འཁྲུལ་སྣང་ཐེངས་གཅིག་གི་མགྱོགས་བྲིས།
ཏག་ཏག་ང་རང་ཕ་ཡུལ་ནས་ཡོང་ཁར། སྨུག་སྤྲིན་གྱི་རི་མོ་གོས་སུ་གྱོན་པའི་ཕ་ཡུལ་གྱི་རི་བོ་དག་གི་ཉག་ག་ནས་ངས་རང་གི་གྲིབ་གཟུགས་མཐོང་གིན་འདུག་ཅིང་། གྲིབ་གཟུགས་ངོས་སུ་འགུལ་བཞིན་པའི་ང་ཡི་བློ་དཀར་གྱི་བྱེའུ་དེ་ཕ་ཡུལ་གྱི་ནམ་མཁའ་རུ་ལྡིང་སྐོར་རྒྱག་གིན་འདུག དེ་ལྟར་ང་རང་རེས་འཁོར་གྱི་སྒེའུ་ཁུང་འགྲམ་དུ་བསྡད་དེ་མར་མར་ཡོང་བ་ན། ངས་རླངས་འཁོར་གྱི་སྒེའུ་ཡོལ་གསེང་ནས་ཕ་ཡུལ་གྱི་འཇམ་ཀླས་པའི་དྲི་མ་དྭངས་མོ་དག་ཀྱང་སྣ་མདོའི་བུ་ག་བརྒྱུད་དེ་སེམས་ཀྱི་གཏིང་རིམ་ནས་ཚོར་ཐུབ་པར་མ་ཟད། ཕ་ཡུལ་དང་བར་ཐག་སྤྱི་ལེ་གཅིག་ཙམ་སོང་བའི་མཚམས་ཤིག་ཏུ། ངས་མགོ་བོ་སྒེའུ་ཁུང་ཕྱི་རོལ་དུ་ཇི་ལྟར་བུད་པའང་མ་ཤེས་པར་ཕ་ཡུལ་ཕྱོགས་སུ་ཅེར་ནས་ཡོད་ལ། དེ་དུས་ཀྱི་ངའི་ཕྱིར་མིག་ཁྲོད་ཀྱི་ཕ་ཡུལ་ནི་ཏག་ཏག་ཉིན་ཤས་ཡར་སྔོན་གྱི་ཞོགས་པ་ཞིག་ལ་ང་རང་གནས་དེར་བསྡད་དེ་Ganonཔར་ཆས་ཀྱིས་བསྒྲོན་པའི་འདྲ་པར་ལྷོད་ཤ་ལྡན་པ་དེ་དང་གཅིག་པ་གཅིག་རྐྱང་རེད་འདུག
དེ་ལྟར་ང་རང་སྐྱ་རེངས་ཀྱི་འདབ་མ་དག་ཕ་ཡུལ་གྱི་ཨ་སྔོན་དགུང་དུ་ལྷོད་ཅག་གེར་འདུག་པའི་སྟོན་དུས་ཀྱི་མཁའ་དབུགས་དྭངས་མོའི་ཁྲོད་ཀྱི་ཞོགས་པ་དེར་ཕ་ཡུལ་དང་ཁ་གྱེས་དེ། སྤྱི་ལེ་ལྔ་བརྒྱ་ལྷག་བརྒལ་བའི་ཞིང་ཆེན་དུ་ཐོན་ཞིང་། དེ་ནས་གནམ་གྲུར་བསྡད་དེ་སྤྱི་ལེ་ཆིག་སྟོང་ཁ་ཤས་ཀྱི་བར་ཐག་བརྒལ་བའི་མི་རིགས་སྣ་ཚོགས་ཀྱིས་རྒྱལ་ཁ་དང་གྲུབ་འབྲས་ཀྱི་འགྲན་རྩོད་རྒོད་པའི་གནས་འདིར་ཐོན་ཏེ་ད་ནི་ཏག་ཏག་དུས་ཡུན་ཀྱང་མང་ཙམ་ཞིག་འགོར་གྱིན་འདུག་ལ། སེམས་ཀྱི་དར་སྐུད་རིང་མོ་དེ་རྒྱང་རིང་ལ་འཐེན་པའི་ང་ཡི་དཔའ་གདེང་གི་རི་བོ་ནི་སྔར་བཞིན་བརྟན་ཞིང་། ཞེ་སྡང་དང་ང་རྒྱལ་གྱིས་བཏབ་པའི་ང་ཡི་ཕུགས་བསམ་གྱི་མཁར་རྫོང་ནི་སྔར་བཞིན་གཞི་རྒྱ་ཆེ་ཨང་།
འོ་རེད། དེ་རིང་གཟའ་ལྷག་པ་རེད། ང་རང་ཉིན་གོང་གི་ཟ་མ་ཟ་ཞོར་ཁ་པར་ལས་སྐད་འཕྲིན་ཁ་ཕྱེས་ཤིང་སྐད་འཕྲིན་བར་སྟོང་དུ་ཉུལ་ཉུལ་ཞིག་བྱས་ཚེ། བོད་མི་ཚོས་ལྷག་དཀར་བསུ། ལྷག་དཀར་བཟང་། ཞེས་ཉེ་བའི་ལོ་འགའི་ནང་གཙུགས་ཆེན་དུ་འཛིན་བཞིན་པའི་ལྷག་དཀར་དུས་ཆེན་ལ་རྟེན་འབྲེལ་མཚོན་པའི་རྣམ་འགྱུར་མང་པོ་སྟོན་བཞིན་འདུག དེ་ནས་ང་རང་ཕྱིར་མལ་ཁང་དུ་ལོག་སྟེ་རྩིས་འཕྲུལ་གྱི་པར་སྒྲོམ་ལས་ཕ་ཡུལ་ཕྱོགས་ཀྱི་འདྲ་པར་དག་ལ་ཐེངས་གཅིག་བལྟས། མཚམས་ཤིག་ང་རང་ཕ་ཡུལ་ནས་གནས་འདིར་སླེབས་ཁར་མིག་ཟུང་གི་སོན་རྩ་རུ་དྲོད་ལིང་ལིང་དང་འཁྱག་སིབ་སིབ་ཀྱིས་བབ་པའི་ཕ་ཡུལ་གྱི་འདྲ་པར་སྙིང་དུ་སྡུག་པ་དེར་འཕྲད། དེའི་རྗེས་ང་རང་གོ་མེད་ཚོར་མེད་ངང་རྩིས་འཕྲུལ་ལག་ཏུ་འཆིང་ཞིང་མིག་ཟུང་གི་ཐག་ཉེ་ས་ནས་འདྲ་པར་དེར་ཧད་པར་གྱུར། མཚམས་ཤིག་ཕ་ཡུལ་གྱི་འདྲ་པར་ངོས་སུ་དོད་པའི་རི་བོ་དང་ལ་ལུང་གི་ཆུ་གཤར་དག་རེ་རེ་ནས་འགུལ་འོང་ཞིང་། འཇམ་ཀླས་པའི་ཕ་ཡུལ་གྱི་ཨ་སྔོན་དུ་འཁྱིལ་བཞིན་པའི་སྨུག་སྤྲིན་ལང་ལོང་དག་ཀྱང་མདོག་དམར་བའི་དགུན་གཞུང་གི་རླུང་དམར་དུ་གྱུར། དེ་ནས་རླུང་དམར་འུར་འུར་ལྡང་བཞིན་པའི་ཕ་ཡུལ་གྱི་གྲོང་ཚོ་ནས་ཡུལ་མི་དག་ཀྱང་གཅིག་རྗེས་གཉིས་མཐུད་ཀྱིས་བྲེལ་བྲེལ་འཚུབ་འཚུབ་ཀྱིས་མངོན་ཡོང་ཞིང་། མཚམས་ཤིག་རྒྱལ་ཁབ་ཀྱིས་སྡེ་བ་གཞུང་ལ་ཆེད་དུ་བཟོས་པའི་སྡེ་མི་ཨུ་ཡོན་ལྷན་ཁང་གི་ར་བ་རུ། སྡེ་དཔོན་གྱིས་ཅིག་མ་འགྲིག་པའི་དོན་ཆེན་ཅི་ཞིག་བཤད་རྩིས་ཀྱི་ཁྲོ་བའི་རྣམ་འགྱུར་དེ་དགོན་པའི་འདུ་ཁང་སྒོ་མདུན་དུ་བྲིས་པའི་རྒྱལ་ཆེན་སྡེ་བཞིའི་ཁྲོད་ཀྱི་ཕྱག་ན་རལ་གྲི་འཛིན་པའི་འགྱིངས་ཉམས་ཤིག་མངོན་པར་དོད་དེ་སྒུག་འདུག