ཀླད་ཀོར་གྱི་བརྩམས་སྒྲུང་གསར་བ། ཤམ་བྷ་ལའི་སྡུག་བསྔལ།
རི་མོ་བ། ལོའུ་རོང་།
དེ་རིང་ཞོགས་པར་ང་རང་བཀྲ་ཤིས་རྟགས་བརྒྱད་ལུང་པ་དང་ཁ་བྲལ་དུས། ནམ་མཁའ་སྔོ་ཞིང་དྭངས་ལ་ཉི་མའི་འོད་ཟེར་ལ་བར་ཆད་བཟོ་མཁན་གྱི་སྤྲིན་པ་བྱེའུ་མགོ་ཙམ་ཡང་མཐོང་རྒྱུ་མི་འདུག ཡིན་ཡང་། བཀྲ་ཤིས་རྟགས་བརྒྱད་ལུང་པ་དང་བྲལ་ནས་མཐའ་འཁོར་གྱི་ནགས་ཁྲོད་དུ་སླེབས་ཚེ། ན་བུན་གང་སར་འཁྲིགས་བྱུང་།
ན་བུན་གྱིས་ལུས་པོ་ཡོངས་རྫོགས་ཁ་ཡིན་པ་བཞིན་ས་ལ་འཁྱུད་ནས་ཟིལ་བ་འཐུང་།
ཞོགས་པར་བཀྲ་ཤིས་རྟགས་བརྒྱད་ལུང་པའི་ནང་ནས་མཐོང་བའི་ཉི་འོད་ནི་རྨི་ལམ་རབ་རབ་ཅིག་དང་འདྲ་སྟེ། ནགས་ཀྱི་ན་བུན་ཁྲོད་དུ་འགྲོ་བཞིན་པའི་ད་ལྟ་བའི་ང་རང་ཡང་རྨི་ལམ་ཁྲོད་ཀྱི་མི་ཞིག་དང་འདྲ།
བཀྲ་ཤིས་རྟགས་བརྒྱད་ལུང་པ་ནི་སྤང་ཐང་དཀར་ཡོལ་བཀྲ་ཤིས་རྟགས་བརྒྱད་འདྲ་བ་ནང་དུ་སྔོ་ཐིང་ངེར་གནས། སྤང་ཐང་ཆུང་ཆུང་ཞིག་གི་མིང་ལ་ཡིན་ཅིག་མིན་གཉིས“ལུང་པ”ཞེས་པའི་མིང་དེ་ཞིག་འདོགས་དགོས་པའི་རྒྱུ་མཚན་ཡང་ངས་ཤེས་ཀྱི་མེད། སྤང་ཐང་དེའི་ཕྱོགས་བཞི་དེའུ་འབུར་གྱིས་བསྐོར་ལ་སྤང་དེའི་ནང་དུ་ཤུག་པ་སོགས་ཤིང་སྡོང་གང་ཡང་སྐྱེས་མེད་ནའང་། རྩྭ་ལྗང་དང་མེ་ཏོག་གིས་བཀླུབས། སྤང་ཐང་དེ་རུ་བསྡད་ན་རང་ཉིད་རྩྭ་ཐང་ཆེན་པོ་ཞིག་གི་ཐོག་ཏུ་སྡོད་པའི་སྣང་བ་སྐྱེས་འོང་། དོན་དངོས་སུ་སྣང་བ་དེ་འཁྲུལ་སྣང་ཙམ་དེ་སྤང་ཐང་དེ་མ་གཞི་ནས་འཕྲེད་གཅོད་རི་རྒྱུད་ཀྱི་ཁྲོད་དུ་མིང་མེད་པའི་རི་བོ་ཞིག་གི་རྩེ་མོའོ།།
རི་བོ་དེའི་རྩེ་མོ་ལ་བཀྲ་ཤིས་རྟགས་བརྒྱད་ལུང་པ་ཟེར་ཞེས་ང་ལ་ངོ་སྤྲོད་བྱེད་མཁན་ནི་བཀྲ་ཤིས་རྟགས་བརྒྱད་ལུང་པ་ནང་རུ་བ་སྡོད་མཁན་གྱི་ཕོ་སར་བཀྲ་ཤིས་ཟེར་བ་དེ་རེད། ཁོའི་སྦྲ་གུར་ནག་པོ་དེ་ཏག་ཏག་ལུང་པ་དེའི་དཀྱིལ་དུ་འདུག ཐག་རིང་ནས་ལྟ་དུས་བོད་འབྲེལ་གློག་བརྙན་མང་པོའི་ནང་མཐོང་རྒྱུ་ཡོད་པའི་རྩྭ་ཐང་གི་སྦྲ་དང་འདྲ་མོད། འགྲམ་དུ་སླེབས་པ་ན། དེང་རབས་དང་གནའ་བོའི་བཟོ་བཀོད་ཟུང་དུ་འབྲེལ་བའི་ཤིང་ཁང་ནག་པོ་ཞིག་རེད། ནག་པོ་ཡིན་པའི་རྒྱུ་མཚན་ཡང་རྙིང་པ་ཡིན་པའི་ཕྱིར་མ་ཡིན་པར་འོད་དང་ལྡན་པའི་རྩི་ནག་པོ་བྱུགས་ཡོད་པས་རེད།
རི་བོ་དེའི་རྩ་བ་རུ་ཀུ་ཤུ། སྟར་ག ཁམ་བུ། རྒུན་འབྲུམ་སོགས་ཀྱི་ཤིང་འབྲས་ཀྱིས་ཁེངས་ཤིང་། གྲོ་ནས་མ་རྨོས་ལོ་ཏོག་སོགས་ཀྱི་དོན་ལ་གཉེར་བའི་ཁམས་ཕྱོགས་ཀྱི་ཞིང་གྲོང་ཕལ་བ་ཞིག་གནས། ཞིང་གྲོང་དེ་ནི་རྒྱ་མཚོའི་ངོས་ལས་རྨིད་ལྔ་བརྒྱ་ཙམ་ལས་མེད་ཅིང་དྲོ་གྲང་དང་ཤིང་ཏོག་སྐྱེས་ལུགས་གང་ཅི་ཐད་ནས་བལྟས་ན། རྒྱ་ནག་གི་གྲོང་ཕལ་བ་ཞིག་དང་ཁྱད་པར་མི་འདུག དེ་ནི་བོད་ཁམས་སུ་ཡུལ་སྐོར་ལ་ཡོང་བའི་རྒྱ་མི་ང་འདྲ་བ་ལ་མཚོན་ན་ཧ་ལས་དགོས་པ་ཞིག་རེད། བོད་ཡུལ་ནི་གངས་རི་དང་རྩྭ་ཐང་། སྦྲ་ནག་རྐྱང་རྐྱང་ཡིན་པ་མིན་ནམ། ཡིན་ཡང་ཀུ་ཤུ་དང་རྒུན་འབྲུམ། སེ་པན་དང་ཀྲོ་མ་ཀྲུ་སོགས་བོད་ཡུལ་དུ་སྐྱེས་པ་ཐོས་མ་མྱོང་ལ་གློག་བརྙན་ནང་ཡང་མཐོང་མ་མྱོང་། ང་རང་ཇོ་མོ་གླང་མ་རྟགས་ཅན་གྱི་སྦག་སྦག་དེར་བཞོན་ནས་རི་གྲོང་འདི་རུ་སླེབས་དུས། ཀུ་ཤུ་དང་ཁམ་བུ་སོགས་ནི་མིས་མི་བཟའ་བར་ར་ཕག་སོགས་ཀྱིས་ཟ་བཞིན་འདུག ལམ་འགྲམ་དུ་རང་མོས་ཀྱི་འཆམ་འཆམ་འགྲོ་བའི་ཕག་པ་དག་ཀྱང་། ཁམ་བུའི་ཁམ་སྙིང་ཟོས་རྗེས། ཕྱིའི་ཆུ་དང་ལྡན་པའི་ཁམ་ཤ་དེ་ཟ་གི་མི་འདུག ད་དུང་། ལྕི་བ་དང་ཕག་ལུད་སོགས་ལས་ཀྱང་ཀྲོ་མ་ཀྲུ་དང་སེ་པན་གྱི་སྡོང་པོ་སྐྱེས་སྟོབས་ལྡན་པའི་ངང་ནས་སྐྱེ་བཞིན་འདུག དེ་དག་གི་སོན་ནི་བ་ར་ཕག་སོགས་ཀྱི་ཕོ་བ་དང་རྒྱུ་མས་བཞུ་མ་ཐུབ་པས་ལྕི་བ་དང་སྐྱག་པ་སོགས་དང་མཉམ་གཏོང་བྱེད་པས་ཆར་བ་འབབ་ཚེ་དེ་ལས་གཡུ་ལོ་རྒྱས་འོང་བ་རེད། རྣམ་པ་དེ་ལས་ཞིང་གྲོང་དེའི་ནང་གི་བ་ར་ཕག་སོགས་ལ་ཤིང་འབྲས་སོགས་བཟའ་རྒྱུ་ཡོད་པ་མ་ཟད་དུ་དུང་གྲོང་ཁྱེར་ན་རིན་གྱིས་ཉོ་དགོས་པའི་སྔོ་ཚལ་སྣ་ཁ་མང་པོ་ཡང་བཟའ་རྒྱུ་ཡོད་པའི་བདེན་དཔང་རྙེད་ཐུབ།
ཉིན་མང་པོའི་སྔོན་དུ་ང་རང་ཞིང་གྲོང་འདི་རུ་འབྱོར། ས་ཆ་འདི་རུ་འབྱོར་བའི་བསྐལ་བ་ཡང་ངའི་རང་གཤིས་ལ་ཐུག་ནས་ཡོད། མི་མང་པོ་ཞིག་ཡུལ་སྐོར་འགྲོ་དུས་རིག་གནས་ཤུལ་བཞག་རྣམས་ལ་ཅི་ཞིག་ཤེས་མདོག་གིས་ལྟ་ཙམ་ལྟ་ཙམ་དང་ནེ་ཙོ་དང་འདྲ་བའི་སྣེ་ཤན་པའི་ཁ་ལ་ཉན་ཙམ་ཉན་ཙམ་བྱས་ནས་འགྲོ་ངེས་རེད། ང་ཡང་ཁོ་ཚོ་དང་འདྲ་པོ་ཡོད་ཚེ་ད་ལྟ་པོ་ཏ་ལ་དང་དགའ་ལྡན་ཕོ་བྲང་དང་ས་སྐྱ་དགོན་པ་རྣམས་ཀྱི་ལྷིང་འཇགས་དཀྲོག་བཞིན་ཡོད་ངེས། ཡིན་ཡང་ང་ནི་བསམ་ཡུལ་ལས་འདས་པའི་རང་བྱུང་ཁམས་ཀྱི་མཛེས་སྡུག་ལ་དགའ་ཞིང་མ་བཅོས་ལྷུན་གྱིས་གྲུབ་པའི་རང་བྱུང་ཁམས་ཀྱིས་མཚར་སྣང་ལ་ཞེན། དེའི་ཕྱིར“ལྔ་གཅིག”ངལ་གསོའི་སྐབས་སུའང་ང་རང་ལྕགས་རི་རིང་པོ་ལ་འཚང་ཁ་རྒྱག་བཞིན་མ་འཛེགས་པར་པེ་ཅིང་ཉེ་འགྲམ་གྱི་ཞིང་གྲོང་ཞིག་ཏུ་སྙན་ངག་གྱེར་དུ་སོང་། ཁྲག་ནག་གིས་བརྩིགས་པའི་རྡོ་བའི་གྲང་ངར་ལས་པེ་ཅིང་གི་ཕྱི་རོལ་གྱི་མེ་ཏོག་གི་འདབ་མ་ལྷུང་བའི་མཛེས་སྡུག་ནི་ཅི་འདྲའི་ལྷོད་ལ་ཅི་འདྲའི་དྲོད་སྣང་ལྡན། དེའི་ཕྱིར་བོད་ལ་ཡུལ་སྐོར་རུ་འོང་དུས་དགོན་ཆེན་མཇལ་བཞིན་མ་འགྲོ་བར་ཁམས་ཕྱོགས་ཀྱི་ཞིང་གྲོང་འདི་འདྲ་ཞིག་ཏུ་སླེབས་སོང་།
