ལྷ་སྒོ།

ཅོ་ནེ་ཚེ་དཔག་རྣམ་རྒྱལ།༼ ཉོའུ་ཡོག ༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2016-06-12

      གྲོང་ཁྱེར་གྱི་རྙོག་འཛིང་དང་རྒྱང་ཐག་ཆེས་ཆེར་རིང་བའི་ང་ཚོའི་སྡེ་འདབས་དེ་ན། མི་རབས་མང་པོ་བརྒྱུད་པའི་ཤུག་པའི་སྡོང་རྒན་གཉིས་གྱེན་དུ་དྲོངས་ངེར་ལངས་ཡོད། དབྱར་དུས་སུ་དེ་ནི་ནས་བྱེའུ་[1]མང་པོའི་ངལ་གསོ་ས་ཡིན་ལ། དགུན་དུས་སུ་དེ་ནི་བྱ་ཁྭ་ཏ་མང་པོའི་སྨྲེ་སྔགས་འདོན་ས་ཡང་ཡིན།
  ལོ་ན་བརྒྱད་ལ་སོན་པའི་ལོ་དེར། ང་རང་སྡོང་རྒན་དེ་གཉིས་ཀྱི་བར་ནས་འཐེན་པའི་ལམ་བུ་དོག་མོ་དེ་བརྒྱུད་དེ་གྱོ་མོག་གིས་བཞེངས་པའི་སློབ་གྲྭར་ཐེངས་དང་པོར་ཕྱིན་ཞིང་། ཆར་ཆུས་བརླན་ཞིང་ནག་རོག་གེར་འགྱིང་པའི་སྡོང་རྒན་དེ་གཉིས་ཀྱི་བརྗིད་ཉམས་ཀྱིས་ངའི་ཉམ་ཆུང་གི་བྱིས་པའི་སྙིང་ལ་དངངས་སྐྲག་ཅིག་བསྐྱེད་དུ་བཅུག  ཡིན་ནའང་།སྡོང་རྒན་དེ་གཉིས་ནམ་ཡང་ང་རང་སློབ་གྲྭར་འགྲོ་སའི་ལམ་ཁ་ན་ཡོད་པས་ཡུན་གྱིས་མིག་བྱང་ལ་སོང་པར་མ་ཟད། དེ་སྔའི་ཞེད་སྣང་དེ་ཡང་རིམ་གྱིས་མེད་པར་གྱུར།
  སྡེ་བའི་རྒན་པ་ཚོས་སྡོང་རྒན་དེ་གཉིས་ནི་ང་ཚོའི་སྡེ་བའི་ལྷ་སྒོ་ཡིན་པས་གནོད་པ་བྱ་མི་རུང་ཞེས་གླེང་པ་དང་། ཐ་ན་དེའི་མགོར་བབས་པའི་བྱ་བྱེའུ་འབའ་འབུ་སོགས་ལ་ཡང་ལྷག་པར་དུ་གནོད་འཚེ་གཏོང་མི་ཉན་ཞེས་རྒྱུན་པར་བརྗོད། ཕར་བལྟས་ཚོད་ཀྱིས་སྡོང་རྒན་དེ་གཉིས་ཡང་ང་ཚོའི་སྡེ་བའི་སྒོ་ཆེན་ལྟ་བུར་དངོས་སུ་འདུག་སྟེ། ལུང་འདབས་སུ་ཆགས་པའི་ང་ཚོའི་སྡེ་མི་ཕྱི་ལ་འགྲོ་ན་ངེས་པར་དུ་ལམ་ཁ་དེ་བརྒྱུད་དགོས་ལ། སྡོང་རྒན་དེ་གཉིས་ད་དུང་ཆུ་འགྲམ་གྱི་གད་པའི་འགོ་ན་སྐྱེས་ཡོད། གད་ངོས་སུ་མར་བབས་ཏེ་ཆུ་འགྲམ་ལ་ཐོན་ན་ད་གཟོད་ཡལ་ག་ཕབ་པའི་སྡོང་རྒན་ཁེར་རྐྱང་ཞིག་ཆུ་ཁར་འཕྲེད་དུ་གཡུག་ཡོད་པར་ཐུག་བྱུང་ལ་དེ་ནི་ཆུའི་ཕ་རོལ་དུ་འགྲོ་བའི་ཟམ་པ་གཅིག་པུ་ཡིན།
