ཁང་སར་ཚེ་དབང་རིག་འཛིན་གྱི་བརྩམས་སྒྲུང་གསར་བ། མ་ཡུམ་དུས་ཆེན།

ཁང་སར་ཚེ་དབང་རིག་འཛིན། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2016-02-23

               ༡

“ད་ལོའི་མ་ཡུམ་དུས་ཆེན་ནམ་ཞིག་རེད་ཨེ་ཤེས་ཐལ།” རིག་པོས་གྲོགས་པོ་ཞིག་ལ་ཁ་པར་བཏང་ནས་སྐད་ཆ་དེ་དྲིས།    ཕ་རོལ་བོས་ཀྱང་མགོ་ལ་ཕྲུག་ཕྲུག་ཅིག་བྱས་ཏེ་འདང་ཞིག་རྒྱག་ཁུལ་བྱས་མོད་ཀླད་པའི་ནང་དུ་སྟོང་བ་ལས་ཅི་ཡང་མེད་པས།   “ཨོ་ཤེས་མ་སོང་ཡ།” ཞེས་བཤད་བྱུང་།     སྤྱིར་རིག་པོས་མ་ཡུམ་དུས་ཆེན་ཞེས་པ་ཞིག་ཡོད་པ་ཕོ་ལོ་སུམ་ཅུར་བུད་རག་བར་ཤེས་མ་མྱོང་ལ།     དེ་ཡང་རྒྱ་མི་སོགས་ལས་ཁུངས་ཀྱི་མི་འགས་ཉིན་དེར་གཞུང་ལས་ཁང་དུ་རང་གི་ཨ་མ་ལ་བརྡ་འཕྲིན་དང་ཁ་པར་བཏང་སྟེ།    རྟེན་འབྲེལ་ཞུ་བཞིན་ཡོད་པ་ཙམ་གྱིས་ཤེས་པ་རེད།   དེ་ནས་བཟུང་ཁོས་ཀྱང་ལོ་རེར་ཆད་ལ་ལོ་རེར་མ་ཆད་པར་མ་ཡུམ་དུས་ཆེན་དུ་ཨ་མར་ཁ་པར་བཏང་སྟེ།    ཁ་ཙམ་གྱིས་རྟེན་འབྲེལ་རེ་ཞུས་པ་ཡིན་མོད།    རྟེན་འབྲེལ་དེ་ཞུ་དགོས་པའི་ལོ་རྒྱུས་སམ་གནས་ལུགས་ཤིག་སེམས་ན་མེད་པར་གྱུར་ན།    རྟེན་འབྲེལ་ནི་རྟེན་འབྲེལ་ཙམ་སྟེ།    ཁ་པར་ལས་ཇི་ལྟར་རྟེན་འབྲེལ་ཞུ་དགོས་མི་ཤེས་པ་དང་།    ཞུས་ཀྱང་ཤིན་ཏུ་བཅོས་མའམ་ཅི་ཟེར་འདི་ཟེར་མེད་པར་གཏོང་འགྲོ་བ་མ་ཟད།    དེ་ནི་སྙིང་བོ་ཆེར་མེད་པའི་ལས་ཤིག་ཏུ་གྱུར་འགྲོ།     དེ་བས་རི་ལུང་ཀྱོག་པོ་ནས་མི་ཚེ་བསྐྱལ་བའི་ཨ་མ་ལ་མཚོན་ནའང་མ་ཡུམ་དུས་ཆེན་ཟེར་བ་ཞིག་ད་ལྟའི་བར་དུ་གོ་མ་མྱོང་བས།   སེམས་འགུལ་ཆེན་པོ་ཐེབས་རྒྱུ་མེད་པར་ཕན་ཚུན་ག་བཤད་འདི་བཤད་མེད་པ་ཞིག་ཡིན་སོང་།    གྲོགས་པོས་ཀྱང་ད་ལོའི་མ་ཡུམ་དུས་ཆེན་ནམ་ཞིག་ཡིན་པ་མ་ཤེས་པས་རིག་པོས་དེ་འཕྲལ་སྐད་འཕྲིན་གྱི་ལམ་ནས་མི་འགའ་ལ་དྲིས།     ལ་ལས་ལན་ཅི་ཡང་བཏབ་མ་བྱུང་ལ།  “གངས་བུ་” ཟེར་བའི་དྲ་གྲོགས་དེས་“སྤྱི་ཟླ་ལྔ་བའི་ཚེས་བརྒྱད་ཉིན་རེད།”ཅེས་ལན་ཐོན་བྱུང་།   “བཀའ་དྲིན་ཆེ།” ཞེས་དང་གུས་འདུད་མཚོན་པའི་གཟུགས་རིས་ཤིག་ཕྱིར་བསྐུར།    “ཏུའུ་ཏུའུ།” སྐབས་དེར་སྐད་འཕྲིན་དུ་ཡང་བསྐྱར་འཕྲིན་བརྡ་ཞིག་ཐོན།    དྲ་གྲོགས་དཔྱོད་འཇུག་རེད་འདུག     རིག་པོའི་སེམས་སུ་“ད་ལྟ་ངས་ཤེས་སོང་ཁོས་མ་བཤད་ཀྱང་ཆོག”སྙམ་ཞོར་འཕྲིན་བརྡ་དེའི་ཁ་ཕྱེས།   “མ་ཡུམ་དུས་ཆེན་ནམ་ཡིན་ཙམ།།  