོང་། གང་ལྟར་མིང་འདི་ང་རང་མངལ་ནས་ཐོན་དུས་ནས་ཡོད་པ་འདྲ་བས་ད་དུང་མུ་མཐུད་དུ་བསམ་བློ་བཏང་ན་ང་རང་ཉིད་ཀྱིས་ཀྱང་རང་ཉིད་ཀྱི་ཀླད་པ་ལ་སྐྱོན་ཡོད་པ་ངོས་འཛིན་བྱ་སྲིད།

  ཉིན་ཞིག་གི་མཚན་མོར་ཨ་མས་གཏམ་རྒྱུད་མང་པོ་བཤད་རྗེས། ང་ཚོ་གཅེན་གཅུང་གསུམ་པོ་ཁ་བ་བབས་པའི་ཞོགས་པ་ཞིག་ལ་སྐྱེ་ཚུལ་གླེང་། ང་ཚོ་ལ་མཚོན་ན་ཁ་བ་ཞེས་པ་ནི་གསར་འགྱུར་ཞིག་ཡིན་པ་མ་ཟད་མིང་ཚིག་གསར་པ་ཞིག་ཀྱང་ཡིན། ཕྱི་ཉིན་ཨ་མ་མེད་དུས་ང་དང་གཅེན་པོ་ལྕགས་ཐབ་ཀྱི་འོག་ཏུ་ཉལ་ནས་ཁ་བ་བབས་པའི་ཞོགས་པའི་སྐོར་གྱི་གཏམ་གླེང་མང་པོ་བྱས་པ་ཡིན། སྐབས་དེར་ཉལ་བར་དགའ་བའི་གཅུང་མོ་ད་དུང་གཉིད་ལས་སད་མི་འདུག གཅེན་པོས་ལྕེ་ལེབ་དམར་པོ་དེས་སྣའི་རྩེ་མོ་ལྡག་ཙམ་ལྡག་ཙམ་བྱས་ནས“ཁ་བ་བབས་པའི་ཞོགས་པ་ནི་འོ་མ་མང་པོ་བཏུང་རྒྱུ་ཡོད་པའི་དུས་སུ་ཟེར་བ་རེད”ཟེར།  ངས “མ་རེད། མ་རེད། ཙི་ཙི་མང་པོ་ཡོད་པའི་དུས་ལ་ཟེར་བ་རེད”ཟེར་ནས་ཁོ་ལ་དགག་པ་བརྒྱབ་པས་ང་གཉིས་ཁ་རྩོད་ཤོར། ཁ་རྩོད་བརྒྱབ་པའི་སྐད་ཀྱིས་གཅུང་མོའི་གཉིད་དཀྲོགས་སོང་། མོས་མཆིལ་མས་ངོ་གདོང་འཁྲུད་བཞིན་ངུས་བྱུང་། ང་གཉིས་ཀྱིས་“ད་ཁྱོད་མ་ངུ་། ང་གཉིས་ཁ་རྩོད་མི་བྱེད་”ཅེས་སེམས་གསོ་ཡང་ཡང་བྱས་ཀྱང་བར་མཚམས་མེད་པར་ངུས། གཅུང་མོའི་ངུ་སྒྲའི་ཁྲོད་དུ་ཁ་བ་བབས་པའི་ཞོགས་པ་ནི་ཅི་ལྟ་བུར་ཡིན་པ་བརྗེད་འདུག ཁ་བ་བབས་པའི་ཞོགས་པ་དང་ངའི་བར་ལ་འབྲེལ་བ་ཅི་ཞིག་ཡོད་པ་ཡང་མ་ཤེས།

ཨ་མ་ཞོགས་པ་སྔ་མོ་ནས་ལངས་ཏེ་ཕྱི་རོལ་དུ་ཙི་ཙི་འཚོལ་བར་འགྲོ་གི་ཡོད། ཙི་ཙི་མཐོང་མ་མྱོང་བའི་ང་ཚོ་ལ་སླར་ཡང་འཆར་ཡན་གསར་པ་ཞིག་བསྣན་སོང་། སྔ་དགོང་འཇིག་རྟེན་དཀར་ནག་མཚམས་སུ། ང་ཚོས་འོ་མ་འཐུང་བའི་དུས་ལ་སླེབས། སྐབས་དེར་ལྷས་རའི་ནང་གི་རས་བཱ་བཱ་ཞེས་སྐད་བརྒྱབ་པ་ན་ང་ཚོས་ཀྱང་དེ་དང་བསྟུན་ནས་མཱེ་མཱེ་ཞེས་སྐད་ཆེན་པོ་བརྒྱབ་པ་ཡིན།  ཞོགས་པར་ར་རྣམས་རི་ལ་དེད་པ་དང་ཕྱི་དྲོར་ལྷས་སུ་འཇུག་པའི་དུས་སུ་ང་ཚོས་རའི་འོ་མ་འཐུང་ཆོག 

ཡོད་ཚད་འཇམ་ཐིང་ངེར་གྱུར་རྗེས། རྒྱ་སྐས་ལས་མི་ཞིག་འཛེགས་པའི་སྒྲ་གསལ་ལ་མི་གསལ་ཞིག་གྲགས་པ་ན་ང་ཚོ་ལྕགས་ཐབ་ཀྱི་འོག་ནས་མར་ཐོན་ཏེ“མཱེ་མཱེ”ཞེས་སྐད་སྔར་ལས་ཆེ་བར་བརྒྱབ། ཁྱིམ་གྱི་ཨ་མ་རྒན་མོ་དེས་ལག་གཡས་པས་ཧ་ཡང་གི་སྐྱོགས་དཀར་པོ་ཞིག་བཟུང་བ་དང་། གཡོན་མར་ནག་དྲེག་ཆགས་པའི་ཕོར་པ་ཞིག་བཟུང་ནས“ལི་ལི”ཞེས་འབོད་ཀྱིན་ང་ཚོའི་ཕྱོགས་སུ་འོང་། མོས་དུས་རྒྱུན་ལྟར་བྱང་ཆ་ལྡན་པའི་སྒོ་ནས་ཕོར་པ་ནག་པོ་དེའི་ནང་འོ་མ་དཀར་པོ་གང་བླུགས་རྗེས་སྐད་ཆ་ལྡབ་ལྡིབ་ཅིག་ཟློ་བཞིན་མར་ཕྱིན་སོང་། ང་ཚོ་མོའི་སྐད་ཆ་ལ་ཉན་ཁོམ་ག་ལ་ཡོད། ཤེད་ཤུགས་ཡོད་ཚད་དང་བློ་རྩེ་གཅིག་སྒྲིམ་གྱིས་འོ་མ་བཏུང་དགོས།

  ཨ་མ་ཞོགས་པར་མར་འགྲོ་དུས་རྔ་མ་དགུང་ལ་བཏེགས་ནས་འགྲོ་ནའང་མཚན་མོ་ཡར་འོང་སྐབས་རྔ་མ་དུད་ནས་སླེབས་ཀྱི་ཡོད། ཨ་མ་ལྕགས་ཐབ་འོག་ཏུ་འཛུལ་བའི་དུས་དེར་ཁང་པའི་ནང་གློག་འོད་གསལ་ཡང་ལྕགས་ཐབ་འོག་ཏུ་ནག་མོག་མོག་ཡིན། ཨ་མའི་གཟུགས་པོ་མཐོང་ཐུབ་པ་ཙམ་ལས་ཁ་དོག་དང་ངོ་གདོང་གསལ་པོར་མཐོང་ཐུབ་ཀྱི་མི་འདུག ཨ་མའི་སྤུ་མདོག་དཀར་པོའི་ཁྲོད་ནག་པོ་འདྲེས་ཡོད་པ་དང་གདོང་ནི་གཅུང་མོའི་གདོང་ལས་ལྡབ་འགྱུར་གྱིས་ཆེ་བ་ཙམ་ལས་ཁྱད་པར་ཆེན་པོ་མེད་པ་ངས་གསལ་པོར་ཤེས་ཀྱི་ཡོད། ང་ཚོ་གསུམ་པོ་ཨ་མ་ལ་འཐམས་ནས་ཉལ་བ་དང་ཨ་མས“མ་ཎི”བགྲང་གིན་བགྲང་གིན་ཙི་ཙི་གསོད་པའི་གཏམ་རྒྱུད་འཆད་ཀྱི་ཡོད། དུས་རྒྱུན་ང་ཚོ་གསུམ་པྲ་ཆལ་འདྲ་བྱེད་སྐབས“ཞིམ་ཕྲུག་པྲ་ཆལ་རྣམས་ཙི་ཙིས་ཟ་གི་རེད”ཅེས་ཨ་མས་རྟག་པར་ཤོད་ཀྱི་ཡོད། འདི་ལྟར་བརྗོད་རྗེས་སླར་ཡང་ཙི་ཙི་སྡུག་རྩུབ་ཆེ་བའི་སྐོར་བརྗོད་ངེས། ཨ་མའི་སྐད་ཆར་ཉན་གྱིན་ཡིད་ལ་འཇིགས་སུ་རུང་བའི་ཙི་ཙི་དག་འཆར་བ་ན་ང་ཚོའི་སེམས་ན་ཆབ་རོམ་རྡོག་རྡོག་གཅིག་འགྲིལ་བ་ལྟར་ལུས་ཡོངས་འདར་བར་བྱས། ཡང་ཨ་མས་ཙི་ཙིའི་ཤ་ཞིམ་པོ་ཡོད་པའི་སྐོར་གླེང་སྐབས་གཅེན་པོ་དང་ང་གཉིས་ཀྱིས་མཆིལ་མ་བར་མེད་དུ་མིད། གཅུང་མོའི་ཁ་ཆུ་དག་སྐེ་ནས་གྲིལ་ཏེ་བྲང་ཁར་འཛག་གིན “ཙི་ཙིའི་ཤ་ཞིམ་པོ་འོ་མ་ལྟ་བུ་ཞིག་ཡོད་དམ”ཞེས་མུན་ཁྲོད་དུ་ཡ་མཚན་གྱི་འོད་ཞགས་འཕྲོ་བའི་མིག་ཟུང་དེ་ཨ་མར་གཏད་དེ་དེ་ལྟར་དྲིས།  “རེད། འོ་མ་འདྲ་བ་ཞིམ་པོ་ཡོད། ”ཨ་མས་གཅུང་མོ་ལ་བྱིལ་བྱིལ་བྱེད་བཞིན་ལན་དེ་ལྟར་བཏབ། 