  སྡོང་རྒན་དེ་གཉིས་ཀྱི་ཞེང་ཚད་ཆེ་ཞིང་བརྗིད་ཉམས་ལྡན་ལ།ཚང་ཚིང་གི་ལོ་འདབ་རབ་ཏུ་རྒྱས་པའི་ཡལ་ག་དག་གིས་་བྱེའུ་རྣམས་རྐྱལ་སྡོད་བྱེད་པའི་གནས་བཟང་དང་། སྡེ་མི་རྣམས་གྲིབ་བསིལ་ལ་རོལ་བའི་ཡུལ་ཕུལ་དུ་བྱུང་བ་ཞིག་རང་བཞིན་དུ་གྲུབ་པར་བྱས་ཡོད་པར་མ་ཟད། ཕྱི་ནས་ཡོང་བའི་མི་ཆ་མེད་དག་འགོག་པའི་སྟབས་ཀ་ལེགས་པོ་ཞིག་ཅིང་ཡིན་ཏེ། སྡོང་ཕྲན་དུམ་བུ་ཕྲེད་དུ་བཞག་སྟེ་རིམ་པར་བསྡམས་ན་གད་པ་མཐོན་པོ་དེའི་ས་བབས་ལ་བརྟེན་ནས་སྒོ་བཙན་པོ་ཞིག་ཏུ་གྲུབ་ཐུབ།
  “གཡས་ཀྱི་ཤུག་སྡོང་དེ་རྒྱང་རིང་ནས་བལྟས་ན་དུང་གི་དབྱིབས་དང་མཚུངས། དེར་དུང་དཀར་གཡས་འཁྱིལ་གྱི་སྣང་ཚུལ་གསལ་བས་ང་ཚོའི་སྡེ་མི་རྣམས་རྨོངས་པ་ལས་སད་པར་བྱེད་པའི་རྟེན་འབྲེལ་མཚོན། གཡོན་གྱི་ཤུག་སྡོང་ལ་གདུགས་ཀྱི་བཀོད་པ་ལྡན་པས་ང་ཚོའི་སྡེ་བའི་སྡུག་བསྔལ་དང་བགེགས་བར་ཆད་སེལ་བའི་སྨོན་ལམ་དང་མཚུངས། འདིའི་སྟབས་ཀྱིས་མི་སུ་ཞིག་གིས་སྡོང་པོ་དེ་གཉིས་ལ་གནོད་པ་བཏང་ན་སྡེ་མི་ཀུན་གྱིས་སྡིགས་ངེས་པས་མི་དེ་ལ་ལས་ཡག་པོ་ཞིག་ཡོད་མི་སྲིད།” ཅེས་ཉིན་ཞིག་གི་ཞོགས་པར་ང་རང་སློབ་གྲྭར་འགྲོ་བའི་སྟ་གོན་བྱེད་སྐབས་བདག་གི་ཨ་མྱེས་ལགས་ཀྱིས་གསལ་ཁ་དོད་པའི་ཐོད་པའི་གཉེར་མ་བསྡུ་བཞིན་དེ་ལྟར་སྨྲས་བྱུང་།
  ཞོགས་པ་དེར་བདག་གིས་དགུན་ཁའི་གྲང་ངར་དང་འགྲོགས་ནས་སྡོང་པོ་དེ་གཉིས་ལ་ཞིབ་ལྟ་ཞིག་བྱས་པ་ཐེངས་དང་པོ་ཡིན། རེད་འདུག་སྟེ། གཡས་ཀྱི་སྡོང་པོ་དེའི་བར་དཀྱིལ་གྱི་ཡལ་ག་རྣམས་ལྷག་ཏུ་སྟུག་ལ་ཕྱི་ཕྱོགས་སུ་བསྲིངས་པ་དང་མཐོ་ཚད་ངེས་ཅན་ཞིག་ནས་སླར་ཡང་ནང་དུ་ཕྱིར་གུག་འདུག་ལ། སྡོང་པོ་དེའི་གཡས་ཕྱོགས་སུ་གཡོན་ཕྱོགས་ཀྱི་ཡལ་ག་འགའ་ལས་དམའ་བའི་ཡལ་ག་ཁ་ཤས་ཡོད་པ་དེ་དག་གིས་སྡོང་ཆེན་དེར་དུང་གི་ཕྱི་དབྱིབས་འདྲ་བ་ཞིག་དངོས་སུ་སྤྲད་འདུག  