ང་རང་ཞིང་ཐང་འགྲམ་གྱི་བདག་པོ་མེད་པའི་ཀུ་ཤུ་སྡོང་པོ་དང་ཁམ་བུ་སྡོང་པོའི་གྲིབ་མ་ནས་སྦག་སྦག་བཞོན་ནས་འོང་དུས། ཕྲུ་གུ་མང་པོ་ཞིག་གིས་ས་འདིའི་བོད་སྐད་དབྱངས་ལ་བླངས་ནས་ང་རང་དེད་བྱུང་། སྦག་སྦག་དེ་ཁམ་སྡོང་འོག་ཏུ་བཞག་རྗེས། འོག་གི་རྩྭ་ལྗང་ན་ཡོད་པའི་བོད་ཁམ་དམར་ལ་ཆུང་བ་ཞིག་ལེན་ནས་ཟ་བའི་སྐབས་དེར་ངའི་སྦག་སྦག་དེད་ནས་འོང་བའི་ཕྲུ་གུ་བཅུ་གྲངས་དེ་ཡང་ངའི་རྗེས་ཟིན་ནས་དེ་གར་སླེབས། ཁོ་ཚོའི་ངོ་གདོང་དང་སྐེ བྲང་ག་ཡོད་ཚད་ཤིང་འབྲས་ཀྱི་ཆུས་བརླན་ཡོད་ནའང་། མིག་ནི་རྒྱ་ནག་ཏུ་སློབ་ཆུང་འགྲིམ་བཞིན་པའི་སློབ་མ་དག་གི་མིག་ལས་རྡབ་གཅིག་གིས་དྭངས་ལ་བློ་རིག་ཀྱང་དེ་ལྟར་རྒོད་པ་སྣང་། ཁོ་ཚོ་ངའི་གཡས་གཡོན་ཀུན་དུ་ཙོག་ནས་ངས་ཐོས་མ་མྱོང་བའི་གཞས་ཅིག་དབྱངས་ཀྱིས་ལེན། ངས་རྒྱབ་ཁུག་ནས་བྱེ་རིལ་དང་བག་ལེབ་ཁ་ཤས། ད་དུང་ཁོ་ལོ་དམ་བེ་གང་ཁོ་ཚོ་ལ་སྤྲད་ཚེ། ཁོ་ཚོས་བྱེ་རིལ་དང་བག་ལེབ་མི་རེ་རེ་ལ་འདྲ་མཉམ་དུ་བགོས། ངའི་འགྲམ་གྱི་བུ་ཆུང་དེས་ཁོ་ལོ་དེ་ཁ་ཕྱེ་ནས་ཁམ་གང་བཏུངས་རྗེས་ཁོའི་རྒྱབ་ཀྱི་སྣ་ལུད་ཅན་དེ་ལ་སྦྱིན་སོང་། ཡང་སྣ་ལུད་ཅན་དེས་ཁམ་གང་བཏུངས་རྗེས་དེའི་རྒྱབ་གྱི་ཕྲུ་གུ་གཞན་ཞིག་ལ་སྤྲད། ངས་ཁོ་ཚོ་ལ“ཁྱོད་ཚོས་གཞས་ཅི་ཞིག་ལེན་བཞིན་ཡོད”ཅེས་དྲིས་པས་ཁོ་ཚོའི་ནང་ནས་སྣ་ལུད་ཅན་གྱི་བུ་ཆུང་དེས་ཁ་ནང་ཡོད་པའི་བྱེ་རིལ་དེ་འཛུབ་མོས་མར་བླངས་པ་དང “ཨེ་མ་ཡ་མཚན་པ་ལ་ཡ་མཚན་པ་ལ། ནག་མོ་ཞིག་གིས་སྦག་སྦག་བཞོན་ལུགས། ཡ་མཚན་པ་ལ་ཨེ་མ་ཡ་མཚན་པ་ལ”ཞེས་རྒྱ་སྐད་ཀྱིས་གླུ་ལེན་བྱུང་། ཁོའི་རོགས་པ་རྣམས་ཀྱང་མཉམ་དུ་གླུ་དེ་ལེན།
“གཞས་འདི་དམངས་གླུ་ཡིན་ནམ”ངས་འདི་ལྟར་དྲིས།
སྣ་ལུད་ཅན་དེས་ཅུང་མི་དག་པའི་རྒྱ་སྐད་ཀྱི་ལམ་ནས“གཞས་ཚིག་འདི་ང་ཚོས་ཁྱོད་མཐོང་མ་ཐག་གསར་དུ་རྩོམ་པ་ཡིན”ཟེར།
ངས་གཞི་ནས“ནག་མོ་ཞིག་གི་སྦག་སྦག་བཞོན་ལུགས”ཅེས་པ་དེ་ལ་དོ་སྣང་བྱེད་དགོས་བྱུང་།
“སྦག་སྦག་བཞོན་མཁན་གྱི་ནག་མོ་ཁྱོད་མ་གཏོགས་མཐོང་མ་མྱོང”ཞེས་བཤད། ཁོ་ཚོས་ཐལ་རྡུལ་གྱིས་ཁེངས་པའི་ང་དང་ངའི་སྦག་སྦག་ལ་བལྟས། དེ་ནས་ལོ་བཅུ་ཙམ་གྱི་བྱིས་པ་ཞིག་གིས“ངའི་ཨ་ཕས་ཀྱང་རྟ་དཀར་པོ་དེ་བཙོང་ནས་སྦག་སྦག་ཞིག་ཉོ་དགོས་ཟེར། སྐབས་དེ་དུས་ཨ་མས་ཀྱང་བཞོན་ཆོག་ངེས་རེད”ཟེར། སྐད་དེ་ཐོས་པ་དང་ཕྲུ་གུ་གཞན་པ་རྣམས་ཀྱང་ཧ་ཧ་ཞེས་དགོད་བྱུང་།
ཞིང་གྲོང་དེའི་ནང་མཛོ་དང་རྟ་བཙོང་ནས་སྦག་སྦག་ཉོ་བཞིན་འདུག ངས་སྦག་སྦག་བཙོང་ནས་རྟ་དཀར་པོ་ཞིག་ཉོས་པ་ཡིན། སྐབས་དེར་རྟ་དཀར་པོ་དེའི་བདག་པོས་ཡ་མཚར་སྣང་གིས“ཁྱོད་རང་གྲོང་ཁྱེར་བ་ཞིག་གིས་རྟ་ཕོས་ཅི་བྱ་རྒྱུ་ཡིན”ཟེར།
ངས་གཙང་པོའི་ཕ་རོལ་ཀྱི་རི་བོ་ཆེན་པོ་དེ་ལ་བལྟས་ནས“ང་རང་རི་བོ་འདིའི་རྩེ་རུ་འཛེག་དགོས”ཅེས་བཤད།
“རི་བོ་འདི་ལ་རྩེ་མོ་ཞིག་མེད། ང་རང་རི་བོ་འདིའི་འགྲམ་དུ་ལོ་གསུམ་བཅུ་ཙམ་ལ་འཚོ་བ་རོལ་ཡང་རི་བོ་འདིའི་རྩེ་མོར་འགྲོ་མ་མྱོང”རྟའི་བདག་པོས་དགོད་བཞིན་དུ་འདི་ལྟར་བཤད། ཁོ་རང་དགོད་དུས་རྟ་དཀར་པོ་དེ་དགོད་པ་བཞིན་སོ་ཡོད་ཚད་ཕྱིར་མངོན་གྱིན་འདུག
ང་རང་ཁོའི་སྐད་ཆ་ལ་ཡིད་མ་ཆེས། ངས་ཆུང་དུས་སུ་མིང་ལ《རི་བོའི་ཕ་རོལ》ཞེས་པའི་སྙན་ངག་ཅིག་བློར་འཛིན་མྱོང་། དེའི་ནང་རི་བོའི་ཕ་རོལ་རི་བོ་མེད་ན་རྩྭ་ཐང་དང་རྒྱ་མཚོ་ཡིན་པར་བཤད། ངས་རི་བོ་དེ་ལ་རྩེ་མོ་ཞིག་ལོས་ཡོད་སྙམ་ནས་རི་བོ་དེའི་རྩེ་མོ་ནས་ཕ་རོལ་གྱི་མཛེས་ལྗོངས་ལ་ལྟད་མོ་བལྟ་འདོད་སྐྱེས། ཕ་རོལ་ནི་རྩྭ་ཐང་དང་རྒྱ་མཚོ་ཡིན་ནའང་ཆོག སྔར་བཞིན་རི་བོ་ཡིན་ནའང་དེ་ག་ཙམ།
ད་ལྟར་རི་བོ་དེའི་རྩེ་མོར་སླེབས་པའི་ང་རང་། རི་བོ་དེའི་རྩེ་མོར་བཀྲ་ཤིས་རྟགས་བརྒྱད་ལུང་པ་ཞེས་པའི་སྤང་ཐང་མཛེས་པོ་ཞིག་ཡོད་པ་ཤེས་བྱུང་། བཀྲ་ཤིས་རྟགས་བརྒྱད་ལུང་པའི་ནང་རུ་བ་ཕོ་གསར་བཀྲ་ཤིས་ཡོད་པ་ཤེས་བྱུང་། དེ་རིང་ཞོགས་པར་ང་རང་སྤང་ཐང་བཀྲ་ཤིས་དང་མི་བཀྲ་ཤིས་གཉིས་དང་བྲལ་ནས་རི་བོ་འདིའི་ཕ་རོལ་འཚོལ་དུ་ཕྱིན། ད་ལྟར་ངས་རི་བོ་འདིའི་ཕ་རོལ་ཕར་ཞོག་རྐང་འོག་གི་བྱ་ལམ་དེ་ཡང་གསལ་པོ་ཞིག་མཐོང་གི་མི་འདུག མིག་མདུན་གྱི་ཡོད་ཚད་ནི་ན་བུན་དང་ན་བུན་ལས་འཁྲུངས་བའི་ཟིལ་བ་ཁོ་ན།
ངས་རུ་བ་བཀྲ་ཤིས་ལ་གསལ་པོར་བཤད་ཟིན། དེ་རིང་ང་རང་རི་བོ་འདི་ལས་མར་བབས་རྗེས་ངའི་བཞོན་རྟ་དཀར་པོ་འདི་གོང་ཆུང་ཆུང་བྱས་ནས་བཙོང་རྗེས། རླངས་འཁོར་ཞིག་གླས་ནས་སྨར་ཁམས་རྫོང་དུ་ལོག་ཏེ་ང་རང་ཡར་ཅི་འདྲ་འོང་བ་བཞིན་མར་ཕ་ཡུལ་དུ་དེ་ལྟར་ལོག་རྒྱུ་ཡིན་ཞེས་གསལ་བཤད་བྱས་ཟིན། ངས་ས་ཆ་འདིའི་མིང་མི་ཤེས་ཀྱང་། རི་བོ་འདིའི་མིང་མི་ཤེས་ཀྱང་ང་རང་སྨར་ཁམས་རྫོང་ཁོངས་སུ་ཡོད་པ་གསལ་པོ་ཤེས་ཀྱི་ཡོད། གང་ལགས་ཤེ་ན། ང་སྨར་ཁམས་ནས་རླངས་འཁོར་ལས་བབས་རྗེས། མི་རྣམས་ལ་སྨར་ཁམས་ན་ས་ཆ་གང་མཛེས་གང་སྐྱིད་དྲི་ཚེ། མི་མང་པོས“སྨར་ཁམས་སྨད་དུ་སོང་དང་། ཞིང་གྲོང་ཡོད་པ་མ་ཟད་རི་རྩེ་རུ་སྤང་ཐང་མཛེས་པོ་ཡང་ཡོད”ཅེས་ཟེར་ཞོར་རླངས་ཁོར་ཆུང་བའང་སྦག་སྦག ཡང་ན་རྟ་ཕོ་ཞིག་མེད་ཚེ་ཐག་དཀའ་མོ་ཡིན་ཟེར།
ངས་ཀྱང་སྨར་ཁམས་རྫོང་ནས་ཇོ་མོ་གླང་མ་རྟགས་ཅན་གྱི་སྦག་སྦག་ཞིག་ཉོས་རྗེས་རང་གི་སེམས་ཚོར་དང་བསྟུན་ནས་ས་ཆ་འདི་རུ་འོང་བ་ཡིན། དེ་བཞིན་དུ་ང་ཡང་ས་ཆ་འདི་ནས་སྨར་ཁམས་རྫོང་དུ་ལོག་ལོས་ཐུབ་སྙམ། འདི་ཚོ་ངས་རུ་བ་བཀྲ་ཤིས་ལ་གསལ་པོ་བཤད་ཚར། ཡིན་ཡང་། དེ་རིང་ང་ཁོ་དང་ཁ་བྲལ་ཁར་ཁོས“ངས་ཁྱོད་ལ་དགོང་ཟས་ཞིམ་པོ་ཞིག་བཟོས་ནས་སྒུག་ངེས”ཟེར། ད་དུང“དེ་རིང་ཁྱོད་ཀྱི་རྟ་ཕོ་འདི་ལ་རྟ་ཁང་ཆུང་ཆུང་ཞིག་ཀྱང་བསྐྲུན་དགོས་པར་འདུག”ཟེར།
ང་རང་ཁོ་དང་གཏན་དུ་བྲལ་ནས་རི་བོའི་ཕ་རོལ་ཏུ་རྩྭ་ཐང་དང་རྒྱ་མཚོ་མེད་ནའང་ཞིང་ཐང་ཞིག་གམ། རི་གྲོང་ཞིག ཡང་ན་ང་རང་སྡོད་ཆོག་པའི་རླངས་འཁོར་ཞིག་ལོས་ཡོད་སྙམ་གྱིན་དེ་དག་འཚོལ་དུ་སོང་བར་ད་དུང་དགོང་ཟས་ཀྱི་ཅི་བྱ། ངའི་འོག་གི་བཞོན་རྟ་འདིའི་རྟ་ཁང་བཀྲ་ཤིས་རྟགས་བརྒྱད་ལུང་པ་རུ་བསྐྲུན་པའི་དགོས་པ་ཅི་ཡོད་སྙམ། ཁོ་སྨྱོ་བ་མིན་ནམ། ག་ལ་སྲིད། ཁོའི་སྐད་ཆ་བཤད་སྟངས་དང་ལས་ཀ་བྱེད་སྟངས་གང་ཅི་ཐད་ནས་ཁོ་རང་ནི་མིང་དོན་གཉིས་མཚུངས་ཀྱི་ཁམས་པའི་ཕོ་གསར་ཞིག་རེད། དེ་ནི་ཁོ་རང་སྡོད་སའི་སྦྲ་སྒོའི་དབྱིབས་ཀྱི་ཤིང་ཁང་ནག་པོ་དེ་ཙམ་མ་ཡིན་པར། ཤིང་ཁང་ནག་པོའམ་སྦྲ་དེའི་ནང་གི་ཀུ་ཤུ་རྟགས་ཅན་གྱི་གློག་ཀླད་དང་ཁ་པར་དང་ད་དུང་དཔེ་ཆ་མང་པོས་ཀྱང་མཚོན་ཐུབ། ད་དུང་ཆུ་རྒྱུགས་རྒྱུགས་ཀྱི་རྒྱའི་སྤྱི་སྐད་དེས་་་་་་་
