རྔོན་པ་དེ།

                                                              ༡ ༽

ཁོས་མདའ་མོ་དྲུག་དང་གཞུ་མཆོག་ཅིག་ཁུར་སྟེ་ད་ནང་སྔ་མོར་གཡག་གཞུང་རྩྭ་ཐང་ནས་རྔོན་དུ་བུད་སོང་། གཡག་གཞུང་རྩྭ་ཐང་། རེད། གཡག་གཞུང་རྩྭ་ཐང་ནི་ཁོའི་ཕ་ཡུལ་ཡིན་ཞིང་འཇིག་རྟེན་ཡང་ཡིན། ཡང་གཅིག་བཤད་ན་དེ་ནི་སྐམ་ཐན་གྱིས་བཟུང་བའི་བྱེ་ཐང་ཞིག་ཀྱང་ཡིན་ལ། འཇིག་རྟེན་གྱི་གོ་ལ་གང་གི་ངོས་སུ་ཡོད་པ་དེའང་ཤེས་ཐབས་བྲལ།

རེད། ཀློག་པ་པོ་ཁྱེད་ཀྱིས་མིང་འདིའི་ཡོང་ཁུངས་སྐོར་ནས་དོགས་པ་དང་ཤེས་འདོད་ཡོད་ཀྱང་སྲིད། གཡག་གཞུང་རྩྭ་ཐང་ནི་ཁོས་བྱེ་ཐང་འདིར་བཏགས་པའི་རེ་སྨོན་ཞིག་ཡིན་ལ། རེ་སྨོན་གྱི་བསླུ་བྲིད་དེས་ཁོ་ལ་ལུག་ཁྱུ་འཚོལ་བའི་རྨི་ལམ་དག་ཀྱང་ཡོད་པར་གྱུར་ཅིང་། ཉིན་བཞིན་ཉིན་མོའི་དུས་སུ་ཁོས་རི་དྭགས་རྔོན་ཞོར་དུ་ལུག་ཁྱུ་འཚོལ་ཞིང་མཚན་མོ་རེར་བྱེ་ཐང་གི་རྨི་ལམ་ཁྲོད་ནས་ལུག་ཁྱུ་དེ་དག་གཟན་རྩར་འདེད། འོན་ཀྱང་དོན་དངོས་ལུག་ཁྱུ་རྙེད་པའི་སྔ་རོལ་ཏུ་ཁོའི་འཚོ་བའི་རྟེན་ཕུག་ནི་བྱེ་ཐང་གི་རྫོགས་ལ་ཉེ་བའི་རི་དྭགས་དེ་ཚོ་ཡིན་པ་སྨོས་ཅི་དགོས།

ད་ནང་སྔ་མོ་དེར་བྱ་བོ་ཞིག་གི་གྲིབ་མ་བྱེ་ཐང་གི་ལྡེབ་ངོས་སུ་ཡང་ཡང་འཁོར་བཞིན་འདུག་ལ། ཁོས་པས་ཀྱང་ལུག་ཁྱུ་དེ་དག་ལ་ཉེན་ཁ་ཅི་ཞིག་འཕྲད་པ་མིན་ནམ་སྙམ་བཞིན་བྱ་བོའི་གྲིབ་མ་དེ་དེད་དེ་ནས་རྔོན་རྒྱག་ཞོར་དང་ལུག་ཁྱུ་བཙལ་ཞོར་དུ་སོང་ཞིང་ད་དུང་ཡང་ཕྱིར་ལོག་མེད།

ཀློག་མཁན་ལགས། གོ་སྐབས་འདི་དང་བསྟུན་ནས་འུ་ཚོས་ཁོའི་སྐོར་གྱི་དོན་དག་འགའ་རེར་རྒྱུས་ལོན་བྱེད་ཆོག

ལྟོས་དང་། དང་པོ་རས་གུར་རེད། ཁོས་ཕུབ་པའི་རས་གུར་མདུང་མོ་དེ་ནི་བྱེ་ཐང་དུ་ལྷུང་བའི་ཉ་ཕྱིས་ཀྱི་རིགས་ཤིག་དང་འདྲ་ཞིང་། ཁོ་རང་ལོ་ངོ་མང་པོའི་རིང་རས་གུར་མདུང་མོ་འདི་རུ་སྡོད་ཐུབ་པ་ནི་རས་གུར་འདི་ཡི་མཛེས་པ་ཡང་མོ་འདི་ལ་ཞེན་འཛིན་གྱི་སྐུད་པ་ཕྲ་མོ་དེ་ཐོགས་པས་སམ། ཡང་ན་རྒལ་བར་མི་ནུས་པའི་བྱེ་ཐང་གི་མཐའ་རྒྱ་དེ་ཡིས་ཚུར་གཅུན་པ་གང་ཡིན་མི་ཤེས་མོད། གང་ལྟར་རས་གུར་མདུང་མོ་འདི་ནི་ཁོས་དངོས་ཡོད་ཀྱི་རྨི་ལམ་གཏོང་ས་དང་འཁྲུལ་སྣང་གི་རྒྱལ་ཁམས་སྒྲིག་ས་དེའང་ཡིན་ཞིང་། ཉིན་མོ་རེར་རི་དྭགས་ཀྱི་རྨིག་རྗེས་རྔུལ་ནག་གིས་འགེང་བཞིན་མདའ་མོའི་རྣོ་ངར་ལ་རྣམ་ཤེས་ཀྱི་མེ་ཏོག་འདེབས་པ་དང་། ཡང་ཉིན་དེ་དག་གི་མཚན་མོ་རེར་རས་གུར་མདུང་མོ་འདི་རུ་ལོག་སྟེ་ལུག་ཁྱུས་འབའ་དིར་གྱི་རོལ་དབྱངས་ལ་བརྒྱུས་པའི་རྨི་ལམ་གྱི་ཐོབ་ཤོར་མཐའ་དག་འདི་རུ་རྩོད་པར་བྲེལ་དགོས།

འུ་ཚོ་རས་གུར་འདིའི་ནང་དུ་འཛུལ་ནས་བལྟ་ཆོག

ལྟོས། འདི་ན་པགས་པ་དྲིལ་མ་འགའ་ཤས་བཞག་འདུག་ལ་དེ་དག་ནི་ཁོས་བརྔོན་པའི་རི་དྭགས་དང་གཅན་གཟན་གྱི་པགས་རིགས་དག་སྟེ། མཚན་མོར་ཁོས་འདི་དག་ལས་རེ་འགའ་གདན་དུ་བཏིང་ཞིང་ཡང་རེ་འགའ་སྟེང་དུ་གྱོན་ནས་ཉལ་བཞིན་ཡོད། ད་དུང་ཤ་སྐམ་དང་ཆུ་དེམ་སོགས་ཁོས་བསྒྲུབས་པའི་འཚོ་བའི་ཉེར་མཁོའི་ཅ་དངོས་ཙག་ཙིག་དེ་དག་ནི་པགས་པ་ཞིག་ཏུ་དྲིལ་ནས་རས་གུར་གྱི་ཕུག་ཏུ་བཞག་འདུག་ལ། ད་དུང་པགས་དྲིལ་གཞན་ཞིག་འདུག་པ་དེ་ནི་བྱེ་གསེག་གི་ཁྲོད་ནས་ཅུང་ཙམ་ལས་མི་མངོན་པར་ནང་དུ་སྦས་འདུག འདི་ནི་རྩ་ཆེན་ཞིག་ཡིན་པ་འདྲ་བས་ད་ལྟ་འུ་ཚོས་སློག་མི་རུང་།

འུ་ཚོ་སྒོ་ཁར་གཅིག་འབུད་དང་ཁོ་ཐོན་བཞིན་མེད་དམ།

རས་གུར་མདུང་མོ་འདིའི་མཐའ་འཁོར་གྱི་བྱེ་གསེག་ཁྲོད་ན་ཀོང་བུ་ཆུང་ཆུང་རེ་ཕབ་ཡོད་པ་དེ་དག་ནི་ཁོའི་རྐང་རྗེས་ཡིན་པ་དང་། རྐང་རྗེས་ཀྱི་ཕྱོགས་ཀུན་ནི་མཐའ་མི་མངོན་པའི་བྱེ་ཐང་དང་བྱེ་ཐང་གི་ཁྲོད་དུ་སྐྱེས་མྱོང་བའི་སྤོ་ཐོ་ཐར་ཐོར་དག་རེད། སྤོ་ཐོ་དེ་དག་གི་སྟེང་དུ་རྩྭ་སྐྱ་རྒོད་པོ་འགའ་རེའང་ཐར་ཐོར་གྱིས་སྐྱེས་འདུག་ལ། དེ་དག་ནི་ཚ་བ་དང་སྐམས་ཐན་གྱིས་ཡོངས་སུ་མནན་ཏེ་འགུལ་ཀྱང་མི་ནུས་པར་གདའ།