མི་ཤེས་པ་ཡི་ཨ་མའི་བུ།།  རིག་པོར་རིག་རྒྱུ་ཉུང་སོང་ཟིག།  ཤུ་རེ་ཡི་ན་ཤ་ཉེའི་ཤ།  ཧུ་ཧུ།”  ཞེས་ཟུར་ཟ་དང་ཀུ་རེ་འདྲེས་མའི་ཚིག་བཞི་ཞིག་བསྐུར་འདུག་པ་ལས་མ་ཡུམ་དུས་ཆེན་ནམ་ཡིན་གྱི་དུས་ཚོད་བཤད་མི་འདུག    རིག་པོ་ཅུང་ཁ་སྐྱེངས་པ་དང་དུས་མཚུངས་སུ་རང་ཉིད་རང་ལ་ཡིད་ཆད་པ་ཞིག་ཀྱང་བྱུང་།  “གྲོགས་པོའི་བཤད་པ་ངོ་མ་བདེན།  ང་འདི་ད་གཡག་རོག་རོག་ཅིག་རེད།” ཅེས་དང་མིག་ཆུ་འབྱིན་པའི་གཟུགས་རིས་ཤིག་བསྐུར།   ཁོས་རྒྱུན་དུ་མི་ཤེས་པའི་དོན་དག་གང་ཞིག་ཏུ་འཕྲད་ཚེ་གྲོགས་པོ་དེར་སྐད་འཕྲིན་དང་ཁ་པར་ལས་འདྲི་བཞིན་ཡོད།     གྲོགས་དཔྱོད་འཇུག་ནི་ “ར་མགོའི་ནང་གི་མིག་ཚིལ་དང་།   སྒོ་ངའི་ནང་གི་སེར་ཐིག་”ཅེས་པའི་དཔེ་ལྟར་ས་གནས་ཆུང་ཆུང་འདིའི་ཁོར་ཡུག་ཏུ་མིང་གྲགས་ཅུང་ཡོད་པའི་ཤེས་ཡོན་ཅན་དང་རྩོམ་པ་པོར་བགྲང་དུ་རུང་བའི་གྲས་ཤིག་ཡིན།    རིག་པོ་དང་དྲ་མིང་ལ་དཔྱོད་འཇུག་ཏུ་འབོད་པ་ཁོ་གཉིས་ནི་མཐོ་འབྲིང་གི་འཛིན་གྲྭ་གཅིག་པའི་སློབ་གྲོགས་ཡིན།     མཐོ་འབྲིང་གི་ལོ་ངོ་གསུམ་གྱི་རིང་གི་གསེར་ལས་ལྷག་པའི་སློབ་སྦྱོང་གི་དུས་ཚོད་དེ་རིག་པོ་ལ་མཚོན་ན་ཅི་མི་སྙམ་དུ་བཏང་།    རིག་པོ་མཐོ་འབྲིང་དུ་ཐོག་མར་འགྲོ་སྐབས་སུ་གློ་གྲི་རྣོ་ངར་ཅན་གཅིག་དང་།     ལྕགས་འཁོར་ཞེས་འབྲོག་པ་ཚོས་ཁྱི་སོགས་ལ་རྒྱག་བྱེད་ཀྱི་ལྕགས་ཟུར་བཞི་གླིང་བཞི་སྟོད་ཕྲ་ལ་སྨད་སྦོམ་པ།   མིག་ལུང་དུ་རྒྱུན་བུ་རིང་ཐུང་ཅི་རིགས་དྲང་བ་ཅན་དེའི་རིགས་གཅིག་བཟུང་ནས་འཐབ་འཁྲུགས་ཤིག་ཏུ་བུད་པ་ལྟར་ཐོན་ཡོད་ལ།  དཔྱོད་འཇུག་གིས་སློབ་དེབ་མིན་པའི་དཔེ་ཆ་གླིང་སྒྲུང་སོགས་ཁུག་མ་གང་ཁུར་ཏེ་ཕུགས་བསམ་ལ་སྙེག་པའི་རེ་བ་མཐོན་པོ་བཅིངས་ནས་ཐོན་ཡོད།   རིག་པོ་དང་ཁོ་གཉིས་དེ་ལྟར་སློབ་གླིང་གཅིག་དང་མལ་ཁང་གཅིག་གི་ནང་ནས་མཐོ་འབྲིང་གི་ལོ་ངོ་གསུམ་གྱི་རིང་དུ་འཚོ་བ་རོལ་ནའང་།    རིག་པོས་ལྕགས་འཁོར་དང་གྲི་ཡིས་ལག་ཆ་བཀོལ་ནས་སློབ་གྲྭའི་ནང་སློབ་གྲོགས་སྐོར་ཞིག་དང་།    ཕྱི་ན་ཡོད་པའི་སྤྱི་ཚོགས་ནག་པོ་སོགས་གང་མང་ཞིག་ལ་རྡུང་རེས་བརྒྱབ་སྟེ་ཅུང་མིན་ན་སློབ་གླིང་ནས་ཕྱིར་ཕུད་བཏང་སོང་།  སྐབས་དེ་དག་ཏུ་དཔྱོད་འཇུག་སོགས་སློབ་གྲོགས་བཟང་བོ་སྐོར་ཞིག་གིས་སློབ་གྲྭའི་མགོ་ཁྲིད་སོགས་ལ་ཞུ་བ་གང་མར་འཐེན་ཏེ་སློབ་མཐར་ཕྱིན་པ་ཙམ་བྱུང་།    