ཡིད་དུ་འོང་བའི་གཏམ་རྒྱུད།

བཀྲ་ཤིས་ཀྱི་བེམ་པོ་དུར་ཁྲོད་ནས་བྱ་རྒོད་ཀྱིས་གཡེང་བཞིན་པའི་ཉིན་དེར།སྒྲོལ་མས་གཟབ་འཆོར་སྤྲས་ཏེ་བདེ་སྐྱིད་དང་འབྱོར་ཕྱུག་གིས་ཁེངས་པའི་ཁྱིམ་ཚང་ཞིག་ལ་བག་མར་སོང་།Mསྡེ་བའི་རྒན་པ་ཚོས་ཉམ་ཐག་པའི་གདངས་དང་འདྲེས་པའི་སྐད་ཀྱིས་“གཤིན་སྐར་དང་བག་སྐར་ལྷན་དུ་ཁེལ་བ་ཞེས་པ་འདི་ལ་ཟེར་བ་རེད་”ཅེས་གནས་ལུགས་དང་དོན་སྙིང་ལྡན་པའི་འབེལ་གཏམ་ལྟ་བུ་རེ་བཤད།

       དགེ་རྒན་པ་སངས་ཀྱིས་མདུན་ཅོག་ཏུ་རི་རབ་བཞིན་སྤུངས་པའི་ལས་བྱ་བཅོས་བཞིན་འདུག  གཞུང་ལས་ཁང་དུ་གར་ཡོང་མི་ཤེས་པའི་རླུང་གྲང་མོ་རེ་ལྡང་ཡོང་།པ་སངས་ཀྱིས་ལག་པ་ཕུར་ཕུར་བྱེད་ཅིང་རྒྱུ་བ་ཤེལ་དཀར་གྱི་ཇ་ཕོར་དུ་བླུགས་པའི་ཆུ་ཁོལ་བསྟུན་མར་ཧུབ་འགའ་བྱས་སོང་།གཞུང་ལས་ཁང་གི་སྒོ་ཡི་ཀླད་དུ་"བོད་ཡིག་ཚན་ཁག་"ཅེས་ཡིག་འབྲུ་དམར་བོ་བཞི་སྦྱར་འདུག  ནང་དུ་དྲོད་ཚད་དམའ་བའི་གཞུང་ལས་ཁང་གི་སྒོ་ཡི་ཀླད་དུ་མི་སེམས་ལ་དྲོད་ཁོལ་སྟེར་བའི་བོད་ཡིག་གི་ཡིག་འབྲུ་བཞི་བོ་ནི་སྙིང་དུ་སྡུག  ཡིག་འབྲུ་བཞི་བོ་མཐོང་ཐེངས་རེར་པ་སངས་ཀྱི་སེམས་སུ་དགའ་སྤྲོ་དཔག་ཏུ་མེད་པ་རེ་སྐྱེ་ངེས།དེ་ནི་མོ་རང་སློབ་ཆེན་ནས་མཐར་ཕྱིན་ཏེ་གཞི་རིམ་གྱི་སློབ་ཆུང་འདི་ལྟ་བུ་བདམས་ནས་དམིགས་ཡུལ་དང་འཆར་གཞི་ཡོད་པའི་ངང་ནས་གནས་འདིར་ཡོང་དུས།མོའི་ཕ་མ་དང་གཉེན་ཉེ་བསམ་དཀར་ཚོས་མོ་ལ་ཁ་ཏ་བསླབ་བྱ་རྫོགས་མེད་གནང་བ་དང་མཐར་གཉེན་མི་ཞིག་གིས“ཁྱོད་རང་དེ་འདྲའི་ཐག་རིང་ཞིག་ལ་སོང་ན་ང་ཚོས་མི་མ་དགོས་རོ་ཡང་རྙེད་དཀའ་"ཞེས་བཤད་མྱོང་།མོོས་དེ་ལ་ཁ་ཡ་མ་བྱས་པར་Mསྡེ་བ་ལ་དགེ་རྒན་བྱེད་དུ་ཡོང་།དེ་ཡང་མོའི་ཕུགས་རྒྱང་རིང་བའི་རྨི་ལམ་མམ་ཕུགས་འདུན་ཡིན།