སྡེ་དཔོན་གྱི་རྐུབ་སྟེགས་གཤམ་དང་དེའི་གཡས་གཡོན་དུ་གཡས་ལོག་གཡོན་ལོག་བྱས་འདུག་པའི་ཡུལ་མི་ཕོ་མོ་རྒན་གཞོན་དག་ཀྱང་སྡེ་དཔོན་གྱི་རྣམ་འགྱུར་དེ་མཐོང་བས་མགོ་བོ་ཀྲོང་ཀྲོང་གིས་སྡེ་དཔོན་གྱི་ཕྱོགས་ལ་བལྟས་འདུག
“འོ་་་་ དེ་རིང་དོན་ཆེན་ཞིག་ཡོད་ས་རེད། ’’
“འོ་ལེ་མོད། དོན་ཅི་ཞིག་ཡིན་ནམ། ་་་་ ’’
“ ་་་་་་་་་་་་ ’’
་་་་ ་་
ཨ་ཁུ་བློ་བསྟན་ཚང་གི་རྒན་མོ་བསོད་སྐྱིད་ཀྱིས་ལག་པར་ཕྲེང་བ་ཞིག་བརྒྱུས་ཞོར་ཁ་ཚུར་འཁོར་ཏེ་ཨ་ནེ་གཡང་སྒྲོན་ལ་ལབ་པར། ཨ་ནེ་གཡང་སྒྲོན་གྱིས་ཀྱང་ལག་གི་འཁོར་ལོ་སྐོར་མཚམས་བཞག་ནས་རྒན་མོ་བསོད་སྐྱིད་ལ་ནན་ཏན་གྱིས་ལན་བསྐྱོན་ཚུལ་ལ་བལྟས་ན། སྡེ་དཔོན་གྱི་ངོ་གདོང་ལ་ཡུན་རིང་ཞིག་ཏུ་དེ་འདྲའི་ཁྲོ་ཚུགས་ཤིག་དོད་མ་མྱོང་བ་འདྲ་ལ། ཕལ་ཆེར་ད་ཐེངས་སྔར་བྱུང་མ་མྱོང་པའི་དོན་ཆེན་ཅི་ཞིག་བྱུང་འདུག་པར་ར་སྤྲོད་བྱེད་ཐུབ།
ཡ་་་ གཡང་སྡེ་བོ། ད་འུ་ཚོའི་བྲག་ལུང་སྡེ་བ་ཟེར་ན། བོས་ན་མྱིང་ཅན་ཟིག་རེད། བསྒོས་ན་སྐལ་ཅན་ཟིག་ཡིན་ནོ། ང་རྒན་པོ་ཀླད་བསིང་ཞིག་གིས་དེ་རིང་འདི་ནས་བཤད་མི་དགོས་ཨ་ཕོའི་སེམས་ན་ཡོད་ནི་ཟིག་རེད། འབྲི་མི་དགོས་ཡིག་ཆུང་ངོས་ན་དོད་ནི་ཟིག་རེད། ཡིན་ན་ར། ད་དེ་རིང་ང་འདི་ནས་གཏམ་མི་བཤད་ཁ་མེད་གྱོད་པས་ཀི་རྒྱང་བྱས་ནི་ཡིན། ཐག་མི་གཅོད་ཐབས་མེད་གྱོད་ཡ་ལམ་ཐུག་བྱས་ནི་རེད། ཨོ་་་ ད་རྒྱུ་མཚན་གང་ཡིན་ཟེར་ན། བཟང་སླ་ང་གང་བོ། ངན་ཐོམ་བུ་གང་གིས་བརྫད་ཟེར་བའི་དཔེར་ལྟར། འུ་ཅག་བྲག་ལུང་སྡེ་བའི་གཡང་སྐྱབས་ཚང་གི་ཞི་ལི་ནག་སྡང་ངོས། མི་དཔེ་རྒྱུའི་རྟ་རྣ་ཕུག མི་སྲིད་པའི་བྱ་ངན་བཟོས་བཏང་ཟིག དེ་རིང་སྔ་དྲོར་དགོན་པའི་གཞུང་ལས་ཁང་གིས་ང་ལ་ཁ་པར་ཐོན་སོང་། འུ་ཚོའི་སྡེ་བའི་གཡང་སྐྱབས་ཚང་གི་ཞི་ལིས་ཨ་ལགས་རིན་པོ་ཆེ་ཚང་ལ་ཁ་བཏངས་འདུག་ཟེར། དོན་དག་དེ་ནི་འུ་ཚོའི་བྲག་ལུང་སྡེ་བའི་བསྐལ་བ་ཆགས་ཀི་རིང་ལ་དཔེར་ཐོན་མ་མྱོང་བའི་གནད་དོན་ཞིག་རེད། འུ་ཚོ་བྲག་ལུང་སྡེ་བ་ཟེར་ན་བླ་མས་ཅི་གསུངས་ཆོས་དང་། མཛུབ་མོས་གར་བསྟན་ཤར་དུ་འཛིན་མཁན་གྱི་གཡང་སྡེ་ཞིག་ཡིན། ཡིན་ན་ཡང་། དེ་རིང་གཡང་སྐྱབས་ཚང་གི་ཞི་ལིས། འོ་མའི་རྒྱ་མཚོའི་ནང་ལ། ཁྲག་གི་ཐིགས་པ་འཕངས་བཞག་ནི་རེད། ད་གཡང་སྡེ་བོས་ཅིག་ཤོད་དང་། འདི་དཔེ་མི་སྲིད་པའི་དོན་དག་ཅིག་མ་རེད་དམ།