དཔྱོད་འཇུག་ནི་དེ་ལས་ལྡོག་སྟེ་དཔེ་དེབ་ཀྱི་ལག་ཆ་བཀོལ་ནས་རིག་གནས་རྒྱ་མཚོའི་འཇིངས་ལ་བརྩོན་པའི་དཔུང་ཤུགས་བསྐྱེད་དེ།    འཇིག་རྟེན་བླང་དོར་གྱི་རྣམ་བཞག་མི་ཉུང་བ་ཞིག་ཀླད་པར་བསྐྱིལ་ནས་སློབ་མཐར་ཕྱིན།    རིག་པོ་དང་རིག་པོ་ལྟ་བུའི་སློབ་གྲོགས་ཚོ་རང་རང་གི་ཡུལ་དུ་ལོག་ནས་ཐབས་དང་བཀོད་པ་གང་མང་འཐེན་དེ་རྒྱལ་ཁབ་ཀྱི་ཟླ་ཕོགས་ཟ་བའི་ལས་ཁུངས་ངན་ངོན་རེའི་ནང་དུ་འཚང་ཐབས་བྱས།     དཔྱོད་འཇུག་ལྟ་བུའི་སློབ་གྲོགས་རེ་གཉིས་ཤིག་རྒྱ་མཚོ་ཆུ་ཡིས་མི་ངོམ་པ་བཞིན་མུ་མཐུད་དུ་སློབ་གྲྭ་ཆེན་མོར་རྒྱུགས་སྤྲད་ཅིང་ཡང་བསྐྱར་རང་དབང་གི་ཁོར་ཡུག་དང་།    སྤྲོ་སྣང་གི་སེམས་ཁམས།       ཤེས་བྱ་ཡི་དྲི་ངད་སོགས་སྔར་ལས་ལྷག་ཅིང་།    སྔར་ལས་སྐྱིད་པའི་སློབ་ཆེན་གྱི་སྒོ་ཐེམ་བརྒལ།  

               ༢

རིག་པོ་སྐྱེས་ནས་ཟླ་གསུམ་ཙམ་གྱི་དུས་སུ་ཨ་ཕ་རྟས་དྲུད་དེ་བསད་སོང་།    སྤྱིར་རིག་པོའི་ཨ་མ་ནི་ཕྱི་ཕྲུག་སྟེ་ཕ་ཡུལ་གྱི་ཟེར་སྟངས་ན་ཕ་འདི་ཡིན་ཟེར་བའི་གསལ་བོ་ཞིག་མེད་པའི་ཨ་ཡེ་མོང་སྐོར་ཞིག་གི་བུ་རུ་སྐྱེས་པས།    རྒྱུ་ལག་ས་ཤིན་ཏུ་ཞན་པའི་ཁྱིམ་ཚང་ཐབས་སྡུག་ཅིག་ཡིན།   འཇིག་རྟེན་གཏམ་དཔེར།   “མུ་གེའི་ཁར་ཟླ་ལྷག” ཅེས་པའི་དཔེ་ལྟར་ཁོ་ཚང་ལ་རྐྱེན་ངན་དེ་འདྲ་ཞིག་མགོ་ཐོག་ཏུ་བབས་པས་མ་སྨད་ཚོའི་འབྱོར་བ་སྔར་ལས་ཞན་ཞིང་།    སྡེ་མིས་འཕྱ་སྨོད་དང་།  དམའ་འབེབས་སོགས་ཀྱི་གནོན་ཤུགས་ཀྱི་འོག་ནས་རིག་པོ་ལག་ཆགས་སུ་བཅུག་པ་ཡིན་པས་ཁྱིམ་ཚང་གཞན་གྱི་ཨ་མ་དག་ལས་ལྡབ་མང་བོའི་དཀའ་སྡུག་་རབ་དང་རིམ་པ་ཞིག་མྱངས་ཡོད་པ་སྨོས་ཅི་དགོས།    ལྷག་པར་དུ་རིག་པོ་ལོ་གཅིག་ཙམ་ནས་ཕོ་བ་བཤལ་བའི་འཆམ་ནད་ཅིག་གིས་བཟུང་བས།   ཨ་མས་ཁོ་རང་ཁུར་དེ་གཡག་རྒན་རྒྱ་ཐོ་ཞོན་ནས་དགོན་པའི་ནང་གི་བླ་མ་སྔགས་གཏོང་མཁན་དེའི་མདུན་དང་།    ཡུལ་ཚོའི་སྨན་ཁང་དུ་སོང་བ་གྲངས་ལས་འདས།   བྱིས་པའི་ཕོ་བ་བཤལ་བའི་ནད་ནི་ནད་གཞན་གང་ལས་ཀྱང་ཐུ་བ་ལྟར་སྣང་སྟེ།    ཉིན་ཞག་མེད་པར་ཕོ་བ་བཤལ་བས་གཅིག་ན་མ་བུ་གཉིས་ཀར་གྱོན་པ་མང་བོ་བརྗེ་རྒྱུ་མེད་པ་དང་།   གཉིས་ན་སྒོ་ཕྱི་ནང་གཉིས་ཀྱི་ལས་ཀ་ཡོད་ཚད་དང་བུ་ཕྲུག་ནད་གཡོག་སོགས་ཚར་དུ་མེད་པའི་ལས་དག་གིས་གྱོན་པ་སོགས་བཀྲུ་བཤལ་མང་བོ་བྱེད་མི་ཐུབ་པས་ན།    སྨན་པ་ཚོ་དང་བླ་མའི་མདུན་གྱི་གྲྭ་བ་སོགས་ཀྱིས་བཟོད་དུ་མེད་པར་ལག་པས་སྣ་འགེབ་དགོས་པའི་དྲི་བཙོག་གིས་ཁྱབ་འགྲོ་བའི་ཚད་དུ་ཡོད།   དེ་ལྟར་དཀའ་སྡུག་གི་ལོ་ཟླའི་ཕྲེང་བའི་ཁྲོད་ནས་རིག་པོ་སློབ་གྲྭར་བསྐྱལ་ཏེ་མཐར་རྒྱལ་ཁབ་ཀྱི་ཟླ་ཕོགས་མཛོ་མོ་བཞོ་བཞོ་བྱེད་ཐུབ་པ་ཞིག་ཏུ་བཏང་བ་ནི་དྲིན་ཆེན་ཨ་མའི་བཀའ་དྲིན་ཡིན་པ་སྨོས་ག་ལ་དགོས།    ཡིན་ནའང་རིག་པོ་ཕོ་ལོ་སུམ་ཅུར་བུད་རགས་བར་དུ་ཨ་མར་སེམས་ཞིབ་མོས་ཉིན་གཅིག་ལ་ཞབས་ཞུ་ཞིག་གམ།    ཨ་མས་རང་གི་དོན་དུ་མྱངས་པའི་དཀའ་སྡུག་ལ་བཀའ་དྲིན་ཞུ་བའི་སྐད་ཆ་ཞིབ་མོ་ཞིག་ཀྱང་སྨྲ་ཐུབ་མེད།   རྒྱ་ནག་གི་གཏམ་དཔེ་ཞིག་ཏུ། “རང་ལ་བུ་ཕྲུག་ཡོད་ཚེ་ད་གཟོད་ཕ་མའི་གཅེས་སེམས་རྟོགས།” ཞེས་པ་ལྟར་རིག་པོར་སྙིང་དུ་སྡུག་པའི་བུ་ཕྲུག་ཅིག་སྐྱེས་རྗེས་ད་གཟོད་ཁོས་རང་གི་ཨ་མའི་བཀའ་དྲིན་ལ་བསམ་བློ་རགས་ཙམ་གཏོང་མགོ་བརྩམས་པ་ཙམ་རེད།

གཟའ་ཉི་མའི་སྔ་དྲོར་རིག་པོས་གྲོགས་དཔྱོད་འཇུག་ལ་སྐད་འཕྲིན་དུ། “སྔ་མོ་བདེ་ལེགས།   ད་ལྟ་ཁྱེད་རང་ཁྱིམ་དུ་ཨེ་ཡོད།    ང་ལ་དོན་དག་ཕྲན་ཙམ་ཡོད་པས་ཁྱོད་ཀྱི་སར་གཅིག་ཡོང་དགོས་འདུག” དཔྱོད་འཇུག་གིས་ཐེངས་འདིའི་གཟའ་ཉི་མའི་ཉིན་<<སྤང་ལྗོངས་ཀྱི་མིག་ཆུ།>>ཞེས་པའི་སྒྲུང་འབྲིང་དེའི་མཇུག་སྐྱོང་འཆར་གྱིས་ཞོགས་པའི་ཆུ་ཚོད་དྲུག་པ་ནས་ལངས་སྟེ།    གློག་ཀླད་དུ་མཛུབ་མོས་འཁྱུག་འགྲོས་བསྒྱུར་བཞིན་ཡོད།    སྤྱིར་དེ་རིང་ནི་སྐད་འཕྲིན་གྱི་སྒོ་གཏན་འཆར་ཡིན་མོད།    བརྗེད་སོང་བས་ཁ་པར་དུ་ཟུར་སྒྲ་དང་བཅས་སྐད་བརྡ་ཞིག་ཐོན།     དེ་ནི་གཞན་མ་ཡིན་པར་རང་གི་གྲོགས་པོ་རིག་པོ་རེད།    སྤྱིར་དེ་རིང་མི་སུ་དང་སུ་ལའང་འབྲེལ་འདྲིས་བྱེད་འདོད་མེད་མོད།    གྲོགས་པོར་རྫུན་སྨྲ་བ་ནི་འོས་པ་མིན་པས།  “སྔ་མོ་བདེ་ལེགས།    ཤོག་དང་ཁྱིམ་དུ་ཡོད།    འོན་ཀྱང་དུས་ཚོད་མང་བོ་མི་ཁོམ།” ཞེས་བསྐུར།    རིག་པོ་དེ་མ་ཐག་ཏུ་སྒོར་བུད་དེ་ཐད་ཀར་དཔྱོད་འཇུག་ཚང་ལ་བུད་སོང་།      རིག་པོས་དཔྱོད་འཇུག་ནི་ཟ་མ་ཟ་སྐབས་དང་ངལ་གསོ་ཕྲན་བུ་རེའི་སྐབས་མ་གཏོགས་མགྲོན་ཁྱིམ་དུ་མི་སྡོད་པར་ཁང་མིག་ཅིག་ཏུ་འཛུལ་ནས་ནམ་ཡང་དཔེ་ཆ་ཞིག་གི་ཀློང་ནས་ཅི་ཞིག་མ་རྙེད་པ་ལྟར་ཡོད་པ་ཤེས། དེ་རིང་ཡང་དེ་ལས་མ་འདས་སྟེ།   