ཝེ་ཝེ། སླར་ཡང་བྱ་བོ་ཞིག་གི་གྲིབ་མ་རས་གུར་མདུང་མོ་འདི་སྟེང་དུ་ཕོག་ཙམ་བྱས་བྱུང་། ད་ནི་ཕལ་ཆེར་ཁོ་རང་ཡང་ཕྱིར་ལོག་ཕེབས་བྱེད་ཀྱིན་ཡོད་ངེས། ལྟོས་དང་། ལྷོད་ཀྱིས་ཆགས་པའི་བྱེ་ཐང་གི་རྒྱང་མ་ནས་རི་མོ་ཞིག་དལ་གྱིས་འགུལ་བྱུང་། སྨིག་རྒྱུ་མག་མོག་དེའི་རླབས་ཀྱི་གཡོ་འཁྱོམ་དེ་ཡང་རི་མོ་དང་བསྡོངས་ནས་ལམ་ལམ་འགུལ་བཞིན་འདུག་ལ། འགུལ་བཞིན་འགུལ་བཞིན་སྨིག་རྒྱུའི་གསེབ་ཀྱི་ནག་ཐིག་གི་རི་མོ་ཆུང་ཆུང་དེའང་ཅུང་ཟད་ཆུང་དུ་འགྲོ་བཞིན་པའམ་ཡང་ན་ཆེ་རུ་འགྲོ་ཡིན་འདུག མདོར་ན་རི་མོ་དེ་ཁོ་ཡིན་ཐག་ཆོད་རེད།

ཁོ་རང་འདི་ན་ཐོན་རག་བར་དུ་ངས་ཁྱེད་ལ་གཏམ་རྒྱུད་ཐུང་ཐུང་ཞིག་འཆད་དགོས་འདུག

དེ་ནི་འདི་འདྲ་ཞིག་རེད། མི་ཞིག་སྤྱི་ལོ༢༠༡༥ཡི་ཟླ་བ༨པའི་ཚེས་པ༣ཉིན་གྱི་སྔ་དྲོའི་དུས་ཚོད༡༠དང་སྐར་མ༣༠ཞེས་པའི་སྦྱར་བྱང་བཀལ་བའི་རླངས་འཁོར་འབབ་ཚུགས་དེ་ནས་རླངས་འཁོར་ཞིག་ལ་གླ་བཏང་ནས་ལྷ་སར་བསྐྱོད། ཁོ་ལ་མཚོན་ན་ཐེངས་འདིའི་འགྲུལ་བཞུད་ནི་ལམ་ཐག་རིང་ཤོས་ཀྱི་འགྲུལ་བཞུད་ཅིག་སྟེ། འགྲུལ་བཞུད་དེ་ནི་ཡུན་རིང་ཞིག་ལ་ཁོའི་སེམས་ཀྱི་བར་སྣང་དུ་ལྡིང་སྐོར་རྒྱག་པའི་རྒོད་པོ་ཇི་བཞིན་ནམ་ཡང་ཐང་དུ་འབབ་པར་མི་བྱེད། འོན་ཀྱང་རང་ཉིད་གང་དུ་འགྲོ་དགོས་པ་དང་ཅི་ཞིག་རྙེད་ན་དོན་བྱ་འགྲུབ་འགྲོ་བ་སོགས་ཁོ་ལའང་གསལ་པོ་ཞིག་གཏན་ནས་ཤོད་དུ་མེད། དེ་བས་ཁོའི་དམིགས་ཡུལ་ལྷ་ས་རེད་ཅེས་བརྗོད་དགོས་ན་ཐག་གཅོད་བྱེད་པ་ཅུང་སྔ་དྲགས་པ་འདྲ།

གང་ལྟར་ཁོ་རང་ཟི་ལིང་ནས་ལམ་དུ་ཆས།

ཁོ་རང་ལམ་དུ་ཆས་དུས་ནི་སྔ་དྲོ་ཞིག་ཡིན་ལ་སྐབས་དེར་ཉི་འོད་ཀྱང་རབ་ཏུ་གསལ། ཟི་ལིང་གྲོང་ཁྱེར་གྱི་མི་ཚོགས་དང་རླངས་འཁོར་གྱི་འདུ་འགོད་སྐྱ་ཟིང་པོ་དེའང་ཡུལ་གྱི་བར་ཐག་ཅིག་གིས་ཕྱི་རུ་བསྐྱུར་ཏེ། ཁོ་དང་ཕྱོགས་ཀྱི་འགྲུལ་པ་མི་འདྲ་བ་བཞི་བཅས་ལམ་དུ་བསྐྱོད་ཅིང་དུས་ཚོད་ཀྱང་གང་མཚམས་ཤིག་འགོར་བའི་དུས་དེར། རླངས་འཁོར་ནང་གི་འགྲུལ་པ་དག་ཀྱང་དུབ་སྣང་ཞིག་གིས་ཡོངས་སུ་མནན་ཏེ་ཁ་ལོ་པ་ལས་གཞན་པ་མཐའ་དག་གཉིད་ཀྱིས་ར་རོ་བར་གྱུར།

ཅུང་རྒྱང་མ་ནས་བལྟས་ན་རླངས་འཁོར་ནི་ཐང་སྟོང་ཞིག་ནས་སྲན་རིལ་ཆུང་ཆུང་ཞིག་འགྲིལ་བཞིན་པ་དང་འདྲ་ཞིང་། ལྟ་ཡག་མ་བྱས་ན་མིག་གི་ཡུལ་ནས་ཀྱང་འབོར་གྲབ་བྱེད། ངོ་མ་རང་བྱུང་གི་ཁམས་ཆེན་མོ་འདིའི་རྔམས་ཟིལ་དང་བརྟན་བརླིང་གི་ངོས་ནས་བཅལ་ན། ཚེ་སྲོག་ལྡན་ཉམ་ཆུང་གི་འགྲུལ་པ་འདི་དག་ནི་ཅི་འདྲའི་ཉམ་ཆུང་ཞིང་ཉག་ཕྲ་བ་ཞིག་རེད་ཨང་།

“ཝེ། ཨ་རོགས་ཚོ། གཅིན་གཏོང་དགོས་མཁན་སུ་ཨེ་ཡོད། ཡོད་ན་བོབ་ཡ།”

“ཨཱ་་་་  འདི་གང་ན་རེད། ད་ཅི་ཙམ་འགྲོ་དགོས་སམ།”

“ད་ངས་ཀྱང་གསལ་པོ་ཞིག་ཐག་ཆོད་ཀྱིན་མི་འདུག་སྟེ། ཕལ་ཆེར་ཨ་ཆེན་བྱང་ཐང་ཡིན་པ་འདྲ། ད་རུང་ཐག་རིང་བ་རེད།”

ཅི་ཡིན་ནམ། འགྲུལ་པ་བཞི་དང་ཁོ། ད་དུང་རླངས་འཁོར་ཁ་ལོ་པ་བཅས་མི་དྲུག་པོ་སྔ་ཕྱི་དང་བཅས་ཏེ་རླངས་འཁོར་གྱི་སྒོར་བུད་པ་ན། ཨ་ཆེན་བྱང་ཐང་ཡིན་སྲིད་ཟེར་བའི་ས་ཆ་འདི་ནི་སྨུག་པ་མཐུག་པོ་ཞིག་གིས་ཡོངས་སུ་གཡོགས་ཏེ་རྒྱང་ཐག་མཐོང་བར་ཚད་བཀག་ངེས་ཅན་ཞིག་བཟོས་ཏེ་འདུག

“ཁ་ལོ་པ། ཨ་ཆེན་བྱང་ཐང་ན་སྨུག་པ་འདི་འདྲ་སྐྲག་པོ་ནམ་རྒྱུན་འཐིབ་བཞིན་ཡོད་པ་རེད་དམ།”

མི་ཞིག་གིས་ཁམས་སྐད་ཀྱིས་དེ་ལྟར་དྲིས།

“མེད། ནམ་རྒྱུན་འདི་འདྲ་ཡོད་པ་མ་རེད། འོན་ཀྱང་དེ་རིང་ཡ་མཚན་ཞིག་རེད།”