གཡོན་གྱི་སྡོང་པོའི་སྨད་དུ་ཡལ་ག་ཐར་ཐོར་ཞིག་མ་གཏོགས་མི་འདུག་མོད། སྡོང་སྐེད་ཀྱི་ཡན་ནས་བཟུང་ཡལ་ག་མང་པོ་རྒྱས་ཡོད་པས་གདུགས་ཀྱི་བཀོད་པ་ལྟ་བུ་ཞིག་ཐོན་འདུག  ང་རང་སྡོང་རྒན་དེ་གཉིས་ཀྱི་བར་དུ་ཡུད་ཙམ་ལ་ལངས་ཤིང་ཨ་མྱེས་ཀྱིས་ལབ་པའི་སྐད་ཆ་དེ་དག་ཡིད་ལ་ལྷང་ངེར་ཤར་བ་ཆབས་ཅིག་གད་ངོས་ཀྱི་གཟར་ལམ་དེ་ནས་མར་འབབ་པར་དོགས་པ་ཅུང་ཙམ་ཞིག་སྐྱེས་སོང་། མགོ་བོ་ཡར་བཏེགས་ཏེ་བལྟས་བ་ན་སྡོང་རྒན་གཉིས་ཀྱི་ཡལ་ག་དུ་མ་ཕན་ཚུན་བསྣོལ་ཞིང་དགུན་ཁའི་ཞོགས་དུས་ཀྱི་གྲང་རླུང་ཁྲོད་དུ་རྩག་སྒྲ་འབྱིན། ཚང་ལས་སད་པའི་ཁྭ་ཏ་འགའ་ཡང་སྡེ་བའི་རྒྱབ་རིའི་ནགས་བསེབ་ནས་”འ་་་འ་་་”ཞེས་གོ་བ་ལེན་དཀའ་བའི་ཨག་སྐད་བསྒྲོགས་བཞིན་སྡོང་རྒན་གྱི་རྩེ་དང་ཡལ་གའི་བསྲིབས་སུ་འཛུལ་ཞིང་། སྡེ་བའི་ཕྱི་ནང་གི་གནས་ཚུལ་རྟགས་པའི་སོ་བ་འགའ་ཇི་བཞིན་དོགས་ཟོན་གྱི་མགྲིན་པ་བཏེགས་ཤིང་བྲེལ་འཚུབ་ཀྱི་མགོ་བོ་ཕྱོགས་བཞི་མཚམས་བརྒྱད་ལ་འཁོར་བཞིན་བལྟ། བདག་ནི་ཁྭ་ཏའི་སྨྲེ་སྔགས་ལ་ཞེན་ཁ་ལོགས་ཡོང་པས་ཁྭ་ཏ་ཇེ་མང་དུ་འགྲོ་བ་དང་བསྟུན་ནས་གོམ་ཁ་སློབ་གྲྭའི་ཕྱོགས་སུ་མྱུར་དུ་བསྒྱུར་བ་ཡིན།
  ཉིན་གུང་སློབ་གྲྭ་གྲོལ་ནས་ཕྱིར་ཡོང་སྐབས་ཁྭ་ཏ་ལ་ལ་ད་དུང་སྡོང་མགོ་ན་འདུག་ལ། ཁོ་ཚོའི་ཐན་སྐད་དེ་མགྲོན་གྱི་སྔོན་བརྡ་སྒྲོགས་པའི་སྐྱ་ཀའི་མགྲིན་པ་དང་འགྲན་རྩོད་བྱེད་པར་འདྲ་བས་ལམ་ཁ་དེ་ཀུ་ཅོ་སྣ་ཚོགས་ཀྱིས་གང་། དོན་དངོས་སུ་ང་རང་ལུས་སྟོབས་ཁྭ་ཏ་ལས་དམན་པའི་སྐྱ་ཀ་ལ་དགའ་ཞིང་སྡོང་རྒན་གཉིས་ཀྱི་རྩེའི་གོ་ས་གལ་ཆེན་དེ་སྐྱ་ཀ་ལ་ཐོབ་ན་ཅི་མ་རུང་སྙམ་བྱུང་།
  ལོ་འགའི་རྗེས་ཏེ། སྐྱ་ཀ་གསུམ་བཞི་ཞིག་གིས་སྡོང་མགོ་ན་ཅ་ཅོ་ཚད་མེད་སྒྲོགས་བཞིན་པའི་ཉིན་ཞིག་ལ་རྒྱ་ལྭ་གོན་པའི་མི་འགའ་རྡུལ་གྱིས་ཟིན་པའི་རླངས་འཁོར་ཞིག་ལ་བསྡད་དེ་སྡེ་འདབས་ཀྱི་ཆུ་འགྲམ་ལ་སླེབས་ཤིང་། རྐང་གསུམ་ཅན་གྱི་རྒྱང་མཐོང་ལྟ་བུ་ཞིག་ཡར་མར་ལ་གཏད་ནས་ཡུན་རིང་ཞིག་ལ་གོ་བརྡ་མི་འཕྲོད་པའི་ཁ་བརྡ་གང་མང་བྱས་རྗེས་སྡེ་འདབས་ཀྱི་སྡོང་རྒན་གཉིས་ལ་མཛུབ་སྟོན་བྱེད་བཞིན་ལག་པ་གཅིག་གི་སོར་བཞི་དྲང་མོར་བརྐྱངས་ཏེ་ཡར་མར་ལ་ཐེངས་གཉིས་ཙམ་གཡུགས་རྗེས་སླར་ཡང་ཁེར་ཟམ་དེ་ལ་མཛུབ་མོས་གཏད་དེ་གད་མོ་ཤོར། ཉིན་དེར་ཁྭ་ཏ་དེ་དག་འཇམ་ཅག་གེར་འདུག་ལ་གར་སོང་ཆ་མེད་དུ་སོང་འདུག  སྡེ་འདབས་སུ་སླེབས་པའི་ཆ་མེད་རྒྱུས་མེད་ཀྱི་མི་དེ་དག་ཅང་མ་འགོར་པར་སྡེ་མི་རྣམས་ཀྱི་ཟས་མཚམས་དང་མལ་མཐའི་བགྲོད་གླེང་དུ་གྱུར་ཅིང་། རྒན་རྒོན་འདུ་སའི་མ་ཎི་ཁང་དང་བྱིས་པ་འདུ་སའི་སློབ་གྲྭ། དར་མ་ཚོགས་སའི་ས་སྲོས་ཀྱི་སྲང་མདོ་དག་གི་གསར་འགྱུར་ཆེན་པོ་ཞིག་ཏུ་གྱུར།
  “གོ་ཐོས་ལྟར་ན་ཁ་སང་རྒྱ་མི་ཁག་ཅིག་གིས་ང་ཚོའི་རྒྱབ་རི་ནས་གཏེར་ཁ་བསྐོ་བསམ་ནས་རླངས་འཁོར་ལ་བསྡད་ནས་ཐག་རིང་ས་ནས་ཡོང་མོད། ང་ཚོའི་ལྷ་སྒོས་བཀག་པས་ཡོང་མ་ཐུབ་པར་འདུག” ཅེས་ལོ་བདུན་ཅུར་བུད་པའི་རྒན་མོ་ཞིག་གིས་མིག་བཙུམ་ཞོར་མ་ཎིའི་འཐེན་ལུང་ནས་འཇུ་བཞིན་དེ་ལྟར་སྨྲས།
  “སུས་ཤེས། དེ་ཚོར་དམིགས་ཡུལ་གཞན་ཡོད་ཀྱང་སྲིད། ན་ནིང་རྒྱལ་ཁབ་ཀྱི་ཁྲལ་གཉེར་ཁང་ནས་ཡིན་ཟེར་བ་དེ་དག་གཡག་བསྡུ་བར་ཡོང་བ་དྲན་ནམ། ཁ་སང་གི་མི་དེ་ཚོ་ཕྱུགས་ཟོག་གི་གཤེན་པོ་ཡིན་ནའང་སྲིད། གང་ལྟར་ང་ཚོར་ལྷ་སྒོ་གན་འདྲའི་བཙན་པོ་ཞིག་ཡོད་པ་དེ་མི་ཟོག་གཉིས་ཀར་ཧྲ་འདུག” ཅེས་རྒྱུན་ལྡན་ལྟར་མ་ཎི་ཁང་གི་གྲུ་ག་ཞིག་ན་ཟུར་གྱིས་བཙོག་ལ་སྨྲ་ར་མང་ཤས་སྔོ་སེར་དུ་གྱུར་པའི་རྒད་པོ་དར་རྒྱས་ཀྱིས་ཕྲེང་བ་འདྲེན་ཞོར་དུ་བཤད།
  “ཨ་ཁུ་དར་རྒྱས། སྐྲག་དགོས་གི་མི་འདུག