ངས་ང་ཚོས་བཏུང་བྱའི་འོ་མ་དེ་ར་ལས་བྱུང་བ་ཤེས་པས་ན“འོ་ན། ཙི་ཙི་ར་ལྟ་བུ་ཞིག་ཡོད་དམ”ཞེས་དྲིས།  “རེད། ར་འདྲ་བ་ཞིག”ཅེས་ཨ་མས་གདོང་གི་རྣམ་འགྱུར་ཅི་ཡང་མེད་པར་ལན་གཅིག་མཐུན་དུ་བཏབ་བྱུང་། “འོ། ཙི་ཙི་ནི་ར་འདྲ་བ་ཞིག  རྭ་ཅོ་ཡོད་པ་ཞིག”ངས་བསམ་བློ་ཡུན་རིང་བཏང་བའི་འབྲས་བུ་བསྒྲགས་པས་ན། “མཱེ་མཱེ”ཞེས་ཨ་མ་དགོད། “མཱེ་མཱེ”ཞེས་ང་ཚོ་ཡང་མ་གྲོས་གཅིག་མཐུན་གྱིས་བགད། ཨ་མས་གཏམ་རྒྱུད་དག་བཤད་རྗེས། “མ་ཎི”འདོན་སྒྲ་དང་མཉམ་དུ“ཙི་ཙི་གསོད་རྒྱུ་ནི་ང་ཚོ་ཞི་མིའི་འོས་འགན་ཡིན”ཞེས་དམག་དཔོན་ཆེན་པོ་ཞིག་གིས་དམག་དོན་གལ་ཆེན་ཞིག་སྒྲོག་པ་དང་མཚུངས། སྐད་ཆ་དེ་ཐོས་པ་དང་ང་ཚོ་ཡང་མི་དགའ་དགའ་མདོག་གིས་གཡུལ་སར་འགྲོ་བའི་ཕོ་གསར་ཁྱུ་གཅིག་དང་འདྲ་བར “ཙི་ཙི་གསོད་རྒྱུ་ནི་ཞི་མིའི་འོས་འགན་ཡིན”ཞེས་ཨ་མའི་སྐད་ཆ་དེ་སྤོབས་པ་ཆེན་པོས་བཟླས་པ་ཡིན། དེའི་རྗེས་སུ་རྫོགས་རྒྱུ་མེད་པའི“མ་ཎིའི”འདོན་སྒྲ་དང་མུ་མཐའ་མེད་པའི་རྨི་ལམ་གྱི་ཞིང་ཁམས་ཀྱིས་ང་ཚོ་སྒུག་བཞིན་ཡོད།

ཕྱི་རོལ་གྱི་རི་བོ་དང་། གཙང་པོ། ཞིང་ཐང་སོགས་ནི་ཨ་མའི་ངག་ནས་ཐོན་ཏེ་ང་ཚོའི་བྱིས་བློ་རྒྱས། ཨ་མས་ཞིང་ཐང་གི་ཆེ་ཚུལ་བཤད་ཅིང་ཞིང་ཐང་ན་གྲོ་དང་སྲན་མ་མང་པོ་ཡོད་ཚུལ་བཤད། ང་ཚོ་གསུམ་པོ་ཤིན་ཏུ་ཡ་མཚན་ནས“གྲོ་གང་ནས་བྱུང་བ་རེད”ཅེས་དྲིས་པ་ན་ཨ་མས “གྲོ་སོན་ནས་བྱུང་བ་རེད”ཅེས་ཟེར། ཡང་ང་ཚོས “སོན་གང་ནས་བྱུང་བ་རེད”ཅེས་དྲིས་པ་ལ་ཨ་མས “སོན་གྲོ་ནས་བྱུང་བ་རེད”ཟེར། ང་ཚོ་གསུམ་པོ་དྲི་བ་འདི་དང་དྲིས་ལན་འདི་ལ་མགོ་ཡུ་འཁོར་ནས་ཡུན་རིང་ལུས། དྲི་བ་འདི་དང་དྲིས་ལན་འདི་ནི་མཐོང་མ་མྱོང་བའི་ཙི་ཙི་བཞིན་ང་ཚོའི་བློར་ཤོང་ཐབས་བྲལ་བ་ཞིག་རེད།

དྲི་བ་དེ་ཚོའི་དྲིས་ལན་རྙེད་པའི་ཉིན་དེ་ཉི་འོད་ཤིན་ཏུ་གསལ་བའི་ཉིན་ཞིག་རེད། ཉིན་དེའི་ཞོགས་པར་ང་རང་ཚ་དྲོད་ཀྱིས་ཁེངས་པའི་ལྕགས་ཐབ་འོག་ནས་གཉིད་མ་སད་ཀྱིས་ཁང་པའི་ནང་དུ་ལྐོག་ལྟ་བྱས།  ཁྱིམ་གྱི་རྒན་མོ་དེས་ལྕགས་ཐབ་ཐོག་ཏུ་བག་ལེབ་སྲེག་བཞིན་པ་འདྲ། རྐང་པ་ལྕགས་ཐབ་འགྲམ་དུ་འདུག གསལ་ལྷང་ལྷང་གི་ཉི་འོད་ཁ་ཤར་ལ་གཏད་པའི་སྒེའུ་ཁུང་ལས་ཁང་པའི་ནང་དུ་འཕྲོས། ཉི་འོད་ནང་དུ་ཐལ་རྡུལ་ཆེ་ཆུང་མང་པོ་རྒྱུ་བཞིན་འདུག ཕྱི་རོལ་དུ་ལྕགས་ཐག་འཐེན་པའི་སིང་སྒྲ་དང་ཁྱི་སྐད་ཀྱིས་ལྷིང་འཇགས་དཀྲོགས་སོང་། དེ་ནས་རྒྱ་སྐས་ལས་གོམ་སྒྲ་གྲགས། སྒོ་ནས་ཁྱིམ་གྱི་རྒད་པོ་དང་མཉམ་དུ་མཐོང་མ་མྱོང་བའི་རྒད་པོ་སྨ་ར་ཅན་ཞིག་ཀྱང་ཐོན་བྱུང་། ཁོ་གཉིས་ནི་ཡུན་རིང་མ་འཕྲད་པའི་གྲོགས་པོ་གཉིས་དང་འདྲ་བར་སྐད་ཆ་ལྡབ་ལྡིབ་མང་པོ་ཞིག་བཤད་ཀྱིན་འདུག ཁྱིམ་གྱི་རྒན་མོས་འཚམས་འདྲིའི་སྐད་ཆ་མང་པོ་ཞིག་བཤད་རྗེས་ཁོ་གཉིས་ཀྱི་འགྲམ་དུ་བག་ལེབ་སྒོར་སྒོར་ཞིག་བཞག་པ་དང་དཀར་ཡོལ་འབྲུག་རིས་མའི་ནང་དུ་བསྲུབས་ཇ་བླུགས་ཏེ་རྒད་པོ་སྨ་ར་ཅན་ལ་བྱིན། དངུལ་ཕོར་ནང་ཇ་གང་བླུགས་ཏེ་ཁྱིམ་ཀྱི་རྒད་པོར་སྤྲད། ཇ་བླུག་པའི་སྒྲ་དེ་འོ་མ་བླུག་པའི་སྒྲ་ཡིན་ཉམས་ཀྱིས་གཅེན་གཅུང་དང་ཨ་མ་གསུམ་གཉིད་ལས་སད། མཱ་མཱ། ང་ཚོ་བཞི་པོ་སྐད་རྒྱག་བཞིན་ལྕག་ཐབས་འོག་ནས་མར་ཐོན། དེ་སྐབས་སུ་རྒད་པོ་རྨ་ར་ཅན་དེས“རྒད་མོ། ང་ལ་སྟེར་ཆད་བྱེད་པའི་ཞི་ཕྲུག་དེ་གང་དེ་རེད”ཅེས་བཤད་བཞིན་རང་གི་སྨ་རར་བྱིལ་བྱིལ་བྱེད་ཞོར་ང་ཚོ་གཅེན་གཅུང་གསུམ་པོ་རེ་རེ་བཞིན་ཞིབ་ལྟ་བྱས།  སྐད་དེ་ཐོས་འཕྲལ། ཁྱིམ་གྱི་རྒན་མོས་ཕོར་པ་ནག་པོ་ཞིག་གི་ནང་དུ་འོ་མ་དཀར་པོ་བླུགས་པ་དང་། ད་དུང་ཇ་ཚ་པོ་ཅུང་ཙམ་བསྲེས་རྗེས་དུས་རྒྱུན་བཞིན་ལྕགས་ཐབ་འོག་ཏུ་མ་བཞག་པར་ཐད་ཀར་རྒད་པོ་སྨ་ར་ཅན་དེའི་འགྲམ་དུ་བཞག “ལི་ལི”ཞེས་ང་ཚོར་བོས།  རྒད་པོ་གཉིས་པོས་ཀྱང“ལི་ལི”ཞེས་ང་ཚོར་བོས་བྱུང་།