ངས་སྦག་སྦག་བཙོང་རྗེས། རྟ་དཀར་པོ་དེ་བཞོན་ནས་ངའི་བསམ་ཚུལ་ལྟར་གཙང་པོའི་ཕ་རོལ་ཀྱི་རི་བོ་དེ་ལ་འཛེགས་སོང་བ་ཡིན། དེ་དུས་ཏག་ཏག་ཞོགས་པ་ཆུ་ཚོད་དྲུག་པ་ཙམ་རེད། མུན་སྔར་ནས་གསལ་ཟིན་ནའང་རི་གྲོང་གི་ཉི་མ་ད་དུང་ཐོན་མེད། ང་རང་རྒྱ་ལྕང་དང་སྟར་ག ཁམ་བུའི་སྡོང་པོས་བཏུམས་པའི་རོལ་ཞིག་དེད་དེ་སོང་བ་ན་ཤིང་གིས་བཟོས་པའི་ཟམ་པ་རྙིང་ཧྲུལ་ཅན་གྱི་ཐོག་ཏུ་སླེབས་ཏེ། རྟའི་རྨིག་སྒྲ་དང་ཟམ་པས་ཆག་ཨེ་འགྲོ་སྙམ་པའི་སྒྲ་ཧྲ་ཧྲས་ངའི་སྙིང་གར་ཡང་ཡང་འདར་དུ་བཅུག་ཀྱང་ཟམ་འོག་ཏུ་གཡུ་ལྟར་འདྲ་བའི་ཆུ་དྭངས་མོ་དེའི་ནང་དུ་རྟ་ཕོ་དཀར་པོ་ཞིག་དང་རྟ་ཕོ་དཀར་པོ་བཞོན་པའི་བུ་མོ་མཛེས་མ་ཞིག་ལྡོག་ནས་འཆར་འདུག སྣང་ཚུལ་དེས་ང་ལ་སེམས་གསོ་དང་སྟོབས་ཤུགས་ཚད་མེད་བསྩལ། ང་རང་ཡང་ཡིན་བསམ་བསམ་གྱིས་རི་དེའི་རྐང་པ་ནས་འཛེག་མགོ་རྩོམ།
ང་རང་རི་བོ་དེ་ནས་ཡར་ཡར་འཛེགས་པ་ན། ནམ་མཁའ་ལ་ཟུག་པའི་སྟར་གའི་སྡོང་པོ་རྣམས་ཇེ་ཆུང་ཇེ་ཆུང་དུ་གྱུར་བ་དང་། བོད་ཁང་དཀར་པོ་རྣམས་ཀྱང་ཞིང་ཐང་རྒྱན་བྱེད་ཀྱི་མུ་ཏིག་བཞིན་དུ་གྱུར་སོང་།
ང་རང “Z”དབྱིབས་ཅན་གྱི་ལམ་ཀྱི་ཀྱོག་མཚམས་ཞིག་ནས་ཞིང་གྲོང་འདི་ལ་ཕྱིར་ལྟ་ཞིག་བྱེད་དུས། ཁང་པ་དཀར་པོའི་ཐོག་ཏུ་ལྷ་བསང་གི་དུ་བ་དཀར་ཐོལ་ཐོལ་དུ་འཕྱུར་བ་དང་ཆབས་ཅིག “ཀཱ་ཡེ། ཀཱ་ཡེ། ཀཱ་ཡེ”ཞེས་སྐད་གསུམ་གྲགས་བྱུང་། ངས་ཁོ་ཚོས་ང་འབོད་པ་ཨེ་ཡིན་སྙམ་བཞིན་ལག་པ་མཆུ་འགྲམ་དུ་བཞག་ནས་ཁོ་ཚོ་ལ་ཨ་ལན་སྤྲོད་གྲབས་བྱེད་སྐབས་དེར་ངའི་སེམས་ན་ཅི་ཞིག་འཁོར་བས་སྐད་དེ་མགྲིན་པ་ན་ཐོགས། ཡིན་རྒྱུ་ནི་ངས་ཡུལ་སྐོར་ཟིན་བྲིས་ཞིག་གི་ནང་དུ་མཐོང་བའི་བོད་མིས་ལྷ་བསང་གཏོང་བའི་སྲོལ་དེ་དྲན་བྱུང་བས་སྐད་ལན་མ་སྦྱིན། ཞིབ་པར་བལྟས་ན། ཁང་པ་དག་གི་ཐོག་ཏུ་མི་བཅུ་གྲངས་ཤིག་ནག་རོག་རོག་ངང་འགྲེང་འདུག་པ་མཐོང་བྱུང་། དེ་ནི་ཕལ་ཆེར་ཁྱིམ་ཚང་གཅིག་གི་མི་ཡོད་དོ་ཅོག་ཡིན་ངེས། ཁོ་ཚོས་ང་ལ་སྐྱེལ་མ་བྱེད་བཞིན་པ་དང་འདྲ་ལ་ངའི་ལས་དབང་ལ་སེམས་ནད་བྱེད་བཞིན་པ་དང་ཡང་འདྲ།
ནགས་རི་ནས་ཕར་ལ་འགྲོ་དུས་ད་དུང་ཡང་ནགས་རི་རེད་འདུག ན་བུན་ནས་ཕར་ལ་འགྲོ་དུས་ད་དུང་ཡང་ན་བུན་རེད་འདུག ངའི་གཡས་གཡོན་དུ་ཡོད་པའི་ཤུག་སྡོང་དག་ལས་ང་རང་ད་དུང་ཡང་རི་བོ་མིང་མེད་འདིའི་མཁའ་མཐོ་སར་ཡོད་པ་ཤེས་ཐུབ།
བར་སྐབས་ཞིག་ལ་ངས“ཡུས། ཡུས” ཅེས་ཟེར་བ་དང་རྟ་ཕོ་དེས་ཀྱང་ངའི་ཁ་ལ་ཉན་ནས་གོམ་མཚམས་བཞག ངས་རྒྱབ་ཁུག་གི་ཁ་ཕྱེ་ནས་ཀུ་ཤུ་རྟགས་ཅན་གྱི་ཁ་པར་དེ་ཡར་བླངས། ཅོག་ངོས་སུ་ཟིལ་བས་ཁེངས་འདུག ཁ་ཕྱེ་བ་ན་ཟིལ་བའི་ཁྲོད་དུ“12:23”ཤར། དེ་རིང་ཞོགས་པ་ཆུ་ཚོད་བདུན་པ་ཡས་མས་སུ་རུ་བ་བཀྲ་ཤིས་དང་ཁ་བྲལ་བ་ཡིན། ང་རང་ཆུ་ཚོད་འདི་ཙམ་སོང་ཡང་ད་དུང་ཤུག་རི་བརྒལ་མི་འདུག ཁ་པར་གྱི་ཅོག་ངོས་ངའི་སྟོད་ཐུང་གི་ནང་ངོས་སུ་བརྡར་ནས་བསྐམས་རྗེས། ཁ་པར་གྱི་གསང་གྲངས་མནན་ནས་ནང་དུ་འཛུལ། ཧང་སངས་དགོས་པ་ཞིག་ལ་ཁ་པར་ལ་བརྡ་རྟགས་ཐོན་འདུག ང་རང་ཞིང་གྲོང་དུ་བསྡད་དུས་བརྡ་རྟགས་མེད་པ་མ་ཟད་རི་བོ་ལ་འདི་འཛེགས་པའི་ལམ་བར་དུ་ཡང་བརྡ་རྟགས་ཡོད་པ་མ་མཐོང་བས་ངས་ཁ་པར་ལ་ཁ་ཡ་མ་བྱས་པར་རྒྱབ་ཁུག་ན་དངོས་པོ་ཕལ་པ་ཞིག་ལྟར་བཅུག་ནས་བཞག ད་ལྟ་སྐད་ཅིག་མ་ལ་བརྡ་རྟགས་མཐོང་དུས་ང་རང་ཤིན་ཏུ་དགའ་ནས་ལམ་སང་གྲོགས་པོ་གང་ལ་ལ་ཞིག་ལ་ཁ་པར་བརྒྱབ།
ཁ་པར་གྱི་སྒྲས“ཏུམ། ཏུམ”ཞེས་སྒྲོག་ནས་བསྡད་པ་ལས། ངས་ཁ་པར་བརྒྱབ་པའི་བརྡ་དེ་ང་རང་བཞིན་ན་བུན་གྱི་ཁྲོད་དུ་ཐོགས་ནས་ཕ་རོལ་པོའི་ཁ་པར་ནང་བསླེབ་མ་ཐུབ་པར་སྣང་། ངས་སྐར་མ་བཅུ་ཙམ་བརྒྱབ་ཀྱང་དེ་ག་རེད།
ངས་བོད་ཀྱི་རུ་བའི་འཚོ་བ་བརྗོད་བྱ་བྱེད་པའི་གློག་བརྙན་མང་པོར་བལྟས་མྱོང་། གློག་བརྙན་ནང་དུ་རུ་བ་ནི་བོད་ཀྱི་བྱང་ཐང་གི་འབྲོག་པ་ཚོ་དང་འདྲ་བར་སྦྲ་ནག་པོའི་ནང་དུ་བསྡད་ཅིང་། སྦྲ་ནང་དུ་ཡང་མདོང་དང་འོ་ཟོ་སོགས་འབྲོག་པའི་ཡོ་བྱད་ལས་དེང་རབས་ཀྱི་འཕྲུལ་ཆས་ཧ་ལམ་ཡོད་པ་མ་མཐོང་། ཡིན་ཡང་མདང་དགོང་ང་རང་ཞག་གཅིག་གནས་ཚང་དུ་བསྡད་པའི་རུ་བ་བཀྲ་ཤིས་ཀྱི་སྦྲ་འདྲ་བའི་ཤིང་ཁང་དེ་བཟོ་བཀོད་ལྟ་ན་སྡུག་པར་མ་ཟད། ནང་དུ་ཉི་གློག་ཆེན་པོ་དང་གློག་ཀླད། ཁ་པར་སོགས་དེང་རབས་ཀྱི་འཕྲུལ་ཆས་ཀྱིས་ཁེངས་པ་ལས་འབྲོག་པའི་ཡོ་བྱད་ཡོད་པ་མ་མཐོང་། ད་དུང་ཁང་པའི་གང་སར་ཁེངས་པའི་དཔེ་ཆ་དང་ཁོས་བཤད་པའི་སྐད་ཆ་ཡ་མཚན་དག་ནི་ངའི་བློ་ངོར་ཤོང་དཀའ་བ་ཞིག་རེད། མདང་དགོང་ཁོ་རང་སྦྲ་སྒོའི་འགྲམ་དུ་འགྲེང་ནས་ནམ་མཁའ་ལ་ཅེར་བཞིན“དེ་རིང་ཚེས་པ་བཅུ་བཞི། སང་ཉིན་ཚེས་པ་བཅོ་ལྔ་རེད། དཀར་གསལ་ཟླ་བ་ནི་བཀྲ་ཤིས་རྟགས་བརྒྱད་བརྒྱུད་ནས་འགྲོ་བ་མ་ཟད། ཚེས་པ་བཅོ་ལྔ་ལ་ཁ་པར་ནང་བརྡ་རྟགས་ཀྱང་ཡོད་དོ”ཟེར་བཞིན་ཁོས་རང་གི་ཀུ་ཤུ་རྟགས་ཅན་གྱི་ཁ་པར་དེ་ཁ་ཕྱེ་རྗེས་བརྡ་རྟགས་མ་མཐོང་བ་འདྲ་མགོ་བོ་གཡུག་གཡུག་བྱེད་བཞིན་ཁ་པར་དེ་ཁོ་ལ་མི་མཁོ་བ་ལྟར་ཤིང་ཁྲིའི་ཐོག་ཏུ་ཐག་སྒྲ་དང་བཅས་གཡུགས་སོང་། དེ་དུས་ངས་ཁོའི་སྐད་ཆ་ལ་དོ་སྣང་དེ་ཙམ་མ་བྱས།
ང་རང་རི་བོ་ཆེན་པོ་འདིའི་རྩ་བ་ནས་རྩེ་མོར་འཛེགས་པ་ནས་བཟུང་། རི་བོ་མིང་མེད་པའི་འདི་ལ་རྒྱུས་མངའ་ལྡན་པར་འགྱུར། རི་བོ་འདིའི་རྩ་བ་ནི་ཞིང་གྲོང་། ཞིང་གྲོང་ནས་ཡར་འཛེགས་ན་ལྕང་མ་དང་། དེ་ནས་ཡར་འཛེགས་ན་ཚེར་སིལ་སྐྱ་བོ་དང་། དེ་ནས་ཡར་འཛེགས་ན་གླང་མའི་རི། དེ་ནས་སྒྲོན་ཤིང་གི་རི། དེ་ནས་བེ་ཤིང་གི་རི། དེ་ནས་སྟག་མ་རི། དེ་ནས་ཤུག་རི། དེ་ནས་སྤང་ལྗོངས་བཅས་རེད། ས་ཁམས་རིག་པ་ལྟར་ན་ཧི་མ་ལ་ཡ་དང་འཕྲེད་གཅོད་རི་རྒྱུད་ཀྱི་རི་བོ་རྣམས་ཀྱི་རྩི་ཤིང་ལ་འདི་འདྲ་བའི་ཁྱད་པར་ཡོད་པར་བཤད། གནམ་གཤིས་ཀྱང་རིའི་རྩ་བ་རུ་དབྱར་ཁ་དང་། གླང་མའི་རི་དང་སྒྲོན་རི་ན་སྟོན་ཀ། སྟག་མ་རི་དང་ཤུག་པའི་རི་ན་དཔྱིད་ཀ རི་རྩེའི་སྤང་ལྗོངས་སུ་དགུན་ཁ་འདྲ་འདྲ་ཡིན་དགོས་མོད། བཀྲ་ཤིས་རྟགས་བརྒྱད་ལུང་པའི་ནང་དུ་གནམ་གཤིས་ནི་ནམ་ཡང་དཔྱིད་ཀ་བཞིན་དུ་གནས་པས་ས་ཁམས་རིག་པའི་ཆོས་ཉིད་དང་ཡོངས་སུ་འགལ། རུ་བ་བཀྲ་ཤིས་ཀྱིས་ཀྱང་ང་ལ་བཀྲ་ཤིས་རྟགས་བརྒྱད་ལུང་པའི་ནང་དུ་དགུན་ཁ་ཡང་རྩྭ་སྐྱེས་ཀྱི་རེད་ཅེས་བཤད་མྱོང་།