དེ་དག་ཁྲལ་བསྡུ་མ་རེད་ཟེར། གོ་ཐོས་ལྟར་ན་དེ་ཚོའི་གླེང་བྱ་ནི་ང་ཚོའི་སྡེ་འདབས་ཀྱི་ཁེར་ཟམ་དང་ལྷ་སྒོ་རེད་ཟེར་གྱིན་འདུག” ཨ་ཁུ་དར་རྒྱས་ཀྱི་སྤུན་ཆུང་བའི་བུ་དཀོན་མཆོག་སྐྱབས་ཀྱིས་འབུད་ཤིང་འཐུ་བར་འགྲོ་བའི་ལམ་བར་དུ་ཨ་ཁུ་དར་རྒྱས་ཀྱི་སྐད་ཆ་ཐོས་བས་ཡུད་ཙམ་ལ་དེ་ལྟར་བཤད་རྗེས་ཀོ་སྐྱིབས་རྒྱབས་པའི་སྟ་རེ་དེ་ཕྲག་པར་བཞག་སྟེ་སོང་། ཨ་ཁུ་དར་རྒྱས་ཀྱིས་དེ་གོ་མ་ཐག་ཡིད་ཅུང་ཙམ་བདེ་བར་ཕྱིན་མོད། ཡུད་ཙམ་གྱི་རྗེས་ནས་བྲེལ་འཚུབ་སྒོས་དཀོན་མཆོག་སྐྱབས་སོང་ཤུལ་ལ་འཁོར་ཏེ། “དཀོན་ལོ། སེམས་ཆུང་བྱོས། དེ་ཚོ་ཤིང་ཁྲིམས་འཇོག་པར་ཡོང་བ་ཡིན་ཡང་སྲིད། མི་དགོས་ས་ནས་བཙོན་འཇུག་བྱེད་ནའང་ཐང་།”ཟེར་བཞིན་མ་ཎི་མུར་མུར་དུ་གྱེར།
  ཕྱི་དྲོའི་གྲིབ་མ་ཆུ་ཁ་ནས་རིམ་བཞིན་སྲིབ་ཀྱི་ལ་ངོས་ལ་ལངས། ཨ་ཁུ་དར་རྒྱས་ལགས་ལ་དོགས་མི་བདེ་བའི་སྣང་ཚུལ་གྱིས་བྲེལ་མ་འཚུབ་དུ་ལ་འདབས་ཀྱི་ཕྱོགས་སུ་ཡང་ནས་ཡང་དུ་སོ་ལྟ་བྱས། ལོ་བཅུར་སོན་པའི་ཚ་བོ་དོན་འགྲུབ་བྱིས་པ་གཞན་འགའ་དང་འགྲོགས་ནས་ལྷ་སྒོ་ནས་ཚུར་ཡོང་བཞིན་པ་མཐོང་རྗེས་དབུགས་རིང་ཞིག་འཐེན་བཞིན་མ་ཎིའི་འཐེན་ཐག་དེ་ཐོད་པར་ཐུག་ཙམ་བྱེད་པ་དང་མཉམ་དུ་”ངའི་བུ་སློབ་གྲྭ་ནས་ཐོན་བྱུང་།”ཞེས་འཛུམ་དམུལ་དམུལ་གྱིས་བརྗོད་ཅིང་ཕྱིར་ལོགས་པའི་ལམ་ལ་ཆས།
  “ཨ་ཕ་རྒད་པོ།[2] དགེ་རྒན་གྱིས་བཤད་ན་རྒྱལ་ཁབ་ཀྱིས་ང་ཚོར་ཟམ་པ་གསར་པ་ཞིག་སྡེ་འདབས་ནས་བཞེངས་ཀྱི་རེད་ཟེར་གི་འདུག”ཅེས་ངས་ཀྱང་སློབ་གྲྭ་ནས་གོ་བའི་གནས་ཚུལ་གསར་པ་དེ་སྤོ་བོ་ལགས་ལ་བཤད་པ་ན། ངའི་སྤོ་པོའི་སེམས་ལྷོད་ལ་ཅུང་ཟད་བབས་ཤིང་དགའ་སྤྲོའི་འཛུམ་མདངས་ཤིག་ཤར་སོང་། ཁོས་སླར་ཡང་བསམ་གཞིགས་དོག་ཙམ་བྱས་རྗེས་ངའི་ཕྱོགས་སུ་འཁོར་ཏེ།
  “གང་ནས།”ཞེས་སེམས་ཁུར་ངང་དྲིས་བྱུང་།
  “ཁེར་ཟམ་གྱི་སྟེང་ནས། ཨར་འདམ་གྱི་ཟམ་ཆེན་ཞིག་གི་འཆར་གཞི་རེད་བཤད་གི་འདུག”ཅེས་ལན་སྤྲད་པར་སྤོ་བོ་ལགས་ཡིད་ལ་དངངས་སྐྲག་གིས་གང་བ་བཞིན་ཐོད་པའི་གཉེར་མ་དག་དཀྱིལ་དུ་བསྡུས་ཤིང་། རྒྱབ་རི་ལ་ལྟ་བཞིན་ཁ་བཏོན་[3]འདོན་པར་བརྩམས།