ང་ཚོ་གཅིག་རྗེས་གཉིས་མཐུད་ཀྱིས་འོ་ཕོར་ཕྱོགས་སུ་འོ་མ་བཏུང་བར་བརྒྱུགས། “རའི་འོ་མ་ཅུང་ཙམ་ཡོད་པ་དེ་ཁོ་ཚོས་བཏུང་བ་འདུག གཅིག་ཁྱོད་ཀྱིས་ཁྱེར་སོང་།” ཁྱིམ་གྱི་རྒད་པོ་ལ་ལྟ་སྐབས་ཁོས་ཀྱང་ང་ལ་ལྟ་བཞིན་མགོ་བོ་གཡུག་གཡུག་བྱེད། མིག་གིས་ལྟ་སྟངས་ལ་བལྟས་ན་ང་རང་མི་གཞན་ལ་སྤྲད་རྩིས་ཡོད་པ་དང་འདྲ་ཡང་མགོ་བོ་གཡུག་གཡུག་བྱེད་ཚུལ་དེ་ནི་བློས་མི་བཟོད་པ་འདྲ།

ཨ་མ་དང་གཅེན་གཅུང་གསུམ་པོས་དེ་རིང་ང་དང་ཁ་འབྲལ་དགོས་པ་ཤེས་ཚེ། འོ་མ་ལྡག་མཚམས་བཞག་ནས་ཕོར་པའི་གཡས་གཡོན་དུ་ཙོག་སྟེ་སྐྱོ་སྣང་གིས་ང་ལ་བལྟས་བྱུང་། ཚུལ་འདི་མཐོང་བ་ན་གྲང་ཤུར་ཤུར་གྱི་སེམས་པས་འོ་མ་དཀར་པོ་ཡང་དེ་རིང་བྲོ་བ་མེད་པར་འགྱུར། གཅེན་པོ་དང་ཨ་མ་གཉིས་ཁུ་སིམ་མེར་ཙོག་ནས་བསྡད་པ་དང་གཅེན་མོས་སྐད་ཆུང་ངུས་ངུ་བཞིན་མིག་ཆུའི་ཐིགས་པ་ལག་པ་ཆུང་ཆུང་གིས་དལ་བ་དལ་བུར་འབྱིད་བཞིན་འདུག  མོས་སྣ་རྫིག་རྫིག་དང་མིག་རུབ་རུབ་བྱེད་པ་མཐོང་བ་ན། ང་རང་མུ་མཐུད་ནས་འོ་མ་འཐུང་བའི་དང་བ་ག་ན་ཡོད།

གཅུང་མོའི་ངུ་སྐད་ཇེ་ཆེར་སོང་བ་དང་བསྟུན་ནས་རྒད་པོ་སྨ་ར་ཅན་དེས་ཇ་ཤུགས་ཀྱིས་འཐུང་ཞོར་གདན་ལས་ལངས། སྐབས་དེར་ཨ་མ་དང་གཅེན་གཅུང་གསུམ་པོ་ལ་སྐད་ཆ་ཚིག་གཅིག་ཀྱང་ལབ་རྒྱུ་མི་འདུག ང་ཡང་སྐད་ཆ་མེད་པར་ལས་དབང་གི་རྙིའི་ཕྱོགས་སུ་སོང་བ་ཡིན།

རྒད་པོ་སྨ་ར་ཅན་དང་ང་གཉིས་ཁྱིའི་ཟུག་སྒྲའི་ཁྲོད་དུ་སྒོ་ཕྱིར་ཐོན། གང་ནས་ལྡང་མིན་མི་ཤེས་པའི་རླུང་བུས་ངའི་བ་སྤུ་བསླངས་པས་སེམས་པ་ཡང་གྲང་འུར་རེ་བྱས།  ཚ་གྲང་གང་ཡང་མེད་པའི་རླུང་བུ་དེས་དུས་ཚོད་ག་གེ་མོ་ཞིག་མགོ་རྩོམ་བའི་སྔོན་བརྡ་གཏོང་བཞིན་འདུག ལྗོན་པ་མང་པོ་བརྒྱུད་ནས་སོང་བ་ན་མཐོང་རྒྱ་ཡང་ཇེ་ཆེར་སོང་། རིམ་པར་གསལ་ལྷང་ལྷང་གི་འཇིག་རྟེན་ཞིག་མིག་མདུན་དུ་ཤར་བྱུང་། “འདི་ནི་ཞིང་ཐང་ཡིན་དགོས་”ངས་འདི་ལྟར་བསམ། ཡང་ཕར་ཙམ་སོང་བ་ན་མི་རིང་བའི་དམའ་ས་རུ་གཤེར་གཟུགས་ཤིག་ཤང་ཤང་དུ་རྒྱུག་གིན་འདུག་པ་འདི“གཙང་པོ་ཡིན་དགོས་”ངས་འདི་ལྟར་བསམ།  ཞིང་ནང་གི་མུ་ཁ་བརྒྱུད་དེ་ཞིང་ཐང་གཞན་ཞིག་ཏུ་སླེབས་ཚེ། ཐག་རིང་གི་ས་ན་བརྗིད་ཉམས་ཆེ་ལ་མཆེ་བ་བཞིན་མཁའ་ལ་ཟུག་བའི་དངོས་པོ་ཞིག་མཐོང་ཚེ། “འདི་ནི་རི་བོ་ཡིན་དགོས་”པར་སེམས། དེ་ལྟར་དྲི་བ་མང་པོ་ཞིག་གི་དྲིས་ལན་རིམ་གྱིས་རྙེད་སོང་།