         རུ་བ་སྟོན་ས་ནས་དགུན་སར་ལོག་པའི་སྔ་དྲོ་དེར་བཀྲ་ཤིས་རྟ་ཡིས་དྲུད་ནས་བསད་པའི་གནས་ཚུལ་Mསྡེ་བ་ཧྲིལ་བོར་སྐད་ཅིག་ཉིད་ལ་གློག་འཁྱུག་པ་བཞིན་ཁྱབ་བྱུང་།གཏམ་དེ་གོ་རྗེས་ཡུལ་མི་གཉེན་ཉེ་རྣམས་བློང་བློང་བོར་གྱུར་ཅིང་ཡུད་ཙམ་ལ་ཅི་བྱེད་འདི་བྱེད་མེད་པར་བྱ་ཐབས་བྲལ།

“ཐོ་རུ་ཁ་བཏུལ་དེ་རྒོད་པོ་ཞིག་ཡིན།”

“སྲོག་འཕྲོག་གི་གཤེད་མ་ལོས་ཡིན།”

“ཁོ་སྙིང་རྗེ།ཁོའི་ཕ་མ་ཡང་སྙིང་རྗེ་ཨང་།”

“ཚེ་མི་རྟག་ནམ་མཁའི་གློག མ་རེད།ཚེ་མི་རྟག་རྩྭ་རྩེའི་ཟིལ་བ།མ་རེད།ཨུན། ”མི་དེས་བཤད་རྒྱུ་ཅི་ཡང་མ་རྙེད་པར་ལུས།

     བཀྲ་ཤིས་རྟ་ཡིས་དྲུད་དེ་བསད་པ་ཀུན་གྱིས་ཐོས་མོད་ཇི་ལྟར་བསད་པ་སུས་ཀྱང་ཤེས་ཀྱིན་མི་འདུག དེ་ནི་སྟོན་ཁ་དེར་རུ་བ་སྟོན་ས་ནས་དགུན་ས་ལ་འགེལ་བའི་ཉིན་གྱི་སྔ་དྲོ་ཁལ་གཡག་དང་ཕྱུགས་ཟོག་ལམ་ལ་འབུད་དུས་བཀྲ་ཤིས་ཕྱིར་སོང་ནས་ཐོ་རུ་ཞོན་གྲབས་བྱེད་སྐབས་གློ་རྡེག་ལ་འདྲོགས་ཤིང་ཁོ་རང་ཁ་མདའི་ཁུད་ལ་དྲུད་ནས་འཚེར་སྐད་དང་བཅས་ཏེ་སྨྱོས་པ་ལྟར་རི་ལུང་ཐང་གསུམ་དུ་བརྒྱུགས།མི་འགས་བདས་ཏེ་ཆུ་ཁ་ནས་ཐོ་རུ་ཟིན་དུས་བཀྲ་ཤིས་ཀྱི་དབུགས་རྟ་རྔ་འདྲ་བོ་སྔ་མོ་ནས་ཤོར་ཟིན།ཁོ་ཚང་གི་དམག་པས་ངུ་རྒྱངས་བྱེད་བཞིན་“བཀྲ་ཤིས།བཀྲ་ཤིས།”ཞེས་ངུ་སྐད་འདྲེས་མས་བོས་ཀྱང་།བཀྲ་ཤིས་ཀྱིས་མག་པ་ལ་གཏན་དུ་ཨ་ལན་བྱིན་མ་སོང་།དུས་གཏན་དུ་མག་པ་ལ་ཨ་ལན་བྱིན་མ་བྱུང་།

         སྒྲོལ་མ་ནི་ཀུན་གྱིས་བཤད་པ་ལྟར་བུ་མོ་ཡ་རབས་གཤིས་དྲང་ཞིག་ཡིན་མོད།མི་ཚེ་འདིར་རང་སྡེའི་སྐྱེས་པ་ཞིག་ལ་མནའ་མར་མ་སོང་བར་གཞན་སྡེའི་བག་མ་བྱེེད་པ་ནི་མོའི་ལྡོག་ཐབས་མེད་པའི་མི་ཚེའི་གདམ་ཀ་ཡིན།ཉིན་དེའི་ཞོགས་པར།མོས་ལུས་ལ་གཟབ་འཆོར་སྤྲས་ཤིང་བག་རྟ་དཀར་བོ་ཞིག་ཞོན་ནས་བདེ་སྐྱིད་དང་འབྱོར་ཕྱུག་གིས་ཁེངས་པའི་ཁྱིམ་ཚང་དེ་ལ་བག་མར་སོང་།ཉིན་དེར།མོ་རང་མི་ཚོགས་མང་བོའི་ཁྲོད་དུ་ཕྱིང་དཀར་གྱི་གདན་དུ་འབྲས་ཀྱིས་བྲིས་པའི་གཡུང་དྲུང་གི་སྟེང་དུ་རྟ་གོང་ནས་བབ།ཉིན་དེ་ནས་བཟུང་མོ་རང་དངོས་སུ་སྡེ་བ་དེའམ་ཁྱིམ་ཚང་དེའི་མི་དང་ཕྱིས་སུ་བྱིས་པ་གཉིས་ཀྱི་ཨ་མར་གྱུར།བྱིས་པ་གཉིས་ཀྱི་ཨ་མར་གྱུར་བའི་སྒྲོལ་མ་ནི་རྒྱང་རིང་གི་Mསྡེ་བའི་ཡ་རབས་གཤིས་དྲང་གི་བུ་མོ་དེ་ཡང་ཡིན།