  ལོ་ཕྱི་མའི་དཔྱིད་མཇུག་ཏུ། “ས་བཤིག་མ་”ཞེས་ཕྲུ་གུ་དག་གིས་མིང་བཏགས་པའི་འཕྲུལ་འཁོར་སྦར་མོ་ཅན་ཁ་ཤས་སླེབས་ཏེ་གད་པའི་ཕྱོགས་གཉིས་ཀྱི་ངོས་ནས་བརྐོས་ཤིང་། སྡེ་མི་དག་གིས་ཚིག་བཙན་པོའི་ངོ་རྒོལ་དང་མཚན་དུས་སུ་འཕྲུལ་ཆས་ལ་རྡོ་འཕེན་པ་སོགས་འཇབ་རྒོལ་གང་མང་བྱས་མོད། ལས་ཀ་བ་དེ་ཚོས་སྣང་མེད་དུ་ས་བཤིག་རྡོ་བཤིག་དང་ས་འདྲེན་རྡོ་བརྩིག་གི་ལས་ཀ་རྒྱུན་ཆད་མེད་པར་ལས། མཐའ་མཇུག་ཏུ་གད་ངོས་བརྐོས་ནས་ལྷ་སྒོ་དང་གོམ་པ་གང་ཙམ་ལས་མེད་པར་ཐོན་ཞིང་སྡོང་རྒན་གཉིས་ཀྱི་རྩད་དྲ་མང་པོ་བཏུབ་པ་དང་ཁ་ཤས་གད་ངོས་ནས་ཕྱིར་བསྲིངས་ནས་མིག་ལ་གཟན་པ་ཞིག་ཏུ་གྱུར་འདུག འོན་ཀྱང་སྡོང་རྒན་གཉིས་ཀྱིས་རྒྱབ་ཕྱོགས་སུ་ཡོད་པའི་རྩད་དྲ་དག་གི་དྲིན་གྱིས་དེ་གཉིས་སྐབས་ཤིག་ལ་ད་དུང་སྔར་བཞིན་དྲོངས་ངེར་ལངས་འདུག
  ཟམ་གསར་བཟོ་བསྐྲུན་གྱི་ཉིན་དེ་ཚོར། ཁྭ་ཏ་དང་། སྐྱ་ཀ  ནས་བྱེའུ་སོགས་ཀྱིས་གཙོས་པའི་ནམ་རྒྱུན་སྡོང་རྒན་གཉིས་ལ་ཞེན་པའི་འདབ་ཆགས་དག་ལྷ་སྡོང་གཉིས་ཀྱི་ཉེ་སར་མི་ཡོང་བར་དུ་ཚང་གི་ཁང་ཀླད་དམ། སྡེ་བའི་རྒྱབ་རིའི་ནགས་ཚལ། ཡང་ན་གྲོང་སྨད་ཀྱི་ཞིང་སའི་ར་བ་སོགས་ལ་བབས་ནས་ཅ་ཅོ་བར་མེད་དུ་བསྒྲོག་པར་བྱས་ལ། ཁོ་ཚོའི་ཅ་ཅོ་དེས་ལམ་འགྲོ་བ་དག་དང་སྡེ་མི་རྣམས་ལ་སྨྲ་མི་ཤེས་པའི་སྐྱོ་བ་དང་འདྲེས་པའི་ཁྲེལ་སྣང་ཞིག་སྤྲད། ཉིན་དེ་ཚོར་ང་རང་སློབ་གྲྭར་འགྲོ་དུས་ཨ་མས་སློབ་གྲྭའི་སྒོ་ཆེན་བར་སྐྱེལ་མ་བྱས། ཟམ་ཆེན་དེ་ལས་བརྒྱུད་པའི་ལམ་སྣེ་སླར་ཡང་ལྷ་སྒོའི་བར་ནས་འཐེན་མོད། བྱ་བྱེའུ་དག་གི་སྐད་སྒྲ་དབེན་པས། བདག་གི་ཉམ་ཆུང་པའི་སེམས་པ་ཡང་སྟོང་ཤིག་ཤིག་ཏུ་གྱུར།