དེ་ནས་ངེད་གཉིས་ཞིང་ཐང་ཆེན་པོ་ཞིག་གི་ནང་དུ་སླེབས་སོང་། དེ་ན་མི་མང་པོ་ཞིག་གིས་འུར་འུར་ཟིང་ཟིང་གིས་སྟོན་ལས་བྱེད་ཀྱིན་གདའ། མི་དབང་ཆ་ཡོད་པ་རྣམས་ཀྱིས་འཕྲུལ་ཆས་ཀྱིས་ཞིང་རྔ་བཞིན་གདོང་ལ་ང་རྒྱལ་གྱི་ཉམས་ཤིག་མངོན་བཞིན་གྲོ་ནས་དག་མགྱོགས་ཤིག་ཤིག་གིས་རྔ་བཞིན་འདུག མི་ཤུགས་ཡོད་པ་རྣམས་ཀྱིས་གླུ་དབྱངས་ལེན་གྱིན་ཚེས་གསུམ་ཟོར་བ་བཟུང་ནས་ཞིང་རྔ་བར་བྱེད།  གླུའི་དབྱངས་རྟ་སྙན་མོས་འཕྲུལ་ཆས་ཀྱི་སྐད་ཅོར་ལ་ཅོ་འདྲི་བྱེད་པ་དང་ཡང་འདྲ། དབང་མེད་ལ་ཤུགས་ཀྱང་མེད་པའི་མི་དག་ནི་ཉེས་པ་ཆེན་པོ་ཞིག་བསགས་པ་དང་འདྲ་བར་མགོ་བོ་དུད་ནས་སྙེ་མ་འཐུ་བཞིན་འདུག ད་དུང་ཞིང་སྦུག་གི་ཁམ་སྡོང་འོག་ཏུ་ཡོད་ཚད་ཁོ་ཚོ་དང་འབྲེལ་བ་མེད་སྙམ་གྱིན་ཁམ་བུ་ཟས་ནས་བསྡད་པའི་ཕྲུ་གུ་ཁྱུ་གཅིག་འདུག  བདག་ལྟ་བུའི་ཞི་མི་རྣལ་འབྱོར་བ་ཞིག་འཁོར་བའི་ཟང་ཟིང་གིས་ཡིད་དབང་འཕྲོག་པར་མི་འགྱུར་ནའང་། བྱིས་པ་ཚོའི་མིག་ནང་དུ་ང་རང་ཁོ་ཚོ་དང་འབྲེལ་བ་ཆེན་པོ་ཡོད་པ་འདྲ། ང་རང་མཐོང་མ་ཐག་ཅ་ཅོ་སྒྲོག་བཞིན་རྒད་པོ་སྨ་ར་ཅན་གྱི་རྗེས་སུ་དེད།  བྱིས་བློ་མ་ཡལ་བའི་རྒད་པོ་སྨ་ར་ཅན་དེ་ཡང་ཞིང་ཁར་ཙོག་སྟེ་ང་རང་བྱིས་པ་རེ་རེ་ལ་བསྟན། བྱིས་པ་དེ་ཚོའི་ནང་ནས་བྱིས་པ་ཆུང་ཆུང་ཞིག་གིས་ཁམ་བུ་ཞིམ་ཉམས་ཀྱིས་བཟས་རྗེས། ཟ་འཕྲོ་ང་ལ་བསྟན་ཏེ“ཟོ་དང་། ཟོ་དང་”ཟེར། བྱིས་པ་དེའི་ཞིམ་ཉམས་ཀྱི་རྣམ་འགྱུར་གྱིས་ཡིད་དབང་འཕྲོག་སྟེ་ངས་ཀྱང་ལྡག་ཙམ་ལྡག་ཙམ་བྱས་པ་ཡིན། ཁམ་ཆུ་ཁ་ནང་འཛུལ་བ་དང་བསྟུན་ནས་སྐྱུར་པོ་དང་ཁ་བའི་རོ་ལུས་ཡོངས་སུ་ཁྱབ་པར་བྱེད། ངས་གཞི་ནས་ཟས་འདི་ཞི་མིའི་བཟའ་བྱ་མིན་པ་ཤེས་སོང་། ཕྲུ་གུ་དེ་ཚོའི་ཐོད་པ་ནས་མ་ནེའི་བར་གདོང་ཡོད་ཚད་ལ་ནག་དྲེག་ཆགས་པ་མ་ཟད། སྐེ་དང་བྲང་ཡོད་ཚད་ཁམ་ཆུས་ནོག་འདུག  ཡིད་སྨོན་བྱ་དགོས་པ་ཞིག་ལ་ཕྲུ་གུ་ཆུང་ཆུང་ཞིག་གི་སྣ་ནས་སྣ་ལུད་རིང་པོ་ཞིག་མར་དཔྱངས་འདུག ངས་སྣ་ལུད་དེ་བཟའ་བསམས་ནས་ཁོའི་ཕྱོགས་སུ་འགྲོ་དུས། ཁོས་ང་རང་པང་དུ་ཚུར་བླངས་རྗེས་སྣ་ལུད་ཤུགས་ཀྱིས་ཡར་འཇིབས་སོང་བས་ངའི་བསམ་དོན་མ་གྲུབ།

རྒད་པོ་སྨ་ར་ཅན་ངེད་གཉིས་ཞིང་ཁ་འདི་དང་བྲལ་སྐབས་བྱིས་པ་ཚོས་ཀྱང་ང་གཉིས་དེད་བྱུང་། ཞིང་ལས་བྱེད་མཁན་ནང་གི་བུ་མེད་ཅིག་གིས་རྗེས་ནས་དམའ་འབེབས་ཀྱི་སྐད་ཅོར་ཡང་ཡང་བརྒྱབ་པ་ན་ཁོ་ཚོ་ཡང་ངའི་ཕྱོགས་སུ་ཕྱི་མིག་ཡང་ཡང་འཕེན་བཞིན་ཕྱིར་ལོག་སོང་། ངེད་གཉིས་མུ་མཐུད་དུ་ཞིང་ཁ་གཞན་ཞིག་ཏུ་སླེབས། ཞིང་ཁ་འདིའི་ནང་གི་དགུན་གྲོ་རྣམས་ད་ལྟ་ཡང་སྔོ་ལྗང་ལྗང་དུ་ཡོད་པ་མཐོང་། རླུང་བུས་གཡོ་བའི་སྙེ་མ་དང་བསྟུན་ནས་ངའི་སེམས་པ་ཡང་དགའ་བས་གཡོས་བྱུང་། ང་རང་སེམས་ཧ་ཅང་དགའ་ནས“དགའ་བ་ལ་ནི་སྐྱིད་པ་ལ། མཱེ་མཱེ”ཞེས་གླུ་འདི་འདྲ་ཞིག་རང་དབང་མེད་པར་མགྲིན་པ་ནས་ཐོན་སོང་། ངའི་གླུ་དབྱངས་རྒད་པོ་སྨ་ར་ཅན་དེས་ཐོས་པ་ན“ད་མ་ངུ་།  ཁྱིམ་ལ་སླེབས་གྲབས་འདུག ཁྱིམ་ལ་སླེབས་ན་ངས་ཁྱོད་ལ་འོ་མ་ལྡུད”ཅེས་ཟེར་བཞིན་ང་ལ་ཡང་ཡང་བྱིལ་བྱས་བྱུང་། དེ་ནས་བཟུང་ང་རང་གླུ་དབྱངས་ལེན་པའི་སྤོབས་པ་མེད་པར་གྱུར།

ང་རང་ཕ་མ་སྤུན་ཆེད་དང་བྲལ་ཏེ་མི་ཚང་གཞན་ཞིག་ཏུ་འགྲོ་བའི་བརྒྱུད་རིམ་ནི་ཡིད་དབང་འཕྲོག་དགོས་པ་ཞིག་རེད། ལམ་བར་དུ་ངའི་བློ་ཡུལ་དུ་ཤོང་ཐབས་བྲལ་བའི་མཐོང་ཐོས་ཀུན་ཧ་ལམ་ཆེད་མངགས་ང་ལ་བག་སྟོན་གྱི་མཛད་སྒོ་སྤེལ་བ་དང་འདྲ། འདི་ན་ང་རང་མག་པ་ཡིན་བའི་དབང་དུ་བཏང་ནའང་། བློ་ཕངས་དགོས་པ་ཞིག་ལ་རྒད་པོ་སྨ་ར་ཅན་གྱི་ཁྱིམ་ནང་དུ་བག་མ་མི་འདུག ཉིན་རྟག་པར་ང་རང་ཁེར་རྐྱང་ངང་ཉལ་ཞིང་ཁེར་རྐྱང་ངང་འོ་མ་འཐུང་དགོས། སྐབས་འགར་གྲོད་པ་ལྟོགས་པའི་སྐབས་སུ་ཁྱིམ་ནང་དུ་ཟ་མ་འདྲ་བརྐུས་ནས་ཟ་ཡི་ཡོད། ཟ་མ་བརྐུ་བའི་བརྒྱུད་རིམ་ནི་བདག་ལ་མཚོན་ན་སྐྲག་སྣང་དང་དགའ་སྣང་ལྷན་དུ་འཐབ་པའི་བརྒྱུད་རིམ་ཞིག་ཀྱང་རེད།

ཟང་ཟིང་གི་སྟོན་ཀ་རིམ་གྱིས་མཇུག་རྫོགས་སོང་བ་དང་། གྲང་རླུང་འུར་འུར་ཁྲོད་དུ་དགུན་གྱི་གྲང་ངར་སེམས་ཅན་གྱི་བ་སྤུ་དང་ཤ་རུས་བརྒྱུད་དེ་སེམས་སུ་ཟུག ང་རང་ཁྱིམ་ཚང་གསར་པ་ཞིག་གི་ཆ་ཤས་སུ་གྱུར་ནས་ཟླ་ངོ་གཅིག་ཙམ་འདས་ཟིན།

