མདེའུ་གཅིག་གིས་བསད་པ།
རླུང་བུ་ཤུར་ཤུར་གཡུག་པའི་སྟོན་ཁ་ཞིག་ལ་མཐོ་རྒྱུགས་ཁྲོད་ཕམ་པའི་ཨ་མགོན་ནི་ཨ་ཞང་གཞུང་ཞབས་པ་ཞིག་ཡོད་པ་དེས་ཐག་བཅད་ལྟར། ནན་ཅིང་དམག་དོན་སློབ་གྲྭ་ལ་སེམས་ཉབ་ཉོབ་ཀྱིས་ཁེངས་ཞོར་ལམ་ལ་ཆས། མེ་འཁོར་ནི་མདུན་ནས་མདུན་དུ་བསྐྱོད་ཀྱང་མཐོ་རྒྱུགས་ཀྱི་གཡུལ་ས་ནས་སྨིན་མ་ཐུབ་པའི་རང་གི་ཕུགས་བསམ་ལ་འཁྲེང་སེམས་སྐྱེ་ཞོར་མིག་ཆུ་ལྡོག་པོ་འགའ་པང་ལ་བཟུང་བའི་དཔེ་ཁུག་ནག་པོ་དེའི་སྟེང་ལ་ཐིམ་སོང་།ད་དུང་ཨ་མགོན་གྱི་སེམས་སུ་མི་ལོ་ཉི་ཤུ་ཙམ་ལ་མྱངས་ཤིང་བརྒྱུད་ཡོང་བའི་བོད་ཀྱི་སློབ་གསོ་དང་རིག་གནས།སྤྱི་ཚོགས་སོགས་ལ་ད་ནི་ང་གཞི་ནས་ཁ་གྱེས་སོང་ངམ།མ་རེད།དམག་དོན་སློབ་གྲྭ་ནས་མཐར་ཕྱིན་ན་ཕྱིར་ཕ་ཡུལ་ལ་ཡོང་ནས་ཡུལ་མི་རྣམས་ལ་ཁྲིམས་ལུགས་སྐོར་གྱི་ཞབས་ཞུ་བསྒྲུབ་ཆོག་ཅེས་སྙམ་སྟེ་སེམས་སུ་མང་པོ་མང་པོ་ཞིག་སྤྲིན་ལྟར་འཁྲིགས་ནས།བོད་ཡུལ་གྱི་རི་བོ་དང་རྩྭ་ཐང་།གཙང་བོ་དང་ཟོག་ཁྱུ་མང་པོ་སྒེའུ་ཁུང་ལས་རེ་རེ་བཞིན་བསྐྱུར་ཏེ་བུད་སོང་།
ལོ་ངོ་མདུན་ཙམ་འགོར་སོང་།ཨ་མགོན་གྱི་ཨ་ཕ་གཡང་སྐྱབས་ཀྱིས་དེའུ་འབུར་ཞིག་གི་ལོགས་སུ་ལུ་གུ་ཞིག་མཆན་ལ་བཙུར་ནས།དོར་མའི་འདབས་ཁ་རློན་པར་བཏང་ལ་སློག་པའི་གོང་ཁ་ཕྱིར་ལ་རྫོགས་ནས་ཙག་བསེར་བུ་ནི།གྲོག་ཤུར་ལྟ་བུའི་ཐོད་པའི་གཉེར་རིས་ཀྱིས་འགོག་གིན།རེ་སྒུག་གི་མིག་ཟུང་སྐྱ་བོས་རྡེའུ་དཀར་ཉག་ཁ་ལ་ཡང་དང་ཡང་དུ་ལྟ་བཞིན་འདུག་ལ།ཨ་མ་ལྷ་སྒྲོན་གྱིས་ཀྱང་ཨོང་བ་སྒྱེ་མོ་གང་ཁུར་ཏེ་དགྱེ་ཙམ་དགྱེ་ཙམ་གྱིས་ཕྱིར་ལྟ་རེ་བྱས་ནས་སྦྲ་ནང་དུ་འཛུལ་ནས་སྦྲའི་ཁ་ཚུབ་ལས་དུ་བ་སྔོ་ལོག་གེར་བཏང་སོང་།