ཁ་ལོ་པས་དེ་སྐད་ཀྱིས་ལན་བཏབ། སྐད་ཆ་དེ་ཐོས་པ་དང་ཁོའི་སེམས་སུའང་འཇིགས་སྐྲག་དང་འདྲེས་མའི་དྲི་བ་ཞིག་ཡིད་ལ་འཁོར་ཡོང་སྟེ། འདི་ནི་རང་ཡུལ་གྱི་སྐྱེས་ལྷ་དམག་དཔོན་དབྱི་རྒྱལ་གྱིས་རང་ཉིད་ལ་གདོང་གྲོགས་བྱས་པ་ཞིག་ཡིན་ནམ། ཡང་ན་སྲིན་པོ་གཡུ་རྔོག་གི་ཆོ་འཕྲུལ་ཞིག་ཡིན། རང་གི་བུས་ཟེར་ན། སྲིན་པོ་གཡུ་རྔོག་ནི་སྒྲུང་གཏམ་ཁྲོད་ཀྱི་མི་སྣ་ཞིག་ཡིན་པ་ལས་དོན་ངོ་མར་དེ་འདྲ་ཞིག་མེད་རབས་ཟེར། དེས་ན་ཕལ་ཆེར་དམག་དཔོན་དབྱི་རྒྱལ་གྱི་གདོང་གྲོགས་བྱས་པ་ཡིན་རྒྱུ་རེད། ཨེ། གལ་ཏེ་དེ་ལྟར་མིན་པར། ངོ་མ་སྲིན་པོ་གཡུ་རྔོག་གི་ཆོ་འཕྲུལ་འདྲ་ཡིན་ཚེ་ཅི་ཞིག་བྱ་ཨང་སྙམ་མོད། ཁོ་རང་མདུན་དུ་འགྲོ་བའི་འདུན་པ་ནི་ཤུགས་ཇེ་དྲག་ཏུ་སོང་།

“ཨོ། དཀོན་མཆོག་གིས་མཁྱེན། ངས་ད་ནང་བསང་ཞིག་ཀྱང་འཕུད་མ་ཐུབ། ལམ་བར་ནས་བགེགས་བར་ཆད་འདྲ་མི་ཡོང་བར་ཤོག”

མི་ཞིག་གིས་ཀྱང་གློ་བུར་དུ་དེ་ལྟར་བཤད་བྱུང་ལ། ཁོས་མི་དེར་གཅིག་ལྟ་དུས་རལ་པ་ཅུང་ཙམ་བསོགས་འདུག་པའི་འབྲོག་པ་རྒས་ཁྲེབ་ཅིག་ཡིན་པ་མཐོང་ཞིང་། དེའང་སྣང་ཚུལ་འདིས་ཅུང་མགོ་འཐོམ་བྱུང་ཡོད་པ་འདྲ།

དེ་ནས་ཁོ་ཚོ་སླར་ཡང་ལམ་དུ་བསྐྱོད། ད་ནི་སུ་ལའང་གཉིད་མ་བྱུང་། སོང་གིན་སོང་གིན་ཁ་ལོ་པ་ཡང་ཅུང་ཐེ་ཚོམ་གྱི་རྒྱ་རུ་ཚུད་པར་གྱུར།

སོང་ནས་དུས་ཚོད་གང་མཚམས་ཤིག་འགོར་བ་ན་ཁ་ལོ་པ་ཡང་མགོ་འཐོམ་དྲགས་ཏེ་རླངས་འཁོར་མུ་མཐུད་དུ་འགྲོ་མཚམས་བཞག་བྱུང་།

“ཨ་རོགས་ཚོ། འུ་ཚོ་ལམ་ནོར་ཐེབས་པ་མ་ཡིན་ནམ།”

“ཡུམ་ཤེས་ན། ཁ་ལོ་དྲིན་ཅན་པོ། ཁྱོད་ཅིག་འཕྱུགས་སོང་དུས་ཚར་སོང་བ་རེད། འུ་ཚོ་དབུས་ན་ཐོན་པ་ཕར་ཞོག ཕྱིར་ལྡོག་པའི་ལམ་ཞིག་ཀྱང་རྙེད་རྒྱུ་མ་རེད་ཡ།”

ཨ་མདོའི་འགྲུལ་པ་ཞིག་ནས།

“ཨ་ཇོ་འཇིགས་མ་སྐུལ་དང་། ང་ཅུང་ཞད་ཀྱིན་འདུག”

མོ་ནི་དབུས་ནས་ཡིན་པ་འདྲ།

རླངས་འཁོར་ནང་གི་འགྲུལ་པ་དེ་དག་ཀྱང་ཅུང་དངངས་སོང་། ཁོ་ཚོ་རེ་རེ་ནི་འཆི་བདག་གི་ཞགས་པ་ཐེབས་པའི་ཉམ་ཆུང་བའི་ཚེ་སྲོག་གི་བྱ་སྤུ་རེ་རེ་དང་འདྲ་བར་མཐོང་སྣང་གི་གཟུགས་རིས་རེ་རེ་ཡིས་ཀྱང་སྒུལ་བར་བྱེད་དོ།།

“ད་འུ་ཚོ་འདི་ལྟར་སྔོན་དུ་སོང་ན་ཉེ་ཁ་ཆེ། ཨ་ཆེན་བྱང་ཐང་ན་འབྲོང་ཁྱུ་མང་། ད་དུང་སྤྱང་ཁྱུ་ཡང་རབ་ཏུ་མང་། དེ་བས་་་”

ད་ནི་ཉམས་མྱོང་ཅན་གྱི་ཁ་ལོ་པས་ཀྱང་རྡར་སྐད་ཤོར་སོང་།

“མིན། ཅིས་ཀྱང་འུ་ཚོ་མདུན་དུ་བསྐྱོད་དགོས།”

                                                                 ༢ ༽

ཁོ་རང་རས་གུར་གྱི་འགྲམ་དུ་བསླེབས་པ་དང་བྱེ་ཐང་གི་ཉི་མ་དེའང་ཐང་གཞུང་གི་ཕར་སྣེ་ནས་དལ་བུར་བྱེ་གསེག་གི་ཁྲོད་དུ་ནུབ་ཀྱིན་འདུག ཉི་མ་དེ་བྱེ་གསེག་གི་ཁྲོད་དུ་ནུབ་ཀྱིན་པའི་རྣམ་པ་ནི་གསེར་གྱི་ལྷུན་པོ་འདྲ་བའི་སྐྱེས་ཆེན་ཞིག་དག་ཞིང་གི་སྒོ་གླེགས་ལ་འཇུས་པ་དང་འདྲ་ཞིང་། འཇིགས་སྐྲག་དང་དོགས་སྣང་མང་པོ་ཞིག་ཀྱང་བྱེ་ཐང་གི་ཤར་མཐའ་ནས་རྔམས་སྟབས་ཀྱིས་ཚུར་མཆོང་འོང་གིན་འདུག ཁོས་ཀྱང་བྱང་ཆ་དོད་པོས་ངང་དེ་རིང་རྙེད་པའི་ཤིང་དུམ་དང་རུས་དུམ་ཇི་སྙེད་ཅིག་ལྷན་དུ་སྤུངས་སྟེ་མེ་ཕུང་བསྒོངས།

ཉི་མ་ཡོངས་སུ་ནུབ་སོང་། ཉི་མ་ནུབ་པ་དང་མུན་ཡང་རུབ་ཚར་འདུག ཕྱོགས་བཞི་མཚམས་བརྒྱད་ཀྱི་གནས་ཀུན་ནག་འཐིབ་འཐིབ་ཏུ་གྱུར་ཅིང་སྤྱང་ཀིའི་ངུད་མོ་དེ་དག་ཀྱང་སྨག་གསེང་ནས་ཚུར་ཚུར་མཆེད་འོང་། ལྷག་ཏུ་དོ་ནུབ་ཟླ་བ་ཡང་མི་འདུག་ལ་སྤྲིན་པ་སྲབ་མོ་དེས་སྐར་ཚོགས་ཀྱི་འོད་མདངས་གཉོམ་པོ་དེའང་གཡོལ་བར་བྱས་འདུག

འོན་ཀྱང་། བྱེ་ཐང་གི་མཚན་སྨག་ཇི་ལྟར་སྟུག་ཀྱང་ཁོ་ལ་ད་དུང་མེ་ཕུང་ཡོད། ལྷབ་ལྷུབ་ཏུ་འབར་བའི་མེ་ཕུང་ཡོད། རེད། མེ་ཕུང་གི་མེ་ལྕེ་རེ་རེ་མུན་ནག་གི་དགུང་དུ་འཇག་པ་མེད་པར་རང་སྟོབས་ཀྱིས་འཕྱོ་ཞིང་། མེ་འོད་ཀྱིས་བྱེ་ཐང་གི་མཚན་སྨག་སྟུག་པོ་དེར་ནམ་ཡང་འགོག་རྒོར་དང་འཐབ་མོ་བཀྱེ་བཞིན་ཡོད། མདོར་ན་མེ་འོད་ནི་བྱེ་ཐང་འདིར་ལྷག་པའི་ཁོའི་རླབས་ཆེ་བའི་རེ་བ་དང་སྙིང་སྟོབས་དེ་ཡིན་ལ་བྱེ་ཐང་གི་རེ་བ་དང་སྙིང་སྟོབས་དེའང་ཡིན། བྱེ་ཐང་གི་རེ་བ་དང་སྙིང་སྟོབས་འདིས་ཁོ་ལ་དུས་དང་རྣམ་པ་ཀུན་ཏུ་ཡར་ལངས་ནས་ལུག་ཁྱུ་འཚོལ་བའི་སྤོབས་པ་དང་ཆོད་སེམས་སྦྱིན་པར་བྱེད།

