སར་ལྷུང་རྗེས་ཀྱི་ཞེད་སྣང་།
—གཤོག་རྩལ་དེ་འདྲ་རྒྱས་མེད་པའི་གླག་ཕྲུག་ཅིག་ཉིན་གང་བོར་མཁའ་དབྱིངས་ནས་ཡར་འཕུར་མར་ལྡིང་བྱས་ཏེ། ཆར་རླུང་དྲག་ཏུ་རྒོད་པའི་མཚན་དུས་སུ་སར་ལྷུང་ཚེ་ཅི་འདྲ་ཞིག་ཡིན་ནམ།
དེ་རིང་ནི་ཚེ་གོ་སློབ་ཆེན་མཐར་ཕྱིན་པའི་ཉིན་དང་པོ་ཡིན། ཁོས་རང་ཉིད་ཀྱི་སློབ་གྲོགས་དང་གྲོགས་པོ་འགར་གྱེས་ཁའི་བདེ་མོ་བཞག་རྗེས། རང་ཉིད་ལས་ལྕི་བའི་ཅ་དངོས་རྣམས་ཁུག་མ་ཆེ་ཆུང་གསུམ་དུ་སྡུད་ཞོར་གཟའ་རྗེས་མའི་བྱ་བའི་རྒྱུགས་གཞིར་སེམས་ཁུར་ཆེན་པོ་བྱེད་ཀྱིན་ཡོད། བྱ་བ་དང་དེའི་རྒྱུགས་གཞི་སེམས་སུ་དྲན་ཚེ་ཁོར་འཇིགས་སྣང་ཆེན་པོ་སྐྱེས། ཡུལ་ཕྱོགས་ནས་ཁ་པར་ཐོན་ཐེངས་རེ་ཁོར་བྱ་བའི་སྐོར་གྱི་ལབ་གླེང་སྣ་ཚོགས་བྱས་ལ། དེ་ཡང་མདོ་དེད་ན་བྱ་བ་ཞིག་མྱུར་དུ་འཚོལ་ཞེས་པ་དེའོ། །ད་ལྟ་ཁོར་སྔར་བྱས་ལ་འགྱོད་གདུང་དང་བྱ་བའི་གནོན་ཤུགས་དབང་གིས་ཡིད་སེམས་ནི་དྲག་རླུང་གིས་སྐྱོམ་པའི་མཚོ་རླབས་བཞིན་ནམ་ཡང་འཇགས་ཐབས་བྲལ། ཁོས་ཁུག་མ་གསུམ་པོ་ཕ་ཡུལ་གྱི་འགྲུལ་སྐྱེལ་རླངས་འཁོར་དུ་བཞག་ཅིང་རང་ཉིད་འདུག་སྟེགས་གང་རུང་ཞིག་ཏུ་བསྡད་དེ། མི་ལོ་བཞིའི་རིང་འཚོ་བ་རོལ་སའི་སློབ་ཆེན་དང་གྲོང་ཁྱེར་ཆེན་པོ་དེ་གྱེས་ཕྱག་འབུལ་དགོས་བྱུང་། ཁོས་རླངས་འཁོར་གྱི་སྒེའུ་ཁུང་ནས་ཕྱི་རོལ་དུ་ལྟ་ཞོར་གཟའ་རྗེས་མའི་བྱ་བའི་རྒྱུགས་གཞི་སེམས་སུ་དྲན་ནས་དངངས་འཚབ་སྐྱེས་ཀྱིན་ཡོད་ལ། བྱ་བའི་རྒྱུགས་གཞི་སེམས་སུ་དྲན་ནས་དངངས་འཚབ་སྐྱེས་ཞོར་རླངས་འཁོར་གྱི་སྒེའུ་ཁུང་ནས་ཕྱི་རོལ་དུ་ལྟ་བཞིན་ཡོད།
མི་ལོ་བཞིའི་ཡར་སྔོན་དུ་ཚེ་གོ་ཡིས་མཐོ་རྒྱུགས་ཀྱི་ཟམ་ཆེན་བརྒྱུད་ནས་རྒྱ་གྲོང་ཆེན་པོ་ཞིག་གི་མི་རིགས་སློབ་ཆེན་དུ་སློབ་གཉེར་བྱས་པའི་བསྐལ་བ་བརྙེས། ཞིང་གྲོང་དུ་འཚར་ལོངས་བྱུང་བའི་ཁོར་མཚོན་ན་ཁྲ་ཁྲ་རིག་རིག་གི་གྲོང་ཁྱེར་ཆེན་པོར་ཐོན་པ་ནི་དེད་དཔོན་མེད་པའི་གྲུ་གཟིངས་ཤིག་མུ་མེད་ཀྱི་རྒྱ་མཚོ་ཆེན་པོར་འཇུག་པ་དང་ཡོངས་སུ་མཚུངས། སློབ་ཆེན་གྱི་འཚོ་བ་ནི་སློབ་འབྲིང་དང་བསྡུར་ན་ཅུང་རང་དབང་ཅན་ཞིག་ཡིན་ཏེ། དངུལ་སྒོར་མང་ཙམ་དང་། སློབ་ཁྲིད་ཉུང་ཙམ། སྒྲིག་ལམ་ལྷོད་ཙམ་ཡིན་རྐྱེན། ཚེ་གོ་ལ་སྔར་སླེབས་མ་མྱོང་བའི་སྐྱིད་སྣང་གི་འཇིག་རྟེན་ཞིག་ཏུ་སླེབས་འདྲའི་ཚོར་སྣང་སྐྱེས། གྲོང་ཁྱེར་གྱི་ན་གཞོན་འགས་དབུ་སྐྲ་སེར་པོ་བསྒྱུར་བ་མཐོང་ཚེ་ཚེ་གོས་ཀྱང་རང་ཉིད་ཀྱི་སྐྲ་ལོའི་ཁ་དོག་ནག་པོ་དེ་སེར་པོ་བསྒྱུར་ཅིང་། གྱོན་ཆས་ཀྱང་གྲོང་ཁྱེར་གྱི་མི་དག་དང་བསྟུན་ཅི་ཐུབ་ཀྱིས་གྱོན། ཉིན་ཞིག་བོད་ཡིག་གི་སློབ་ཁྲིད་སྐབས་སུ་དགེ་རྒན་ཆེན་མོ་དབང་ཆེན་ལགས་ཀྱིས“ཚེ་གོ ཁྱོད་ཡར་ལོངས། ཁྱོད་ཀྱིས་ཅིའི་ཕྱིར་མགོ་སྐྲ་སེར་པོ་དང་གྱོན་ཆས་གྲོང་ཁྱེར་དང་བསྟུན་ཅི་ཐུབ་བྱས་པ་ཡིན། དེ་ལྟར་མ་བྱས་ན་ཁྱོད་གྲོང་ཁྱེར་དུ་སྡོད་པར་ངོ་ཚ་བ་ཡིན་ནམ། སྤྱིར་ཁྱོད་ཀྱིས་རང་ཉིད་ཀྱི་ཕྱི་ཚུལ་གང་འདྲ་ཞིག་ལ་བསྒྱུར་བཀོད་བྱས་པ་རང་ཉིད་ཀྱི་རང་དབང་ཡིན། ང་དེར་ཐེ་གཏོགས་བྱེད་རྒྱུའི་དབང་ཆ་མེད་མོད། ཡིན་ཡང་ངས་ཁྱོད་ལ་བཤད། མིའི་ཁྲ་ཁྲ་ནང་དང་ཟོག་གི་ཁྲ་ཁྲ་ཕྱི་ན་ཡོད།”ཅེས་བཤད་རྗེས་སློབ་ཁྲིད་ཀྱི་མགོ་བརྩམས་ཤིང་། ཚེ་གོ་སློབ་ཁྲིད་གང་པོར་ཡར་ལངས་ནས་བསྡད། སློབ་ཁྲིད་གྲོལ་རྗེས་ཁོ་རང་ཉིད་ཀྱི་སློབ་གྲོགས་ཤིག་དང་མཉམ་དུ་སྐྲ་བཞར་ཁང་དུ་སོང་ནས་སྐྲའི་ཁ་དོག་ནག་པོ་བསྒྱུར་ཅིང་སྲང་ལམ་ཉུལ་ནས་གྱོན་ཆས་ཚོང་ཁང་ཞིག་ནས་ཧ་ཅང་སྤྱིར་བཏང་དང་བབ་ཆགས་ཀྱིས་གྱོན་གོས་ཆ་ཚང་ཞིག་ཉོས།