ནགས་ཁྲོད་དུ་མར་ཅི་ཙམ་བབས་ན། ན་བུན་དང་ཤུག་སྡོང་ནི་དེ་ཙམ་གྱི་མང་དུ་སོང་། དུག་ཅན་གྱི་སྟག་མ་དང་ཐང་ཆུ་ཅན་གྱི་ཐང་ཤིང་སོགས་མིག་གི་མཐོང་ཡ་བྲལ། དེ་ནི་ང་རང་ཉིན་ཕྱེད་ཙམ་མར་བབས་ཀྱང་རི་བོ་མིང་མེད་འདིའི་ལམ་ཐག་བཅུ་ཆ་གཅིག་ཀྱང་ཆོད་མེད་པའི་རྟགས་རེད།
ང་རང་ཡར་འཛེགས་དུས་རྩ་བ་ནས་རྩེ་མོར་བར་ཉིན་ཞག་ལྔ་ཐོགས་སོང་། ནགས་ཁྲོད་དུ་དོམ་དང་སྤྱང་ཀི་སོགས་གང་མང་ཞིག་མཐོང་ཡང་ཁོ་ཚོས་མི་རྟ་ལ་གནོད་བྱེད་པའི་སྟ་གོན་ཕྲན་བུ་ཙམ་ཡང་ཡོད་པ་མ་མཐོང་བས་ཁོ་ཚོ་ལ་སྐྱེས་པའི་སྐྲག་སྣང་ཡང་རིམ་གྱིས་ཡལ། ང་རང་རྒྱ་མོ་ཞིག་ཡིན་པ་དང་ལྷག་པར་དུ་གྲོང་ཁྱེར་བ་ཞིག་ཡིན་པའི་ཆ་ནས་ལུས་ཀྱི་ངལ་སྡུག་དེ་ཙམ་རིག་མ་མྱོང་ནའང་། ཉིན་མཚན་ལྔ་ཙམ་རི་ལ་ཆུ་འཐུང་བཞིན་བག་ལེབ་ཟ་བཞིན་འཛེགས་ཀྱང་ངལ་བའི་སྣང་བ་དེ་ཙམ་མ་བྱུང་བ་ནི་ཧ་ལས་དགོས་པའི་དོན་ཞིག་རེད། ནགས་ཁྲོད་ཀྱི་མཁའ་རླུང་ནང་དུ་མེ་ཏོག་གི་དྲི་ཞིམ་དང་གསོ་རླུང་མང་པོ་ཡོད་པ་ཙམ་མ་ཟད། ད་དུང་ལུས་པོ་ལ་ཕན་པའི་དངོས་པོ་ཅི་ཞིག་ཡོད་སྙམ་སྐྱེས་ཀྱི་འདུག གྲོང་ཁྱེར་བ་ལྟར་དུག་སྤྲིན་དང་ཟང་ཟིང་ཁྲོད་དུ་འཚོ་བ་རོལ་པ་མང་དྲགས་པས་ཆམ་པ་ན་སླ་བ་དང་མགོ་གཟེར་སླ་བ། སྙིང་འཕར་སླ་བ་སོགས་ཀྱི་ནད་མང་པོ་ཞིག་ང་ལ་ཡོད་ཀྱང་། རི་འདི་ལ་འཛེགས་པའི་ཉིན་ཞག་དེ་ཚོའི་རིང་ངའི་ལུས་པོའི་ཕྱི་ནང་དང་དོན་ལྔ་སྣོད་དྲུག་ལ་གཙང་འཁྲུད་ཐེངས་གཅིག་བྱེད་པ་དང་འདྲ་བར་ནད་ན་ཚ་ཅི་ཡང་མ་བྱུང་བ་མ་ཟད། རང་གི་ལུས་པོ་འདི་རླུང་ལྟ་བུ་ཞིག་ཡིན་སྙམ་གྱི་བདེ་སྣང་སྐྱེས།
ང་རང་དཔེ་ཆ་ལ་དེ་ཙམ་གྱི་དགའ་པོ་མེད་མོད། དྲ་བ་མེད་ལ་བརྙན་འཕྲིན་མེད་པའི་ས་ཆ་ཞིག་ཏུ་དཔེ་ཆ་ནི་དུས་ཚོད་གཏོང་ཐབས་བྱེད་པའི་རྩེད་ཆས་གལ་ཆེན་ཞིག་ཡིན་པ་ན་མདང་དགོང་རུ་བ་བཀྲ་ཤིས་ཀྱི་ཤིང་ཁང་ན་ཡོད་པའི་དཔེ་ཆ་རྣམས་རེ་རེ་བཞིན་སློག་དགོས་བྱུང་། ཁོའི་དཔེ་ཆ་མང་ཤོས་ནི་ས་དཔྱད་དང་གནམ་གཤིས། ཆོས་ལུགས་དུ་འགྲིལ་བའི་འཇིག་རྟེན་སྐོར་གྱི་དཔེ་ཆ་རྐྱང་རྐྱང་རེད། མཐར་ངས་ཁོའི་ཁ་བརྒྱབ་པའི་གློག་ཀླད་ཀྱི་ཐོག་ཏུ་བཞག་པའི་དཔེ་ཆ་དེ་ལ་བལྟ་ཁུལ་བྱེད། དཔེ་ཆ་དེའི་མིང་ལ《ཤམ་བྷ་ལའི་སྡུག་བསྔལ》ཞེས་བྲིས་འདུག དཔེ་ཆ་དེ་ལ་པར་སྐྲུན་ཁང་དང་པར་སྐྲུན་གྱི་དུས་ཚོད། རིན་གོང་སོགས་ཅི་ཡང་མེད་ཀྱང་ཤོག་ལེབ་དང་མདུན་ངོས་གང་ཅིའི་ཐད་ནས་པར་དུ་བསྐྲུན་པའི་དཔེ་ཆ་དག་ལས་སྤུས་ཚད་ལེགས་པར་འདུག དཔེ་ཆ་དེའི་ལེའུ་དང་པོ“ཤམ་བྷ་ལའི་ངོས་འཛིན”ཞེས་པའི་ནང་དུ་བཀོད་པ་འདི་ལྟར“ང་རང་སྡོད་སའི་གནས་བཀྲ་ཤིས་རྟགས་བརྒྱད་བྱ་བ་དེ་ནི་འཛམ་བུ་གླིང་ལས་བྲལ་བའི་འཇིག་རྟེན་གཞན་ཞིག་ཡིན། ས་འདི་རུ་རྒྱ་མཚོའི་ངོས་ལས་རྨིད་ཤིན་ཏུ་མཐོ་ཡང་དྲོད་ཚད་ནི་ལོ་ཧྲིལ་བོར་དཔྱིད་ཀ་བཞིན། མཁའ་རླུང་ནི་མིའི་ལུས་ལ་སྨན་ལས་ཕན་ཆེ། ཟས་ལས་བཅུད་ཆེ་་་་་་གང་ལ་ལ་འཛམ་བུ་གླིང་གི་སྐྱེ་བོ་ཞིག་འདི་ན་སླེབས་ཐུབ་ན་སྡིགས་པ་ཡོད་ཚད་དག ལུས་མཛེས་ཅིང་ལྟ་ན་སྡུག་པར་འགྱུར་་་་་”ངས་མཚམས་འདི་བཀླགས་རྗེས། དཔེ་ཆ་དེ་རུ་བ་བཀྲ་ཤིས་ལ་བསྟན་ནས“འདི་སྒྲུང་དེབ་ཡིན་ནམ”ཞེས་དྲིས་པ་ན། ཁོས་ལན་དུ“སྒྲུང་གཏམ་ཐམས་ཅད་ནི་རྫུན་མ་ཡིན་པས་ང་རང་དགའ་པོ་མེད། འདི་ངས་བྲིས་པའི་ལམ་ཡིག་ཅིག་ཡིན། ཡིན་ཡང་མཛད་པ་པོ་ང་རང་ཉིད་ཀྱིས་ཀྱང་ལམ་བུ་ཞིག་རྙེད་མེད”ཅེས་སྐད་ཆ་ཡ་མཚར་བ་འདི་ལྟར་བཤད། ངས་ཁོ་ལ་ཁ་ཡ་མི་བྱེད་པར་དཔེ་ཆ་འདི་ཕར་སློག་ཚུར་སློག་བྱེད་སྐབས་དཔེ་ཆ་འདི་རྩོམ་མཁན་གྱི་མིང་མཐོང་བྱུང“མཛད་པ་པོ་རུ་བ་བཀྲ་ཤིས”ཅེས་པའི་ཡིག་འབྲུ་ཆེན་པོ་བཅུ་ཅན་དེ་དེབ་ཀྱི་མཇུག་ཏུ་གསལ།
“ཡུས། ཡུས”
ས་བདེ་ས་ཞིག་ཏུ་སླེབས་རྗེས་མི་རྟ་གཉིས་ཀ་ངལ་ཞིག་གསོ་དགོས་སྙམ། ངའི་སྐད་ཐོས་པ་དང་རྟ་ཡང་འགྲོ་མཚམས་བཞག་སོང་། ང་ཡང་རྟ་ལས་མར་བབས་ཏེ་ཤུག་སྡོང་ཆེན་པོ་ཞིག་གི་འགྲམ་གྱི་རྩྭ་ལྗང་ཁྲོད་དུ་ཙོག རྟ་ཕོ་དེ་ང་དང་ཁ་བྲལ་ཨེ་འགྲོ་སྙམ་བའི་སེམས་ནད་བྱེད་དགོས་པ་མི་འདུག ཁོའི་བརྩེ་དུང་དང་མིག་ཆུས་ཁེངས་པའི་མིག་གིས་ང་ལ་ལྟ་བཞིན་གཡས་གཡོན་གྱི་རྩྭ་དག་ཞིམ་ཉམས་ཀྱིས་ཟ་བས་ངའང་རྩྭ་ཟ་བའི་འདོད་པ་ཞིག་སྐྱེས་སུ་བཅུག རྩྭ་ཁམ་གང་ཟོས་རྗེས་ངའི་ལུས་ལ་སྣོམ་ཙམ་སྣོམ་ཙམ་རེ་བྱས། ཁོ་ངའི་དྲི་མ་འགྱུར་སོང་བ་ལ་སྐྲག་བཞིན་པ་དང་འདྲ།
རྩྭ་ལོའི་ཐོག་གི་དངུལ་གྱི་སྐུད་པ་འདྲ་བའི་ཟིལ་བའི་འོད་སྣང་ན་བུན་གྱི་ཁྲོད་དུ་འཕྲོ། རྩྭ་དེ་དག་ཞིམ་སྙམ་གྱིས་ཟ་བཞིན་པའི་རྟ་ཕོ་ནི་གངས་རི་ཆུང་ཆུང་ལྟར་ལུས་ལ་ཉི་འོད་མ་ཕོག་ཀྱང་འོད་སྣང་འཕྲོ་བཞིན་འདུག རྟ་ཕོ་འདི་བཞོན་པ་དང་རྩྭ་ལྗང་ཁྲོད་དུ་ཙོག་པ་གཉིས་ཁྱད་པར་ཆེར་མེད་པའི་སྣང་བ་སྐྱེས།
ངས་ཁ་པར་གྱི་སྒོ་ཕྱེ་ནས་མེ་ལོང་གི་ཚབ་དུ་རང་གི་གདོང་ལ་ཞིབ་ལྟ་ཞིག་བྱས། ཁ་པར་གྱི་ཅོག་ངོས་སུ་འཆར་བའི་བུ་མོ་དེ་བུ་མོ་རྒྱུས་མེད་ཅིག་རེད་འདུག་པས་ང་ལ་སྐྲག་སྣང་ཚད་མེད་ཅིག་སྐྱེས་སུ་བཅུག ཡིན་ཡང་། ང་རང་སྐྲག་སྣང་སྐྱེས་བའི་སྐབས་མཚུངས་སུ་ཅོག་ངོས་ཀྱི་བུ་མོ་དེའང་སྐྲག་སྣང་སྐྱེས་ཀྱིན་འདུག ངས་ལག་པས་རང་གི་ཁ་བཀབ་དུས་བུ་མོ་དེས་ཀྱང་ལག་པས་རང་གི་ཁ་བཀབ་སོང་། བུ་མོ་དེ་དང་ང་གཉིས་ཀྱི་བར་དུ་འབྲེལ་བ་ངེས་ཅན་ཞིག་ཡོད་པ་བསམ་ཚེ། སྐྲག་སྣང་ཡང་རིམ་གྱིས་ཡལ་བ་དང་ཁ་པར་ནང་འཆར་བའི་བུ་མོ་དེ་ལ་ཞིབ་ལྟ་ནན་མོ་ཞིག་བྱེད་དུས། བུ་མོ་དེ་དང་ང་གཉིས་བར་འདྲ་བའི་ཆ་ཡང་ཅུང་ཙམ་ཡོད་པ་སྣང་། དཔེར་ན། མཆུ་ཏོའི་ཟུར་གྱི་སྨེ་བ་ནག་པོ་ལྟ་བུའོ།། མི་འདྲ་བ་ནི་ཤིན་ཏུ་མང་པོ་མཆིས། དཔེ་ན། ངའི་མཆུ་ཏོ་སྟུག་པོ་དང་བུ་མོ་དེའི་མེ་ཏོག་གི་འདབ་མ་འདྲ་བའི་མཆུ་ཏོ་ལྟ་བུའོ།། དཔེ་ན། འོད་མེད་ལ་ཆུ་སེར་གྱི་ཁེངས་པའི་ངའི་མིག་དང་དཀར་ས་དཀར་ལ་ནག་ས་ནག་པའི་བུ་མོ་དེའི་མིག་ལྟ་བུའོ།། དཔེ་ན། དག་རྫས་རིན་ཆེན་དང་མཛེས་བཟོ་རྩ་ཆེན་ཅི་འདྲ་སྤྱད་ཀྱང་དཀར་པོར་འགྱུར་རྒྱུ་མེད་པའི་ངའི་ངོ་གདོང་དང་པད་མ་དཀར་པོའི་འདབ་མ་དང་འདྲ་བའི་བུ་མོ་དེའི་ངོ་གདོང་ལྟ་བུའོ།། དེ་ནི་མིག་འཁྲུལ་ཡིན་སྙམ་གྱིན་ཁ་པར་དེ་པར་ཁུག་ནང་དུ་བཅུག ཡིན་ཡང་ཅི་འདྲ་བསམ་ཡང་མིག་འཕྲུལ་གསལ་པོ་འདི་འདྲ་བ་ཞིག་ག་ན་ཡོད་སྙམ་བྱུང་། སླར་ཡང་ཁ་པར་པར་ཁུག་ནས་ཡར་བླངས་ཏེ་ལན་གཅིག་བལྟས། བུ་མོ་དེ་སྔར་བཞིན་ཁ་པར་གྱི་ངོས་སུ་གནས་འདུག སླར་ཡང་ཁ་པར་གྱི་སྒོ་བརྒྱབ་སྐབས་ངས་རང་གི་མཛུབ་མོ་ལ་ཞིབ་ལྟ་ཞིག་བྱེད་དགོས་བྱུང་། དུས་རྒྱུན་ཐུང་ལ་ས་མདོག་ཅན་གྱི་མཛུབ་མོ་དེ་ད་ནི་རིང་ལ་འོ་མའི་མདོག་ཏུ་གྱུར་འདུག ལག་པ་ཡང་འོ་མའི་མདོག་ཏུ་གྱུར་འདུག ངས་ལག་གཡས་པས་ལག་གཡོན་པའི་ཐོག་ཏུ་རེག་ཙམ་བྱེད་པས་ཚ་གྲང་རན་པའི་འོ་མ་ལ་ལག་པས་རེག་པ་བཞིན་གྱི་འཇམ་སྣང་སྐྱེས།