  ཟམ་ཆེན་འགྲུབ་རྗེས་ང་ཚོའི་སྡེ་མི་དག་གིས་དགའ་པའི་ལྟད་མོའི་འཛད་སྒོ་ཅི་ཡང་མ་སྤེལ་མོད། བཟོ་བསྐྲུན་པ་ཚོ་དང་སྲིད་གཞུང་གི་མགོ་ཁྲིད་སྐོར་ཞིག་གིས་ཤོག་སྦག་འཕེན་པ་དང་གསོལ་སྟོན་རྒྱ་ཆེན་པོ་ཞིག་བཤམས་ནས་ལྟད་མོའི་སྣང་ཚུལ་ཞིག་བྱས། སྡེ་བའི་ནང་གི་བྱིས་པ་དག་ཤོག་སྦག་གི་འཛེར་སྒྲའི་ཁྲོད་དུ་ཟང་ཟིང་ངང་ཡར་རྒྱུག་མར་རྒྱུག་བྱེད་པ་དང་། གསར་བུ་གསར་མོ་མང་པོ་ཞིག་གིས་རྒྱང་རིང་ནས་བལྟས། སྡེ་མི་མང་ཆེ་བས་གནས་ཚུལ་དེ་སྣང་མེད་དུ་བཞག་ཅིང་རང་རང་ལ་ཡོད་པའི་ལས་ཀ་རྣམ་པ་སྣ་ཚོགས་ལ་སྔར་བཞིན་དུ་བྲེལ་བར་བྱས།
  ང་ཚོ་སློབ་མ་དག་ལ་མཚོན་ན། ཟམ་པ་དེ་ཡིས་སྟབས་བདེ་མང་པོ་ཞིག་བཟོས་ཡོད་དེ། དབྱར་དུས་སུ་སྔོན་ཆད་ལྟར་གད་ངོས་ཀྱི་འདམ་ནས་དྲུད་དེ་ཆུ་ནང་དུ་ལྷུང་པའམ། དགུན་དུས་ཀྱི་ཁངས་འཁྱགས་ནས་དྲུད་དེ་པུས་མོ་བརྡུངས་བ་སོགས་ཀྱི་སྡུག་བསྔལ་མྱོང་མ་དགོས་མོད། རྒན་རབས་ཚོའི་སེམས་ཚགས་སྔར་བཞིན་རྒྱུན་མ་ཆད་པར་མ་ཟད་སྔར་ལས་ཇེ་དྲག་ཏུ་འགྲོ་བཞིན་འདུག
  “བླུན་ཕྲུག་དེ་ཚོས་ང་ཚོའི་ལྷ་སྒོ་རྨས་པས་ད་ལྟ་ལྷ་སྡོང་གཉིས་སྐམ་པོར་འགྲོ་བཞིན་འདུག”ཅེས་ཨ་ཁུ་དར་རྒྱས་ཀྱིས་ཉིན་ཞིག་མ་ཎི་ཁང་གི་ཉིན་རྒྱུན་གྱི་འདུག་ས་ནས་གཟུར་ཙམ་བྱས་རྗེས་དེ་ལྟར་གཏམ་སྣ་དྲངས།
  “རེད་ཡ། ལྷ་སྒོ་སྐམ་པ་དང་མཉམ་དུ་བལྟོས་དང་། ང་ཚོའི་བྱིས་པའི་བྱིས་པ་དག་གིས་འབོལ་ལྷམ་ལ་སྡིགས་དམོས་འདོན་ལ། སྐེ་རགས་དཀྲི་བར་ཚགས་དཀའ་་བྱེད་པ་དང་། ད་དུང་གོ་ཐོས་ལྟར་ན་ལས་བྱེད་པ་གངས་རི་ཚང་གི་བྱིས་པ་དེས་རྒྱ་མ་བོད་ཀྱི་སྐད་ཆ་བཤད་བཞིན་པས་ཁྱིམ་མི་རྣམས་ཀྱིས་ཀྱང་ཧ་གོ་དཀའ་ཟེར།”ཞེས་མགོ་དཀར་པོར་གྱུར་ཡོད་པའི་ཨ་ཁུ་རྡོ་རྗེས་ཐང་ལ་མཆིལ་ཞགས་རྡོག་ཅིག་འཕེན་པ་དང་འགྲོགས་ནས་མགོ་འཕྲུག་འཕྲུག་བྱས།
  “ལས་བྱེད་པ་ཁོ་ནའི་བྱིས་པ་ག་ལ་ཡིན། ཐ་ན་ངེད་ཚང་གི་བུའི་བུ་མོ་ཆུང་ཆུང་དེས་ཀྱང་ཧ་གོ་དཀའ་བའི་ཚིག་དུ་མ་བཤད་འགོ་བརྩམས་ཀྱི་འདུག དེང་སང་གི་སློབ་གྲྭ་དེ་དག་གིས་ང་ཚོ་རང་གི་ཡི་གེ་དང་རིག་གནས་ལ་མཐོང་ཆེན་མི་བྱེད་པར་མ་ཟད་སློབ་མ་ཚོར་བོད་ཡིག་ལ་སྤྱི་ཚོགས་སུ་དགོས་མཁོ་མེད་པའི་སློབ་གསོ་བྱེད་བཞིན་ཡོད་ས་རེད།”ཅེས་ཨ་མ་དཀོན་མཆོག་འཚོས་དེ་ལྟར་བཤད།