  ཁྱིམ་ཚང་གསར་བའི་ནང་དུ་བདག་ལ་འོ་མ་ལྡུད་མཁན་ཡང་རྒན་མོ་ཡིན། རྒན་མོ་དེས་རྟག་པར་ང་ལ་འོ་མ་ལྡུད་རྒྱུ་རྗེད་ཀྱིན་འདུག ཁྱིམ་ཚང་འདིའི་འོ་མ་ནི་བའི་འོ་མ་ཡིན་པས་ངས་རའི་འོ་མ་འཐུང་བའི་བགྲང་བྱ་ལྷག་ཏུ་དྲན། ང་ཚོ་སྤུན་མཆེད་གསུམ་ཁ་རྩོད་དང་འཛིང་རེས་བྱེད་ནས་ཤེད་ཤུགས་གང་ཡོད་ཀྱིས་འོ་མ་འཐུང་བ་དག་དྲན་ན། ད་ཆ་དེ་ཚོ་ནི་ཕྱིར་དྲན་ཁྲོད་དུ་མེ་ཏོག་གི་མཛེས་སྡུག་ལ་རོལ་བ་ལྟ་བུར་གྱུར་འདུག

སྡོང་ལོ་ཐམས་ཅད་ས་ལ་ལྷུང་རྗེས།  ཁམ་སྡོང་གི་ཡལ་གའི་ཐོག་གི་བྱིའུ་དག་གབ་ས་ཡིབ་ས་མེད་པར་གསལ་པོར་མངོན་ཐུབ། ཁྱིམ་འདིའི་ནང་གི་བུ་ཆེ་བ་བློ་བཟང་གིས་དུས་སྐབས་འདི་དང་བསྟུན་ནས་ཤིང་གི་ཡལ་ག་ཞིག་དང་རྐང་འཁོར་གྱི་འཁོར་ལོའི་འགྱིག  ད་དུང་ཀོ་བ་སོགས་ལས་གྲུབ་པའི་བྱིའུ་གསོད་བྱེད་ཀྱི་མདའ་སྤུས་དག་ཅིག་བཟོས་རྗེས། རྔོན་པ་ཞིག་དང་འདྲ་བར་ཞིང་ཐང་དང་མུ་གང་སར་བརྒྱུགས་ནས་བྱིའུ་གསོད་ཅི་ཐུབ་བྱེད།  ང་ཡིས་ཀྱང་རྔན་པ་འདྲ་ཨེ་རྙེད་སྙམ་གྱིན་ཁོའི་རྗེས་སུ་འགྲོ་གི་ཡོད། མི་རིང་བར་བྱིའུ་གསོད་མཁན་ཁོ་བྱེད་ཅིང་བྱིའུ་ཤ་ཟ་མཁན་ང་རང་བྱེད་པ་ནི་ཁ་ཆད་མེད་པའི་སྲོལ་ཞིག་ཏུ་ཆགས། བྱིའུ་ཤ་ཟ་བཞིན་ཟ་བཞིན་ངའི་ཤ་ཇེ་རྒྱགས་སུ་སོང་བ་དང་འོ་མ་ཡང་དུས་རྒྱུན་དུ་ལྷག་མ་བཞག་པས་རྒད་པོ་དང་རྒན་མོས་ང་ལ་འཛིན་པའི་ལྟ་བ་ཡང་ཇེ་ཞན་དུ་གྱུར། “ཤ་རྒྱགས་པ་ལ། གཏན་གཏན་ཅི་ཞིག་བརྐུས་པ་འདྲ”རྒད་པོ་སྨ་ར་ཅན་དེས་ང་ལ་བྱིལ་བྱིལ་བྱེད་ཀྱིན་འདི་ལྟར་བཤད། ཁྱིམ་གྱི་རྒན་མོས་ང་ལ་འོ་མ་ཕོར་པ་གང་ལྡུད་རྗེས་ངའི་འཐུང་འདོད་མེད་པའི་རྣམ་འགྱུར་དེ་མཐོང་མ་ཐག “ཧམ་པ་ཆེ་མདོག་ལ”ཞེས་མི་རངས་པའི་སྡིགས་མོ་བྱས། ལྷག་པར་དུ་ལོ་ན་བཅུ་ཙམ་ལས་མ་སོན་པའི་ཁྱིམ་གྱི་བཀྲ་བཟང་ཟེར་བའི་བུ་ཆུང་བ་དེས་ང་རང་མཐོང་མ་ཐག་རྒྱུ་མཚན་མེད་པར་ཐད་ཀར་གཅར་རྡུང་བྱེད་ཀྱི་རེད། 

དགུན་ཁའི་ཉི་མ་ཤར་ཟིན་ནའང་ཁང་པའི་ནང་དུ་ཧ་ཅང་གྲང་། ལྕགས་ཐབ་ནང་དུ་མེ་བུད་མེད་པས་ལྕགས་ཐབ་འོག་ཏུ་ཉལ་ཡང་ཤིན་ཏུ་འཁྱགས། གཉིད་མ་སད་ཀྱི་ང་རང་ཁང་པའི་གང་སར་སོང་ནས་ཉལ་ས་བཙལ་ཡང་མ་རྙེད། དེ་ནས་ང་རང་དལ་བར་མཛོད་ཁང་གི་སྒོ་ནས་འཛུལ་བ་ཡིན། མཛོད་ཁང་གི་སྒེའུ་ཁུང་ནས་ཉི་འོད་གསལ་ལྷང་ལྷང་འཕྲོ་བ་དང་ཉི་འོད་ནང་དུ་བཀྲ་བཟང་གིས་མིག་ཆེ་རུ་བགྲད་དེ་དཔེ་ཆར་ལྟ་བཞིན་འདུག ཡོད་ཚད་འཇམ་ཐིང་ཐིང་ཡིན་ནའང་ཉི་འོད་ནང་དུ་ཐལ་རྡུལ་གྱི་ཟང་ཟིང་རྩེན་བཞིན་པ་གསལ་པོ་མཐོང་ཐུབ། ང་རང་ཁ་རོག་གེར་སོང་ནས་ཉི་འོད་ཕོག་པའི་བལ་གདན་ཞིག་གི་ཐོག་ཏུ་ཉལ་བ་ན་འཇམ་ལ་དྲོད་ཀྱང་ཆེ། ཡིན་ཡང་བཀྲ་བཟང་ཟེར་བའི་ཐན་ཕྲུག་དེས་དཔེ་ཆ་ཁ་བརྒྱབ་པ་དང་ལག་པ་ཡར་བརྐྱངས་མར་བརྐྱངས་བྱེད་ཀྱིན་བྱ་རྨྱང་ཞིག་བྱེད་པས། ཁོས་ཉིན་མཚན་ཀུན་ཏུ་ལྟ་བའི་དཔེ་ཆ་དེ་མ་གཞི་གེ་སར་རྒྱལ་པོའི་སྒྲུང་རེད་འདུག ཡིན་ཡང་ཞི་མི་ལ་མཚོན་ན་རྒྱལ་པོར་བསྐོ་བའི་སྲོལ་མེད་པས་དེའི་སྐོར་ང་ལ་བཤད་རྒྱུ་ཅི་ཡང་མེད།  ཁོས་ངའི་ཉི་མ་སྒྲིབ་པ་མ་ཟད་གཉིད་ཀྱི་བདེ་བ་ཡང་དཀྲོགས་སོང་། “མཱེ་མཱེ། དགུན་ཁའི་ཉི་མར་བདག་པོ་ཡོད། མཱེ་མཱེ”ངས་འདི་ལྟར་བརྗོད་པ་དང་ཁོས་གཞི་ནས་ང་རང་ཁོའི་འགྲམ་དུ་ཉལ་ཡོད་པ་མཐོང་བས་ཁོང་ཁྲོ་དང་བཅས“སྐད་ངན་རྒྱག་རྒྱུ་ག་རེ་ཡོད་དམ། འདི་དགོས་པ་ཨེ་རེད”ཟེར་བཞིན་ང་ལ་རྡོག་ཐོ་སྐར་མ་ཤར་འདྲ་ཞིག་བརྒྱབ་བྱུང་། ངས་ཤར་ལྷོ་ནུབ་བྱང་ཡོད་ཚད་ནོར་སོང་། ང་རང་ན་ཟུག་གིས་མཛོད་ཁང་གི་ཟུར་ཞིག་ཏུ་ཉལ་དགོས་བྱུང་། 