ཞེས་སྡེ་དཔོན་རྡོར་ལོས་དེ་ལྟར་རྐུབ་སྟེགས་ནས་ཡར་ལངས་ཤིང་། མིག་རྩ་དམར་པོར་གྱུར། ཡ་ཐོད་ཀྱི་སྐྲ་རྐང་ཐར་ཐོར་དག་ཟེང་ཟང་བྱས་ཏེ། ཁ་ནས་གཏམ་དཔེ་མང་པོ་ཕྲེང་བསྒྲིགས་ཤིང་ཁ་ཆུ་ཁྲལ་ཁྲལ་གྱིས་ལབ་བྱུང་། མ་གཞི་སྡེ་དཔོན་ལའང་ཁག་མེད་དེ། ཁོ་ལ་མཚོན་ན་སློབ་གྲྭ་ཟེར་བའི་ར་བ་ནང་དུ་གོམ་རྡོག་གཅིག་ཀྱང་སྤོ་མ་མྱོང་ཞིང་། མི་ཚེ་གང་བོར་ཕྱུགས་རྫི་ལུག་རྫིའི་ཞོར་དུ་དགོན་པར་སྐོར་བ་རྐྱང་བྱས་ཏེ་མི་ཚེ་སྐྱེལ་བ་རེད་ལ། ཨ་ལག་ཚང་གི་བཀའ་བཀོད་ཐམས་ཅད་ནི་ཏག་ཏག་བླ་མས་ཅི་གསུངས་ཆོས་དང་། མཛུབ་མོས་གར་བསྟན་ཤར་དུ་རློམ་ཏེ། དེ་ལ་ཐ་ན་དོགས་སློང་ཙམ་ཡང་བྱེད་མ་མྱོང་བའི་དད་པ་དག་སྣང་གི་གོམས་གཤིས་དེས། ངས་བྲིས་པའི་རྩོམ་ཡིག་དེ་ལ་ལེགས་པའི་ཆ་ནས་བསམ་གཞིགས་ཤིག་འདྲོང་བ་ལྟ་ཅི། ཐ་ན་ད་ལྟ་སྡེ་དཔོན་ཁོའི་མིག་ལམ་ཁྲོད་ཀྱི་ང་རང་ནི་ཏག་ཏག་ཨ་ལག་ཚང་གིས་རྒྱུན་དུ་གསུངས་བཞིན་པའི། སྡིག་གྲོགས་ཡིན་ཞེས་རྭ་ཅན་མི་འབྱུང་ལ་་་། ཞེས་པའི་ཚིག་དག་གི་མཚོན་དཔེ་གསོན་པོ་ཞིག་ཏུ་ངོས་འཛིན་བྱས་འདུག འོ་རེད་སྤྱིར་ངས་རྩོམ་ཡིག་དེ་འབྲི་བཞིན་པའི་སྐབས་ནས་དོན་མི་ལེགས་པ་རེ་འབྱུང་ངེས་པའི་སྔོན་རྩིས་ཡོད་མོད། འོན་ཀྱང་། འདི་འདྲའི་ཛ་དྲག་ཅིག་ཏུ་འགྱུར་ཡོང་བ་ཡིད་ལ་དེ་འདྲ་མ་ཤར་མོད། ད་ནི་གང་ལྟར་ངས་བློ་དཀར་གྱིས་བྲིས་པའི་ཡིག་འབྲུ་ཆིག་སྟོང་ཁ་ཤས་ལྷག་གི་དོན་དེས་ང་ལ་ཐག་གཅོད་ག་འདྲ་ཞིག་བྱེད་ཡོང་མིན་ངས་ཡུན་རིང་ཞིག་ཏུ་བློ་ཡིས་མ་དཔོག
“ཨ་་་བླ་མ་མཁྱེན། དེ་འདྲ་ཨེ་བདེན་ནམ།”
“འོ་ལེ་ཡ། དཔེ་སྲིད་རྒྱུ་མ་རེད། ’’
“ཨ་རོགས་ཚོ། ཁྱོད་ཚོས་དེ་གོ་ཨེ་བྱུང་།”
“ ་་་་་་་་་་་་་་་་་་་ ་་་ ་ ’’
“གལ་ཏེ་བདེན་ཚེ། ད་འུ་ཚོའི་སྡེ་བས་ངོ་ཚ་བཞག་བཏང་ནི་རེད། ’’
“ འོ་ལེ་ཡ ་་་་་་་ ’’
མི་ཚོགས་ཀྱི་མིག་ཟུང་དང་ཨམ་ཅོག་དག་ནི་ལུག་ཁྱིའི་ནང་དུ་ཀི་རིང་བཏབ་པ་བཞིན་སྣེ་གཅིག་ཏུ་
སྡེ་དཔོན་གྱི་གདོང་ལ་ཀྲོང་ཀྲོང་གིས་གཏད་ནས་འདུག་ཅིང་། སྡེ་དཔོན་གྱིས་གཏམ་དཔེ་མང་པོ་དཔོན་གཏམ་འབྲུག་སྐད་ལྡིར་ལྡིར་ལ་བརྒྱུས་ཏེ་བཤད་མཚམས་དེར་ཐོན་མ་ཐག ཡུལ་མི་རྒན་གཞོན་ཐམས་ཅད་འུར་ཟིང་ངེར་བཏང་བར་མ་ཟད། ཚང་མས་ངེད་ཚང་གི་ཨ་མའི་ཕྱོགས་སུ་མིག་ཟུར་རེ་འཕེན་ཞོར་ཕན་ཚུན་བར་སྐད་ཆ་ལྡབ་ལྡིབ་མང་པོ་ལབ་པའི་མཁའ་དབུགས་དེ་ནི། བྱེའུ་ཚང་ནང་དུ་རྡོ་འཕངས་བ་དང་ཅི་འདྲའི་མཚུངས་ཨང་། འོན་ཀྱང་། ངེད་ཀྱི་ཨ་མ་ནི་དེའི་ཁྲོད་ཀྱི་བྱེའུ་རྒན་ནད་པ་ཞིག་དང་མཚུངས་བར་ར་བའི་གྱང་སྣེ་ཞིག་ཏུ་ཁེར་རྐྱང་གིས་ངག་འཐོམ་མེར་ལྷག སྤྱིར་འཇིག་རྟེན་འདིར་ལུགས་སྲོལ་དང་ཁྲིམས་ཀྱིས་བཟོས་པའི་རྣམ་གྲངས་ག་འདྲ་ཞིག་ཡོད་ནའང་། བརྩེ་བ་ལ་དོ་ཟླ་ཡོང་ཐུབ་མཁན་ཞིག་གང་ན་ཡོད། བརྩེ་བས་ད་གཟོད་མི་རྣམས་ཀྱི་ཚེ་སྲོག་གི་འགག་རྩར་འཕྲད་དུས་དམ་དུ་བཅིངས་ཡོད་པ་མ་ཡིན་ནམ། དེ་ལྟར་ངེད་ཀྱི་ཨ་མ་ལགས་ཀྱིས་ངས་བཟོས་པའི་དོན་དེ་བདེན་མི་སྲིད། བདེན་སྲིད་རྒྱུ་མ་རེད། གལ་སྲིད་བདེན་ཚེའང་ང་རང་བུ་ཆུང་གི་ཕྱོགས་ནས་མི་ལངས་གང་ཞིག་ལ་ཕྱོགས་སྲིད། བླ་མ་མཁྱེན། དོན་དེ་མི་བདེན་པར་ཤོག མི་བདེན་པར་ཤོག ཅེས་སྨོན་ཚིག་མང་པོ་སེམས་ཀྱི་རྙི་ས་ནས་ལག་པའི་ཕྲེང་བར་བརྒྱུས་ཏེ་མི་ཚོགས་ཀྱི་གསེབ་ཏུ་འཁྱགས་རེངས་སུ་གྱུར་པའི་སེམས་ཀྱི་དར་སྐུད་འཁྱོག་པོ་དེ་མིག་ཟུང་གི་མདའ་ལ་དྲངས་ནས་ཧད་འདུག