ཁ་པར་གྱི་ངོས་སུ་འཆར་བའི་བུ་མོ་དེ་མི་གཞན་གང་ཡང་མེད་པར་ང་རང་ཉིད་ཡིན་པ་ཤེས་རྗེས། རང་གི་ངོ་གདོང་ལ་འགྱུར་མདོག་བྱུང་བའི་བུ་མོ་ཀུན་དང་འདྲ་བ། ལྷག་པར་དུ་རང་གི་ངོ་གདོང་ཇེ་མཛེས་སུ་སོང་བའི་བུ་མོ་ཀུན་དང་འདྲ་བར་རང་ཉིད་སྙིང་རྗེ་བོ་ཡིན་སྙམ་གྱི་སྨྲ་བསམ་བརྗོད་འདས་ཀྱི་སྣང་བ་ཞིག་བྱུང་སོང་། ང་རང་ཤུག་སྡོང་འོག་གི་རྩྭ་ཁྲོད་ནས་ཡར་ལངས་ཏེ་ལག་པས་མཁུར་ཚོས་ལ་རེག་ཙམ་རེག་ཙམ་དང་མཛུབ་མོས་སྐྲ་ལོ་ཤད་དེ་བྲང་ངོས་སུ་དྲངས་པ་ལ་སོགས་པ་བྱེད་པ་ནི་ནར་མ་སོན་པའི་ཞིང་གྲོང་གི་བུ་མོ་ཞིག་གི་བྱ་སྤྱོད་དང་ཨ་ན་མ་ན་ཡིན་ངེས། ངས་རང་གི་མཛེས་སྡུག་འདི་དག་རྟ་ཕོ་འདི་ལ་ངོམ་པ་དང་འདྲ་ལ་ཡང་ན་ང་རང་རི་བོ་འདི་དང་ཁ་བྲལ་བ་ལ་བར་ཆད་བཟོ་མཁན་གྱི་ན་བུན་ལ་ངོམ་པ་དང་འདྲ། སྐབས་དེར་ང་རང་གྲོང་ཁྱེར་ན་ཡོད་ན་ཅི་མ་རུང་སྙམ་བྱུང་། ངས་ཁོ་རེ་ཡའི་གྱོན་ཆས་ཆ་ཚང་ཞིག་གྱོན་ནས་སྲང་ལམ་གྱི་གང་སར་ཉུལ་ན་འདོད། སྐབས་དེ་དུས་ང་ནི་བུ་མོ་ཚོའི་མིག་ནང་གི་ཚེར་མ་དང་སྐྱེས་པ་ཚོའི་ཁ་ཆུ་ཤོར་ཡུལ་ཡིན་ངེས། དེ་ནི་བུ་མོ་ཞིག་ལ་མཚོན་ན་ཅི་འདྲའི་བདེ་སྐྱིད་ལྡན་པ་ཞིག་རེད་ཨང་། དེ་བས་ཀྱང་། ངས་དེང་དུས་ཨ་རིའི་བུ་མོ་ཚོའི་ཁྲོད་དུ་དར་ཁྱབ་ཆེ་བའི་སྐྲ་སེར་པོ་མཚོ་མོའི་རྦ་རླབས་ཅན་དང་ལྷམ་གི་རྩ་བ་མཐོ་གང་ཙམ། མཆུ་ཏོ་པད་མ་དམར་པོའི་མདོག་ཅན་ཞིག་བཟོས་ནས། སྟོད་ཐུང་དང་སྣམ་བུ་ཧ་ལས་དགོས་པའི་ཐུང་ཐུང་ཞིག་གྱོན་ནས་མཚན་མོར་ནང་མ་ཁང་གི་གློག་འོད་ན་རང་ཉིད་ཀྱང་མྱོས་དགོས་པའི་བྲོ་ཞིག་བཅས་ཀྱང་འཁྲབ་འདོད་ཨང་།
བསམ་ཚུལ་ནི་བསམ་ཚུལ་ཙམ་ཏེ། ང་རང་བསམ་ཚུལ་འདི་ལས་སད་དུས་ད་དུང་ཡང་ན་བུན་ཁྲོད་དུ་ལུས་འདུག མདུན་ལམ་ནི་མུན་པས་ཡོངས་སུ་བསྒྲིབས། རྟ་དཀར་པོ་དེས་ངའི་བསམ་ཚུལ་ཤེས་པ་འདྲ། རྩྭ་ཡང་མི་ཟ་བར་མགོ་གཡུག་གཡུག་དང་ཁ་འགུལ་འགུལ་བྱེད་བཞིན་ང་ལ་ཅི་ཞིག་བཤད་སྙམ་བྱེད། ཁོའི་མིག་ན་ངས་སྐྱེས་པ་སུ་ཞིག་གི་མིག་ནང་ཡང་མཐོང་མ་མྱོང་བའི་བརྩེ་དུང་གིས་ཁེངས་འདུག མིག་ཆུས་ཁེངས་པའི་མིག་འབྲས་ནག་པོ་ལས་ངའི་ངོ་གདོང་མེ་ལོང་ལ་འཆར་བ་བཞིན། ཁོས་ཀྱང་ཁོའི་མིག་ནང་འཆར་བའི་ང་རང་ཇི་ལྟར་ཡིན་པ་དེ་འདྲའི་ངང་ནས་ང་རང་མཐོང་གི་ཡོད་པ་འདྲ། ངས་ཉིན་མང་པོར་ང་དང་མཉམ་དུ་རི་བོ་འདི་ལ་ཡར་འགྲོ་མར་བབས་བྱེད་མཁན་གྱི་ངའི་གྲོགས་པོ་བཟང་པོ་དེའི་གདོང་ལ་ལྟ་བཞིན། ལྕགས་ལས་གྲུབ་ཅིང་སྐད་ངན་དང་དྲི་ངན་གྱི་ཁྱབ་པའི་ཇོ་མོ་གླང་མའི་སྦག་སྦག་དང་བསྡུར་ཐབས་མེད་པ་ཤེས། ཇོ་མོ་གླང་མའི་སྦག་སྦག་གིས་ང་རང་ཁུར་ནས་གཡང་ལ་མཆོང་སྲིད་ནའང་། གདོད་མའི་ནགས་ཁྲོད་ཀྱི་རྟ་ཕོ་འདིས་རང་ཉིད་ཀྱི་ཚེ་སྲོག་ཤོར་ཡང་ངའི་ཚེ་སྲོག་སྲུང་སྲིད་པའི་ཡིད་ཆས་བདག་ལ་ཡོད། དེའི་ཕྱིར་རི་བོ་འདིའི་ཕ་རོལ་ཏུ་སླེབས་ན་ངས་ཁོ་རང་བཙོང་ནས་རླངས་འཁོར་གྱི་གླ་ཆ་ཞིག་འཚོལ་བའི་བསམ་ཚུལ་དེ་ལ་འགྱོད་པ་གཏིང་ནས་སྐྱེས་བྱུང་།
ང་རང་སྔར་བཞིན་རྟ་ཕོ་བཞོན་ནས་མར་མར་འབབ། ནགས་ཁྲོད་དུ་བྱེའུ་ཡིས་སྐད་སྙན་གྱི་བྲག་ཅས་ང་ནི་རྨི་ལམ་དུ་མེད་པར་མངོན་སུམ་གྱི་ནགས་ཁྲོད་དུ་ཡོད་པའི་དྲན་སྐུལ་ཡང་ཡང་བྱེད། སྐད་དེ་ཚོ་ས་ཆ་གཞན་གྱི་བྱེའུ་ཡི་སྐད་དང་མི་འདྲ་བར་བྱེའུ་ལ་ལའི་སྐད་ནི་དྲིལ་བུ་དཀྲོལ་བ་དང་འདྲ་ལ་ཁ་ཤས་ཀྱི་སྐད་ནི་པི་ལྦང་དཀྲོལ་བ་འདྲ། ལ་ཤས་ཀྱི་སྐད་ནི་སྒྲ་སྙན་དཀྲོལ་བ་དང་འདྲ། ད་དུང་མིས་དགའ་འབོད་བྱེད་པའི་སྐད་དང་འདྲ་བ། མིས་གླུ་དབྱངས་ལེན་པའི་སྐད་དང་འདྲ་བ། གླིང་བུ་འབུད་པའི་སྐད་དང་འདྲ་བ། ང་མི་རྟ་གཉིས་གདོད་མའི་ནགས་ཚལ་འདི་ན་སླེབས་ཀྱང་མཉམ་དཀྲོལ་རོལ་ཚོགས་ཆེན་པོ་འདི་ལ་བར་ཆད་ཅི་ཡང་བཟོ་མ་ཐུབ།
གང་དུ་སོང་ན་གང་སར་རྩྭ་ལྗང་གིས་ཁེངས་ནའང་། ངའི་རྟ་ཕོས་དེ་ཚོ་ལ་ཁ་ཡ་མི་བྱེད་པར་མར་བབས་རྐྱང་བྱས། ན་བུན་ཡང་ཇེ་སྟུག་ཏུ་ཕྱིན་སོང་བས་རྟ་ཕོ་མར་འགྲོ་བ་དང་བསྟུན་ནས་ན་བུན་གྱིས་ངའི་གདོང་ལ་རབ་རིབ་ཏུ་བྱིལ། དེ་ནས་ལུང་པ་ཆུང་ཆུང་ཞིག་ཏུ་སླེབས་ཤིང་། ལུང་པ་དེའི་ནང་དུ་སྐྱེས་པའི་རྩྭ་རྩེ་དང་ཤུག་སྡོང་ནི་གཞན་ལས་ལྡབ་ཀྱིས་ཆེ་ལ་གཡུ་འདབ་འཛིངས་འདུག འདབ་མ་དེ་དག་གི་ཐོག་ཏུ་ཡང་ཟིལ་བ་ལས་སྣུམ་འོད་ཆེམ་ཆེམ་དུ་འཕྲོ་བཞིན་འདུག ན་བུན་ནི་རབ་ཏུ་སྐོམ་པའི་རྟ་རྒན་ཞིག་དང་འདྲ་བར་ང་དང་ངའི་མདུན་ལམ་དང་བྲལ་བའི་སྟ་གོན་ཙམ་ཡང་མི་འདུག
ལུང་པ་དེའི་དཀྱིལ་དུ་རྡོ་བ་ཆེ་ཆུང་མང་པོས་ཁེངས་ནས་འདུག རྡོ་བའི་སྲུབས་ནས་རྫ་ཆུ་བསིལ་མ་ཤང་ཤང་དུ་རྒྱུགས་པའི་སྒྲ་ཐག་རིང་ཙམ་ནས་ཐོས་ཐུབ། ང་མི་རྟ་གཉིས་རྫ་ཆུ་ཁར་སླེབས་དུས། རྟ་ཕོས་མགོ་བོ་ཡར་བཀྱགས་ནས་ང་ལ་ལྟ་བཞིན་མཆུ་འགུལ་འགུལ་བྱེད་པ་ནི་ཁོས་ཆུ་འཐུང་འདོད་ཅེས་ཞུ་བ་བྱེད་པ་དང་འདྲ།