 དུས་གང་ཙམ་སོང་བ་མ་ཤེས་པར་ཐན་ཕྲུག་བཀྲ་བཟང་ལ་དམའ་འབེབས་བྱེད་པའི་སྒྲས་ང་རང་གཉིད་ལས་དཀྲོགས “ཁྱོད་ཁྱོད་ཁྱོད། ཨང་རྩིས་ཀླད་ཀོར། རྒྱ་ཡིག་ཀླད་ཀོར།  བོད་ཡིག་ཀྱང་ཀླད་ཀོར།  ད་དུང་སློབ་སྦྱོང་མི་བྱེད་པར་གེ་སར་སྒྲུང་ལ་བལྟས་བསྡད་ཀྱི་ཡོད་པ་རེད། གལ་སྲིད་སློབ་གྲྭའི་ནང་གེ་སར་སྒྲུང་ཡིག་གི་སློབ་ཚན་ཞིག་ཡོད་ན་ཁྱོད་ཀྱིས་སྐར་མ་བརྒྱ་ཟ་ཐག་གཅོད་རེད།”རྒད་པོ་སྨ་ར་ཅན་དེས་སྨ་ར་ཡང་གཟེངས་ནས་དམའ་འབེབས་བྱེད་ཀྱིན་འདུག ཉི་འོད་སེར་པོའི་ནང་ན་མཆིལ་མའི་ཟེགས་མ་ཐལ་རྡུལ་ལས་མང་བར་གྱུར། “མཱེ་མཱེ། དགའ་བ་ལ་ནི་སྐྱིད་པ་ལ། ”ང་རང་རྡོག་ཐོ་གཞུས་པའི་ན་ཟུག་ཀྱང་བརྗེད་པ་གྱུར་ནས་ཐན་ཕྲུག་བཀྲ་བཟང་ལ་བལྟ་བར་སོང་།  ཁོ་རང་མགོ་བོ་སྒུར་ནས་ངུ་ལ་ཁད་དུ་འདུག ཚུལ་འདི་མཐོང་བ་ན་ང་རང་སྔར་ལས་དགའ་ལྷང་ལྷང་གྱུར། རྒད་པོ་སྨ་ར་ཅན་ཁོང་ཁྲོ་དང་བཅས་སོང་རྗེས། ཐན་ཕྲུག་དེས་ངའི་གླུ་དབྱངས་དེ་ངུ་སྐད་ལ་འཁྲུལ་བ་འདྲ། ཁོས་ང་རང་པང་དུ་བླངས་ཏེ་བྱིལ་བྱིལ་བྱེད་ཞོར་རང་གི་སེམས་གཏམ་ཡོད་ཚད་ང་ལ་ལྷུག་པོར་བརྗོད་བྱུང་།ས”

“རྒྱུགས་རྒྱུགས་རྒྱུགས”ཁོས་མི་རྒན་སྨ་ར་ཅན་དེ་ལ་ལད་མོ་བྱས་པ་འདྲ།“དེ་རིང་ཁ་སང་གི་མི་དེ་དག་གིས་རྒྱུགས་མ་གཏོགས་མི་ཤེས། སློབ་གྲྭར་སོང་བ་དེ་རིག་གནས་སྦྱོང་བ་མ་ཡིན། ཡིག་རྒྱུགས་སྦྱོང་བ་རེད། རིག་གནས་རིག་གནས་ཞེས་པའི་ལྕི་ཡང་མེད་པའི་དངོས་པོ་དེ་དངུལ་ལོར་དམར་པོ་བཞིན་ཨང་ཀིས་གཞལ་དགོས་པ་ཨེ་རེད། གེ་སར་སྒྲུང་རིག་གནས་མིན་ནམ། མིན་ན་སྐར་གྲངས་དམར་པོ་དག་རིག་གནས་ཡིན་ནམ།”ཁོས་ཁོང་ཁྲོ་ཆེན་པོས་ཁང་སྟོང་ནས་དམའ་འབེབས་བྱས། གལ་སྲིད་དམའ་འབེབས་ཀྱི་ཚིག་དེ་དག་ངའི་འགྲམ་དུ་ཡོད་པའི་ལོ་བཅུ་ལས་ཟིན་མེད་པའི་བྱིས་པ་འདིའི་ཁ་ནས་ཐོན་ཏེ་དགེ་རྒན་མིག་ཤེལ་ཅན་རྣམས་ཀྱིས་ཐོས་ན་སྙིང་ཁ་འདར་བའི་རྒྱུ་རུ་ཟད།  སྐད་ཆ་འདི་དག་ཉན་གྱིན་ཉན་གྱིན་ངའི་མིག་ནང་སློབ་ཕྲུག་བཀྲ་བཟང་སྙིང་རྗེ་རུ་གྱུར།  ང་དང་ང་འདྲ་བའི་ཞི་མི་དག་ལ་མཚོན་ན་སློབ་གྲྭ་དང་དགེ་རྒན། ཡིག་རྒྱུགས། སྐར་གྲངས་སོགས་མེད་པ་ནི་ངོ་མ་དགའ་འོས་ལ་སྐྱིད་འོས་པ་ཞིག་རེད།  གལ་སྲིད་ཡོད་ན་ང་རང་མལ་ས་དྲོན་མོ་ཞིག་བཙལ་ནས་བསྡད་ཁོམ་ག་ལ་ཡོད། ངས་ཀྱང་མིག་ཤེལ་ཤེལ་དམ་གྱི་ཞབས་འདྲ་བ་ཞིག་བཏགས་ནས་སྐར་གྲངས་རྩི་བཞིན་ཡོད་འགྲོ།

ངས་ཁོའི་སྐད་ཆ་འདི་དག་ཉན་པ་ནས་བཟུང་ང་གཉིས་གྲོགས་པོར་གྱུར་སོང་། ངས་ཁོའི་ས་ནས་གླིང་སྒྲུང་མང་པོ་བུམ་པ་གང་བྱོའི་ཚུལ་དུ་ལེན་པ་ཡིན། དེའི་ནང་ནས་ང་རང་ཉན་པ་སྤྲོ་བ་ནི«མོན་གླིང་གཡུལ་འགྱེད» ཡིན། དེའི་ནང་གི་ཐེའུ་རང་དཀར་པོ་ངའི་ཆེས་ཡིད་སྨོན་སྐྱེ་སའི་མི་སྣ་རུ་གྱུར།

དེའི་ཕྱི་ཉིན་རྒན་མོ་དེས་རྒད་པོ་སྨ་ར་ཅན་གྱི་སྨ་ར་ལ་ལྟ་བཞིན་སུན་སྣང་དང་བཅས“ཁྱོད་ཀྱི་སྨ་ར་དེ་གཞར་ན་བདེ། རང་ཉིད་མི་བདེ་བ་མ་ཟད། ལྟ་མཁན་ལ་ཡང་བདེ་བ་མི་འདུག”ཅེས་གཏམ་གླེང་གསར་པ་ཞིག་གི་མགོ་བརྩམས་སོང་། རྒད་པོས་རང་གི་ནོར་བུ་དང་འདྲ་བའི་སྨ་རར་བྱིལ་བྱིལ་བྱེད་བཞིན “ཅི་ཟེར། ཁྱོད་རྒན་མོས་གནའ་མི་བོད་ཀྱི་གཏམ་དཔེ་མ་གོ་བ་རེད་དམ། སྐྱེས་པའི་ཁ་ལ་དགོས་པ་ཁ་སྤུ། བུད་མེད་ཁ་ལ་དགོས་པ་འཛུམ་མདངས་ཟེར།”  སྐད་དེ་ཐོས་པ་ན “ཧ་ཧ”ཞེས་བཀྲ་བཟང་གད་མོ་ཤོར་སོང་།  “མཱེ་མཱེ”ཞེས་ང་ཡང་གད་མོ་ཤོར། གཏམ་དཔེ་འདི་འདྲ་ཞིག་གླིང་སྒྲུང་ན་མེད་པས་རྒད་པོ་ཁོས་ད་ལྟ་ཉིད་དུ་གསར་རྩོམ་གནང་བ་ཤེས་ཐུབ། རྒད་པོས་བཀྲ་བཟང་ལ་མི་རངས་པའི་ངང་ནས “སྲིད་པ་རྒད་པོས་གཏམ་དཔེ་བཤད་ན། ན་ཆུང་གཞོན་ནུའི་བ་སྤུ་ལངས་རབས་ཡོད་པས་དགོད་རྒྱུ་ཅི་ཡོད”ཟེར།