དཔྱོད་འཇུག་གི་བཟའ་ཟླས་མགྲོན་ཁྱིམ་དུ་བརྙན་འཕྲིན་ལ་བལྟ་ཞོར་དུ་ཁྱིམ་ལས་ལས་ཀྱིན་ཡོད་པ་དང་ལོ་ངོ་དགུ་ཅན་གྱི་བུ་ཕྲུག་གིས་འཕྲུལ་ཆས་ཀྱི་མི་ཆེན་པོ་ཞིག་གཏོར་ནས་རྩེད་མོ་རྩེ་གིན་འདུག    རིག་པོས་ཇ་མ་འཐུང་བར་ཐད་ཀར་དཔྱོད་འཇུག་ཡོད་སའི་ཁང་མིག་ཏུ་འཛུལ།    ཁང་མིག་དེའི་སྒེའུ་ཁུང་ཕུད་ངོས་གཞན་ཡོད་ཚད་དཔེ་སྟེགས་ཡིན་ཞིང་གློག་ཀླད་ཅིག་ཕུད་ཁང་མིག་དེར་དཔེ་ཆ་ལས་གཞན་པའི་ཅ་ལག་གཅིག་ཀྱང་མཐོང་དུ་མེད།  རིག་པོ་དཔེ་ཆ་ཟེར་ན་མགོ་ན་བའི་རིགས་ཡིན་པས།     དཔྱོད་འཇུག་གི་ཁྱིམ་དུ་འཛུལ་ཐེངས་རེར་སེམས་པར་ཅི་ཞིག་གིས་མནན་པ་ལྟར་ལྗིད་དིག་གེར་བཏང་འགྲོ།    ཡིན་ནའང་རང་གིས་ཅི་ཞིག་མ་ཤེས་པར་དཔྱོད་འཇུག་ལ་འདྲི་ཐེངས་རེར་ཁོ་དང་ཁང་མིག་འདི་ལ་ཡིད་སྨོན་ཡང་སྐྱེ།      “ཡ་མ་བོས་མགྲོན་པོ་བདེ་མོ་ཡིན་ནམ།    བཞུགས་བཞུགས།” དཔྱོད་འཇུག་གིས་ཀུ་རེ་དང་བཅས་རིག་པོ་སྡོད་དུ་བཅུག    “བོས་པའི་མགྲོན་པོ་མིང་ཆེ།    མ་བོས་མགྲོན་པོ་གལ་ཆེ་ཟེར་བ་མིན་ནམ།    མགྲོན་པོ་གལ་ཆེན་ལ་མགྲོན་ཡག་པོ་རྒྱོབ་བ།   ཧ་ཧ།” “ཡིན་ཡང་མགྲོན་དུ་འོང་ཐེངས་མང་ན་སུན་གི” “ཧ་ཧ་ཧ།”  “ཧ་ཧ་ཧ།”   “ཁྱོད་ལ་འདིའི་ནང་དུ་མགྲོན་རྒྱག་བྱེད་ཅིག་གང་ན་ཡོད།    ཡོད་ཚད་ཤོག་ལོབ་ཏག་ཏག་ལས་གང་ཡང་མི་འདུག་པས།” “ཁ་ལ་ཟ་འཐུང་ཙམ་ནི་མགྲོན་བྱེད་ཚུལ་གྱི་ཐ་མ་རེད།     ངས་ཁྱོད་ལ་ཤོག་ལོབ་དག་ལས་བོར་བ་དང་འཕྲོག་ཏུ་མེད་པའི་བསམ་བློའི་ཟས་མཆོག་ཅིག་གིས་མགྲོན་བྱེད།”  “རྒད་པོས་ཟ་མ་ཁ་ནས་མི་བོར་བ་ལས་རིག་གནས་ཀླད་པ་ལས་བོར་འགྲོ་ཐལ་གོ” “རང་ལ་འདི་འདྲའི་སྨོད་པ་གཏོང་བའམ་དམན་སར་འཕང་ན།    རང་གིས་མགོ་ལ་རང་གིས་གཅིན་བཏང་བ་རེད།    བདག་ཅག་གི་སྟོན་པས་ཀྱང་།   ངས་ནི་ཁྱོད་ལ་ཐར་བའི་ལམ་བསྟན་གྱི། །    ཐར་བ་རང་ལ་རག་ལས་ཤེས་པར་གྱིས།།   ཞེས་གསུངས་ཡོད་པ་མིན་ནམ།    ཧུ་ཧུ།”  “ཡ་ཡ་དེས་ན་དེ་རིང་ནས་བསམ་བློ་རྙིང་བ་བཅོས་བསྒྱུར་དགོས་རྒྱུ་རེད།    ཧ་ཧ།”  ཁོ་གཉིས་ཀྱིས་དེ་ལྟར་ཕན་ཚུན་ཀུ་རེ་དང་དག་མ་འདྲེས་མའི་སྐད་ཆ་འགའ་བཤད་དེ་གྲོགས་པོའི་དུང་སེམས་བསྟན། 

               ༣