དེའི་མོད་ལ་ང་ཚོའི་སྡེ་བའི་རྒན་པོ་བསམ་ཤེས་སུ་བརྩི་བའི་ཨ་ཁུ་ཤེས་རབ་སྟོབས་ལྡན་ཡར་ལངས་བྱུང་། ཏག་ཏག་ནམ་རྒྱུན་ཁ་དོན་རྐྱང་དང་དགོན་པའི་མཐའ་རུ་སྐོར་བ་དང་དགེ་སྒྲིབ་སྡིག་སྤོང་ཁོ་ནས་མི་ཚེ་སྐྱེལ་བཞིན་པའི་ཁོ་ལ་མཚོན་ན། ནམ་རྒྱུན་ལོ་སར་སྐབས་སོགས་སུའང་ཁྱིམ་མཚེས་གཡས་གཡོན་གྱིས་ཕེབས་བསུ་དང་ལོ་སར་ལ་རེས་མོས་སུ་འགྲོ་བའི་སྐབས་ལ། ལོ་ཉུང་ཕོ་མོ་ཚོར་ཆོས་བཤད་རྐྱང་གིས་བསམ་དཀར་གྱི་བསླབ་བྱ་གཏོང་ཞིང་། བསམ་པ་ཡག་པོ་ཆོས་ལ་ཕྱོགས་དགོས་རེད། རྒྱུ་ནོར་ལ་ཆགས་པས་སྙིང་བོ་ཡོད་མ་རེད། ཁ་དོན་དགེ་སྦྱོང་ལ་འབད་དགོས་རེད། ཚེ་མི་རྟག་ནམ་མཁའི་གློག་དང་འདྲ། རྒྱུ་མི་རྟག་རྩྭ་མགོའི་ཟེ་བ་འདྲ། ཞེས་ངག་འཇམ་པོ་དང་ལུས་ཀྱི་སྟངས་སྟབས་ལྷོད་པོ་དག་གིས་བྲག་ལུང་སྡེ་བའི་མི་རྣམས་ཀྱི་སེམས་ཀྱི་ཟབ་ས་ན་བག་ཆགས་ཅ་ནོམ་པ་བཞག་པ་དེས། ད་གཟོད་ཁོ་ལ་སྡེ་མི་སུ་ཞིག་གིས་ཀྱང་རྒྱང་རིང་ནས་མཐོང་ཚེ་རྒན་པོ་བསམ་ཤེས་དང་། གམ་ལ་སླེབས་ཚེ་ཨ་ཁུ་ཤེས་རབ་ཅེས་བཀུར་སྟི་བྱེད་པ་རེད། དེ་རིང་ཁོང་ཡང་སྔ་མོ་ནས་ཚོགས་ཐོག་ཏུ་སླེབས་འདུག་ཅིང་། སྡེ་དཔོན་གྱིས་བཤད་མཚམས་བཞག་རྗེས་ཐོག་དང་པོར་ཡར་ལངས་མཁན་ཡང་ཁོང་རེད་འདུག་ལ། ཁོ་བྲེལ་འཚུབ་དང་ཁྲོ་ཚུགས་དོད་པོས་ཡར་ལངས་སྟངས་དེས་ཡུལ་མི་རྣམས་ཀྱི་སེམས་པའི་ཉོག་འཛིང་ཁྲོད་སྔར་ལས་ཀྱང་ཛ་དྲག་ཏུ་གྱུར་པར་བྱས་ཤིང་། དེ་མ་ཐག་ཚང་མ་འཇམ་ཅག་གེར་གྱུར། དེ་བཞིན་དུ་ཕ་གིའི་གྱང་སྣེ་རུ་ཁེར་རྐྱང་གིས་ལྷག་པའི་ངའི་ཨ་མ་ལགས་ནི་སེམས་ངལ་དང་། སྐྱོ་གདུང་། འཇིགས་སྐྲག་དག་སྟེ། མི་ཞིག་ཆེས་སྡུག་གི་མེ་འོབ་ཏུ་ལྷུང་དུས། སེམས་པའི་ཡུལ་ངོས་སུ་འཇིག་རྟེན་འདིའི་ཆེས་མནར་གཅོད་མཚོན་བྱེད་ཀྱི་ཐ་སྙད་མང་པོའི་ཁྲོད་ན་ཤི་མ་གསོན་གྱིས་སྒོང་ནས་ཡོད་ལ། ཨ་ཁུ་ཤེས་རབ་སྟོབས་ལྡན་དེ་ལྟར་མི་ཚོགས་ཀྱི་ཁྲོད་ནས་ཛ་དྲག་གིས་ཡར་ལངས་བའི་སྟངས་སྟབས་ནི། ཏག་ཏག་ངའི་ཨ་མའི་སེམས་ངོགས་སུ་ཉེ་སྔོན་CCTVབརྙན་འཕྲིན་འཁོར་ལམ་དུ་གཏོང་བཞིན་པའི་རྒྱ་ནག་གིས་གསར་དུ་བཟོས་པའི་རྡུལ་ཕྲན་མཚོན་ཆ་སྟེ། སྤྱི་ལེ་ཆིག་སྟོང་མང་པོའི་ས་བབ་སྒུལ་ནུས་པའི་ཚོད་ལྟའི་དུག་མདའ་རིང་བོ་དེ་ས་ཆེན་གྱི་པང་བ་ནས་ནམ་མཁའི་དབྱིངས་སུ་ལྗིད་ཤུགས་ཀྱིས་བཏང་བའི་བརྗིད་ཉམས་དང་འདྲ་བོ་འདུག་པས། ངའི་ཨ་མ་ལགས་ཀྱི་སེམས་ཀྱི་སྔངས་འཚབ་ནི་སྔར་ལས་ཀྱང་ཇེ་ཆེར་གྱུར།
ཨོ་་་ གཡང་སྡེ་བོ། ད་ང་རྒན་པོ་རྒས་ནས་ལ་ཁར་ཐོན་འདུག གྲིབ་མ་ནུབ་ཁར་ཐོན་འདུག ཡིན་ན་ར། ཁ་སང་དགོན་པའི་སྐོར་མཐའ་ནས་དེ་རིང་གོང་དུ་སྡེ་དཔོན་རྡོར་ལོས་བཤད་པ་བཞིན། དེའི་སྐོར་གྱི་གཏམ་འཆར་རབ་རིབ་ཅིག་གོ་སོང་། ཨོ་་ ངས་དེ་མི་བདེན་རྒྱུ་རེད་བསམ། ད་ང་རྒན་པོས་གོ་ལོག་རྣ་ལོག་ཡིན་རྒྱུ་རེད་བསམ། ཡིན་ན་ཡང་། སེམས་མ་བདེ་སེམས་འགོ་རྡོ་ལ་ཐོག་ནས་མདང་དགོང་ཡར་ཐོན་པ་ཡིན། སྤྱིར་འུ་ཅག་བྲག་ལུང་སྡེ་བ་ཟེར་ན། སྒོར་སྒོར་གྲལ་གྱི་གྲལ་དཀྱིལ་ལ་ཡོད་ནི་ཟིག་རེད། ཤར་ཤར་གྲལ་གྱི་གྲལ་འགོ་ན་ཡོད་ནི་ཟིག་རེད། འུ་ཚོའི་ཕ་མེས་ཡང་མེས་ཚོའི་སྐུ་རིང་ལ་བྲག་ལུང་སྡེ་བ་ཟེར་ན་རྗེ་བླ་མའི་ཐུགས་ལ་ཞོ་ཆགས་ཆགས་བྱས་བསྡད་ཡོད་ནི་ཟིག་རེད། སྡེ་བ་གོང་འགབ་ཁྲོད་ནས་ཕྲག་དོག་སྐྱེས་ཀི་འདུག་ས་ཞིག་རེད། ད་དེ་རིང་འདི་ནས་ང་རྒན་པོ་ཤེས་པ་མིན་རུང་རྒས་པ་ཡིན་ནི་རེད། གལ་ཏེ་ངོ་མ་གཡང་སྐྱབས་ཚང་གི་ཞི་ལིས་ཨ་ལགས་རིན་པོ་ཆེ་ཚང་ལ་ཁ་བཏངས་བ་དེ་བདེན་ཚེ། ཨོ་་་ ད་ནི་འུ་ཚོ་སྡེ་བས་མྱི་ཁ་འཛམ་བུ་གླིང་ལ་བཞག་བཏང་ནི་རེད། ཕ་རྒོད་པོ་གཤོག་དཀར་ལ། བུ་ཁྭ་ཏ་སྐྱག་གཟན་སྐྱེས་བཞག་ནི་རེད། ཨ་ལགས་རིན་པོ་ཆེ་ཚང་ཟེར་ན་སྤྲུལ་བའི་སྐུ་གསོན་པོ་རེད། འུ་ཚོ་བྲག་ལུང་སྡེ་བར་མཚོན་ན། གསོན་ན་སྐྱབས་འཇུག་ཞུ་ས་རེད། ཤི་ན་སྔས་མགོ་གཏད་ས་རེད། ཤི་རུང་གསོན་རུང་ཨ་ལགས་རིན་པོ་ཆེ་ཚང་ལས་ལྷག་པའི་དྲིན་ཅན་ཟིག་ཡོད་ནི་མ་རེད། སྤྱིར་དེང་སེང་གི་སློབ་གྲྭ་བ་ཆ་བོས་དཔེ་ཆ་ཙག་གེ་རེ་བཏོན་སོང་ན། ཕྱིར་བླ་མ་དྲིན་ཅན་ལ་སྐུར་འདེབས་བྱེད་ནི་རེད་ཟེར། ཕ་མེས་ཡང་མེས་ལ་ངན་ལོག་བྱེད་ནི་རེད་ཟེར། ངས་དེ་མོ་དེ་ཤེས་ནི་ར་མ་རེད་མོད། གང་ལྟར། དོན་དག་འདི་འདྲ་བྱུང་ན་ང་རྒན་པོ་མགོ་དཀར་ཟིག་ར་སེམས་སྐྱ་མོ་བདེར་འབབ་མི་ཐུབ་ཀི ད་དེ་རིང་འདི་ནས་དོན་དག་དེ་གསལ་གསལ་ཐིང་ཐིང་ཞིག་མ་བྱས་ཚེ་གཏན་ནས་འགྲིག་གིན་མི་འདུག
དེ་ལྟར་ཨ་ཁུ་ཤེས་རབ་སྟོབས་ལྡན་གྱིས་དབུགས་ཧལ་ཧལ་གྱིས་སྐད་ཆ་མགོ་རྐང་ཚང་མིན་གྱི་གཏམ་ཤིག་བཤད་དེ། ཕར་ལྟ་ཚུར་ལྟ་ཞིག་བྱས་ནས་སློག་པའི་ཕུ་རུང་སྣེ་མོས་ཁ་ཆུ་ཞིག་ཤེད་ཀྱིས་ཕྱེས་ཏེ་སར་བསྡད་བྱུང་། མི་ཚོགས་ནི་སྔར་ལས་ལྷག་པའི་འཇམ་ཅག་གེར་གྱུར་ཅིང་། རེ་ཞིག་ཚང་མར་ལབ་རྒྱུ་ཅི་ཡང་མེད་པར་ལྷག མཚམས་ཤིག་ཕན་ཚུན་བར་ལྡབ་ལྡིབ་ཀྱི་སྐད་ཆ་ཇེ་མང་དུ་གྱུར་བྱུང་། སྡེ་མི་རྒན་གཞོན་ཚང་མས་སྐེ་རྩ་དག་འདྲུད་འཐེན་འཁོར་ལོའི་མེ་ཁ་གསོ་ཁུང་བར་གྱི་འཕྲུལ་འཁོར་བཞིན་དུ་ཕར་དཀྱུ་ཚུར་དཀྱུ་བྱེད་ཀྱིན་འདུག་ཅིང་། མིག་གིས་ལྟ་ཕྱོགས་རེས་འདམ་ཆེ་བའི་རྫིང་བུ་དག་གི་ཁྲོད་དུ་ངང་བ་སྐེ་རིང་དག་གིས་དོོན་དག་ཅི་ཞིག་གི་དོན་དུ་སྐེ་རིང་བོ་བསྲིང་བཞིན་པ་ལྟར། སྐྱེས་པ་དར་མ་དག་གིས་ལྷག་ཏུ་ཕན་ཚུན་བར་སྐེ་རིང་བོ་བསྲིང་རེས་ཀྱིས་ད་ནི་དོན་དག་སྔར་ལས་ཛ་དྲག་ཏུ་འགྱུར་བར་ཐེ་ཚོམ་མི་འདུག ཕ་གིའི་གྱང་སྣེ་རུ་ཁེར་རྐྱང་གིས་ལྷག་པའི་ངེད་ཀྱི་ཨ་མ་ལགས་ཀྱི་སེམས་ཁམས་ནི་ཁང་འཚུབ་དང་དྲག་རླུང་འདྲེས་མའི་ཆོམ་སྒྲས་གནམ་ས་སྒུལ་ཡོང་བ་ལྟ་བུའི་བར་དུ་འཁྱགས་རེངས་ཀྱིས་ལྷག་ཅིང་། མཚམས་རེར་མོའི་མིག་ལམ་དུ་ཕར་ཕྱོགས་སུ་མི་ཚོགས་ཀྱིས་ལྡབ་ལྡིབ་ཀྱི་འབྱིན་སྒྲ་སྒྲོག་བཞིན་པའི་རྣམ་པ་དེ་ནི། རྒྱང་རིང་གི་བྱེ་ཐང་སྐྱ་བོ་ན་སྨིག་རྒྱུ་ཆུར་སྣང་བ་ལྟ་བུའི་ཚོར་བ་དེ་དང་གཅིག་མཚུངས་སུ་གྱུར།
ད་ནི་ཏག་ཏག་འུ་ཚོའི་སྡེ་བའི་ཕ་ཨ་ཁུའི་རིང་ལ་བཏོད་མ་མྱོང་བའི་སྲོལ་ངན་གྱི་སྒོ་ཕྱེས་འདུག ཕ་བྲག་ལུང་ཚང་ཟེར་ན་ཉི་མ་སྔན་ཆོན་ཟིག་ལ། སྲ་མོ་རྡོ་ལ་མདུད་པ་རྒྱག་ནི་ཟིག་རེད། དཔོན་ར་མྱི་ལ་ངོ་སྐལ་ཡོད་ནི་ཟིག་རེད། འོན་ཀྱང་། ད་དེ་རིང་ཁ་སང་ང་ཚོ་བྲག་ལུང་སྡེ་བའི་སྟག་ཤ་ར་མདུང་རྩེ་བསྒྲིགས་བསྒྲིགས་བྱས་བསྡད་ཡོད་ས་ཞིག་ནས། དྲང་མོ་འཁྱོག་པོར་བསྒྱུར་ཨེ་ཐུབ་ལྟ། མཐོན་པོ་དམའ་མོར་བཟོ་ཨེ་ཐུབ་ལྟ་གི་འདུག ཨ་ལགས་རིན་པོ་ཆེ་ཚང་ཟེར་ན། ད་གོང་དུ་རྒན་པོ་བསམ་ཤེས་ཨ་ཁུ་ཤེས་རབ་དང་སྡེ་དཔོན་སོགས་ཀྱིས་བཤད་པ་བཞིན། ཡུལ་ཕྱོགས་འདིའི་མགོན་སྐྱབས་རེད། རྫིང་བུ་འདིའི་འདབ་སྐྱོར་རེད། ཏག་ཏག་དཔེ་མི་སྲིད་པའི་ང་ཚོ་ལོ་ཆུང་ཚོ་ངོ་ཚར་གཏད་བཞག་ནི་རེད། སྡེ་བ་གོང་འགབ་ཀྱི་གསར་བུ་ཚོའི་གྲལ་ནས་སྐད་ཆ་ལབ་རྒྱུ་མེད་པ་བྱས་བཞག་ནི་རེད། ཡ་་་ གསར་བུ་ཆ་བོ། དེ་རིང་ད་འུ་ཚོར་གཤོག་པ་ཡོད་ན་ལྡེབ་རན་རེད། ཁ་ལྕེ་ཡོད་ན་བརྡར་རན་རེད། ཨ་ལགས་རིན་པོ་ཆེ་ཚང་ལ་ཁ་ངན་བཤད་མཁན་སུ་ཞིག་ཡོད་ཚེ། དགུང་ཨ་སྔོན་ཡངས་རུང་འཕུར་ས་མེད། ས་དོག་མོ་ཆེ་རུང་འགྲོ་ས་མེད།