སྒྲོལ་མས་མོ་རང་ཆུང་དུས་གད་སྐྱིབས་ནས་ཐེངས་གསུམ་ལ་གནོན་མྱོང་མཁན་གྱི་མི་དེ་དྲན་ན་ཁོང་ཁྲོ་ལངས་ངེས།མི་དེ་དྲན་ཚེ་ད་དུང་མོ་མཚན་དུ་སྨྲ་མི་ཤེས་པའི་ཟུག་གཟེར་ཞིག་རྒྱུག་སྲིད།དེ་བས་མོ་རང་མི་དེ་ལ་སྙིང་ནས་ནས་སྡང་།མཚམས་རེར་མོ་རང་གད་སྐྱིབས་ནས་གནོན་མཁན་གྱི་མི་དེ་ད་ལྟའི་རང་གི་སྐྱེས་པ་དེ་ཡིན་ན་ཅི་མ་རུང་སྙམ།སྒྲོལ་མའི་ད་ལྟའི་ཁྱོ་གས་ལྐོག་ཏུ་བུད་མེད་གཞན་ཞིག་"ཕྱི་བཟའ་མ་"རུ་བླངས་པ་ནས་ཁྱིམ་ལ་ཡོང་རྒྱུ་ཇེ་ཉུང་ལ་ཕྱིན་པ་དང་བྱིས་པ་གཉིས་ཀྱང་སྔར་ལྟར་མི་གཅེས་མི་སེམས་པ་དང་མོ་ལའང་འདང་དེ་འདྲ་མི་ཆེ་བ་ལྟ་བུའི་ཕྱི་རྐྱེན་ནང་རྐྱེན་མང་བོ་དུས་གཅིག་ཏུ་འཕྲོད་ཅིང་འཛོམས་བཞིན་འདུག དོན་དེར་སྒྲོལ་མས་ཞག་མ་གྲངས་མེད་ལ་བསམ་བློ་གཏོང་མྱོང་།

            བཀྲ་ཤིས་ཀྱིས་སྒྲོལ་མ་གད་སྐྱིབས་ནས་གནོན་ཐེངས་རེེར་“ངས་ཁྱོད་ཆུང་མར་ལེན་རྒྱུ་ཡིན་”ཞེས་བཤད།སྒྲོལ་མས་ལན་དུ་“ངས་ཁྱོད་ལ་སྒུག་འདུག”ཅེས་བཤད་མྱོང་།