རིག་པོ་དང་དཔྱོད་འཇུག་གཉིས་ཀ་གྲོགས་པོ་ཡིན་ཕྱིར་ཁོ་གཉིས་ཀྱི་བར་དུ་སྐད་ཆ་ཅི་ཞིག་བཤད་ཆོག་ཆོག་ཡིན་མོད།     དཔྱོད་འཇུག་ནམ་ཡང་ཇ་ཁང་ཆང་ཁང་དུ་འགྲོ་བར་མི་དགའ་ལ།   ལྷག་པར་དུ་སྒྲིག་ཤྭ་དང་ཤོག་གྲ་སོགས་ནི་དེ་བས་མི་རྩེ་བར།    དུས་ཚོད་སྟོང་ཟད་དུ་གཏོང་བའི་རྣམ་གཡེང་བག་མེད་ཀྱི་སྐད་ཆའང་མང་བོ་མི་ལབ།   གྲོགས་པོའི་བྱ་སྤྱོད་འདི་རིགས་ལ་རིག་པོས་ཀྱང་བརྩི་བཀུར་ཡག་པོ་བྱེད་པས།    དཔྱོད་འཇུག་ཡོད་སར་རྒྱུན་དུ་མི་འགྲོ་ལ།    དོན་དག་རེ་ཡོད་ཚེ་སོང་ནའང་དོན་དག་དེ་བསྒྲུབ་ཚར་རྗེས་ཁ་བརྡ་ལབ་ལོབ་མི་བྱེད་པར་དེ་འཕྲལ་དུ་བུད་འགྲོ།    དེའི་ཕྱིར་དེ་རིང་ཡང་རིག་པོ་དཔྱོད་འཇུག་ཡོད་སར་འོང་བའི་དོན་དག་དངོས་སུ་གླེང་མགོ་བརྩམས།   “དེ་རིང་ང་ལ་མ་ཡུམ་དུས་ཆེན་གྱི་བྱུང་བ་སོགས་གཅིག་ཤོད་རོགས།” རིག་པོའི་གདོང་ལ་གཟབ་ནན་གྱི་ཉམས་ཤིག་མངོན་ཏེ་བཤད།   “གློ་བུར་ཨ་མའི་བཀའ་དྲིན་དྲན་པ་མིན་ནམ།  ཧུ་ཧུ” ཞེས་ཀུ་རེ་ཤིག་དང་བཅས་མཐུད་དེ། “ཁྱོད་ཀྱི་དྲི་བ་འདི་ཟེར་ན་ཆོག་འདི་འདྲི་འདོད་ཀྱི་བསམ་པ་དེ་ཤིན་ཏུ་ཡག་པོ་རེད།    ང་ཚོའི་མི་མང་བོ་ཞིག་གི་དྲིན་ཆེན་གྱི་ཕ་མ་དགུང་ལོ་བརྒྱད་ཅུའི་བགྲེས་སོང་ཆགས་ནའང་ཕ་མའི་དུས་ཆེན་ཙམ་ཡང་མི་ཤེས་པའམ་སྣང་མེད་དུ་འཇོག་གིན་པ་ལ་ལྟོས་དང་།      ངོ་མ་བུ་ཕྲུག་འདི་ཚོ་དུད་འགྲོའི་ཅུང་གསོན་ཞིག་ལས་མི་འདུག       ཨོ་རེད།    མ་ཡུམ་དུས་ཆེན་གྱི་ཐོག་མའི་འབྱུང་ཁུངས་ནི།   ཐོག་མར་འཛམ་གླིང་གི་གནའ་བོའི་ཤེས་རིག་དར་བའི་རྒྱལ་ཁབ་བཞིའི་ཡ་གྱལ།      གནའ་བོའི་ཞི་ལ་རྒྱལ་ཁབ་ཏུ་དར་བ་ཡིན།    དེ་རྗེས་སུ་དུས་རབས་ཉི་བའི་སྟོད་དུ་ཨ་རིའི་རྒྱལ་ཁབ་དུ་དར་ཞིང་ལོ་རེའི་སྤྱི་ཟླ་ལྔ་བའི་གཟའ་འཁོར་གཉིས་པའི་གཟའ་ཉི་མའི་ཉིན་ལ་གཏན་ཁེལ་བྱས།   རིམ་བཞིན་ཁ་ན་དྲ་དང་།    རྒྱ་གར།    ཀྲུང་གོ་སོགས་སུ་དར།    རྒྱལ་ཁབ་གཞན་དང་གཞན་པ་ལའང་དུས་ཆེན་འདི་དར་ཡོད་མོད་རེ་རེའི་དུས་ཚོད་མི་འདྲ།   དེ་བས་དུས་ཆེན་འདིའི་ཉིན་མོར་ཕྱི་ལ་སོང་ཡོད་མེད་གཉིས་ཀྱི་བུ་ཕྲུག་དག་གིས་རང་རང་གི་མ་ཡུམ་ལ་ལེགས་སྐྱེས་ཕུལ་ཏེ་མ་ཡུམ་གྱི་དྲིན་ལ་ཕྱིར་རྟོག་བྱེད་པའི་སྲོལ་ཆགས།”  ཞེས་བཤད་པ་ན།   རིག་པོས་མགོ་ལྕོག་ལྡེམ་ལྡེམ་བྱེད་ཀྱིན་“ཨོ་རེད་རེད།” ཟེར།    དཔྱོད་འཇུག་གིས་མུ་མཐུད་དུ་ “གོང་དུ་གླེང་བ་ནི་སྤྱིར་མ་ཡུམ་དུས་ཆེན་གྱི་བྱུང་བ་རགས་ཙམ་ཞིག་རེད།    ད་དུང་དེའི་སྐོར་ལ་ཤེས་དགོས་རྒྱུ་མང་བོ་འདུག་མོད་དེ་རིང་འདི་ཙམ་གྱིས་ཆོག་པར་བྱ།    ད་ནི་རང་རེའི་བོད་མི་རིགས་ཀྱི་རིག་གནས་ཀྱི་ཁྲོད་དུ་མ་ཡུམ་གྱི་དྲིན་ལན་འཇལ་བའི་སྲོལ་རྒྱུན་གང་ཡོད་དང་།    