ལོ་ན་སུམ་ཅུར་བུད་པའི་གསར་བུ་དགྲ་འདུལ་ཡར་ལངས་ཏེ་དེ་ལྟར་སློག་པའི་ཕུ་ཐུང་གཡོན་མ་ཕུད་དེ་ཕྲག་པར་འཕངས་ཤིང་། ལག་པ་གཡས་མའི་ཕུ་ཐུང་ལག་སྐེར་ཡར་བརྫེ་བརྫེ་ཞིག་བྱས་ནས་སྐད་ཆ་ཐག་ཐག་ཅིག་བཤད་ཅིང་། ཕར་ཕྱོགས་སར་ཡོད་པའི་ངེད་ཀྱི་ཨ་ཞང་དཔལ་ལོ་ཚང་གི་གསར་བུ་སྟོབས་ལྡན་ལ་མིག་ཟུར་གྱིས་ཅིག་ལྟ་ཞོར་སར་བསྡད་བྱུང་། དེའི་མོད་ལ་མི་ཚོགས་ཁྲོད་ཀྱི་ལོ་ན་བཞི་བཅུ་ལྔ་བཅུར་བུད་པའི་སྐྱེས་པ་མང་པོས་གཅིག་རྗེས་གཉིས་མཐུད་ཀྱིས། དེ་རེད། དེ་རེད། ད་ཐེངས་ད་ཐག་གཅོད་ནན་མོ་ཞིག་བྱས་ན་འགྲིག་གི ཞེས་འུར་དུར་སེ་གྱུར། དེའི་ཁྲོད་དུ་གསར་བུ་གཉིས་ཙམ་གྱིས་དེ་རེད། དེ་རེད། ཅེས་ཁ་ཅུང་གྲགས་པ་ལས་གསར་བུ་གཞན་དག་གིས་ཅི་ཡང་མི་ལབ་པར་འདུག ད་ནི་ངེད་ཀྱི་ཨ་མ་ལགས་ནི་རྐང་འོག་ཏུ་ས་མེད་ཅིང་། བར་སྣང་དུ་ཁ་དོག་མི་མངོན་པའི་གནས་སུ་ལྷུང་། མོའི་སེམས་ཀྱི་རྒྱ་མཚོ་ཆེན་པོ་ནི་དྲག་ཏུ་སྐྱོམ་ཞིང་། མིག་ཟུང་གི་རྙི་ས་ནས་མིག་ཆུ་གཅིག་ཀྱང་ལྷུང་རྒྱུ་མེད་པར་ཚང་མ་མིག་འབྲས་ཀྱི་ལྟག་རྒྱབ་ནས་འཁྱག་རོམ་དུ་གྱུར་ནས་ཡོད། མཚམས་ཤིག་ཉི་འོད་ཀྱི་ཟེག་མ་དག་གིས་ང་ཚོའི་སྡེ་བའི་ནུབ་ཕྱོགས་ཀྱི་རི་བོ་མཐོན་པོ་དག་གི་ཉག་ག་ནས་སྐྱོ་གདུང་འདྲེས་མའི་འཛུམ་མདངས་བཅོས་མ་ཞིག་བསྟན་ཞོར་ག་ལེར་བགྲོད་ཀྱིན་འདུག དེའི་མོད་ལ་སྡེ་དཔོན་གྱིས་ད་དེ་རིང་གི་ཚོགས་འདུ་མཚམས་འདི་ནས་འཇོག ཕྱིར་ཁྱིམ་ལ་སོང་ནས་རང་རང་གིས་འདང་གསལ་བོར་རྒྱོབ། རང་རང་གི་བུ་ཕྲུག་དག་ལ་སློབ་གསོ་ཡག་པོ་ཐོངས། ཞེས་ལབ་རྗེས་ཚང་མ་ཅག་དུར་སེ་ཡར་ལངས་ཤིང་རང་རང་སར་བུད་སོང་། ཤུལ་དུ་ལྷག་པའི་ངེད་ཀྱི་ཨ་མ་ལགས་ཀྱི་ཉམས་ང་བའི་རྣམ་འགྱུར་དེ་ནི་ཏག་ཏག་ངས་འདི་ནས་སྐད་ཆས་མཚོན་ཐབས་མ་བྱུང་ལ། ལྷག་དོན་དགོང་མོར་དགོང་ཟས་ཀྱང་མ་ཟོས་པར། མལ་ཁང་དུ་སྨག་གནག་པའི་མཚན་ལྗོངས་དེ་དབུགས་རིང་དབུགས་ཐུང་མང་པོས་སྐྱེལ་བའི་སྐབས་ཀྱི་སེམས་ཁམས་དག་ནི་དེ་ལས་ཀྱང་ངའི་སྙུག་ཁ་ནས་མཚོན་ཐབས་མ་བྱུང་ངོ་།།
ཁྱེད་ཚོར་ཁག་མི་འདུག ཁག་མི་འདུག དངོས་གནས་ཁག་མི་འདུག ཏག་ཏག་འུ་ཅག་གིས་ཕ་ཨ་ཁུའི་རིང་དང་དེའི་ཡར་སྔོན་གྱི་ལོ་རབས་ཁ་ཤས་ཤིག་གི་རིང་ནས། ཁྱེད་ཚོས་བཤད་པ་ལྟར་བླ་མས་ཅི་གསུངས་ཆོས་དང་། མཛུབ་མོས་གར་བསྟན་ཤར་དུ་རློམ་ནས་ད་བར་དུ་ཐུག་པ་རེད། ཏག་ཏག་འུ་ཅག་རློམ་བཞིན་རློམ་བཞིན་འོང་བ་རེད། “རློམ’’ གྱི་ལམ་ལུགས་འདིས་འུ་ཅག་ད་བར་དུ་དེད་ནས་འོང་བ་རེད། འུ་ཅག་“རློམ’’ ལ་གོམས་པས་དབང་གིས་ད་བར་དུ་རང་ཉིད་“རློམ’’ གྱི་འོག་ཏུ་དུད་ནས་འོང་ཞིང་ཚད་འདི་འདྲ་ལ་རྒྱབ་པ་རེད། ཉེ་ལམ་གོང་རིམ་འགོ་ཁྲིད་དག་གིས་ཀྱང་ཚིག་སྙན་མོ་དབྱངས་ལ་བཀུག གཏམ་རིང་ཐུང་འཛུམ་ལ་བརྒྱུས་ནས་ཡོང་སྟེ་མཇུག་འབྲས་ཡོད་ཚད་འགྲེལ་དཀའ་བའི་གནས་སུ་སྐྱེལ་བ་དག་ཀྱང་། མཐར་དེད་ན “རློམ’’ ལ་གོམས་པའི་འུ་ཅག་གིས་མགོ་ལྕོག་ལྡེམ་ལྡེམ་བྱས་ནས་འོང་བ་མ་ཡིན་ནམ། འོན་ཀྱང་། འུ་ཅག་ལ་མི་རློམ་པ་གཅིག་ཡོད་པ་ནི་རང་མིས་རང་ལ་བགྲོ་བའི་བློ་དཀར་གྱི་གཏམ་དག་ཡིན་པ་ཁོ་བོས་སྔ་མོ་ཤེས་ཡོད། ཡང་གཅིག་བཤད་ན་འུ་ཅག་གི་ལོ་ངོ་བརྒྱ་ཕྲག་ཁ་ཤས་ནས་སྐྱ་བོའི་སྡེ་ཡིས་སློབ་སྦྱོང་བྱེད་པའི་གོམས་སྲོལ་མེད་པ་དང་། ཡིག་རྩོམ་ཞིག་གི་མགོ་རྔ་རྟོགས་རྒྱུ་ཕར་ཟད། ཐ་ན་དོགས་སློང་དང་འབྲེལ་བའི་ཡིག་སྐད་ཁ་ཤས་ལབ་ཚེའང་བརྡ་འཕྲོད་ཀྱིན་མི་འདུག་པའི་ཚད་དུ་ཡོད་ཙང་། ཁོ་བོས་ནམ་རྒྱུན་ཕ་ཡུལ་གྱི་ཆགས་འཇིག་སྐོར་དང་གནད་ལ་ལྷུང་བའི་དོན་དག་གི་ཐད་ནས་རང་སེམས་དྲང་ཐིག་ཏུ་བཞག་ནས་ཡིག་རྩོམ་མང་པོ་འབྲི་ཐེངས་རེ་རེར། ཆེས་ཡིད་གདུང་ཆེ་བ་ནི་ངའི་ཡིག་རྩོམ་གང་ཞིག་གིས་ང་རང་སྡུག་ལ་གཏད་ཡོང་བའི་སྣང་དོགས་དེ་མ་ཡིན་པར། ངས་བློ་དཀར་གྱིས་བྲིས་པའི་གྲོས་འདེབས་ཀྱི་རྩོམ་ཡིག་དག་ཡུལ་མི་རྣམས་ཀྱིས་ཀློག་མི་ཐུབ་པར་སྙམ་པའི་ཕངས་སེམས་དེ་དང་། སྙིང་ཉེ་བའི་ཨ་མ་ལགས་ཀྱི་དྭངས་གཙང་གི་སེམས་ཀྱི་མཚོ་མོ་དེ་འཁྱགས་རོམ་དུ་འགྱུར་འོང་བའི་སེམས་ངལ་དེ་རེད། དེ་བཞིན་དུ་ཀ་ངོ་ཡིག་ངོ་ཙམ་ཆོད་མཁན་འགའ་རེ་ཡོད་ནའང་ཁོ་ཚོས་ངས་བྲིས་པའི་རྩོམ་ཡིག་དག་ལ་ཤུགས་ནས་གོ་བ་ལེན་མི་ཐུབ་པར་ངོ་གདོང་ནས་གོ་བ་གཞན་ཞིག་ལེན་འགྲོ་ཞིང་། ཐ་ན་འགྲེལ་ལོག་གནམ་སའི་མི་ཤོང་བ་རེ་རྒྱག་འགྲོ་བ་དེ་རེད། སྤྱིར་ཁྱེད་ཚོར་ཁག་མི་འདུག ཁག་མི་འདུག དངོས་གནས་ཁག་མི་འདུག ངས་ཁྱེད་ཚོའི་མཐོང་རྒྱ་ལ་ངོས་ལེན་བྱེད་ཐུབ། དེ་རིང་ཁྱེད་ཚོས་ཚོགས་ཐོག་ནས་ངོ་གདོང་བྲག་ལ་འགྱུར། ཁ་ནས་མེ་ལྕེ་འཕྱུར་ཏེ་ངའི་ཕྱོགས་སུ་ལན་ཆགས་ཀྱི་མདའ་མོ་འཕྲེད་ཟུར་གང་རུང་ནས་འཕེན་གྱིན་ཡོད་པ་དག་ནི། ཁྱེད་རང་ཚོའི་བཅོས་མ་མ་ཡིན་པའི་ཁྲོ་ཚུགས་རྣལ་མ་དེ་ཡིན་པས་ང་རང་དྭངས་གཙང་གི་ཁྱེད་ཚོའི་སྐད་ཆ་ལབ་སྟངས་ལ་ཧ་ཅང་དགའ། སྤྱིར་མི་ཞིག་ལ་གཞན་གྱིས་དམོད་ཚིག་གི་མཚོ་མོ་དྲག་ཏུ་སྐྱོམ་ཚེ་དེ་ལ་འཐད་མཁན་ཞིག་འཇིག་རྟེན་དུ་ཕལ་ཆེར་ཡོད་དུ་མི་སྲིད་མོད། འོན་ཀྱང་། ང་ལ་མཚོན་ན་ཁྱེད་ཅག་གིས་འཛིང་ཚིག་གི་ང་རོ་སྒྲོག་བཞིན་པའི་སྐབས་སུ་འཐོར་བཞིན་པའི་ཁ་ཆུ་ཁྲལ་ཁྲལ་དག་ནི། ངའི་མིག་ཟུང་དུ་དྭངས་གཙང་གི་རྫ་ཆུ་བསིལ་མ་ལྟ་བུའི་ཁྲ་ལམ་ལམ་གྱིས་བཞུར་འོང་ཞིང་། དེ་དག་ངའི་མིག་ཟུང་དང་ཨམ་ཅོག་ནས་བརྒྱུད་དེ་སེམས་ཀྱི་གཏིང་རིམ་དུ་ཟུག་ཡོང་དུས། ད་གཟོད་ངའི་བཟོད་ཐབས་བྲལ་བའི་སེམས་ཀྱི་སྙིང་གཏམ་རློམ་པ་དག་ཡར་ཡར་འགྲེང་ནས་འོང་སྟེ་མགྲིན་སྒོར་ཐོན་ལ་ཉེ་བའི་གནས་སུ་འཁྱགས་རོམ་དུ་འགྱུར་འགྲོ་ལ། ངས་སྙིང་ཉེ་བའི་ཡུལ་མི་སྤུན་ཟླ་ཚོའི་སེམས་ཀྱི་ཟབ་ས་རུ་རྟོགས་པ་སད་པའི་ངེས་ཤེེས་ཤིག ཐབས་ལམ་ག་འདྲ་ཞིག་གི་ཁྲོད་ནས་ད་གཟོད་བསྐྱེད་པར་བྱ་ཐུབ་ཨང་། ངའི་སྙིང་ཉེ་བའི་ཡུལ་མི་སྤུན་ཟླ་ཚོ། ཁྱེད་ཚོས་ང་ལ་སྡང་མིག་ཇི་ལྟར་བགྲད་ཀྱང་། ང་རང་ཁྱེད་ཚོར་སྙིང་ནས་དགའ། ཁྱེད་ཚོའི་ཆེད་དུ་ད་གཟོད་ང་རང་གོ་ལ་ཟླུམ་པོའི་ཁྲོད་ནས་འཕག་འཚགས་ཀྱི་ངེས་ཤེས་རྙེད་པ་ཡིན།