ཁོས་ནུབ་ཟས་ཟོས་རྗེས་བྱེ་གསེག་གི་ཁྲོད་དུ་སྦས་པའི་པགས་དྲིལ་དེ་མར་བླངས་ཏེ་ཁ་ཕྱེས་ཤིང་དེའི་ངོས་སུ་སོལ་བས་རི་མོ་མང་པོ་ཕབ།

ཀློག་མཁན་ལགས། ཁྱེད་ཀྱིས་ཁོས་པགས་དྲིལ་དེའི་ངོས་སུ་ཅི་ཞིག་བྲིས་ཡོད་པ་ཤེས་འདོད་དམ། དེའི་ངོས་སུ་ཁོའི་བྱེ་ཐང་གི་དཀའ་སྡུག་ཆེ་བའི་ལོ་ཟླ་དང་འཚོ་བ་བྲིས་ཡོད་ཅིང་། ད་དུང་ཁོའི་རེ་སྙེགས་དང་རྨི་ལམ་དག་ཀྱང་བྲིས་ཡོད། རེད་ཡ། གཏམ་རྒྱུད་ལྟ་བུའི་པགས་དྲིལ་དེའི་ནང་དུ་བྲིས་པའི་ཁོའི་ལོ་རྒྱུས་དེ་དག་མཐོང་ན་མི་སེམས་ལ་མཚར་སྣང་དང་ཡིད་ཆེས་ཀྱི་སྒོ་མོ་མི་འབྱེད་པ་གཏན་ནས་མི་སྲིད།

ཁོས་པགས་དྲིལ་དེའི་ངོས་སུ་རི་མོ་མང་པོ་ཕབ་ཚར་བ་དང་མཉམ་དུ་མདུན་དུ་བསྒོངས་པའི་མེ་ཕུང་དེའང་ཅུང་ཞི་བར་གྱུར་འདུག་ཅིང་། ཅུང་ཞི་བར་གྱུར་པའི་མེ་ཕུང་དེ་ནི་འཇིག་ལ་ཉེ་བའི་བཙན་རྗོང་སྟུག་པོ་ཞིག་དང་འདྲ་ལ། ཁོ་རང་བཙན་རྫོང་དེའི་གཟི་བརྗིད་ཀྱི་ངོགས་ན་འགྲེང་བཞིན་གླུ་དབྱངས་མང་པོ་ཞིག་བླངས་ཀྱང་། སུས་ཀྱང་གོ་ཡིན་མི་འདུག ངོ་མ། ཁོས་ནུབ་ནུབ་བཞིན་ཉལ་ཁར་གླུ་དབྱངས་རེ་སྐད་གསེངས་མཐོན་པོས་བྱེ་ཐང་གི་སྨག་ནག་ལ་གཏད་དེ་ལེན་བཞིན་ཡོད།

ཁོས་གླུ་དབྱངས་བླངས་ཚར་བ་དང་མེ་ཕུང་བསྐྱར་དུ་བསྒོངས་རྗེས་རས་གུར་ནང་དུ་ལོག་ནས་གཉིད་དུ་ཡུར། ཁོ་རང་གཉིད་དུ་ཡུར་བའི་གོ་སྐབས་འདི་དང་བསྟུན་ཏེ་འུ་ཚོས། ཡང་ཁོས་པགས་དྲིལ་གྱི་ནང་དུ་དེ་རིང་གི་

གནས་ཚུལ་ཅི་ཞིག་བཀོད་ཡོད་པར་གཅིག་བལྟ་དང་།

“དེ་རིང་ནི་ཅུང་འཇིགས་སུ་རུང་བའི་དུས་ཚོད་ཅིག་རེད། ད་ནང་སྔ་མོར་ང་རང་ལུག་ཁྱུ་འཚོལ་དུ་སོང་། ལམ་བར་ནས་བྱ་རྒོད་མང་པོ་ཤི་བའི་རོ་མཐོང་ཞིང་། དེའི་ཁྲོད་དུ་ནམ་རྒྱུན་བདག་ལ་ལམ་སྟོན་གནང་མཁན་གྱི་ཐང་སྨུག་དེའང་འདུག་པ་རིག ངས་བྱ་བོ་དེའི་ལུས་སྟེང་གི་སྒྲོ་ཐུར་དྲུག་བླངས་ཏེ་མདའ་དོང་ནང་དུ་བཅུག ཁེ་ཉིན་ཞག་མཐོང་བའི་རི་བོ་དེ་དག་ཀྱང་དེ་རིང་མཐོང་ལམ་དུ་མི་འདུག ཕལ་ཆེར་དེ་དག་རླུང་བུ་ཞིག་དེད་དེ་གནས་གཞན་ཞིག་ཏུ་སྤོས་པ་ཡིན་སྲིད། ད་དུང་ཡང་། ཐང་སྟོང་ཞིག་རང་ནས། ངས་ཡ་མཚན་པའི་ཤེའུ་ཞིག་མཐོང་ཞིང་དེ་མ་ཐག་གཞུ་རྒྱུད་བཀང་སྟེ་མདའ་མོ་ཞིག་ཕྱོགས་དེར་གཏོང་གྲབས་བྱས་པས་ན། གློ་བུར་དུ་ཤེའུའི་ལུས་པོ་བུད་མེད་ཅིག་གི་གཟུགས་སུ་གྱུར་ཅིང་། ཁྱེད་ཀྱིས་ང་རང་མ་གསོད་ཟེར་བཞིན་ཐང་དུ་འགྱེལ་སོང་། ང་རང་ཕྱོགས་དེར་བརྒྱུགས་ནས་བལྟས་པས་བུད་མེད་དེ་ནི་མེ་ཏོག་ཚོམ་བུ་ཞིག་ཏུ་གྱུར་ཅིང་། འདབ་མའི་སྟེང་དུ་དྭངས་ཤིང་བསིལ་བའི་ཆུ་ཐིགས་ཕྲ་མོ་ཞིག་ཀྱང་འཛུམ་འདུག ཨ་ཙི། མེ་ཏོག་དེ་བདག་གིས་ལེན་པར་བརྩམས་པའི་སྐད་ཅིག་མ་དེར། དེ་དང་འདྲ་བའི་མེ་ཏོག་འབུམ་ཕྲག་དུ་མས་ཐང་སྟོང་དེ་གང་བར་བྱས་ཤིང་བདག་གི་མིག་ལམ་ཡང་གང་བར་བྱས་སོང་། ང་རང་མར་སྒུར་ཏེ་བལྟས་པས། མེ་ཏོག་དེ་དག་གི་རྩ་བ་རུལ་མྱག་གིས་ཁེངས་པ་མཐོང་ཞིང་། རུལ་མྱག་གི་གསེང་ནས་སྲིན་བུ་མང་པོ་ཞིག་ཀྱང་ཉིག་ཉིག་གིས་འགུལ་བཞིན་འདུག ཡང་གློ་བུར་དུ་རླུང་བུ་ཞིག་ལྡང་པ་དང་མཉམ་དུ་མེ་ཏོག་དེ་དག་མདངས་དང་དྲི་མ་ངན་པའི་རླངས་གཟུགས་རེ་རེར་གྱུར་ནས་རྒྱང་དུ་སྤུར་སོང་། དེ་རྗེས་ཤུལ་དུ་ལུས་པ་ནི་ཐང་སྟོང་ཁོ་ན་ལས་གང་ཡང་མི་འདུག

ད་དུང་། ད་དུང་ཡང་ཆེས་བཟོད་པར་དཀའ་བ་ཞིག་ནི། ངའི་རྩྭ་ཐང་ལ་སུ་ཞིག་གིས་བཙན་འཛུལ་བྱས་ནས་དེས་ད་དུང་བདག་གི་རྩྭ་ཐང་ལ་བྱེ་ཐང་དུ་འབོད་ཀྱིན་འདུག་པའང་གསལ་ལ་མི་གསལ་ཞིག་གོ་བྱུང་བ་དེའོ།།”