ང་རང་རྟ་གོང་ནས་མར་འབབ་སྟེ་རྟ་ལ་ཆུ་ལྡུད། རྟ་ཕོས“ཀྲུམ། ཀྲུམ”ཞེས་པའི་སྒྲ་དང་བཅས་ཆུ་བཏུངས་བ་ན་རྫ་ཆུ་དེ་ཇེ་ཆུང་ནས་ཆེ་ཆུང་དུ་འགྱུར་བ་མཐོང་ཐུབ། ཁོས་ཆུ་འཐུང་བའི་ཞིམ་ཉམས་དེས་ངའི་སྐོམ་པ་ཡང་རྒྱ་ཆེར་བཏང་། རྫ་ཆུ་དེ་ལུང་པའི་ཕུག་གི་ཤུག་སྡོང་ཆེན་པོ་ཞིག་གི་འོག་ནས་མར་འབབ་ཀྱིན་འདུག རྫ་ཆུའི་འོག་གི་བྱེ་མ་ཡང་གསེར་དངུལ་ལས་གྲུབ་པ་བཞིན། ཆུའི་འོག་ཏུ་འོད་ཆེམ་ཆེམ་འཕྲོས། རྡོ་བའི་སྲུབས་ཀ་དང་ཆུའི་གཡས་གཡོན་ཀུན་དུ་མེ་ཏོག་པད་མའི་འདབ་མ་དང་འདྲ་བའི་མེ་ཏོག་འདབ་མ་ཆེན་པོ་ཅན་ཞིག་སྐྱེས་འདུག རྫ་ཆུ་དེའི་ནང་དུ་མེ་ཏོག་དེའི་དྲི་ཞིམ་གྱིས་ཡོངས་སུ་ཁེངས། ངའི་བློ་ངོར་ཆུ་གྲང་མོ་བཏུངས་ན་ལུས་ལ་གནོད་པའི་གྲོང་ཁྱེར་གྱི་བསམ་བློ་དེས་ཁེངས་ཡོད། ཡང་གཅིག་བསམས་ན་བོད་ཡུལ་གྱི་ཆུ་ཐམས་ཅད་གཏེར་ཆུ་མིན་ནམ་སྙམ་བཞིན། ཁ་ལག་གཙང་མ་བཀྲུས་པ་ན་ཆུས་བརླན་པའི་ངའི་ངོ་གདོང་དང་ལག་པའི་ངོས་སུ་ཆུའི་ཆ་ཤས་རེ་རེ་བ་སྤུ་ནས་རུས་པ་རུ་སིམ་བཞིན་པ་ཚོར། དེ་ནས་ངས་སྦར་མོས་ཆུ་གང་བཅུས་ནས་འཐུང་། འཇམ་ལ་གྲང་བ་སོགས་ཡན་ལག་བརྒྱད་དང་ལྡན་པའི་ཆུ་དེ་ངའི་མགྲིན་པ་ནས་མེ་ཏོག་གི་དྲི་ཞིམ་མཉམ་དུ་འབབ་བཞིན་པ་ཚོར། ངའི་ཕོ་བའི་ནང་ལྷུང་བ་ཚོར། རི་བོ་ནས་ཤང་ཤང་དུ་འབབ་པ་བཞིན་ངའི་རྩྭ་ལམ་གང་སར་འབབ་པ་ཚོར། ངས་ཆུ་ཁམ་གང་ནས་ད་དུང་ཁམ་གང་འཐུང་ཚེ། ངའི་རྟ་ཕོས་མིག་གིས་ངའི་ཆུ་འཐུང་སྟངས་ལ་ལྟ་བཞིན་རང་ཉིད་ཀྱིས་ཀྱང་ཆུ་འཐུང་བཞིན་འདུག འགྲིན་པ་འགུལ་འགུལ་བྱེད་ཀྱིན་སྒྲ“ཀྲུམ། ཀྲུམ”ཞེས་བར་མེད་དུ་སྒྲོག ང་གཉིས་ནི་ཆུ་འཐུང་བའི་རྒྱལ་ཕམ་འགྲན་པའི་བྱིས་པ་བསམ་མེད་གཉིས་དང་འདྲ།
ང་གཉིས་ཀྱིས་ཆུ་ཡིད་ཚིམ་པ་ཞིག་བཏུངས་རྗེས། རྟའི་གྲོད་པ་ཆེན་པོ་དེ་མཐོང་ཚེ་ང་རང་ཉིད་ཀྱི་གྲོད་པ་ཡང་དེ་ལྟ་བུའི་ཆེན་པོ་ཞིག་ཏུ་གྱུར་ཟིན་པའི་སྣང་བ་སྐྱེས། ཆུས་འགྲང་དྲག་པའི་ངས་རྟ་ཡང་བཞོན་མ་ཐུབ་པར་སྲབ་མདར་འཇུས་ནས་འཁྲིད། གོམ་གང་སྤོ་ན་ངའི་ཕོ་བ་ནང་གི་ཆུས་སྒྲ“ཤང་། ཤང”ཞེས་གྲགས་པ་ཐོས་རྒྱུ་འདུག གྲོད་པ་ཆེ་རུ་ཕྱིན་པའི་རྟ་དེ་ཡང་དལ་བར་དལ་བུས་ངའི་རྗེས་འདེད་བཞིན་འོང་།
ལུང་པ་དེའི་ཕ་རོལ་ནས་ཕར་ཕར་སོང་ན། ལམ་བདེ་མོ་ཞིག་ཚུར་ལུང་པའི་ནང་འཐེན་འདུག་པས་ང་རང་ཡ་མཚན་སྐྱེས། ང་རང་རི་བོ་མིང་མེད་ཀྱི་ནགས་ཁྲོད་དུ་འགྲིམ་པ་ནས་བཟུང་ལམ་མཐོང་བ་ཐེངས་དང་པོ་ཡིན། ང་རང་ཡར་འཛེགས་ཡོང་དུས་སེམས་ཀྱི་ཚོད་འགམ་བྱས་ནས་ཡར་འཛེགས་པ་ཡིན་ལ་ད་ལྟ་མར་འབབ་དུས་ཀྱང་དེ་ལྟར་ཡིན།
ལམ་ཐོག་ཏུ་རྩྭ་མང་པོ་སྐྱེས་ཡོད་ཀྱང་། བདེ་ལ་རྒྱ་ཆེ་བས་སྔོན་དུས་སུ་མི་མང་པོ་ཞིག་འགྲོ་མྱོང་བ་ར་སྤྲོད་བྱས། སྔོན་མ་འགྲོ་མྱོང་བའི་མི་རྣམས་ཀྱི་རྐང་རྗེས་ཀྱང་མ་བཞག་པས་ཁོའི་རྐང་པའི་ཆེ་ཆུང་ཅི་ཙམ་ཡོད་པ་ཤེས་ཐབས་བྲལ་ལ་ནགས་ཁྲོད་དུ་ལམ་བདེ་ལ་ཡངས་པ་འདི་བཟོ་མཁན་གྱི་མི་རྣམས་ཀྱི་སྤོབས་པ་དང་བློ་གྲོས་ནི་ཅི་ཙམ་ཡོད་པ་དེས་བས་ཀྱང་ཤེས་དཀའ། རྒྱུ་མཚན་ནི་དུས་ཀྱི་རྩྭ་ཕྲན་གྱིས་ལམ་ངོས་ཡོངས་སུ་བཀབ་འདུག ང་རང་དགའ་བ་དང་སྐྱོ་བ། རེ་སྨོན་དང་འཇིགས་སྣང་སོགས་ཀྱི་སེམས་ཁམས་ཞིག་ཁུར་ནས་རྟ་ཕོ་འཁྲིད་བཞིན་ལམ་དེ་དེད།
ལམ་དེའི་གཡས་གཡོན་དུ་ཡོད་པའི་ཤུག་པ་དག་ནི་བོད་ཡུལ་གྱི་རི་ཁྲོད་ཀྱི་གང་སར་མཐོང་རྒྱུ་ཡོད་པའི་ཤུག་པ་དག་དང་མི་འདྲ་བར། དེ་དག་ནི་རྒྱ་ནག་གི་སྐྱེད་མོལ་ཚལ་དང་གནས་རི་གང་ལ་ལའི་ཐོག་ཏུ་སྐྱེས་ཡོད་པའི་མིང་ལ་ཤུག་པ་ཕྱག་རྒྱ་ཟེར་བ་དེ་དང་གཅིག་པ་གཅིག་རྐྱང་རེད་འདུག འདབ་མ་ནི་མིའི་ལག་པས་ཕྱག་རྒྱ་བྱེད་པ་དང་འདྲ་བས་མིང་དེ་ལྟར་ཐོགས་པ་ཡིན། ཤུག་པ་འདི་དག་ནི་ལྷ་ཁང་ཉེ་འགྲམ་དང་གནས་རིའི་རྩེ་མོར་མ་སྐྱེས་པར་མི་མེད་ལུང་སྟོང་ཞིག་ན་སུ་ཞིག་ལ་ཕྱག་རྒྱ་ཕུལ་བཞིན་ཡོད་དམ། ཤུག་པ་ཕྱག་རྒྱའི་སྡོང་པོ་སྦོམ་ལ་རྩེ་མོ་གནམ་ལ་ཟུག་འདུག
ལམ་དེའི་རྩེ་མོར་སླེབས་དུས་རྡོ་སྐས་རྙིང་ཧྲུལ་ཞིག་ཤུག་པ་ཕྱག་རྒྱའི་ནགས་གསེབ་ནས་ཡར་འཐེན་འདུག རྡོ་སྐས་དེ་རྒྱ་ཆེ་ན་ཡང་གས་སྲུབས་མང་པོ་འདུག་ལ་གས་སྲུབས་དག་ལས་ཤུག་ཕྲུག་དང་རྩྭ་རྩེ་མང་པོ་སྐྱེས་འདུག་པས་ཡར་འཛེགས་དཀའ་བ་མཐོང་།
ངས་རྟ་ཕོ་དེ་ཤུག་འདབ་ཞིག་ལ་སྲ་མོར་བཏགས་རྗེས། ང་རང་མགྱོགས་ཤིག་ཤིག་གིས་རྡོ་སྐས་ལས་ཡར་འཛེགས་ནས་གསང་བ་ལྐོག་འགྱུར་གྱི་འཇིག་རྟེན་ཞིག་ལ་ལྟ་བར་ཕྱིན། རྡོ་སྐས་དེའི་རྩེ་མོར་སླེབས་པ་ན། ཧ་ལས་དགོས་པ་ཞིག་ལ་ཐང་བདེ་མོ་ཞིག་ངའི་མིག་མདུན་དུ་མངོན་བྱུང་། ཐང་བདེ་མོ་དེའི་ཕུགས་སུ་ཁང་པ་རྙིང་ཧྲུལ་མང་པོའི་སྒེའུ་ཁུང་ནག་རོག་རོག་དག་ངའི་ཕྱོགས་སུ་ཁ་འདང་འདུག ཁང་པ་དེའི་གཡས་གཡོན་ཀུན་དུ་སྐལ་བཟང་མེ་ཏོག་དང་། སྒྲོལ་མ་མེ་ཏོག། བླ་མ་མེ་ཏོག་སོགས་བོད་ཡུལ་གྱི་མེ་ཏོག་མང་པོས་ངས་དུས་དེབ་ཅིག་གི་ཐོག་ཏུ་ཅི་ལྟར་པར་དུ་མཐོང་བ་བཞིན་དེ་ལྟར་དེ་བཞིན་སྐྱེས་འདུག མེ་ཏོག་དེ་ཚོ་ནི་སྒྲིག་ལམ་གང་ཡང་མེད་པར་སྒོའི་འགྲམ་དང་རྡོ་སྐས་ཀྱི་ཐོག་ཏུ་ཡང་རང་དབང་གིས་སྐྱེས་ནས་འདུག ལྷག་པར་དུ་ཤུག་སྡོང་ཆེན་པོ་ཞིག་ཁང་པ་དེའི་རྩེ་མོ་རུ་ཕྱེད་ཙམ་ཐོན་འདུག་ལ་རྣམ་པ་སྔོ་བའི་ཡལ་ག་ཡང་སྒེའུ་ཁུང་ནས་ཚུར་བསྐྱངས་ནས་གཡོ་འགུལ་བྱེད་བཞིན་པ་ནི་ཁང་པའི་བདག་པོས་སྒེའུ་ཁུང་ནས་བདག་ལ“ཁང་པའི་ནང་དུ་ཇ་འཐུང་དུ་ཤོག”ཅེས་འབོད་བཞིན་པ་དང་འདྲ།
ཁང་པའི་ཕྱོགས་སུ་འགྲོ་སྐབས“འུར་རེ། འུར་རེ”ཞེས་སྒྲ་ཐོས་པས་འཚབ་ཚུབ་ངང་གོམ་པ་ཁ་ཤས་ཕྱིར་ནུར་བྱས་དགོས་བྱུང་། ཕུག་རོན་བརྒྱ་ཕྲག་མང་པོ་ཞིག་ཁང་ཧྲུལ་དེ་ནས་འུར་རེར་འདྲོགས་ཡོང་བ་མཐོང་དུས་སེམས་ཀྱི་སྐྲག་སྣང་ཡང་རིམ་གྱིས་ཡལ། གྱང་རུལ་དང་ནགས་ཀློང་ནས་ཕུག་རོན་སྟོང་ཁྲག་མང་པོ་ཞིག་ལྡིང་བ་ལྟ་བུའི་བྲག་ཅ་མཆེད།
ང་རང་མུ་མཐུད་དུ་ཡར་འགྲོ་བ་ན་ཁང་བའི་སྒོ་ནས་ལུག་ཅིག་མར་ཐོན་ཡོང་བ་མཐོང་། ཁོའི་ལུས་ལ་བལ་ལྗིད་པོ་ཞིག་སྐྱེས་ཅིང་ཁ་དོག་ནི་སེར་པོ་མ་རེད་ལ་སྐྱ་སྐྱ་ཡང་མ་རེད་དཀར་པོ་ནི་དེ་བས་ཀྱང་མ་རེད། ལུག་དེས་ངས་ཁོ་རང་གཉིད་ལས་དཀྲོགས་པ་ལ་ཁོང་ཁྲོ་ལངས་པ་བཞིན་མིག་སྐྱག་གིས་ཁེངས་པའི་མིག་གིས་ང་ལ་ཕུར་ཚུགས་ཀྱིས་བལྟས། ཁ་ནང་ཅི་ཞིག་ཟ་བཞིན་པ་དང་འདྲ་བར་སྨ་ར་འགུལ་འགུལ་བྱེད་ལ་ཁོའི་གདོང་ལའང་རྣམ་འགྱུར་ཡར་མཚན་ཞིག་བསྡུས་འདུག དང་པོ་ལྟ་དུས་ང་ལ་ཁོང་དགོད་བྱེད་པ་དང་འདྲ་ལ་ཞིབ་པར་བལྟས་ན་ང་ལ་བྱམས་བརྩེ་ལྡན་པའི་སྒོ་ནས་མཛུམ་མདངས་སྟོན་བཞིན་པ་ལྟར་མཐོང་ཡོང་།