འོ་རེད། ཁྱེད་ཚོས་ཨ་ལགས་རིན་པོ་ཆེ་ཚང་ལ་ཁ་བཏངས་འདུག་ཟེར་བ་བཞིན། ངས་ཨ་ལགས་ཚང་ལ་ལྟ་ཚུལ་ཞིག་མི་འཐད་པའི་ལམ་ནས་ལྷུག་བརྗོད་བྱས་པ་བདེན། སྤྱིར་ང་རང་ཁྱེད་ཚོས་ལབ་སྟངས་ལྟར་འཇིག་རྟེན་གྱི་ཨ་ལགས་ཚང་མར་སྡང་སེམས་ཡོད་མཁན་ཞིག་དང་། བླ་མ་གྲྭ་པ་ཚོའི་རང་གི་འགྲོ་འདུག་སྦྱོད་གསུམ་ལ་ཐེ་གཏོགས་བྱེད་ལ་དགའ་བའི་མི་ཞིག་གཏན་ནས་མིན་ལ། ངའི་འཚོ་གནས་ཀྱི་འབྲེལ་ལམ་ཁྲོད་ཐེ་གཏོགས་མི་བཟོ་མཁན་གྱི་མི་དག་གི་འཚོ་གནས་ཁེ་དབང་ལ་དོན་གྱིས་གཙི་བཀུར་ཡོད་མཁན་ཞིག་ཡིན་མོད། དེ་དག་ཁྱེད་ཅག་གིས་རྟོགས་མི་སྲིད། གནས་སྐབས་སུ་དགོས་པའང་མི་འདུག ལྷག་དོན་དེང་གི་འོ་ཅག་གི་དགོན་པའི་ཨ་ལགས་ཚང་དང་བཅས་པའི་བླ་གྲྭ་གང་མང་ཞིག་གིས་ཆོས་ངོ་རྒྱུ་ངོ་ལ་བསྒྱུར་ཞིང་། དད་པ་ལོག་སྤྱོད་ཀྱི་བྱེད་སྟངས་འདྲ་མ་ཆགས་པ་གང་མང་ཞིག་གིས། ཏག་ཏག་ཁྱེད་ཅག་གཤིས་རྒྱུད་དྲང་ཞིང “རློམ” པར་གོམས་པའི་མང་ཚོགས་དཀྱུས་མ་དག་ལ་མནར་གཅོད་ག་འདྲ་ཞིག་གཏོང་གིན་ཡོད་པ་ང་ཡིས་ཏན་ཏན་ཤེས་ཡོད་ལ། ཨ་ལགས་ཚང་གིས་གྲོང་ཁྱེར་དང་དགོན་པ་རུ་འཚོ་བའི་གནས་སྟངས་ཀྱི་འགྱུར་ཆེན་པོ་གཉིས་ཀྱི་ས་མཚམས་ཀྱང་ཁོ་བོས་སྔ་སེ་ནས་ཤེས་ཡོད། ཁྱེད་ཚོར་ཁག་མི་འདུག ཁག་མི་འདུག དངོས་གནས་ཁག་མི་འདུག ཁྱེད་ཚོས་ཨ་ལགས་ཚང་གིས་ནམ་རྒྱུན་ཁྲི་ཐོག་མཐོན་པོ་ནས་མིག་ཟུང་བཙུམ་ཞིང་ངག་ལྷོད་ལྷོད་ཀྱིས་ཆོས་བཤད་སྙིང་ལ་སིམ་པ་རྐྱང་གིས་ཞབས་གསོལ་འཁོད་ཀྱིན་ཡོད་པ་ལས། དེའི་ལྟག་རྒྱབ་ཀྱི་སྐྱུག་བྲོ་བའི་གནས་ཚུལ་ཡ་ང་བ་དག་གཏན་ནས་མཐོང་གིན་མི་འདུག གང་ལྟར་ངས་ལབ་སྟངས་འདི་ད་ལྟ་བོད་ཡུལ་གྱི་གནས་མང་དག་ཅིག་ནས་མེ་རི་བཞིན་འཕྱུར་ནས་འོང་གིན་ཡོད་ཙང་། ངས་འདིར་བསྐྱར་བཤད་རྒྱག་དགོས་དོན་མེད་ལ་རྒྱག་འདོད་ཀྱང་མེད། མི་འགྱིངས་བར་ཨ་ལགས་ཚང་གི་འཁྲབ་སྟོན་གྱི་སྒྱུ་མའི་སྐུབ་བརྡོལ་ཏེ་ཁྱེད་རང་ཚོའི་མིག་ཟུང་གི་ཡངས་ས་རུ་རློམ་དཀའ་བའི་ཚུལ་གྱིས་བཤམ་ཡོང་ངེས་ཡིན།
ཨོ་ང་རང་འཁྲུལ་གྱིན་འདུག འཁྲུལ་གྱིན་འདུག ངས་ད་ལྟ་ཕ་ཡུལ་གྱི་འཇམ་ཀླས་པའི་འདྲ་པར་ཞིག་གི་ངོར་ཧད་ནས་ཁེར་ལབ་རྒྱག་གིན་འདུག ཨོ་དེ་རིང་གཟའ་ལྷག་པ་རེད། ངས་ད་རུང་ལྷག་དཀར་ལ་བསྲུང་བརྩིའི་སེམས་ངལ་གསོ་དགོས། ངས་ལོ་སྔོན་མ་ཞིག་གི་དོན་དག་ལ་ཕྱིར་དྲན་བྱེད་ཀྱིན་འདུག ད་ལྟ་ང་རང་ཕུགས་བསམ་གྱི་གཙང་བོ་རྔུབ་སའི་གནས་འདིར་སླེབས་ཡོད། ངས་འདས་སོང་གི་ལོ་ཟླ་དག་ལ་ཕྱིར་དྲན་བྱེད་ནས་འདུག་ཁོམ་ཞིག་གང་ན་ཡོད། སྤྱིར་དོན་དག་གཞུག་མ་དག་རེ་རེ་ནས་དྲན་ངོས་སུ་འཆར་བར་བྱས་ཚེ། ཏག་ཏག་ངའི་ཨ་མ་ལགས་ཀྱི་མིག་ཆུ་འཛད་མེད་དེ་ཇི་ལྟར་བཟློག་ནུས་ཨང་། ངས་ཚེ་སྲོག་གི་འགག་རྩར་ཐུག་པའི་གཏམ་རྒྱུད་འཇིགས་ཡེ་རེར་དེ་དྲན་ན་གཞོན་པའི་ལང་ཚོ་ཡི་ཚེ་སྲོག་གསོན་པོ་དེ་ཅི་འདྲའི་ཕང་སེམས་ཆེ་ཨང་། ང་རང་སྔར་བཞིན་གསོན་དགོས། ད་ལྟ་ང་རང་ཕུགས་བསམ་གྱི་གཙང་བོའི་ངོགས་སུ་གསོན་ཡོད། ངས་པར་སྒྲོམ་ཁ་ཡང་རྒྱབ་ཚར། ད་ལྟ་ང་རང་དཔེ་ཁང་སྒོ་འགྲམ་དུ་ཐོན་གྱིན་ཡོད། དཔེ་ཁང་ནང་གི་གྲལ་འགྲིག་པའི་ཤེས་རབ་ཀྱིས་བརྩིགས་པའི་དཔེ་དེབ་དག་ནི་ཅི་འདྲའི་མིག་ལ་འཚེར་ཞིང་ཡིད་ལ་སིམ་པ་ཞིག་རེད་ཨང་།།
2015/11/30 ཉིན་པེ་ཅིང་དུ།
རྩོམ་སྒྲིག་པ། དབང་མོ།
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།