ཀློག་མཁན་ཚོ། ཁོང་ལ་གུས་པ་མཚོན་ཕྱིར་ད་ནས་བདག་གིས་གཡག་གཞུང་རྩྭ་ཐང་དུ་འབོད་པར་བྱེད། འུ་ཚོ་གཡག་གཞུང་རྩྭ་ཐང་དུ་ཐོོན་མེད་ཀྱང་གཡག་གཞུང་རྩྭ་ཐང་གི་གཏམ་རྒྱུད་ཀྱི་ཁྲོད་ནས་མྱུལ་བཞིན་ཡོད་གཤིས་ཁོས་ཀྱང་ཅུང་རབ་རིབ་འདྲ་ཞིག་ཚོར་བཞིན་ཡོད་བཟོ་འདུག

རེད་རེད། ཁོ་ལ་མཚན་མོ་དེར་ནམ་རྒྱུན་དང་འདྲ་བར་རྨི་ལམ་རྨིས། ལུག་ཁྱུ་རྨིས། རྩྭ་ཐང་རྨིས། ནགས་ཚལ་ཡང་རྨིས། དམགས་འཁྲུགས་ཀྱང་རྨིས། ངོ་ཤེས་ལ་ཁད་ལ་མི་ཤེས་པའི་བུད་མེད་དྲུག་ཀྱང་རྨིས། བུད་མེད་དྲུག་དེས་སྐབས་རེར་ཁོ་ལ་སྙིང་ཉེ་བའི་ཚུལ་གྱིས་འཛུམ་ཆུང་རེ་སྟོན་གྱིན་ཡང་ལན་རེར་ཡི་མ་རངས་པའི་ཉམས་ཀྱིས་སྡང་མིག་སྟོན། ཁོས་བུད་མེད་དྲུག་དེ་དང་རང་གི་ལུས་དང་སེམས་ཀྱི་ཆ་ཤས་གང་ཞིག་དང་འབྲེལ་བ་ཡོད་མིན་ནམ་བསམ་ཡང་། འདི་ནི་འདི་དང་དེ་ནི་དེ་ཞེས་ངོས་འཛིན་བྱེད་ཐབས་མ་བྱུང་།

ཞོགས་པ་སྔ་མོ་དེར་ཁོ་རང་གཉིད་ལས་སད། སྤྲིན་པའི་འདུ་འགོད་མྱུར་ཞིང་རླུང་བུ་ཞིག་ཀྱང་གྲང་སིབ་སིབ་ཏུ་འཁྱུག་གིན་འདུག་ལ། དངངས་སྐྲག་གི་དམར་ཟི་འཐུངས་པའི་ཉི་མ་དེའང་བྱེ་ཐང་གི་་་་་་་མ་རེད་མ་རེད། གཡག་གཞུང་བྱང་ཐང་གི་མཁའ་མཐའ་ནས་བྲེལ་འཚུབ་འཚུབ་ཀྱིས་བར་སྣང་དུ་ཡར་བཀྱགས་བྱུང་།

ཁོས་ཞིབ་ཀྱིས་བལྟས་པས། རས་གུར་དང་རྒྱང་མི་རིང་བའི་ས་སྟོང་དེ་དག་ན་བྱ་རྒོད་ཀྱི་རོ་མང་པོ་འདུག་ལ། དེའི་ཁྲོད་དུ་ཁ་སང་རང་ལ་ལམ་སྟོན་གནང་མཁན་གྱི་བྱ་བོ་དེའང་འདུག ད་དུང་། གཡག་གཞུང་རྩྭ་ཐང་ན་རྟུལ་ཕོད་ཀྱིས་འགྲེངས་པའི་རྩྭ་ཐུར་དང་ཤིང་སྐམ་ཧྲག་མོ་དེ་དག་ཀྱང་བྱེ་རླུང་གིས་རྡུང་ཁ་ཡང་ཡང་གཞུས་པས། འགའ་ཞིག་ནི་ཧྲུག་ཆག་ཏུ་བཏང་འདུག་ཅིང་མང་པོ་ཞིག་ནི་བྱེ་གསེག་གིས་མནན་ཚར་འདུག

ཁོས་གྲངས་རླུང་འུར་འུར་དུ་ལྡང་བའི་གསེང་ནས་མེ་ཁ་གསོས། འོན་ཀྱང་མེ་ལ་དྲོད་ཟེར་བ་ཞིག་གཏན་ནས་མི་འདུག་པས་ཤ་སྐམ་དུམ་ཞིག་དང་ཆུ་འཁྱགས་ཁམ་འགའ་འཐུངས་རྗེས་ལམ་དུ་ཆས་པའི་སྟ་གོན་བྱས། སྐབས་དེར་ནམ་མཁའ་ན་ཡར་གཅིག་བལྟས་པས། ཁོའི་མགོ་ཀླད་ནས་བྱ་བོ་ཞིག་འཁོར་ཙམ་བྱས་ཏེ་ཤར་ཕྱོགས་སུ་དྲང་ཐད་ཀྱིས་འཕུར་སོང་།

ནམ་རྒྱུན་ཡིན་ན། བྱ་བོ་ལྷོ་ཕྱོགས་སུ་འཕུར་འགྲོ་མོད་དེ་རིང་གློ་བུར་དུ་ཤར་ཕྱོགས་སུ་འཕུར་སོང་། ཁོས་བྱ་བོ་འཕུར་བའི་ཕྱོགས་དེར་བལྟས་པ་ན། དམག་ལྭ་ཁྲག་གིས་སྦག་པའི་རྐང་དམག་ནད་པ་ཞིག་འདྲ་བའི་ཉི་མ་དེ་མཐོང་བ་དང་ཁོ་ལ་རྣམ་རྟོག་ཚད་མེད་ཅིག་སྐྱེས་ཏེ། དེ་མུར་ཤར་ཕྱོགས་སུ་འགྲོ་བའི་འདུན་པ་མེད་པར་གྱུར། སྐབས་དེར་ཁོས་མདང་དགོང་གི་རྨི་ལམ་ཞིག་དྲན་བྱུང་། དེ་དང་མཉམ་དུ་ནུབ་ཕྱོགས་སུ་བལྟས་པས། སུག་བཞིའི་རྐང་རྗེས་ཤིག་ཀྱང་ཁོའི་རས་གུར་གྱི་ཉེ་འགྲམ་བརྒྱུད་དེ་ཤར་ནས་ནུབ་ཏུ་འཐེན་འདུག མ་རེད། གཅིག་བྱས་ན། ནུབ་ནས་ཤར་དུ་འཐེན་པ་ཡིན་ཡང་སྲིད། ཁོས་ལོ་ངོ་དུ་མའི་རྔོན་པའི་ཉམས་མྱོང་ལས་གནད་དོན་འདི་ཐག་གིས་གཅོད་པར་དཀའ་ཁག་ཅི་ཡང་མེད། རེད། སྲོགས་ཆགས་དེ་ནུབ་ཏུ་སོང་བ་ཁོ་ཐག་རེད་ལ། ད་དུང་སོང་ནས་ཀྱང་མང་པོ་ཞིག་འགོར་མེད་པར་འདྲ།

ཁོས་རྡོག་ཁྲེས་མྱུར་དུ་དྲིལ་ནས་ནུབ་ཏུ་བསྐྱོད་པའི་ལྟ་གོན་བྱས། རས་གུར་བལྟབས་ནས་བགྲིལ། པགས་རིགས་འགའ་ཞིག་གི་ཁུད་དུ་ཆུ་དང་། བྲོ་ཁ་དང་། ཉེར་མཁོ་དག་གཅུས། མདའ་མོ་དྲུག་དང་གཞུ་མཆོག་གཅིག་ཡོད་པ་དེ་གཞོགས་སུ་དྲངས། ད་ནི་ཁུར་པོ་ལྗིད་ཐག་ཆོད་དུ་གྱུར་འདུག་པས་ཡི་གེ་བྲིས་པའི་པགས་དྲིལ་དེ་འཁུར་ཐབས་མི་འདུག དེ་བས་ཁོས་པགས་དྲིལ་དེ་གཡག་གཞུང་རྩྭ་ཐང་གི་བྱེ་གསེང་དུ་སྦས་ཤིང་དེའི་སྟེང་དུ་རྡོ་བ་འགའ་རེ་བརྩིགས་ནས་བཞག

ད་ནི་ཁོ་རང་ལམ་དུ་ཆས་སོང་།

ཁོས་ས་འདི་རང་ཉིད་གཏན་དུ་སྡོད་ས་མིན་པ་དང་པོ་ནས་གོ་ཡང་། འདིར་ལོ་ངོ་དུ་མའི་རིང་གནས་བཅས་ཚར་བས། ད་ལྟ་ཁ་འབྲལ་བའི་སྐབས་སུ་ཞེ་སྨྲེང་པོ་བྱུང་།

ལམ་བར་ནས། གྲང་རླུང་འུར་འུར་དུ་ལྡང་།

ཅུང་ཙམ་ཕྱིན་ནས་ཕྱིར་ལྟས་ཤིག་བྱས་ཀྱང་བྱེ་རླུང་གི་ཁྲོད་ནས་རྒྱང་ཐག་ཅི་ཡང་མི་མཐོང་།

ཁོས་ཁ་རོག་གེར་བསམ་གཞིག་མང་པོ་བྱས།

“རེད། གཞི་བདག་དམག་དཔོན་དབྱི་རྒྱལ་སྤྱང་ཀིར་བླ། འདི་ནི་སྤྱང་ཀིའི་སྡེར་རྗེས་ཡིན་སྲིད།”

གློ་བུར་གྱི་འཆར་སྒོ་དེ་འདྲ་ཞིག་བྱུང་ཞིང་། དེ་དང་མཉམ་དུ། གཏམ་རྒྱུད་ཅིག་དང་འདྲ་བའི་རབ་རིབ་ཀྱི་བྱུང་བ་ཞིག་ཀྱང་དྲན་བྱུང་། འོན་ཀྱང་དེ་ནི་རང་ཉིད་ཀྱིས་བརྒྱུད་ཟིན་པའི་ལོ་ཟླ་ཞིག་ཡིན་ནམ། ཡང་ན་རང་གིས་བློ་བཟོ་བྱས་མྱོང་བའི་འཆར་ཡན་གྱི་རྟོག་སྒྲུང་ཞིག་ཡིན། ཡང་མིན་ན་སྐྱེ་བ་སྔ་མའི་དོན་བྱ་ཞིག་ཡིན་ནམ་རྨི་ལམ་ཞིག་ཡིན་པ་སོགས་གཅིག་ཏུ་ཐག་གཅོད་བྱེད་ཐབས་གཏན་ནས་མི་འདུག་པས་མུ་མཐུད་བསམ་གཞིག་བྱས། དེ་ལས་གཞན་པའི་ལྐོག་གྱུར་གྱི་དོན་བྱ་མང་པོ་ཞིག་ལའང་བསམ་གཞིགས་བྱས།

“ནུབ་ཏུ་སོང་ན་ལུག་ཁྱུ་ཡོད་སྲིད་དམ། རྩྭ་ཐང་ཡང་ཡོད་སྲིད་དམ།”

“ཕལ་ཆེར་ཡོད་སྲིད། ནུབ་ཕྱོགས་སུ་ཤམ་བྷ་ལ་ཡང་ཡོད་སྲིད།”

“…… ……”

                                                               ༣ ༽

ཁོ་ཕྱིར་ལྡོག་པར་མ་འཐད། ཁ་ལོ་པས་ཁོ་ལ་ཕྱིར་ལྡོག་ན་བཟང་བའི་གནས་ལུགས་མང་པོ་སྔགས་འདྲེན་འདྲེན་བྱས་ཀྱང་དོན་གོ་ཅི་ཡང་མ་བྱུང་།

“ཨ་རོགས། མྱི་སྡང་། ད་ཕྱིར་ལྡོག་ན་མ་གཏོགས་སོང་ནས་ཕྱིར་ཡོང་མེད་པ་ཞིག་ཡོང་ཡང་སྲིད།”

ཨ་མདོ་པ་དེས་གཟབ་ནན་གྱིས་ཁོ་ལ་བཤད།

“དེ་རེད། འུ་ཚོ་མིག་ཡོད་བཞིན་དུ་དོང་ནང་མཆོང་དགོས་སྤྱད་ཅི་ཡོད།”

ཁམས་སྐད་བཤད་པའི་མི་དེས་ཀྱང་ཁོ་གོ་བསྐོན་བྱས།

“དེས་ན་ངས་ཁྱོད་ཚོར་འདྲི། འགྲོ་ས་མེད་ན་ལམ་ཡོད་དོན་ཅི་རེད།”

ཁོའི་སྣང་བ་ཞིག་ལ། འདི་ནས་ཕྱིན་ན་རང་ཉིད་བསླེབ་དགོས་སའི་གནས་དེར་སླེབ་ངེས་པ་འདྲ་བའི་ཚོར་བ་འགོག་ཐབས་མེད་པ་ཞིག་སྐྱེས།

“གང་ལྟར། ང་དབུས་ལ་ཐེངས་མང་སོང་ཡང་ལམ་འདི་གཏན་ནས་བརྒྱུད་མྱོང་མེད།”

“གནམ་རྒན་མ། འདི་ཆོ་འཕྲུལ་ཞིག་རེད། ལམ་འདི་རྫུན་མ་རེད། མྱི་སྡང་། ད་ཁྱོས་ཨུ་ཚུགས་མ་བྱེད།”

“ཁྱེད་ཚོར་བདེ་འཇགས་ཡོང་བ་ངས་ཁག་འཁུར། འུ་ཚོ་གཏན་ནས་ཕྱིར་མི་ལྡོག”

ཁོ་ཚོས་ཇི་ལྟར་ཁ་ཏ་གོ་བསྐོན་དང་ཐ་ན་སྡིག་དམོད་སོགས་བྱས་ཀྱང་མཇུག་འབྲས་ནི་ཆུ་ནང་ལ་རྡོ་འཕངས་པའི་དཔེ་རུ་སོང་། མཐར་མི་རྣམས་བྱ་ཐབས་ཟད་དེ་མདུན་དུ་མི་འགྲོ་ཀ་མེད་བྱུང་།

སོང་ནས་དུས་ཚོད་གཅིག་ཡར་མར་ཙམ་འགོར་བ་ན། མུན་ཡང་རུབ་སོང་།

 “ཨ་རོགས་ཚོ། ད་ནི་རླངས་འཁོར་གྱི་སྣུམ་ཡང་ཚར་ཐལ།”

“…… ……”

ཡོད་ཚད་ཁུ་སིམ་མེར་གྱུར།

“འདི་ན་སྡེ་བ་ཨེ་འདུག ཡང་ན་བྱེ་ཐང་ཞིག་རེད་དམ།”

ཅུང་ཙམ་ནས་བགྲེས་པོ་དེ་གཉིད་ལས་སད་པ་ལྟར་དེ་སྐད་འདྲི་ཡང་སུས་ཀྱང་ལན་མ་བཏབ། ལན་འདེབས་དགོས་དོན་ཡང་མེད་དེ་ཚང་མས་སྔ་ས་ནས་ཤེས་ཡོད། འཁང་ར་སྣ་ཚོགས་ཀྱི་ཁྲོད་ནས་ཁོ་ཚོ་རེ་བཞིན་རླངས་འཁོར་ལས་བབས། ཁོ་ཚོ་རེ་རེ་བཞིན་གློག་འོད་མག་མོག་འགྱུ་བའི་རླངས་འཁོར་ལས་སྟོང་སང་སང་གི་མུན་ནག་གི་ཁྲོད་དུ་བབས། ཁོ་ཚོ་མུན་ནག་གི་ཁྲོད་དུ་བབས་པའི་སྐད་ཅིག་མ་དེར་ཟབ་ཅིང་སྟུག་པའི་བྱེ་ཐང་གི་མུན་ནག་དང་ཡོངས་སུ་འདྲེས་པར་གྱུར། ཁོ་ཚོའི་གཡོ་འགུལ་དང་སྐད་སྒྲ་རེ་རེའང་ཧ་ཅང་གསལ་ལྷང་ལྷང་དུ་འབར། དེ་ནས་འཁང་ར་བྱེད་མཁན་ཡང་ཇེ་ཉུང་དུ་གྱུར་ཅིང་། མི་རྣམས་རྒྱང་དུ་འགྱེད་མི་ཕོད་པར་མཉམ་གཅིག་ཏུ་འདུ་བར་བྱེད།