“འཆི་བདག་གི་སྒོ་ཁར་སླེབས་པའི་མི་ལ་སྨ་ར་དང་འཛུམ་མདངས་ཀྱིས་ཅི་བྱ”རྒན་མོས་རྒད་པོའི་སྨ་ར་དེར་རྒན་མོས་བུ་ལོན་ཆད་པ་དང་འདྲ་བར་འདི་འདྲ་བརྗོད། ཉི་མ་དེའི་ཕྱི་ཉིན་སྔ་ལྟས་གང་ཡང་མེད་པར་གངས་ཆེན་པོ་ཞིག་བབས་སོང་། ངའི་གཏམ་རྒྱུད་ཀྱང་ཉིན་དེ་ནས་རྫོགས།  གཏམ་རྒྱུད་རྫོགས་པ་ན་རང་ཉིད་ཀྱང་འཆི་དགོས་པའི་གོ་བ་ལེན་མི་རུང་། ངའི་གཏམ་རྒྱུད་འདི་སྒྲུང་གཏམ་མིན་ལ་གློག་བརྙན་ཡང་མ་ཡིན། སྒྲུང་གཏམ་དང་གློག་བརྙན་ནང་གི་མི་སྣ་གཙོ་བོ་བརྩེ་དུང་ལ་ཁ་གཡར་ནས་ལྕེབས་ཤིང་མི་སྣ་གཙོ་བ་དེ་ལ་དགའ་བའི་བུ་མོ་སྙིང་ལ་རྗེ་བོ་དེ་ཡང་མི་སྣ་གཙོ་བོ་དེའི་དོན་དུ་ལྕེབས། རང་ཉིད་སྙིང་རྗེ་བོ་ཡིན་སྙམ་པའི་མི་དག་གིས་སྒྲུང་གཏམ་དང་གློག་བརྙན་འདི་རིགས་བལྟས་ཚེ་མིག་ཆུ་ཤོར་སྲིད་མོད། ང་ཚོ་ཞི་མི་ལ་བརྩེ་དུང་ཟེར་བའི་རྩེད་ཆས་དེ་མེད་པས་ང་ལ་མགོ་སྐོར་གཏོང་མི་ཐུབ། དེར་མ་ཟད་ང་ནི་ཁམས་ཕྱོགས་ན་སྐྱེས་པའི་ཞི་མི་ཞིག་ཡིན། ཁྱོད་ཀྱིས་ཁམས་ཀྱི་རྒན་མོ་ཞིག་ལ“བརྩེ་དུང་། བརྩེ་དུང་”ཞེས་ལན་བརྒྱར་ལབ་ཀྱང་མོས་གོ་བ་ལོན་མི་སྲིད། ངའི་སྒྲུང་གཏམ་འདིའི་བརྗོད་བྱ་ནི་བརྩེ་དུང་མེད་པར་མིག་གིས་མཐོང་བ་དང་སེམས་ཀྱི་མྱོང་བ་དག་ཀ་ཁ་ག་ང་ལ་བརྟེན་ནས་བྲིས་པ་དེ་ཡིན། ངའི་སྒྲུང་གཏམ་མཇུག་རྫོགས་རན་སོང་།  སྒྲུང་འདིའི་མི་སྣ་གཙོ་བོ་ཞི་མི་དུང་དཀར་བྱ་བ་ང་ཡིན། སྒྲུང་གཏམ་འདིའི་ནང་དུ་མི་སྣ་གཙོ་བོ་ནི་ཞི་མི་ཞིག་རེད། དེ་ན་ཞི་མི་མི་སྣ་ཡིན་ནམ།

སྒྲུང་གཏམ་འདིའི་མི་སྣ་གཙོ་བོ་ཞི་མི་དུང་དཀར་བྱ་བ་ང་རང་ད་ལྟ་ལོ་གཅིག་ལས་སོན་མེད་པར་འཆི་རན། ཁྱོད་ཚོ་མི་རྣམས་ཀྱིས“ལོ་གཅིག་ནི་ཅི་འདྲ་ཐུང་བ་ལ”ཞེས་སྐད་ངན་ཤོར་ན་ཡང་། བདག་ལ་མཚོན་ན་ལོ་གཅིག་ནི་ཤིན་ཏུ་རིང་། ལོ་གཅིག་གི་དུས་ཡུན་ཁྲོད་དུ་ང་རང་ནར་སོན་སོང་། ཨ་མས་ང་ལ་བཤད་པའི་གཏམ་རྒྱུད་ཡོད་ཚད་ལ་ད་ནི་ངང་གིས་གོ་བ་ལོན་སོང་། ད་ནི་གཏམ་རྒྱུད་རྫོགས་ལ་ཉེ། ཨ་མས་བཤད་པ་ལྟར་ན། ང་ཚོ་སྤུན་མཆེད་གསུམ་པོ་ཁ་བ་བབས་པའི་ཞོགས་པ་ཞིག་ལ་སྐྱེས་པ་རེད་ཟེར།  སྔོན་མ་ཨ་མས་གཏམ་རྒྱུད་ལྟ་བུའི་ཁ་བ་བབས་པའི་ཞོགས་པ་བཤད་ཚེ་ང་ཚོའི་སེམས་ནང་འོ་མ་དང་ཙི་ཙི་བཅས་པ་འཆར་འོང་ན་ཡང་ད་ནི་དཔེ་དང་འགྲེལ་བ་གང་ཡང་མི་དགོས་པར་ཁ་བ་འབབ་པའི་ཞོགས་པ་དངོས་སུ་མཐོང་བྱུང་།  ཁ་བ་འབབ་དུས་མི་རྣམས་འཆར་ཡན་ལ་དགའ་བ་བཞིན་ང་ཡང་འཆར་ཡན་ལ་ཞེན་པའི་ཞི་མི་ཞིག་ཡིན། ལོ་གཅིག་གི་སྔོན་དུ་ང་རང་ངུ་སྐད་གཅིག་དང་མཉམ་དུ་དཀར་ལྷང་ལྷང་གི་འཇིག་རྟེན་ཞིག་ཏུ་ལྷུང་བ་དང་། ལོ་གཅིག་གི་རྗེས་སུ་ང་རང་འཇམ་ཐིང་ངེར་དཀར་ལྷང་ལྷང་གི་འཇིག་རྟེན་ཞིག་ལ་ཧད་ནས་བསྡད། དཀར་ལྷང་ལྷང་གི་ལོ་ངོ་གཅིག་གི་རིང་འཇིག་རྟེན་འདི་ལ་འགྱུར་བ་མེད་ན་ཡང་ང་ནར་སོན་ཟིན།  ད་ནི་ཁ་བའི་འབབ་སྟངས་ལ་ཧད་ན་ངའི་སེམས་པ་ཡང་འབབ་བཞིན་པ་ལྟར་སྣང་ལ་དོན་ལྔ་སྣོད་དྲུག་ཀྱང་མེ་ལོང་བཞིན་ཕྱི་གསལ་ནང་གསལ་དུ་འགྱུར་བཞིན་པ་ལྟ་བུར་སྣང་། ཁ་བ་མེ་ལོང་དུ་འབབ་བཞིན་འདུག མེ་ལོང་ནང་གི་ཡོད་ཚད་ཁ་དོག་གཅིག་པ་རེད་འདུག འཆར་ཡན་ལ་དགའ་བའི་ཞི་མི་ངས་གསང་སྤྱོད་ཀྱི་སྒེའུ་ཁུང་ནས་ཁ་བ་འབབ་སྟངས་ལ་ལྟ་བཞིན་འདི་ལྟར་བསམ།

རྗེས་དྲན་གྱི་ཁྲོད་དུ་ཉིན་དེ་དཀར་པོ་མང་དྲགས་པས་མུན་ཡང་མ་རུབ། ཁ་བའི་ཁྲོད་དུ་སྐད་ངན་སྒྲོག་ཅིང་འཕུར་ལྡིང་བྱེད་བའི་ཕོ་རོག་དག་ཉི་ཟླ་སྐར་གསུམ་གྱི་ཚབ་ཏུ་འཇིག་རྟེན་གྱི་རྒྱན་དུ་གྱུར། འཆར་ཡན་ལ་དགའ་བའི་མི་རྣམས་ལྕགས་ཐབ་གྱི་འགྲམ་དུ་ཙོག་ནས་གཏམ་རྒྱུད་བཤད་མགོ་བརྩམས། ཡིན་ན་ཡང་གཏམ་རྒྱུད་ནང་དུ་ཁ་བ་འབབ་རབས་མི་འདུག ཁ་བ་མེད་པའི་གཏམ་རྒྱུད་དག་རྗོགས་རྗེས། ཨ་མའི་གཏམ་རྒྱུད་ཁྲོད་ཀྱི་ཙི་ཙི་དག་ཐོན་བྱུང་། ཁ་བ་བབས་པས་སེམས་ཅན་ཡོད་ཚད་འཆར་ཡན་ལ་དགའ་བར་གྱུར།

  ལྕགས་ཐབ་ཐོག་ཏུ་བསྐོལ་བའི་ཐུག་པའི་དྲི་ཞིམ་གྱིས་ལྕགས་ཐབ་འོག་གི་ང་རང་ཉལ་དུ་བཅུག་གི་མི་འདུག མི་རྣམས་ལྕགས་ཐབ་ཀྱི་གཡས་གཡོན་དུ་ཙོག་ནས་ཐུག་པ་འཐུང་གྲབས་བྱེད་ཀྱིན་འདུག ང་ཡང་ལྕགས་ཐབ་འོག་ནས་མར་ཐོན་ཏེ་ཐུག་པ་འདྲ་ཨེ་རག་བལྟས་བསྡད་པ་ཡིན། སྐབས་དེར་ཐུག་པའི་རླངས་པ་ཡལ་ཕྱོགས་ཀྱི་སྐར་ཁུང་ནས་སྐད་ཡ་མཚན་ཞིག་གྲགས་པ་དང་མིག་རིག་རིག་དང་སྣ་འགུལ་འགུལ་བྱེད་ཀྱིན་པའི་སྲོག་ཆགས་གཉིས་ཐོན་བྱུང་། ངས་དེ་གཉིས་ཙི་ཙི་ཡིན་ངེས་རེད་བསམ། ཙི་ཙི་དེ་གཉིས་ཀྱིས་སྐར་ཁུང་གི་འགྲམ་ནས་ཁ་རྩོད་བྱེད་ཀྱིན་འདུག ང་དང་མི་རྣམས་དེ་གཉིས་ཀྱིས་ཁ་རྩོད་བྱེད་པའི་ལྟད་མོ་ལ་ཧད་ནས་བསྡད། ཙི་ཙི་མོ་དེས་ཁོའི་རྗེས་སུ་ཉམ་ཆུང་ངུས་འོང་བཞིན་པའི་ཙི་ཙི་ཕོ་དེ་ཟ་སྙམ་བྱེད་ཀྱིན་འདུག

ཙི་ཙི་ཕོ་དེ་ནོར་འཁྲུལ་ཆེན་པོ་ཤོར་བའི་བྱིས་པ་ཞིག་དང་འདྲ་བར“དགོངས་པ་མ་ཚོམས། སྙིང་སྡུག་མ”མགོ་སྒུར་སྒུར་བྱེད་ཀྱིན་དེ་ལྟར་ཟེར། “དེ་ན་དྲང་གཏམ་ཤོད་ཅིག”ཙི་ཙི་མོ་དེས་སྣ་འགུལ་འགུལ་བྱེད་ཀྱིན་ཙི་ཙི་ཕོ་དེ་ལ་ཁ་གཏད་ནས “མདང་དགོང་ཁྱོད་རང་སྐྱག་པ་ག་རེ་ཟ་བར་སོང་བ་ཡིན།” ཙི་ཙི་ཕོ་དེ་ཤིན་ཏུ་ངོ་ཚ་བ་དང་འདྲ་ལ། བློ་ཕངས་བ་དང་ཡང་འདྲ་བར “སྙིང་སྡུག་མ། ངས་གཏམ་དྲང་མོར་བཤད་ད་བཤད། མདང་དགོང་ང་རང་ཙི་ཙི་མེ་ཏོག་སྒྲོན་མ་འཚོལ་བར་ཕྱིན་པ་དེ་ནོར་འཁྲུལ་ཆེན་པོ་ཞིག་ཡིན། ཡིན་ཡང་ངས་བྱ་བ་ངན་པ་ཅི་བྱས་ཀྱང་རུང་། ཅི་མི་སྐྱོན། ངའི་སེམས་པ་ཁྱོད་རང་ཁོ་ན་ལ་དབང་”སེན་མོ་ཅན་གྱི་ཁོའི་ལག་པ་དེ་རང་གི་སྙིང་གར་ལྷན་སོང་། སྐད་དེ་ཐོས་པ་དང་ཙི་ཙི་མོ་དེ་ཁྲོས་ནས་ལུས་པོ་ཡང་འདར་སིག་སིག་བྱེད། མིག་ཆུང་ཆུང་དེ་འབུར་དུ་ཐོན་བཞིན་ཙི་ཙི་ཕོ་ལ་ཅེར་བཞིན “ཅི་མི་སྐྱོན་ཨེ། ཅི་མི་སྐྱོན་ཨེ། ངོ་ཚ་མེད་པ་ཁྱོད། འདི་ཟོ”ཞེས་བཤད་པ་དང་མཉམ་དུ་འགྲམ་ལྕག་ཚ་ཐག་ཆོད་གཅིག་ཙི་ཙི་ཕོ་ལ་ཞུས་སོང་། འགྲམ་ལྕག་ཕོག་ནས་འགྲིལ་སོང་བའི་ཙི་ཙི་ཕོ་དེས། རང་གི་འགྲམ་པ་ལག་པས་སྐྱོར་བཞིན་གོག་མ་དུད་ཀྱིས་ཡར་ལངས་རྗེས “སྙིང་སྡུག་མ། འགྲམ་ལྕག་གཞུས་པ་ཤིན་དུ་བཟང་”ཟེར།

ཙི་ཙི་ཕོའི་སྐད་ཆ་མཇུག་མ་རྫོགས་གོང་ལ། ཙི་ཙི་མོས་ཤེད་ཤུགས་ཡོད་རྒུས་བརྒྱབ་པའི་འགྲམ་ལྕག་ཙི་ཙི་ཕོ་ལ་ཕོག་སོང་། ཙི་ཙི་ཕོ་དེ་འགྲེ་སློག་ཁ་ཤས་ཤིག་བརྒྱབ་སྟེ་སླར་ཡང་ཡར་ལངས་སོང་། ཡིན་ཀྱང་ཁོ་རང་མགོ་ཡུ་འཁོར་ནས་སྟེང་འོག་དང་མཐོ་དམའ་ཡོད་ཚད་ནོར་སོང་བ་དང་འདྲ། ཁྱར་མ་ཁྱོར་དུ་ཙི་ཙི་མོའི་འགྲམ་དུ་འགྲོ་བསམ་ཡང་། ལུས་པོ་ལྕི་ཡང་ཤོར་བས་སྐར་ཁུང་ནས་ཐད་ཀར་མར་ལྷུང་བྱུང་།

 ང་རང་ཙི་ཙི་གཉིས་ཀྱི་ཟློས་གར་ལས་སད་དུས། རྒད་པོ་རྨ་ར་ཅན་གྱི་ཀི་སྒྲ་དང་བུ་ཆུང་བཀྲ་བཟང་གི་ངུ་སྒྲ་སོགས་ཀྱི་སྐད་ཅོའི་ཁྲོད་དུ།  ཙི་ཙི་ཕོ་དེ་ཐུག་པས་ཁེངས་པའི་རྫ་མའི་ནང་ལྷུང་བ་དང་རྫ་མ་ནས་འཕྱོ་བའི་ཐུག་པ་ཚ་པོ་ངའི་གདོང་དང་ལུས་པོ་ཡོད་ཚད་ལ་ཐོར། ང་རང་སྐད་ངན་ཤོར་བཞིན་ཕྱིར་ལྟས་མེད་པར་བྲོས་སོང་བ་ཡིན། བྲོས་པའི་བརྒྱུད་རིམ་ཀུན་ཏུ་ངས་རང་གི་ཨ་མ་དྲན་བྱུང་། ཨ་མས་ང་ལ“ཙི་ཙི་གསོད་པ་ཞི་མིའི་འོས་འགན་ཡིན”ཟེར། ད་ཆ་ཞི་མི་ནི་ཐུག་པས་བསད་ཟིན། ཐུག་པས་བརླན་པའི་ང་རང་རྗེས་དྲན་གྱི་ལམ་བུ་བརྒྱུད་ནས་མར་བྲོས། ང་རང་བྲོས་བྲོས་ནས་ངལ་དུབ་ཀྱིས་གོམ་པ་གང་ཡང་སྤོ་མི་ཐུབ་པར་གྱུར་བ་ན་ངའི་ལུས་པོ་དངངས་སྐྲག་དང་ཚ་བ། ངལ་དུབ་ཀྱིས་ཡོངས་སུ་མནར། ཁ་རང་ཁ་བའི་ཁྲོད་དུ་སླེབས་འདུག  ཁ་བའི་ཁྲོད་དུ་ཁ་བ་ལས་ཅི་ཡང་མི་འདུག ངས་ང་རང་གི་རྐང་རྗེས་དེད་ནས་ཡར་ལ་འགྲོ་བསམ་ཡང་། ངའི་རྒྱབ་ཕྱོགས་སུ་རང་ཉིད་ཀྱི་རྐང་རྗེས་ཀྱང་མཐོང་དུ་མི་འདུག

“མཱེ་མཱེ”ཞེས་ངས་ཁ་བའི་ཁྲོད་དུ་འཇིག་རྟེན་འདི་ལ“ང་རང་གང་ན་བསྡད་ཡོད་དམ”ཞེས་དྲིས། འཇིག་རྟེན་གྱིས་ལན་དུ་ཁ་བ་ལྷབ་ལྷུབ་ཏུ་ཕབ་བྱུང་།།

              སྒྲུང་འདིའི་རྩོམ་པ་པོ་ནི་ཆབ་མདོ་སྨར་ཁམས་ནས་ཡིན་པ་དང་ད་ལྟ་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པ་ཞིབ་འཇུག་གླིང་གི་སློབ་མ་ཡིན།

                                                                       རྩོམ་སྒྲིག་པ། སྐྱ་བོ།

                                                                                                        (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྐང་རྗེས། ཁ་བ་ན་བོར།

2016-02-20 ཀླད་ཀོར༼ པེ་ཅིང ༽ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།