དུས་རབས་གསར་བའི་མ་བུའི་འབྲེལ་བ་སོགས་ལ་བསམ་གཞིག་དགོས་ས་སྐོར་ཞིག་ཡོད་པའི་ནང་ནས་ཉུང་བསྡུས་ཤིག་གླེང་ན།     གདོད་མའི་མ་རྒྱུད་སྤྱི་ཚོགས་ནས་རང་གི་ཨ་མར་བརྩི་བཀུར་དྲིན་གཟོ་བྱེད་པའི་སྲོལ་བཟང་ཡོད་པའི་སྟེང་དུ་སངས་རྒྱས་ཆོས་ལུགས་དར་བའི་ཁྲོད་ནས་སྔར་ལས་ཀྱང་བྱམས་ལྡན་ཕ་མ་གཙུག་ཏུ་བཀུར་དགོས་པའི་སྐོར་ལ།    སེམས་ཅན་ཐམས་ཅད་ཕ་མ་མ་གྱུར་བ་གཅིག་ཀྱང་མེད་ལ།     ཕ་མར་གྱུར་བའི་དུས་སུ་ནི་རང་གི་སྲོག་ལས་ཀྱང་གཅེས་པར་བསྐྱངས་ནས་འོང་བ་ཏག་ཏག་ཡིན་པ་རྒྱུ་མཚན་བྱས་ནས་སྲོག་ལྡན་ཡོད་ཚད་བྱམས་པས་སྐྱོང་དགོས་པར་བསྟན་པ་དང་།    བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་གྱིས་ཀྱང་ཡུམ་གྱི་དྲིན་ལན་གསབ་ཕྱིར་སུམ་ཅུ་རྩ་གསུམ་གྱི་ལྷ་ཡུལ་དུ་བྱོན་ནས་ཆོས་གསུངས།   བུས་ཕྲག་པ་གཡས་གཡོན་གཉིས་སུ་ཕ་མ་གཉིས་ཁུར་ཏེ་ས་ཆེན་པོ་ལ་བསྐོར་བ་བྱེད་པ་ཙམ་གྱི་ཞབས་ཏོག་བསྒྲུབས་ཀྱང་ཕ་མའི་དྲིན་ལན་མི་འཁོར་བར་གསུངས་པ་སོགས་རྒྱ་ཆེན་གསུངས་ཡོད་པ་དང་གསུངས་པ་ཙམ་གྱིས་མི་ཚད་ལག་ལེན་དངོས་ཀྱི་སྟེང་ནས་ཀྱང་།   དཔེར་ན་སྔོན་ཆད་ཁྱིམ་ཚང་ཞིག་ལ་འཚོ་བའི་ཐད་དཀའ་ངལ་ཅི་འདྲ་ཡོད་ནའང་།  ཕ་མར་ཟས་གང་ཞིམ་སྦྱིན་པ་གོས་གང་དྲོ་བསྐོན་པའི་དཔེ་ཡོད་པ་ནི་ང་ཚོའི་མེས་པོ་དག་གི་སྤྱོད་པ་ལས་ཤེས་པ་མ་ཡིན་ནམ།  སྔོན་ཆད་རང་གི་ཨ་མ་ཞ་ལོང་དུ་གྱུར་ནས་ས་སྒྱེ་ལྟ་བུར་གྱུར་སྐབས་རྒྱབ་ལ་ཁུར་ནས་ཟླ་བ་མང་བོའི་རིང་དུ་སྟོད་ཉི་མ་ལྷ་སར་ཇོ་བོར་མཇལ་དུ་ཕྱིན་པའི་ལོ་རྒྱུས་དང་།    ཕ་མ་འདས་རྗེས་སུ་རུས་པ་བཟུང་ནས་མདོ་དབུས་ཁམས་གསུམ་གྱི་གནས་ཆེན་དག་མཇལ་ཏེ་སྐྱེ་བ་ཕྱི་མར་བདེ་འགྲོ་ཐོབ་པའི་སྨོན་ལམ་རྒྱག་པ་ལྟ་བུའི་མཚོན་ཕ་མར་དྲིན་ལན་འཇལ་བའི་སྲོལ་ཤིན་ཏུ་བཟང་བོ་ཡོད་པ་རེད།     འོན་ཏེ་ད་ལྟ་སྲོལ་བཟང་དེ་དག་ལ་གས་ཆག་ཇི་རིགས་འབྱུང་གིན་འདུག་པ་ནི་བྱམས་སྙིང་རྗེ་ལྡན་པའི་མི་རིགས་ཤིག་ལ་མཚོན་ན་ངོ་གནོང་དགོས་པའི་དོན་དག་ཅིག་ག་ལ་མིན།    ལྷག་པར་དུ་ད་ལྟའི་ལས་བྱེད་དག་གི་ནང་དུ་རང་གིས་ཟླ་ཕོགས་མཛོ་མོ་འཇོ་འཇོ་བྱས་ཏེ་སྡོད་ཁང་སྐྱིད་པོ་དང་གྱོན་པ་ཡག་པོ།    ཟ་མ་སྤུས་ལེགས་ཟོས་ནས་ཕ་མ་ལོན་ཚོར་ལོ་གཅིག་གི་ནང་གི་ཉིན་གཅིག་པ་སྟེ་མ་ཡུམ་དུས་ཆེན་དུ་ཁ་ཡག་སྐམ་པོའི་སྨོན་ཚིག་བརྒྱུད་བསྐུར་རེ་དང་།    