དེ་ནས་ཁོ་ཚོས་བྱེ་ཐང་དེར་མེ་ཕུང་བསྒོངས། ཁོ་ཚོས་བྱེ་ཐང་གི་མཚན་སྨག་ཁྲོད་དུ་མེ་ཕུང་བསྒོངས་པས་མེ་འོད་ཀྱིས་ཁོ་ཚོའི་ཉེ་འཁོར་དག་དང་ངོ་གདོང་སོགས་གསལ་ཅིང་། བྱེ་ཐང་གི་མུན་པ་དེའང་ཅུང་ཕར་ལ་བསྐྱེད་འདུག ཁོ་ཚོ་རེ་རེས་ཀྱང་མེ་ཕུང་གི་མེ་ལྕེ་དང་མེ་སྟག་རེ་རེའི་འགྱུ་འཕྲོ་དག་ལ་གཟབ་ནན་གྱིས་བལྟས་འདུག་པར་བསམ་ན། མེ་ཕུང་དེ་ནི་ཁོ་ཚོ་མི་རེ་རེའི་རེ་ཆད་དང་འཇིག་ཟིལ་གྱི་སྨག་ཁྲོད་དུ་བབས་པའི་འོད་ཟེར་འཕྲོ་བའི་སངས་རྒྱས་རེ་རེ་དང་འདྲ་བར། དེ་ཡི་མཐུ་ལས་སོ་སོར་སྤྱང་གྲུང་དང་ལྡན་པར་གྱུར་ཅིང་རྫི་གསང་རྣོན་པོར་ཆགས་འདུག འོན་ཀྱང་སྐབས་རེར་ཁོ་ཚོས་རང་གི་རྒྱབ་ཕྱོགས་སུ་ཡང་ཡང་བལྟ་སྐབས། རང་གི་གྲིབ་མའི་སྣེ་མོ་ནི་མཐའ་མི་མངོན་པའི་མུན་ནག་དང་ཡོངས་སུ་འབྲེལ་ནས་ཡོད་པར་མཐོང་བས་དངངས་སྐྲག་ཅིག་ཀྱང་ངམ་ངམ་ཤུགས་ཀྱིས་སྐྱེ་བར་བྱེད།

གང་ལྟར་གཅིག་གིས་གཅིག་པོ་ཕྱོགས་གང་ནས་ཡིན་པ་ཧ་མི་གོ་བའི་ཁོ་ཚོ་ཚང་མ་མེ་འོད་ཆུང་ཆུང་དེའི་ངོགས་ནས་གཉེན་མི་ཇི་བཞིན་ཕན་ཚུན་སྙིང་ཉེ་བར་གྱུར་ཅིང་སོ་སོའི་སྐོར་གྱི་དོན་དག་རེ་རེ་བཞིན་ངོ་སྤྲོད་དང་འགྲེལ་བཤད་བྱས། བུད་མེད་དེས་ཁོ་མོ་སྔོན་ཆད་འབྲོག་ཕྱོགས་ཀྱི་རྫི་མོ་ཞིག་ཡིན་པའི་སྐོར་ནས་ལུག་ཁྱུ་དང་རྩྭ་ཐང་། ད་དུང་གྲོང་ཁྱེར་སོགས་ཀྱི་བར་དུ་གླེང་བྱུང་བས། ཁོའི་རྟོག་པའི་རས་ཡོལ་གྱི་ངོས་སུ་ཕ་མཐའ་བྲལ་བའི་རྩྭ་ཐང་དང་ཡིད་དུ་འོངས་པའི་མཚེའུ། ད་དུང་མཚེའུ་དེའི་ངོས་སུ་གཤོག་འགྱུར་གྱིས་རྩེན་པའི་བྱ་ཁྱུ་དང་། བྱ་ཁྱུ་དེའི་གཤོག་པའི་གྲིབ་རིས་ཀྱི་འོག་ན་ལྷོད་ཀྱིས་འཁྱིལ་བའི་ལུག་ཁྱུ་སོགས་རིམ་བཞིན་ཤར་བྱུང་ལ། ཁོའི་སེམས་ཀྱི་གཏིང་ས་ཞིག་ནས་ཀྱང་ཅི་ཞིག་གིས་ཡོམ་ཡོམ་སྒུལ་གྱིན་འདུག དེ་ནས་ཁོས་ཀྱང་རང་གིས་འཚོལ་དགོས་པ་དེ་ལུག་ཁྱུ་ཡིན་པ་དང་བསླེབ་དགོས་ས་དེ་རྩྭ་ཡིན་པ་འདྲ་བའི་ཚོར་བ་སྐྱེས་ཤིང་རང་ཉིད་ཀྱིས་འཚོལ་བའི་ཁ་བྱང་ཡང་དེ་རུ་ཐག་གིས་བཅད།

“ངས་བསམ་ན་འུ་ཚོ་བསླེབ་དགོས་སའི་ས་ཆ་དེ་ཐག་རིང་ཞིག་མིན་ཐག་ཆོད་རེད། འུ་ཚོ་ཕལ་ཆེར་དེའི་ཉེ་འཁོར་ཞིག་ཏུ་བསླེབས་ཡོད་པའི་ཚོར་སྣང་འདུག དེ་བས་འུ་ཚོ་མུ་མཐུད་དུ་སོང་ན་ལུག་ཁྱུ་དང་རྩྭ་ཐང་ཡང་རྙེད་ངེས།”

“ད་ཉིན་མོའི་རྨི་ལམ་མ་གཏོངས། འུ་ཚོ་མདུན་དུ་འགྲོ་འདོད་ཀྱང་སྣུམ་མེད་ན་ཇི་ལྟར་འགྲོ།”

“འོ་ལེ། ང་ནི་སང་ཉིན་ནས་ཕྱིར་ལྡོག་འདོད།”

“ཡ་ཡ། ད་མ་རྩོད། དོ་ནུབ་བརྩད་དང་མ་བརྩད་མཇུག་འབྲས་གཅིག་པ་རེད། སུ་ཡང་གང་དུའང་འགྲོ་མི་ཐུབ། གཏམ་དཔེར། ནམ་གསལ་རིམ་བཞིན་དུ་རི་རིག་ཡོང་། རི་རིག་རིམ་བཞིན་དུ་རི་ངོ་ཤེས་ཡོང་ཟེར་བ་ཡིན། ད་སང་ཉིན་ནམ་ལངས་དུས་ཅི་དགོས་བལྟ་ཡ།”

ཁ་ལོ་པའི་སྐད་ཆ་དེའི་རྗེས་ནས་ཡོད་ཚད་ཁུ་སིམ་མེར་གྱུར།  

“ཡ་ཨ་རོགས། ཁྱོས་འདི་འཐུང་ངམ།”

ཁ་ལོ་པ་དེས་ཁོ་ལ་སྔར་མཐོང་མ་མྱོང་བའི་བཏུང་བ་ཆུང་ཆུང་ཞིག་བསྲིངས་བྱུང་།

“ཅི་ཞིག་རེད། ཚིག་ཇ་ཞིག་ཡིན་ནམ།”

“མ་རེད། ལུས་ལ་དྲོད་རྒྱས་བྱེད་རེད། བྱེ་ཐང་འདི་ཧ་ཅང་གིས་འཁྱགས་པས་ཅུང་ཨེ་ཕན་སྙམ་པ་ཡིན།”

“ཡ་དེས་ན་གཅིག་འཐུང་རྒྱུ་ཡིན།”

ཁོ་ལ་ནུབ་མོ་དེར་རྨི་ལམ་ཡ་མཚན་ཅན་ཁོ་ན་རྨིས་ཤིང་། ལན་རེར་ཁོ་ཚོས་ཁོ་རང་ཐང་སྟོང་འདིར་བསྐྱུར་ནས་རླངས་འཁོར་བཏང་སྟེ་ཕྱིར་ལྡོག་སོང་བ་སོགས་ཀྱང་རྨིས། སྐབས་དེར་ཁོས་སྐད་ཆ་ཅི་ཞིག་འཆད་པར་བརྩམས་དུས་ངག་འབྱིན་མི་ཐུབ་ལ། ཡར་ལངས་ནས་ཁོ་ཚོ་འགོག་པར་བསམ་ཡང་ལུས་པོ་ཧ་ཅང་ལྗིད་པོར་གྱུར་ནས་འགུལ་ཙམ་ཡང་མི་ནུས་པས། ཚོར་བ་དེ་ནི་ངོ་མ་རྩུབ་པོ་ཞིག་རེད།

ཁོ་རང་གཉིད་ལས་སད་དུས་དྲོ་གུང་དུ་བསླེབས་འདུག ཉེ་འགྲམ་ན་མི་སུ་ཡང་མི་འདུག་ཅིང་རྨི་ལམ་དེ་ནང་བཞིན་ཁོ་ལ་རས་གུར་མདུང་མོ་ཞིག་དང་། ཟས་དང་སྐོམ་དང་། ཉེར་མཁོ་འགའ་རེ་བཅས་བསྐྱུར་འདུག་པ་ལས་གཞན། རླངས་འཁོར་དང་མི་ཡི་གྲིབ་མ་ཙམ་ཡང་མཐོང་རྒྱུ་མེད་པར་ཁོ་རང་བྱེ་ཐང་འདིར་ཁེར་རྐྱང་དུ་བསྐྱུར་ནས་བཞུད་ཚར་འདུག ཁོས་འདི་དག་གསལ་པོར་མཐོང་བས་རང་སེམས་ལ་དངངས་སྐྲག་དང་སུན་སྣང་ཕྲ་མོ་ཞིག་ཀྱང་སྐྱེ་འགོ་ཚུགས། འོན་ཀྱང་ཁོར་ཕྱིར་ལོག་འདོད་ཀྱི་འདུན་པ་དེ་རྩ་བ་ནས་མ་ཤར།