"གཡང་སྐྱབས། སང་ཉིན་ཁྱོད་རྫོང་ཐོག་ལ་འགྲོ་ན་ལུག་ཤ་རྐང་ཡུས་ཤིག་ཨ་པ་ལྕགས་རྡོ་(ཨ་མགོན་དམག་ལ་འགྲོ་རུ་འཇུག་པའི་གཞུང་ཞབས་པ)ལ་བྱིན་ཏེ།ཞོར་དུ་ཨ་མགོན་ལ་ཁ་པར་ཞིག་གཏོང་དུ་ཆུགས།མདང་དགོང་ངའི་རྨི་ལམ་དུ་ཨ་མགོན་ཐོན་པ་ཞིག་རྨིས་ཐལ་"ཞེས་ཨ་མ་ལྷ་སྒྲོན་གྱིས་ངུ་ངག་འདྲེས་མ་ཞིག་གིས་དེ་ལྟར་བཤད་ཞོར་འོ་ཇ་དཀར་ཡོལ་གང་ཕར་ལ་ཕྱིན།ཨ་ཁུ་གཡང་སྐྱབས་ཀྱིས་སྔོ་དོ་ཉུང་ཙམ་ལག་མཐིལ་དུ་བླུགས་ནས་ཤོག་ཁུག་ཏུ་གཅུད་དེ་ཧུར་གྱིས་འཐེན་ཞོར་"ཡ་ཡ།ངས་བསམ་ནའང་།ཨ་མགོན་འདི་ཕར་ཆེར་ཐོན་ས་ཡོད།སང་ཉིན་ངས་ལྕགས་རྡོར་འདྲི་ཡག་ཅིག་བྱེད་"ཅེས་ཟེར་ནས་ཇ་ལ་ཧུབ་འགའ་བྱས་ཏེ་བསྡད།
ཟླ་གཉིས་ཀྱི་རྗེས་སུ།ཨ་མགོན་གཞི་ནས་དམག་དོན་སློབ་གྲྭ་དེ་རུ་མཐར་ཕྱིན་ནས་ཕྱིར་ཕ་ཡུལ་གྱི་བཙོན་སྲུང་ལས་གནས་ཤིག་ན་བྱ་བ་སྒྲུབ་ཀྱིན་ཡོད་ལ།ལོ་ངོ་བཞི་ལ་ཤ་འདྲེས་པགས་འདྲེས་བྱས་ཡོང་བའི་དགའ་རོགས་རྒྱ་མོ་ལིས་ནཱ་(李娜)ཡང་ཁོ་དང་མཉམ་དུ་རྫོང་དེ་རུ་ལས་བགོས་བྱས་ཡོད།
ཡུལ་མི་ཚོས་བཤད་ན་ཨ་མགོན་དངོས་ནས་འགྱུར་འདུག་ཟེར།རྒྱ་སྐད་མ་གཏོགས་བོད་སྐད་འུ་ཐུག་ན་མ་གཏོགས་མི་བཤད་ལ།སྔོན་ཆད་མཐོ་འབྲིང་བར་དུ་བོད་ཀྱི་སློབ་གསོ་མྱངས་བ་དང་བོད་ཀྱི་རིག་གནས་སྦྱངས་བའི་བག་ཆགས་ཙམ་ཡང་ཕར་བལྟས་ཚོད་ཀྱིས་མེད་ཚོད་རེད།ཤ་ཉེ་དང་གཉེན་ཉེ་སུ་ལའང་ཁ་ཡ་མི་བྱེད་ལ།སྔོན་གྱི་གྲོགས་པོ་དག་ལ་དེ་མར་འཕྲད་ནའང་ངོ་མི་ཤེས་ཁུལ་བྱས་ཏེ་བུད་འགྲོ ཡིན་ནའང་།ཨ་མགོན་གྱི་སེམས་སུ་བསྐལ་བ་ཇི་སྲིད་བར་དུ་རྡོ་རིང་བཞིན་བརྟན་ཞིང་བརླིང་བ་ནི་ཕ་ཡུལ་གྱི་མི་རྣམས་མིན་ལ་བོད་སྐད་བོད་ཡིག་དེ་བས་ཀྱང་མིན་པར།དེ་ནི་བརྩེ་དུང་གི་ཨ་ལོང་གཅིག་ཏུ་སྦྲེལ་བའི་རྒྱ་མོ་ལིས་ནཱ་གཅིག་པུ་ཡིན་པས།ཨ་ཕ་གཡང་སྐྱབས་དང་ཨ་མ་ལྷ་སྒྲོན་གཉིས་ཀྱི་སེམས་ཐོག་ལ་ཆུ་འཁྱག་ལྡུགས་བྱེད་ཀྱང་ཤ་རུས་རིགས་རུས་མི་གཅིག་པའི་རྒྱ་མོ་ལིས་ནཱ་ཁྲིད་ཡོང་བ་མ་ཡིན་ནམ།
ཤ་རྩ་དཀར་ལ་མིག་མདངས་དྭངས་བ།སྐྲ་སྲབ་ལ་གཟུགས་དྲང་བའི་ཨ་མགོན་གྱིས་བོའུ་ཐུང་ཞིག་དཔྱི་མགོར་བཅིངས་ནས་གཞུང་ལས་ཁང་ན་ཡིག་ཆ་ཞིག་སློག་གིན་འདུག གློ་རྡེག་ཏུ་ཁ་པར་ཐོན་བྱུང་།རྒྱ་ལི་ཞིག་གིས་རྒྱ་སྐད་ཀྱིས་"ལིས་ནཱ་ཡི་མཁྲིས་བ་ན་ནས་སྨན་ཁང་དུ་བླངས་ཡོད་པས།མྱུར་དུ་གཤགས་བཅོས་བྱེད་དགོས་"ཞེས་བྲེལ་འཚུབ་ཀྱིས་བཤད་མ་ཐག ཨ་མགོན་གྱི་སེམས་སུ་ལིས་ནཱ་ལ་མཁྲིས་རྡོ་ཡོད་པ་དྲན་ནས་སྙིང་ཁ་ཚ་བེར་བེར་ངང་སྨན་ཁང་དུ་བརྒྱུག
ཨ་མགོན་ཐོན་དུས་ལིས་ནཱ་ཡི་ངོ་གདོང་སེར་ཐག་ཏུ་ཆད་འདུག་ལ་མིག་མདངས་ཀྱང་སེར་པོར་གྱུར་འདུག ཀྲུང་གོའི་སྨན་ཁང་གི་སྒྲིག་ལམ་ནི་སྔོན་ལ་ནད་པའི་སྨན་རིན་སྤྲད་ཚེ་ད་གཟོད་ནད་པར་སྨན་བཅོས་བྱེད་པ་ཞིག་ཡིན་པས་སྨན་རིན་མ་སྤྲད་ཚེ་ནད་པ་ཅི་འདྲ་ཚབ་ཆེ་ནའང་ཁ་ཡ་མི་བྱེད།དེ་བས།ཨ་མགོན་དང་རྒྱ་མོ་ལིས་ནཱ་གཉིས་ཀྱི་ཟླ་ཕོགས་ཀྱང་ལེན་རན་དུ་ཐོན་མེད་ལ།ཨ་མགོན་ལག་གི་སྒོར་གཉིས་སྟོང་ལྷག་ཙམ་ཡོད་པ་དེས་མི་འདང་བའང་སྨན་པས་གསལ་བོར་བཤད།ཡིན་ནའང་།ཨ་མགོན་གྱིས་ལིས་ནཱ་ཡི་མདངས་ཤོར་བའི་མིག་ཟུང་དང་ཉམས་ཤོར་བའི་ལུས་པོ་ལ་ལྟ་ཞོར་སེམས་པ་སྡུག་གི་སྨུག་པས་གཡོས་ཞིང་མིག་མཐའ་སྐྱོ་གདུང་གི་མཆི་མས་བརླན་ཏེ།སྨན་ཁང་གི་ཀྲོའུ་རིན་ཡིང་ཧེ་(杨海)ལ་"ཁྱོད་ཚོས་ལིས་ནཱ་ལ་