ལུག་རྒན་དེ་སྒོའི་དཀྱིལ་དུ་སྒོ་སྲུང་ཞིག་ལྟར་གཡོ་བ་མེད་པར་འགྲེང་ནས་བསྡད་པས་ང་ཡང་ཐབས་ཟད་ནས་གཡས་ཕྱོགས་ཀྱི་སྒེའུ་ཁུང་འགྲམ་དུ་ཕྱིན་ནས་ཁང་པའི་ནང་དུ་ཞིབ་ལྟ་བྱེད་དགོས་བྱུང་།
ང་རང་ཡིད་དབང་འཕྲོག་པ་ནི་ཁང་པའི་དཀྱིལ་དུ་སྐྱེས་པའི་ཤུག་སྡོང་དེ་མིན་པར། གྱང་ངོས་གང་སར་བྲིས་པའི་ལྡེབས་རིས་དག་རེད། ལྡེབས་རིས་དེ་དག་ལོ་ཟླ་མང་པོས་ཆར་ཆུས་རབ་རིབ་བཏང་ཡོད་ནའང་ཞིབ་པར་བལྟས་ན་རང་མདངས་ཐལ་རྡུལ་གྱི་འོག་ནས་མངོན་གྱིན་འདུག གང་ཞིག་ལྕེ་ལེབ་ཐོག་ཏུ་ཞིང་རྨོ་བ་དང་། གང་ཞིག་ནི་པགས་པ་བཤུ་བ་དང་། གང་ཞིག་ནི་མེ་ལ་བསྲེགས་པ་སོགས་དམྱའ་བའི་སྡུག་བསྔལ་རྣམས་ལོ་ཟླས་བཀྲུ་མ་ཐུབ་པར་གསལ་པོར་གནས་འདུག ངའི་མིག་ཟུང་སྒེའུ་ཁུང་ནང་གི་སྐྲག་འོས་པའི་ལྡེབས་རིས་དག་དང་བྲལ་དུས། ལུག་དེ་སྦྲུལ་གྱི་འགྲོས་དང་མཚུངས་པའི་རྭ་ཅོ་ཆ་གཅིག་རྗིད་ཏིག་ཏིག་གིས་འཁུར་བཞིན་ངའི་ཕྱོགས་སུ་འོང་བཞིན་འདུག ཁ་འགུལ་འགུལ་དང་མིག་འོད་ཆེམ་ཆེམ་ལས་ཁོས་ང་ལ་འཇིགས་སུ་རུང་བའི་དམྱའ་བའི་སྡུག་བསྔལ་གྱི་ཆོས་ཤིག་འཆད་བཞིན་པ་དང་ཀུན་ནས་མཚུངས། ང་རང་ཡུལ་དེ་ཡུན་རིང་པོ་བསྡད་མ་ཕོད་པར་མགྱོགས་ཤིག་ཤིག་གིས་མར་བྲོས་སོང་བ་ཡིན།
ངས་རྡོ་སྐས་ཀྱི་རྩེ་མོ་ནས་སླར་ཕྱི་ལྟ་ཞིག་བྱས། ཁང་པ་དེའི་རྒྱབ་ཀྱི་ན་བུན་ཡལ་ཕྱོགས་སུ་ཁང་པ་དེ་དང་འདྲ་བའི་ཁང་པ་མང་པོ་ཞིག་ཐོན་བྱུང་། ཁང་པ་དེ་ཚོས་ཁ་འདང་ནས་ང་ལ་དམྱའ་བའི་ལོ་རྒྱས་བཤད་བཞིན་འདུག ལོ་རྒྱུས་དེ་ནི་གསང་བ་ལྐོག་གྱུར་ཞིག་ཡིན་པ་ན་ང་དང་ང་འདྲ་བའི་གློ་བུར་བའི་མགྲོན་པོ་དག་གིས་ཤེས་ཐབས་བྲལ། རྩྭ་རྩེས་ལྷ་ཁང་དེ་དག་གི་སྒེའུ་ཁུང་དང་གྱང་ངོས་ཡོད་ཚད་བདག་ཏུ་བཟུང་འདུག
ན་བུན་ཡལ་ཕྱོགས་སུ་ལྷ་ཁང་ཞིག་གིས་སྒེའུ་ཁུང་ནས་ཁམ་བུའི་ཡལ་ག་ཆེན་པོ་ཞིག་ཚུར་བརྐྱངས་འདུག དེས་ང་ལ་ལྷ་ཁང་དེའི་ནང་དུ་ཟས་སུ་ཁམ་བུ་ཟ་མྱོང་བའི་དགེ་སློང་ཞིག་བཞུགས་མྱོང་བ་ར་སྤྲོད་བྱས། དགེ་སློང་དེས་དུས་ནམ་ཞིག་གི་ཚེ་ན་རང་གི་ཟ་བའི་ཁམ་བུའི་ནང་སྙིང་ཆུང་ཆུང་དེ་ནི་རང་ཉིད་ཀྱི་ལྷ་ཁང་གཏོར་བརླག་གཏོང་མཁན་གྱི་ལག་དམར་དུ་འགྱུར་བའི་སྔོན་ཤེས་མཁྱེན་ཡོད་དམ།
མིག་ཟུང་ང་དང་བྲལ་མ་མྱོང་བའི་ལུག་དེས་ད་དུང་ཡང་ང་ལ་ལྟ་བཞིན་འདུག ངས་ཀྱང་ཁོ་ལ་ཞིབ་ལྟ་ཞིག་བྱས་པ་ན་ཁོ་ནི་ལུག་རྒན་ཞིག་དང་རྩ་བ་ནས་མི་འདྲ་བར་རི་དྭགས་གནའ་བ་དང་ཨ་ན་མ་ན་ཡིན་པར་མཐོང་བྱུང་།
ངས་སླར་ཡང་ངའི་གནས་ཚང་རུ་བ་བཀྲ་ཤིས་ཀྱིས་མཛད་པའི《ཤམ་བྷ་ལའི་སྡུག་བསྔལ》གྱི་ནང་གི་ཚིག་ཁ་ཤས་ཡིད་ལ་འཁོར་བར་བྱས། དེ་ནི“ནགས་སུ་དགོན་ཆག་སྟོང་ཙམ་མཆིས་་་་་ང་རང་ས་འདི་ནས་ཐབས་བརྒྱ་ཇུས་སྟོང་གིས་འཛམ་བུ་གླིང་དུ་ལོག་ཐབས་བྱེད་ཀྱང་ངལ་བ་ལ་འབྲས་བུ་མེད་་་་་་་བཀྲ་ཤིས་རྟགས་བརྒྱད་ལུང་པ་ནི་ཡར་འཛུལ་ཐུབ་ཀྱང་མར་མི་ཐར་བའི་གནས་ཏེ——ཤམ་བྷ་ལའི་ས་ཆ”
ང་རང་རྟ་ཕོ་མགྱོགས་ཤིག་ཤིག་གིས་བཞོན་ནས་ས་ཆ་འདི་དང་བྲལ་ཅི་ཐུབ་བྱས། དུས་གང་ཙམ་ཞིག་སོང་བ་མི་ཤེས་པར་ངའི་ལུས་ཀུན་རྔུལ་ཆུས་བརླན་ལ་མི་རྟ་གཉིས་ཀ་སྤང་ཐང་བདེ་མོ་ཞིག་གི་ཐོག་ཏུ་སླེབས་འདུག ང་རང་མར་ལྷུང་སོང་བ་དང་འདྲ་ལ་མར་འབབ་པ་དང་འདྲ་བའི་སྒོ་ནས་རྩྭ་ཐང་ཐོག་ཏུ་གན་རྐྱལ་དུ་འགྱེལ། ད་ནི་ངལ་དྲགས་པས་གལ་སྲིད་གཅན་གཟན་ཞིག་ངའི་འགྲམ་དུ་སླེབ་ཡོང་ནའང་བྲོས་པའི་ཤེད་རྟ་རྔ་ཙམ་ཡང་མི་འདུག་པས་ང་རང་རྩྭ་དང་མེ་ཏོག་གི་ཁྲོད་དུ་ཉལ་ནས་བསྡད།
ངའི་ལུས་པོ་འདི་ཚོར་བ་དང་འདུ་ཤེས་གང་ཡང་མེད་པར་སྤང་ལྗོངས་འདིའི་ཐོག་ཏུ་འཁྲིགས་པའི་ན་བུན་དུ་གྱུར། སྐབས་སྐབས་སུ་རྒྱུ་ལ་མཚམས་མཚམས་སུ་གཡོ་བ་མེད་པར་གནས། ལན་རེར་ཇེ་ཆེ་ནས་ཇེ་ཆེ་རུ་འགྱུར་བཞིན་པའི་སྣང་བ་སྐྱེས། གཉིད་ལ་ཤོར་བ་དང་འདྲ་ཡང་མེ་ཏོག་དང་རྩྭ། མེ་ཏོག་དང་རྩྭ་ཟ་བཞིན་པའི་ངའི་རྟ་ཕོ་བཅས་གསལ་པོ་མཐོང་ཐུབ་ཀྱི་འདུག
ང་རང་རྩྭ་ཐང་འདིའི་ཐོག་ཏུ་གཉིད་མ་སད་ཀྱི་ཉལ་བའི་བར་སྐབས་སུ། རྨི་ལམ་གསལ་བོ་ཞིག་རྨིས་བྱུང་། རྨི་ལམ་ནང་ནང་དུ་ངས་རྟ་ཕོ་བཞོན་ནས་ནགས་ཁྲོད་དུ་བྲོས་བཞིན་འདུག ངའི་རྒྱབ་ཕྱོགས་སུ་ལྷའམ་འདྲེའམ་གནོད་སྦྱིན་ནམ་གཅན་གཟན་གང་རུང་ཞིག་གི་འཇིགས་སུ་རུང་བའི་སྐད་ཅོ་སྒྲོག་བཞིན་ང་རང་འདེད།
རྟ་ཕོ་རྒྱུགས་དྲགས་པས་རང་དབང་བྲལ་ནས། སྟབས་མ་ལེགས་པ་ཞིག་ལ་ལམ་བུའི་ཀྱོག་མཚམས་ཤིག་ན་སྐྱེས་པའི་ཤོག་སྡོང་ལ་རྟའི་མགོ་བོ་བརྡུངས་སོང་བ་དང་ང་ཡང་རྟ་ཐོག་ནས་མར་ལྷུང་། རྟ་ཁྲག་གི་སྦངས་པའི་ཤུག་སྡོང་གི་འགྲམ་དུ་ཙོག་ནས་ཁ་ཕྱིར་བསྐོར་ཏེ་རྒྱབ་ཕྱོགས་སུ་ལྟ་སྐབས། ང་རང་འདེད་མཁན་ནི་ཅི་དང་གང་ཡང་མིན་པར་མ་གཞི་བཀྲ་ཤིས་རྟགས་བརྒྱད་ལུང་པ་དང་དེའི་ནང་གི་ཤིང་ཁང་ནག་པོ་དེ་དང་ཤིང་ཁང་ནག་པོ་ནང་གི་རུ་བ་བཀྲ་ཤིས་བཅས་ཡིན་འདུག
ང་རང་གཉིད་ལས་སད་སྐབས། རྟ་ཕོས་ལྕེ་ལེབ་ཚ་ཤིག་ཤིག་ངང་ནས་ངའི་ངོ་གདོང་ལྡག་བཞིན་པ་ཚོར་བས། རོ་དང་འདྲ་བའི་ལུས་པོ་འདི་ལ་ག་ག་ཚལ་ལངས་ནས་རེག་པ་ཡང་ཇེ་གསལ་དུ་སོང་བ་དང་རྟས་ཀྱང་ང་རང་སྒུལ་བྱུང་བ་མཐོང་བ་འདྲ་བར་ཕར་ཙམ་འགྲོ་ནས་རྩྭ་ཟ་བ་ཐོས། མིག་རབ་རིབ་ནས་གསལ་བར་འགྱུར་དུས། ངའི་འཛུབ་མོ་འགུལ་ཙམ་བྱེད། ངའི་ལག་པ་འགུལ་ཙམ་བྱེད། ངའི་ལུས་ཀྱང་འགུལ་ཙམ་བྱེད་ཐུབ་པའི་སྐབས་དེར་མེ་ཏོག་ཆེན་པོ་ཞིག་ངའི་མིག་འགྲམ་དུ་བཞད་འདུག ང་རང་ཤུགས་ཀྱིས་ཡར་ལངས་ནས་མར་བལྟ་དུས་མ་གཞི་དེ་ནི་མེ་ཏོག་ཆུང་ཆུང་ཞིག་རེད་ལ་ང་རང་ཡང་བསམ་འདུན་བཞིན་གན་རྐྱལ་དུ་ཉལ་མེད་པར་བྲང་ཁོག་རྩྭ་ཐང་ལ་ལྷན་ནས་ཉལ་ཡོད་པ་ཤེས།
མིག་མདུན་གྱི་མིང་མི་ཤེས་པའི་རྩྭ་རྩེ་དག་གསལ་པོར་མཐོང་བ་དང་རྩྭ་རྩེའི་ཁྲོད་དུ་མཛུབ་མོའི་གཟུགས་དང་འདྲ་བའི་མདོག་ནག་པོ་ཅན། ལོ་མ་དང་ཡལ་ག་ཅི་ཡང་མེད་པའི་རྩྭ་ནག་པོ་ཞིག་གི་ངའི་མིག་གི་ཤེས་པས་བཟུང་སོང་། ཆབས་ཅིག ངས་གློག་བརྙན་དང་འདྲ་པར་མང་པོའི་ནང་མཐོང་མྱོང་བའི་རྩྭ་དེ་རྗེས་སུ་དྲན།