ཁོ་རང་མུ་མཐུད་ལམ་དུ་བསྐྱོད། བསྐྱོད་ཀྱིན་བསྐྱོད་ཀྱིན་ལམ་བུ་ཡང་ཇེ་ཕྲར་སོང་བ་དང་སྐྱ་དྲུག་ཏུ་གྱུར།  མཐར་ཐང་སྟོང་ཞིག་ནས་ལམ་བུ་སྐྱ་དྲུག་པོ་ཟད་ཅིང་ཕ་མཐའ་བྲལ་བའི་བྱེ་ཐང་ཞིག་ཁོ་ན་ཁོའི་མིག་མདུན་དུ་ལྷག

ལམ་བུ་སྐྱ་དྲུག་པོ་ཟད་པའི་མཚམས་དེར་ཁོས་རྡོ་རྩིག་ཞིག་གི་སྟེང་ནས་མདའ་མོ་དྲུག་དང་གཞུ་མཆོག་ཅིག་རྙེད། ཁོས་དེ་རྣམས་ཁུར་ཏེ་རྔོན་རྒྱག་ཞོར་དང་ལུག་ཁྱུ་འཚོལ་ཞོར་གྱིས་མདུན་དུ་བསྐྱོད།

 ཁོ་རང་བསྐྱོད་ནས་ཉིན་མང་པོ་ཞིག་འགོར་བའི་ཕྱི་དྲོ་དེར་གནམ་གཤིས་འགྱུར་ཞིང་གྲང་རླུང་ལྡང་འགོ་ཚུགས། དགོང་མོ་དེར་ཁོ་རང་སྡོང་སྐམ་ཞིག་གི་འགྲམ་དུ་བསླེབས་པ་དང་དེར་རས་གུར་མདུང་མོ་དེ་ཕུབ་ནས་ཞག་ཚུགས་བརྒྱབ། ད་ནི་བྲོ་ཁ་ཡང་ཚར་ལ་ཉེ་བས་རྔོན་ལས་བྱེད་ཞོར་མ་སོང་རང་སོང་རེད།

ཡང་ནུབ་མོ་དེར་ཁོ་ལ་ལུག་ཁྱུ་དང་རྩྭ་ཐང་སོགས་རྨིས་ཤིང་། བྱ་བོ་ཞིག་ཀྱང་རྨིས། རྨི་ལམ་དེ་ནི་ཁོ་རང་བྱེ་ཐང་ན་ཁེར་རྐྱང་དུ་གྱུར་པ་ནས་བཟུང་རྨིས་ཤིང་། རྨི་ལམ་དེས་ཁོ་ལ་མུ་མཐུད་མདུན་དུ་བསྐྱོད་པའི་སྐུལ་མ་གཏོང་ཞིང་ངར་སེམས་སྦྱིན་པར་བྱེད།

ཕྱི་ཉིན་དེར། བྱང་ཐང་གི་མཐའ་དབུས་གང་སར་བྱེ་རླུང་གིས་བཏུམས་འདུག་ཅིང་། བརྒལ་དཀའ་བའི་བྱེ་རླུང་ལ་གདོང་གཏད་ནས་ཅུང་ཞིག་སོང་པས། ཕྱོགས་དེ་གའི་བྱེ་གསེག་གི་ཁྲོད་ནས་བྱ་བོའི་གཤོག་སྒྲོ་དུ་མའི་སྣེ་མོ་གང་སར་མངོན་འདུག་ལ་རྡོ་ཕུང་ཆུང་ཆུང་ཞིག་ཀྱང་མཐོང་བྱུང་། ཁོས་རྡོ་ཕུང་དེ་བསྙིལ་བ་དང་དེའི་འོག་ཏུ་པགས་དྲིལ་ཞིག་འདུག་པ་མཐོང་། དེའི་ཁ་ཕྱེས་པ་ན་ནང་དུ་རང་གི་ལོ་རྒྱུས་དང་འདྲ་ཞིང་རྨི་ལམ་དང་ཡང་འདྲ་བའི་བྱུང་བ་ཞིག་བྲིས་འདུག་ལ། སྐབས་དེར་ཁོས། འདི་སུས་བྲིས་སམ། ཡང་ན་རང་གིས་བྲིས་པ་ཞིག་ཡིན་ནམ་སྙམ། གློ་བུར་དུ་ཁོ་ལ་ཚོར་བ་ཡ་མཚན་པ་ཞིག་སྐྱེས་ཤིང་ཚོར་བ་དེས་ཁོ་རང་བྱེ་རླུང་གི་ཁྲོད་དུ་ཕར་ཕར་འཁྲིད་པར་བྱེད།

ཁོས་བྱེ་རླུང་གི་ཁྲོད་ནས་ཀི་རིང་འགའ་རེ་བཏབ། ཁོའི་སྣང་བ་ཞིག་ལ་བྱེ་རླུང་གི་ཁྲོད་དུ་རང་ཉིད་ཀྱི་གཉེན་མིའམ་གྲོགས་པོ། ཡང་ན་དེ་ལས་ཀྱང་ཤ་ཉེ་བའི་རང་དང་འབྲེལ་ཡོད་ཀྱི་མི་ཞིག་ཡོད་སྣང་འཆར་བཞིན་ཡོད། ཁོ་རང་མུ་མཐུད་མདུན་དུ་བསྐྱོད།

གང་ཙམ་ནས་བྱེ་རླུང་དེ་ཅུང་ཞི་བར་གྱུར་ཅིང་། ཁོ་རང་ཡང་སྒང་ཁ་ཞིག་ཏུ་བསླེབས་འདུག དེ་ནས་ཕར་བལྟས་པས་རང་དང་བར་ཐག་མི་རིང་བའི་ཕྱོགས་ཤིག་ནས་སྤྱང་ཀི་ཞིག་གིས་ཕྱིར་ལྟས་སློག་གི་མདུན་དུ་འགྲོ་བཞིན་གདའ།

“གཞི་བདག་དམག་དཔོན་དབྱི་རྒྱལ་སྤྱང་ཀིར་བླ། ཁོང་གིས་བདག་ལ་ལམ་ཁྲིད་བྱེད་ཀྱིན་འདུག”

རང་སེམས་ལ་སྐུལ་མ་དྲག་པོ་ཐེབས་པ་དང་ཁོ་རང་མདུན་དུ་བསྐྱོད།

བྱེ་རླུང་གི་ཁྲོད་ནས་ཁོ་རང་ཕམ་ཁ་གང་མང་དང་འཕྲད་ཅིང་། ད་ཐེངས་ཀྱང་རང་གི་གྲིབ་མ་བྱེ་རླུང་གི་ཁྲོད་ནས་བོར་འདུག

ལམ་བར་ནས་བསམ་གཞིག་མང་པོ་བྱས།

“འདི་ནི་རང་གི་ཕ་ཡུལ་དང་འཇིག་རྟེན་ངོ་མ་དེ་ཡིན་ནམ།”

“རང་ཉིད་སྔར་ནས་འདི་རུ་ཡོད་དམ། ཡང་ན་གསར་དུ་འབྱོར་བ་ཞིག་ཡིན་ནམ།”

                                                                ༤ ༽

མདའ་མོ་དྲུག་དང་གཞུ་མཆོག་གཅིག་གཞོགས་སུ་དྲངས་ཏེ། ཁོ་རང་མུ་མཐུད། མུ་མཐའ་བྲལ་བའི་བྱེ་ཐང་གི་ཕར་ནང་ན་རྩྭ་ཐང་དང་ལུག་ཁྱུ་ཡོད་པར་རེ་བཞིན་སྤོབས་པ་ཆེན་པོས་མདུན་དུ་བསྐྱོད། མདའ་མོ་དྲུག་པོ་དེ་ནི་ཁོའི་སེམས་ཀྱི་ཆ་ཤས་ཤིག་ཡིན་ནམ། ཡང་ན་རྨི་ལམ་ན་འོང་པའི་བུད་མེད་དྲུག་པོ་དེ་དང་འབྲེལ་བ་ཅི་ཞིག་ཡོད་པ་དང་འདྲ།

ཁོས་གློ་བུར་དུ། རང་གི་སྔུན་ནས་མི་ཞིག་གི་རྐང་རྗེས་ཤར་རེར་ནུབ་ཏུ་འཐེན་འདུག་པ་མཐོང་།

                                                                                                     2015.8.13 ཉིན་མཇུག་གྲུབ།

                                                                          རྩོམ་སྒྲིག་པ། སྐྱ་བོ།

                                                                      (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྔོན་པ་དེ།

2016-03-02 དུང་རི། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།