སྨན་བཅོས་བྱོས་དང་།སྒོར་མོ་ཅི་ཙམ་དགོས་ཀྱང་དུས་ཚོད་གཉིས་ཀྱི་རྗེས་སུ་ངས་རང་གི་ཁྲག་བཙོང་དགོས་ཀྱང་སྒོར་མོ་སྐར་མ་གང་མ་ལུས་པར་སྤྲོད་ཁོ་ཐག་ཡིན།སྔོན་ལ་ཁྱོད་ཚོས་ངའི་སྙིང་དང་འདྲ་བའི་བུ་མོ་ལིས་ནཱ་ལ་སྨན་བཅོས་བྱེད་རོགས་"ཞེས་པུས་མོ་ས་ལ་བཙུགས་ནས་ཞུ་བ་བྱས།ཀྲོའུ་རིན་གྱིས་"སྔོན་ལ་སྒོར་མོ་སྤྲད་ནས་རྗེས་ནས་ནད་པར་སྨན་བཅོས་བྱེད་པ་ནི་ང་ཚོའི་སྨན་ཁང་གི་རྩ་དོན་ཡིན་ལ་ཀྲུང་གོ་རྒྱལ་ཁབ་ཀྱི་སྨན་ཁང་སོ་སོའི་རྩ་དོན་ཀྱང་ཡིན།ཁྱོད་དམག་མི་ཞིག་གིས་དེ་ཙམ་གྱི་རྒྱུན་ཤེས་ཀྱང་མི་ཤེས་བ་འུ་རེད་"ཅེས་ངར་རར་རྫིག་རྫིག་གིས་བཤད།
སྐབས་དེར།སྨན་གཡོག་མ་ཞིག་མདའ་འཕངས་བ་ལྟར་ཀྲོའུ་རིན་གྱི་གཞུང་ལས་ཁང་ནང་དུ་ཐོན་ཏེ།འཚབ་འཚུབ་ཀྱིས་"ཀྲོའུ་རིན།ཀྲོའུ་རིན།ནད་ཁང་ཨང་བཞི་བའི་ནང་གི་ནད་པ་ལིས་ནཱ་ཟེར་བ་དེ་ཤི་ཐལ་"ཞེས་བཤད་མ་ཐག ཨ་མགོན་གྱིས་ཞེ་སྡང་དང་ན་ཟུག གདུང་བ་དང་ཁྲོ་བ།ཡི་ཆད་དང་མིག་ཆུ་སོགས་མཉམ་གཅིག་ཏུ་གཡོས་ནས།ཐེ་ཚོམ་དང་ཞེད་སྣང་སྤུ་ཙམ་ཡང་མེད་པར་སྐེད་པར་བཅིངས་བའི་བོའུ་ཐུང་བླངས་ཏེ་མདེའུ་གཅིག་གིས་ཀྲོའུ་རིན་བསད་སོང་།
རླུང་དམར་འུར་འུར་གཡུག་པའི་ཕྱི་དྲོ་དེར་ཨ་མགོན་གྱིས་མིག་ཆུ་ཤམ་ཤམ་དུ་གཏོར་གྱིན་ཤི་ཟིན་པའི་བུ་མོ་ལིས་ནཱ་ཡི་ཐོད་པར་འོ་ཞིག་བྱས་རྗེས།དམག་ལྭ་ཕུད་དེ་རེ་ཆད་དང་ཁེར་རྐྱང་གི་ཉམས་ཀྱིས་ཁྲིམས་ཁང་གི་ཕྱོགས་སུ་ཆས་ལ།སྲང་ལམ་གཞན་ཞིག་ན་སྤྱི་བདེ་ཅུའུ་ཡི་ཉེན་བརྡ་གྲག་གིན་འདུག
2015.2.10མཚན་མོར།
རྩོམ་སྒྲིག་འགན་ཁུར་བ། སྐྱ་བོ།
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།