        པ་སངས་ཀྱིས་སློབ་མ་རྣམས་ལ་ཨན་ཐི་ཧྲིན་གྱི་བྱིས་སྒྲུང་《འབར་ཞུན་འཚོང་བའི་བུ་མོ》སློབ་ཁྲིད་བྱེད་བཞིན་པའི་ཉིན་དེ་ནི་བཀྲ་ཤིས་རྟ་ཡིས་དྲུད་དེ་བསད་པའི་ཉིན་ལ་ཁེལ་ཡོད་ཅིང་Mསྡེ་བ་རུ་པ་སངས་ལ་ཆ་རྒྱུས་ཅུང་ཡོད་པའི་མི་ནི་བཀྲ་ཤིས་ཡིན་པ་མ་ཟད།ཟླ་འགའི་སྔོན་གྱི་སྨག་ནག་པའི་མཚན་མོ་ཞིག་ལ་བཀྲ་ཤིས་རྐང་འཇབ་ལག་འཇབ་ཀྱིས་པ་སངས་ཀྱི་ཉལ་ཁང་དུ་ཐེངས་གཉིས་ལ་ཡོང་བ་གཞི་བྱས་ནས་ངོ་ཤེས་པ་ཡིན་མོད།ཕན་ཚུན་ལ་ཆ་རྒྱུས་ཧ་ཅང་ཆེན་པོ་མེད་ལ་ལྷག་ཏུ་ཕངས་སེམས་ཆེ་བའམ་སེམས་ཁྲལ་གྱིས་མནར་རྒྱུ་གང་ཡང་མེད་ཀྱང་།པ་སངས་ཀྱིས་ངོ་ཤེས་སུ་གྱུར་མྱོང་བའི་མི་དེའི་ཆེད་དུ་སྒྲོལ་མའི་ཐང་ཀའི་མདུན་དུ་རྐོང་བུ་བདུན་དུས་གཅིག་ལ་བསྒྲོན་པ་ཡང་བཀྲ་ཤིས་ལ་མྱ་ངན་ཞུ་སྟངས་ཤིག་ཡིན།རྒྱུ་མཚན་དེ་ལ་བརྟེན་ནས་པ་སངས་ཀྱིས་《འབར་ཞུན་འཚོང་བའི་བུ་མོ་དང་ངོ་ཤེས་པའི་མི་》ཞེས་པའི་རྩོམ་ཡིག་ཅིག་བྲིས་མྱོང་།རྩོམ་ཡིག་དེ་ཚིག་མཛོད་ཀྱི་བར་ལ་བཅུག་སོང་།

         ཟླ་འདིའི་གཟའ་འཁོར་གོང་མར་སྒྲོལ་མ་དང་མོའི་ཁྱོ་ག་གཉིས་ཀྱིས་ཁྲིམས་མཐུན་ངང་གཉེན་འཐོར་བྱས་ཤིང་བྱིས་པ་གཉིས་ཀ་ཁྱོ་ག་ལ་བྱིན།དེའི་ནུབ་མོ་སྒྲོལ་མ་བཞི་ཐོག་གི་སྒེའུ་ཁུང་ནས་དཔྱངས་ལ་བཏགས།སྒྲོལ་མའི་ཤི་རྐྱེན་ལ་འབྲེལ་བ་ཡོད་པའི་ཁྱོ་ག་ཁྲིམས་ལ་ཐོགས།Mསྡེ་བའི་མི་རྣམས་ཀྱིས་“ད་ནས་རང་གི་བུ་མོ་རྣམས་ཕྱི་སྡེ་ལ་མནའ་མར་མི་བྱིན་”ཞེས་དམ་བཅའ་བཞག

        བཀྲ་ཤིས་རྟ་ཡིས་དྲུད་ནས་བསད་པ་དང་སྒྲོལ་མ་དཔྱངས་ལ་བཏགས་པ་སོགས་ཉེ་བའི་དུས་སུ་བྱུང་བའི་དོན་དག་ཡ་ང་བ་རྣམས་ལ་བསམ་བློ་བཏང་མཐར་པ་སངས་ཕྱིར་རང་ཡུལ་ལ་ལོག་རྒྱུའི་སེམས་ཐག་བཅད།

         ཉིན་དེར་ང་རང་རྫོང་བརྙན་འཕྲིན་ཅུས་ཀྱི་ཚབ་ཏུ་གཞི་རིམ་སློབ་གསོའི་ཚན་ཁག་གི་ལྟ་རྟོག་པ་རྣམས་དང་ལྷན་དུ་Mསྡེ་བ་ནས་ཕྱིར་ཡོང་ཁར།སྡེ་དཔོན་གྱི་སེར་ཁ་གས་པའི་ཕྱག་ཟུང་གིས་ངའི་ལག་པ་དམ་དུ་བསྡམས་ནས་“ཁྱེད་རང་ང་ཚོའི་སྡེ་བར་བོད་ཡིག་དགེ་རྒན་ལ་ཡོང་རོགས་”ཞེས་རེ་བ་ནན་གྱིས་བཏོན་སོང་།ང་རང་ཅི་བྱ་གཏོལ་མེད་དུ་གྱུར་ནས་“འོ་ཡ་”ཞེས་ངག་ནས་རང་དབང་མེད་པར་ཤོར།

                                                                                                              རྩོམ་སྒྲིག་པ། ལྷ་སྐྱིད།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཡིད་དུ་འོང་བའི་གཏམ་རྒྱུད།

2016-04-19 ཕུར་བཀྲ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།