  “ཁྱོད་ཚོས་དྲན་ནམ། སྔོན་ཆད་ང་ཚོ་གསར་བུ་གསར་མོ་ཡིན་དུས་ང་ཚོས་ཕྲུག་ལྭ་གོན་ནས་ཆར་ནང་ལ་བསྐྱོད་ཅིང་། འབོལ་ལྷམ་རྐང་པ་དང་མི་འབྲལ་བ་དང་། ལྭ་རིང་པོ་རྒྱབ་དང་མི་འབྲལ། ཡིན་ཡང་དེང་སྐབས་ཀྱི་གསར་བུ་མང་པོ་ཞིག་གིས་རྒྱ་མ་བོད་ལྟ་བུར་གོན་པར་རིག་ན་ཡིད་སྐྱོ་བ་ཞིག་རེད།”་ཅེས་ཨ་ཁུ་ཚེ་སྐྱབས་ཀྱིས་རང་གི་ལུད་པ་ཁམ་གང་པོ་དེ་ཁོའི་རྒྱབ་ཕྱོགས་ཀྱི་རྡུལ་ནང་དུ་འཕངས་རྗེས་མི་མཐུད་དུ་”ལྷ་མིན་འདྲེ་མིན། ར་མ་ལུག་ལྟ་བུའི་ཆ་ལུགས་གསར་པ་འདི་དག་དངོས་གནས་སྐྱུགས་བྲོ་བ་ཞིག་རེད་ཡ”ཞེས་བཤད།
  རྒན་པོ་ཚོའི་ཁ་བརྡ་དེ་དག་ཐོས་རྗེས་ངའི་མཉེན་པའི་སེམས་ཁུངས་ལ་ཚེར་ཤ་ཞིག་རྒྱུགས་ཤིང་། རང་གིས་ཀྱང་ཉིན་འགའི་སྔོན་དོར་བའི་ལྭ་རིང་དང་འབོལ་ལྷམ་དེ་དག་ཡིད་ལ་གསལ་ལྷང་ལྷང་དུ་འཁོར། མིང་འབོད་མི་ཤེས་པའི་རང་ཁྱིམ་གྱི་ཅ་ལག་མང་པོ་ཞིག་ལ་ལྟ་བཞིན་གདོང་ཡང་ཚ་ལམ་ལམ་དུ་གྱུར་སོང་། ངོ་གནོང་བའི་དོན་དག་དེ་དག་དྲན་བཞིན་བདག་གིས་ཧྲལ་ཧྲུལ་དུ་སོང་པའི་ལྭ་རིང་རྙིང་པ་དེ་རྒྱབ་ལ་གོན་པ་དང་། སྒམ་གཏིང་ན་བཅུག་ཡོད་པའི་སྐེ་རགས་དེ་ཕྱིར་ཕྱུངས་ནས་སྡེ་བའི་ལྷ་ཤིང་ཤུག་སྡོང་དེ་གཉིས་ཀྱི་ཕྱོགས་སུ་སྙེགས་ཏེ་ཁྭ་ཏ་དང་སྐྱ་ཀའི་སྐད་སྙན་དེ་དག་སླར་ཡང་ཐོས་ན་བསམས་བྱུང་།

 མཆན།

 [1] ཁང་བྱེའུ་ཞེས་པའི་དོན་གཅིག་མིང་གི་རྣམ་གྲངས།
[2]སྤོ་བོ་དང་དོན་གཅིག
 [3]ཞལ་འདོན་ནམ་གསོལ་འདེབས་ལ་གོ་དགོས།

                                                                                    རྩོམ་སྒྲིག་པ། དབང་མོ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལྷ་སྒོ།

2016-06-12 ཅོ་ནེ་ཚེ་དཔག་རྣམ་རྒྱལ།༼ ཉོའུ་ཡོག ༽ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།