དང་པོ་ངས“སྨན་རྩྭ”ཞེས་ཁ་ནས་ཤོར་གྲབས་བྱེད་ཀྱང་ཁ་ནས་མ་ཐོན་གོང་སྨན་རྩྭ་ལོས་ཡིན་སྙམ། དེ་ནས“དབྱར་རྩྭ་དགུན་འབུ”ཞེས་སེམས་ནང་དྲན་པ་དང་མཉམ་དུ་ཁ་ནས་ཤོར་སོང་། རྩྭ་དང་མེ་ཏོག་གི་ཁྲོད་དུ་ཆེ་ཆུང་མི་འདྲ་བའི་དབྱར་རྩྭ་དགུན་འབུས་ཁེངས་འདུག་པ་མཐོང་།
ཡལ་ག་དང་ལོ་མ་མེད་པའི་མཛུབ་མོའི་གཟུགས་ཀྱི་དབྱར་རྩྭ་དགུན་འབུ་དག་རྩྭ་དང་མེ་ཏོག་གི་བར་དུ་འགྲེང་བར་ངའི་མིག་གི་ཤེས་པས་བཟུང་བ་ན། ངའི་ཀླད་པའི་ནང་འཆར་ཡན་མང་པོ་ཞིག་འཕེལ་འོང་། ངས་མདོག་ནག་ནག་གི་སྨན་རྩྭ་དེ་མཐོང་བ་དང་དེ་དང་ཁ་དོག་མི་འདྲ་བའི་དངོས་པོ་མང་པོ་ཞིག་འཆར་བྱུང་། སེར་པོ་གསེར་དང་དམར་པོའི་སྒོར་མོ། རིམ་གྱིས་རྟ་མཆོག་རྟགས་ཅན་གྱི་རླངས་འཁོར་དཀར་པོ། གཡུ་མདོག་གི་རྒྱན་ཆ། ཁ་དོག་མི་གཅིག་པའི་ཁང་པ། མུ་མཐུད་དུ་དེ་ཚོ་གཡོ་འགུལ་ཅན་དུ་འགྱུར། མཚན་མོའི་སྲང་ལམ་ཐོག་གི་གློག་འོད་དང་། ནང་མ་ཁང་དུ་རབ་དུ་གཡོ་བའི་གློག་འོད་ཁྲ་ཁྲ། པེ་ཙི་དང་པེ་ཙི་བརྒྱབ་པ་ལས་ནང་དུ་ཕྱོར་བའི་རྒུན་ཆང་དམར་པོ་་་་་འཇིག་རྟེན་དེ་ནི་ཅི་འདྲའི་མཛེས་ཤིང་སྡུག་པ་ཞིག་རེད་ཨང་། མཛེས་ཤིང་སྡུག་པའི་འཇིག་རྟེན་དེ་ཚོའི་འབྱུང་ཁུངས་འཚོལ་ནས་ཕྱིན་ན་ངའི་མིག་མདུན་དུ་འཆར་བའི་དབྱར་རྩྭ་དགུན་འབུ་དག་ཏུ་འགྱུར། དེ་ནི་དབྱར་རྩྭ་དགུན་འབུས་ངའི་མིག་མདུན་དུ་འཁྲབ་བའི་ཟློས་གར་ཡིན། ང་ནི་ཟློས་གར་འཁྲབ་གཞུང་དེའི་གྱི་རྩོམ་པ་པོ་དེ་ཡིན་དགོས།
ངའི་འཆར་ཡན་གྱི་གཤོག་པ་སླར་ཡང་རྩྭ་ཐང་ཐོག་ཏུ་བབས་ཏེ། དབྱར་རྩྭ་དགུན་འབུ་རྐོ་བའི་སྟ་གོན་རྩོམ་ཚེ། རླུང་བུ་ཞིག་གིས་ངའི་སྐྲ་ལོ་སྒུལ་ཙམ་སྒུལ་ཙམ་བྱེད་ཅིང་ཡུན་རིང་ཞིག་ལ་རྔུལ་ཆུས་བརླན་པའི་བ་སྤུ་རྣམས་སླར་ཡང་ལངས་པའི་གོ་སྐབས་ཐོབ། ཉིན་གང་རིང་ངའི་འཇིག་རྟེན་བཀབ་པའི་ན་བུན་རྣམས་རླུང་བུ་སླེབས་ཚེ་ཅི་ཞིག་ལ་སྐྲག་པ་བཞིན་ཕྱོགས་དང་ཕྱོགས་སུ་འདྲོགས། དེ་དང་ཆབས་ཅིག་ཏུ་མདུན་ཕྱོགས་ཀྱི་དྲིལ་སྒྲ་མང་པོ་ངའི་རྣ་ལམ་དུ་འཁུར་ཡོང་བས། དྲིལ་སྒྲ་དེ་ཅོང་སྒྲ་བཞིན་ང་ལ་དྲིལ་བུ་ཅན་གྱི་ཁལ་མ་ཞིག་ཡོད་པའི་གསལ་བཤད་བྱས། དྲིལ་བུ་ཅན་གྱི་ཁལ་མ་ཞིག་ཡོད་ན་དྲིལ་བུ་འདོགས་མཁན་གྱི་བདག་པོ་ཞིག་ལོས་ཡོད་སྙམ།
ན་བུན་ཡལ་ཕྱོགས་ཀྱི་དྲིལ་སྒྲ་གྲགས་ཡུལ་དུ་མིག་གིས་གཏོད་ཚེ། ནོར་གྱི་བསྐོར་བའི་སྦྲ་ནག་ཅིག་ན་བུན་གྱི་ཁྲོད་དུ་གཡོ་བཞིན་པ་མཐོང་། ངའི་སེམས་ནང་ཡང་རེ་བའི་མཆོད་མེ་རྡོག་གཅིག་འབར་བྱུང་། ངས་དབྱར་རྩྭ་དགུན་འབུའི་མགོ་སྤར་མོ་གང་བཏོགས་པ་དང་ཁ་ནང་བརྫངས་རྗེས། རྟ་ཕོ་འཁྲིད་དེ་སྦྲའི་ཕྱོགས་སུ་སོང་། ལམ་བར་དུ་འགྲོ་ཞོར་ནས་མཐོང་བའི་དབྱར་རྩྭ་དགུན་འབུ་དག་གི་རྩེ་མོ་འཐོག་བཞིན་ཁ་ནང་བཅུག་ནས་འཆའ། དེ་ལ་ཤ་སྐམ་གྱི་རོ་འདྲ་འདྲ་ཞིག་ལས་སྨན་མཆོག་གི་བྲོ་བ་ཅི་ཡང་མི་འདུག
སྦྲ་ནག་དེ་ཕར་བལྟས་ན་ཉེ་ཉེ་འདྲ་ཡང་། ཕར་ཅི་འདྲས་བསྐྱོད་ཀྱང་ད་དུང་ཡང་ཐག་རིང་གི་རང་མལ་ན་འདུག་པས་ང་རང་སྦྲའི་ཕྱོགས་སུ་མ་འགྲོ་བ་དང་འདྲ།
རླུང་བུས་ན་བུན་དེད་རྗེས། ད་ནི་མུན་པས་རླུང་བུ་འདེད་བཞིན་གནམ་ས་རིམ་གྱིས་ནག
ལྷ་བསང་གི་དྲི་ངད་ཅིག་སྣ་ལམ་དུ་འཐུལ་བ་དང་། གློག་འོད་བཀར་བའི་སྦྲ་ནག་དེ་ཡང་མུན་པའི་ཁྲོད་དུ་སེར་བོར་འགྱུར་འདུག “ཀཱི ཀཱི ཀཱི”སྐད་སྒྲ་ལན་གསུམ་དེ་ཐོས་པ་དང་ང་རང་རི་བོ་མིང་མེད་ལ་འཛེགས་དུས་སུ་ཞིང་གྲོང་གི་མི་རྣམས་ཁང་ཐོག་ནས་ང་ལ་སྐྱེལ་མ་བྱེད་པའི་རྣམ་པ་དེ་དྲན་བྱུང་།
ང་རང་ལྷས་ནང་སླེབས་པ་དང་སྦྲ་སྒོ་ན་ནག་རོག་རོག་གི་མི་ཞིག་འགྲེང་འདུག ཁོས་རྒྱུས་ཡོད་པའི་སྐད་ཀྱིས“ངས་ཁྱོད་རང་ཡུན་རིང་པོ་བསྒུགས་པ་ཡིན། ད་འགྲིག་སོང་། གཞི་ནས་ལོག་བྱུང”ཟེར། ང་རང་ཉེ་བ་བཅར་ཏེ་ཁོའི་གདོང་ལ་ལན་ཅིག་བལྟས་པ་ན། ངའི་ལུས་ལ་གྲང་འདར་གློ་བུར་བ་ཞིག་བྱུང་བ་དང་ཕྲག་རྩ་ཡོད་ཚད་རྡོ་བཞིན་འགྱུར། རྣ་བ་ནས་སིང་སྒྲ་གྲགས་བྱུང་།
རུ་བ་བཀྲ་ཤིས་ཀྱི་གདོང་ལ་རྣམ་འགྱུར་ཁྱད་པར་བ་གང་ཡང་མི་འདུག ཁོས་ངའི་ལག་ནས་རྟའི་སྲབ་མདའ་བླངས་རྗེས་སྦྲའི་གཡོན་དུ་འཁྲིད་བཞིན། མ་རེད་ཞིང་ཁང་ནག་པོ་དེའི་གཡོན་དུ་འཁྲིད་བཞིན“ཞོགས་པ་ཁ་ཆད་བཞག་པ་བཞིན། ཁྱོད་ཀྱི་རྟ་ཕོ་ལ་ཤིང་ཁང་འོས་འཚམ་ཞིག་བཟོས་ཡོད”ཟེར། ཁོས་ངའི་རྟ་ཕོ་ཞིང་ཁང་ནག་པོའི་གཡོན་གྱི་གསར་དུ་བཟོ་བའི་ཤིང་ཁང་དཀར་པོའི་ནང་དུ་འཁྲིད་སོང་།
“ངས་ཁྱོད་ལ་ཐུག་པ་ཞིམ་པོ་ཞིག་བསྐོལ་ཡོད། ནང་དུ་འགྲོ་ལ་ཐུངས”རྟ་བཏགས་ཚར་རྗེས་ཁོས་རྣམ་ཤེས་བོར་བ་བཞིན་ཧད་ནས་ལུས་པའི་ང་རང་འཐེན་བྱུང་།
ངས་རླངས་པ་དཀར་ཐོལ་ཐོལ་གྱི་ཐུག་པའི་བྲོ་བ་ཡང་བརྗེད་ནས་ཧ་ལས་དགོས་པའི་དེ་རིང་གི་ཉིན་མོ་འདི་ལ་ཕྱིར་དྲན་ཞིག་བྱེད་དགོས་བྱུང་།
ཞོགས་པར་ང་རང་ཤིང་ཁང་འདིའི་གཡོན་ཕྱོགས་ནས་ཐག་རིང་གི་ལམ་ལ་ཆས། ཉིན་གང་བོ་རི་བོ་མིང་མེད་ཀྱི་ནགས་ཁྲོད་ནས་མར་མར་འབབ། བབས་བབས་ནས་མཚན་མོར་སླེབས་དུས་ང་ཤིང་ཁང་གི་གཡས་ཕྱོགས་ནས་སླར་ཡང་གནས་འདི་རུ་སླེབས་འདུག ཡིན་ཡང་ཡ་མཚན་པའི་དོན་འདི་འདྲ་བྱུང་ནས་ངའི་རྣམ་ཤེས་བོར་ནའང་རུ་བ་བཀྲ་ཤིས་ཀྱི་གདོང་ལ་མཚར་སྣང་ཅི་ཡང་མི་འདུག
“ཟླ་བ་ཤར་བྱུང”
བར་སྐབས་ཞིག་ལ་རུ་བ་བཀྲ་ཤིས་ཀྱིས་འདི་ལྟར་བཤད་པ་དང་བཀྲ་ཤིས་རྟགས་བརྒྱད་ལུང་པ་འདི་དཀར་ལྷང་ངེར་གྱུར། ཁ་ནུབ་དུ་ཕྱོགས་པའི་ཤིང་ཁང་གི་སྒོ་ནས་ལྟ་སྐབས། དཀར་ལྷང་ལྷང་གི་འཇིག་རྟེན་གོ་ལ་ཞིག་སྤང་ཐང་འདི་བརྒྱུད་ནས་ནམ་མཁར་འཕག་བཞིན་འདུག
ཟླ་བའི་ངོས་ཀྱི་རི་བོ་དང་གནམ་སྐར་སར་ལྷུང་བའི་རྗེས་ཤུལ་དག་ཀྱང་གསལ་ལེར་མཐོང་ཐུབ་ཀྱི་འདུག
ཁམ་གང་ཡང་མ་འཐུང་བའི་ཐུག་པ་ཕོར་གང་དེ་སར་ཤོར།
དཀར་ཡོལ་ཆག་པའི་སྒྲས་མི་ཡུལ་གྱི་ཟླ་བ་ལས་ལྡབ་བརྒྱ་ཙམ་གྱིས་ཆེ་བའི་ཟླ་བ་འདི་ཤར་དུ་དལ་བར་བསྐྱོད་པ་ལ་བ་ཆད་བཟོ་མ་ཐུབ།
“ང་མི་ཡུལ་དུ་ལོག་འདོད”ང་རང་སྐྲག་ནས་ངུས།
རྩོམ་སྒྲིག་པ། སྐྱ་བོ།
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།