ཉིན་དེར་ལེགས་སྐྱེས་ཞེས་ཅ་ལག་ཙག་ཙིག་རེ་ཉོས་ཏེ་ཡིད་མགུ་བ་ལྟར་བྱེད་པ་ནི་ཧ་ཅང་སྐྱོ་བའི་གནས་ཤིག་རེད།      དེ་ལས་མ་ཡུམ་ལ་དྲིན་ལན་འཇལ་རྒྱུ་ནི་ལོ་ཟླ་དང་ཉི་མ་གང་རུང་ཞིག་གིས་འཐུས་པ་ཞིག་གང་ནས་ཡིན།     འབྱུང་བ་རྒུད་པའི་མ་ཡུན་དྲིན་ཆེན་རང་གི་རྩིབ་ཏུ་བསུས་ནས་ནམ་ཡང་ཞབས་ཞུ་ལེགས་པོ་དགོས་པས་ངས་བལྟས་ན་ཞག་སྐོར་སུམ་བརྒྱ་དྲུག་ཅུ་བོ་མ་ཡུམ་དུས་ཆེན་དུ་བརྩིས་ན་འགྲིག་སྙམ།”  ཞེས་གཟབ་ནན་གྱིས་བཤད་པ་ན།    རིག་པོ་སེམས་འགུལ་ཐེབས་སྟེ།    རང་གིས་མ་ཡུམ་དྲིན་ཆེན་ལ་ད་ལྟའི་བར་དུ་ཞབས་ཞུ་ཡག་པོ་ཞིག་མ་ཐེངས་བའི་སེམས་བྱུང་དེས་མིག་ཟུང་ལ་མཆུ་མ་འཁྱིལ།    “གྲོགས་པོའི་བཤད་པ་དངོས་གནས་བདེན་འདུག     ངས་སང་ཉིན་ནས་བཟུང་སྟེ་མ་རྒན་རང་གི་ཁྱིམ་དུ་བསུས་ནས་ཚེ་སྨད་ལ་དྲིན་ལན་ཡག་པོ་ཞིག་འཇལ་རྒྱུ་ཁས་ལེན་བྱས་པ་ཡིན།”   “ཏིར་ཏིར།    ཏིར་ཏིར།” རིག་པོས་སྐད་ཆ་བཤད་མཚམས་དེར་གློ་ཁུག་གི་ཁ་པར་གློ་བུར་དུ་གྲགས།    “ཝེ།”   “ཁྱོད་རིག་པོ་ཨེ་ཡིན།”      “ཡིན།”    “ཁྱོད་ཀྱི་ཨ་མ་འདས་སོང་བས་མྱུར་དུ་ཤོག”  རིག་པོ་མྱུར་དུ་ལངས་སྟེ་སྒོར་རྒྱུག་ཞོར།  “ཨ།   ཨ།    ཨ་དཀོན་མཆོག་གསུམ་པོ།”    དཔྱོད་འཇུག་གིས་ཅི་ཡིན་འདི་ཡིན་ཧ་མ་གོ་བར་རིག་པོའི་རྗེས་སུ་སྒོར་རྒྱུག་སྟེ།    “ཨ་རོགས།    ག་རེ་བྱས་སོང་།    ག་རེ་བྱས་སོང་།”   ཞེས་བསྟུད་མར་བོས་ཀྱང་རིག་པོ་སྨྱོས་པ་ལྟར་རྒྱ་སྒོར་བུད་དེ་སྲང་ལམ་དུ་བརྒྱུག་སོང་།    རྫོང་མཁར་གྱི་སྲང་ལམ་དུ་རྡུལ་འཚུབ་སྐྱ་བོ་ཞིག་གིས་འགྱིག་ཁུག་དང་ཤོག་བུ་སོགས་གད་སྙིགས་དག་ཧྲག་ཧྲག་གིས་ཕར་དེད་ཚུར་དེད་བྱེད་ཀྱིན་འདུག་ལ།     མཁའ་དབྱིངས་ན་ཉི་མའི་འོད་སྣང་མེད་པར་སྤྲིན་ནག་སྟུག་པོ་རིམ་པ་དུ་མས་ཡོངས་སུ་བསྒྲིབས་འདུག

                            ༢༠༡༤  ༦ པའི་ནང་ཕ་ཡུལ་དུ་གྲུབ། 

                                                                       རྩོམ་སྒྲིག་འགན་ཁུར་བ། སྐྱ་བོ། 

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང) 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁང་སར་ཚེ་དབང་རིག་འཛིན་གྱི་བརྩམས་སྒྲུང་གསར་བ། མ་ཡུམ་དུས་ཆེན།

2016-02-23 ཁང་སར་ཚེ་དབང་རིག་འཛིན། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།