སློབ་མགོ་ཚུགས་ནས་ཟླ་གཅིག་འགོར་རྗེས། སློབ་གླིང་གིས་ལོ་རེ་བཞིན་སྤེལ་བའི“སློབ་མ་གསར་བ་བསུ་བའི་ལག་རྩེ་སྤོ་ལོ་འགྲན་བསྡུར”གྱི་བྱ་འགུལ་སྤེལ་ལ་འཛིན་གྲྭ་གསར་རྙིང་རེ་ནས་འགྲན་ཞུགས་སློབ་བུ་བདུན་རེ་བདམས། ཚེ་གོ་ནི་ལག་རྩེ་སྤོ་ལོ་རྩེད་ན་བཟང་རྒྱུ་མེད་མོད། ཡིན་ཡང་ཁོ་ནི་གཟུགས་རིང་ཞིག་ཡིན་པས་ཁོའི་འཛིན་གྲྭའི་ལག་རྩེ་སྤོ་ལོའི་འགྲན་ཞུགས་མི་སྣར་བདམས་ཐོན་བྱུང་། སློབ་གསེང་གི་དུས་ཡུན་བེད་སྤྱད་དེ་ཚེ་གོ་སོགས་ཀྱིས་ལག་རྩེ་སྤོ་ལོ་སྦྱོང་བརྡར་བྱས། འགྲན་བསྡུར་བྱས་པར་འཛིན་གྲྭའི་མ་དངུལ་ནས་ཁོ་ཚོར་སྤོ་ལོའི་གྱོན་ཆས་ཆ་ཚང་ཞིག་ཉོས། ཚེ་གོ་མཚོན་ན་གྱོན་ཆས་དེ་གྱོན་ནས་སྤོ་ལོ་རྩེད་བ་ནི་ཆེས་གཟི་བརྗིད་དང་དོན་སྙིང་ལྡན་པ་ཞིག་ཡིན། ལྷག་ཏུ་གྱོན་ཆས་སྟེང་དུ་སློབ་ཆེན་གྱི་མིང་དང་འཛིན་གྲྭ་རུ་ཁག་བཅས་ཀྱི་མིང་ཡོད་པས་ཁོར་མཚོན་ན་དེ་ལས་ལྷག་པ་ཞིག་འཇིག་རྟེན་འདི་ན་མེད། འགྲན་བསྡུར་གྱི་སྐབས་སུ་ཁོས་རང་ཤུགས་ཅི་ཡོད་ཀྱི་སྤོ་ལོ་རྩེད་ཅིང་ཁོ་ཚོའི་འཛིན་གྲྭའི་ནང་ལྟོས་བཅས་ཀྱི་གྲུབ་འབྲས་ཀྱང་བཟང་ཤོས་ཡིན་པས། སློབ་གྲོགས་ཚོས་འགྲན་བསྡུར་སྐབས“ཚེ་གོ ཤུ་རེ་བྱོས། ཚེ་གོ ཤུ་རེ་བྱོས། ཚེ་གོ ཤུ་རེ་བྱོས།……”ཞེས་ཁོ་མིང་ནས་བོས་བྱུང་བས། ཁོའི་སེམས་ཀྱི་ལྷོ་མཐའ་རུ་སྨྲ་མི་ཤེས་པའི་སྤྲོ་བ་ཞིག་སྤྲིན་དཀར་བཞིན་ལྡང་། དེའི་ཞོར་དུ་ང་རྒྱལ་གྱི་རླུང་བུ་ཞིག་ཀྱང་བྱང་ཁོག་སྟོད་དུ་རྒྱུ་བཞིན་ཡོད། འགྲན་བསྡུར་གྱི་རྗེས་ནས་ཁོས་སློབ་གསེང་སྐབས་རྒྱུན་དུ་ལག་རྩེ་སྤོ་ལོ་རྩེད་ཅིང་། དྲ་ཁང་ཉུལ་ནས་འཛམ་གླིང་རིམ་པའི་ལག་རྩེ་སྤོ་ལོ་འགྲན་བསྡུར་གྱི་གློག་བརྙན་ལ་ལྟ་བ་དང་། འཛམ་གླིང་གི་ལག་རྩེ་སྤོ་ལོ་བ་གྲགས་ཅན་དག་གི་འདྲ་པར་རང་ཉིད་ཀྱི་མལ་ཁྲིའི་གྱང་ངོས་སོགས་སུ་སྦྱར། དང་ཐོག་ཚེ་གོ་སློབ་གསེང་གི་སྐབས་ཁོ་ནར་ལག་རྩེ་སྤོ་ལོ་རྩེད་དུ་འགྲོ་མོད། ད་ལྟ་ཁོ་ནི་སློབ་ཁྲིད་ཀྱི་སྐབས་སུ་ཡང་ལག་རྩེ་སྤོ་ལོ་ཆེད་ལས་མཁན་དང་འདྲ་བར་ལུས་རྩལ་ར་བ་རུ་ཁོམ་ལོང་ཨེན་ཙམ་མེད་པར་ལག་རྩེ་སྤོ་ལོ་རྩེད་ཀྱིན་ཡོད། དེ་ལྟར་སློབ་ཆེན་གྱི་སློབ་སྐབས་དང་པོ་དལ་གྱིས་མཇུག་འགྲིལ་བཞིན་ཡོད་ཅིང་མཇུག་རྒྱུགས་ཀྱང་རན་སོང་། སློབ་གྲོགས་རྣམས་ཀྱིས་སྔ་མོ་ནས་རྒྱུགས་གཞི་ལ་གྲ་སྒྲིག་ཚགས་སུ་ཆུད་པར་བྱས་ཡོད། ཡིན་ཡང་ཚེ་གོ་ལ་མཚོན་ན་སློབ་དེབ་དག་ནི་དེ་རིང་སོ་མ་ལག་ཏུ་སོན་པ་ལྟར་དུ་ཧ་ཅང་སོ་མ་ཡིན་ལ་ནང་དོན་དེ་བས་ཀྱང་ངོ་། དེའི་རྐྱེན་གྱིས་ཁོའི་རྒྱུགས་འབྲས་ཤིན་ཏུ་མི་བཟང་། རྒྱུགས་གཞི་བཅུའི་ཁྲོད་ཀྱི་དྲུག་སློབ་སྐབས་གཉིས་པའི་མགོར་བསྐྱར་ལེན་བྱེད་དགོས་བྱུང་། དགེ་རྒན་རྣམས་ཀྱིས་གཤེ་གཤེ་ལས་ངོ་ཚ་དང་སློབ་གྲོགས་དག་གི་འཕྱ་སྨོད་ལས་ཁོང་ཁྲོ་ཉོ་དགོས་བྱུང་། ཉིན་ཞིག་ཁོ་དང་ཁོའི་གྲོགས་པོ་གཉིས་ལག་རྩེ་སྤོ་ལོ་རྩེད་སྐབས་སློབ་གྲོགས་གཞན་ཞིག་དང་མཐུན་པོ་བྱུང་མ་སོང་། ཚེ་གོས་“ཁྱོད་ཀྱིས་ལག་རྩེ་སྤོ་ལོ་རྩེད་མི་ཤེས་ན་མར་ལ་སོང་།”ཞེས་རང་ཉིད་དང་འགལ་ཟླ་ལངས་པའི་སློབ་གྲོགས་དེ་འཕྱ་སྨོད་དམ་ཁ་རྩོད་བྱེད་སྐབས། སློབ་གྲོགས་དེས་ཀྱང“ཁྱོད་ནི། ལུས་ཕུང་སྟོབས་ལྡན་རེད། ཀླད་པ་སྟོང་བ་རེད།”ཅེས་སྨྲས་པས། ཚེ་གོ་དང་ཁོའི་གྲོགས་པོ་གཉིས་ཀྱིས་སློབ་གྲོགས་དེར་ཞེ་སྡང་དྲག་པོའི་ངང་གཅར་རྩིས་བྱེད་སྐབས། དེར་འདུག་པའི་སློབ་གྲོགས་དག་གིས་བར་འདུམ་མཛད། དེའི་དགོང་མོར་ཚེ་གོས“ཁྱོད་ནི། ལུས་ཕུང་སྟོབས་ལྡན་རེད། ཀླད་པ་སྟོང་བ་རེད།”ཅེས་པའི་ཚིག་དེ་ཡང་ཡང་མནོ་བསམ་བཏང་ནས་ཁོང་ཁྲོ་ལ་སེམས་ཀྱང་སྐྱོ། འཛིན་གྲྭའི་ཀྲུན་རེན་གྱིས་ཚེ་གོ་རྒྱུགས་འབྲས་མི་ལེགས་པ་གཤེ་གཤེ་སྐབས“ཁྱོད་ཀྱི་ཆེད་ལས་ལག་རྩེ་སྤོ་ལོ་ཡིན་ནམ།”ཞེས་ཟེར་མྱོང་བས། ཁོས་སློབ་གྲོགས་དེའི་འཕྱ་སྨོད་དང་དགེ་རྒན་གྱི་གཤེ་ཚིག་ད་དུང་རང་ཉིད་ཀྱི་ངོ་ཚ་བའི་རྒྱུགས་འབྲས་སོགས་ལ་འདང་ཡང་རྒྱག་བསྐྱར་རྒྱག་བྱས་རྗེས་ལག་རྩེ་སྤོ་ལོ་མི་རྩེད་པའི་སེམས་ཐག་གཏིང་ནས་བཅད།
དེ་ལྟར་ཤེས་མེད་ཚོར་མེད་ངང་ཚེ་གོའི་སློབ་ཆེན་འཚོ་བའི་ཁྲོད་ཀྱི་མི་ལོ་གཅིག་ཡལ་སོང་། ཚེ་གོས་སློབ་ཆེན་ལོ་རིམ་གཉིས་པ་ནས་བཟུང་སློབ་སྦྱོང་ཅི་ལྟར་བྱ་རྒྱུའི་འཆར་གཞི་རབ་དང་རིམ་པ་མང་པོ་འཐེན། ཐ་ན་གཟའ་ཉི་མའི་དུས་ཚོད་ཀྱང་སློབ་སྦྱོང་སྟེང་དུ་བཀོལ་བ་ལས་ཆུད་ཟོས་སུ་མི་གཏོང་བའི་འཆར་བཀོད་འཐེན་ཞིང་། སློབ་སྦྱོང་གི་འཆར་གཞིའི་རེའུ་མིག་ཅིག་ཀྱང་མལ་ཁྲིའི་གྱང་ངོས་སུ་སྦྱར་ཡོད། ཁོའི་འཆར་གཞི་ཡིན་ན་བོད་རྒྱ་དབྱིན་གསུམ་པོ་འབྲི་ཀློག་ཉན་གསུམ་ལ་ཐོགས་མེད་བཏང་སྟེ་ངེས་དོན་གྱི་སློབ་ཆེན་པ་ཞིག་དང་སྤྱི་ཚོགས་ལ་མཁོ་བའི་མི་འཇོན་ཐང་ཅན་ཞིག་བྱ་རྩིས་དེ་ཡིན། དེ་བས་ཁོའི་བོད་རྒྱ་དབྱིན་གསུམ་གྱི་དཔེ་ཆ་རྣམས་སྔས་འགྲམ་དུ་བརྩིགས་ཤིང་། གཟའ་འཁོར་དང་པོར་བོད་ཡིག་གི་དཔེ་ཆ་གཙོ་བོར་བལྟ་བ་དང་། གཟའ་འཁོར་གཉིས་པར་རྒྱ་ཡིག་གི་དཔེ་ཆ་གཙོ་བོར་བཀླགས་པ། གཟའ་འཁོར་གསུམ་པར་དབྱིན་ཡིག་གཙོ་བོར་སྦྱངས་རྒྱུའི་འཆར་གཞི་འཐེན། དེ་ཡང་ཁོས་གཟའ་འཁོར་དང་པོ་དུས་ཚོད་སྐར་ཆ་གང་ཙམ་ཡང་ཆུད་ཟོས་སུ་མ་བཏང་བར་བོད་ཡིག་དཔེ་ཆ་ཞིག་བཀླགས་མོད། ཡིན་ཡང་དེང་རབས་རིག་གནས་དང་ལྷག་ཏུ་ནུབ་ཕྱོགས་ཀྱི་རིག་གནས་ལ་འཇུག་པའི་དགེ་རྒན་ཆེན་མོ་དོན་གྲུབ་ཀྱིས་སློབ་ཁྲིད་ཅིག་གི་སྐབས་སུ“ང་ཚོའི་རིག་གནས་ཀྱི་སྟོང་ཆ་ནི་རིག་གནས་གསར་བ་ཡིན། ང་ཚོར་ཁ་ཚ་དགོས་གཏུགས་ཀྱི་མཁོ་བ་ཡང་རིག་གནས་གསར་བ་ཡིན། དེ་ཡང་རིག་གནས་གསར་བ་ནི་ནུབ་ཕྱོགས་བར་ཤིན་ཏུ་དར་ཆེ། དཔེར་ན། དེང་སང་ནུབ་ཕྱོགས་པས་རིག་གནས་ལ་ཚན་ཁག་གསར་བ་མང་པོ་ཞིག་ཕྱེ་ཡོད་དེ། རིག་གནས་མིའི་རིག་པ། སྤྱི་ཚོགས་རིག་པ། སྐད་བརྡ་རིག་པ། དམངས་སྲོལ་རིག་པ། རྩོམ་རིག་སྐད་བརྡ་རིག་པ། ཆབ་སྲིད་རིག་པ། དཔལ་འབྱོར་རིག་པ། ཁྲིམས་ལུགས་རིག་པ་སོགས་ཡོད་ལ་རིག་གནས་ཀྱི་དབྱེ་སྒོ་འདི་དག་ང་ཚོས་ངེས་པར་ནུབ་ཕྱོགས་ཀྱི་རིག་གནས་ཁོར་ཡུག་ཁྲོད་ནས་ནང་འདྲེན་བྱ་དགོས། འདི་ནི་ང་ཚོ་དེང་གི་སློབ་ཆེན་པ་དང་རིག་གཞུང་ཞིབ་འཇུག་པ་དག་གི་གཡོལ་མེད་ཀྱི་འོས་འགན་ཡིན།”ཞེས་ཟེར་ལ། ཚེ་གོ་སྐད་ཆ་དེ་ཐོས་རྗེས་རང་ཉིད་ཀྱིས་ངེས་པར་དུ་ནུབ་ཕྱོགས་པའི་རིག་གནས་གསར་བར་ནང་འདྲེན་བྱས་པའི་ལས་དེ་ཕྲག་ཏུ་ལེན་དགོས་བསམས་ནས། བོད་ཡིག་གི་དཔེ་དེབ་ཀྱི་བཀླགས་མཚམས་བསྐྱུར་ཏེ«དཔལ་འབྱོར་རིག་པ»ཞེས་པའི་དབྱིན་ཡིག་ནས་རྒྱ་ཡིག་ཏུ་བསྒྱུར་བའི་འགྱུར་མ་ཞིག་བཀླགས་མགོ་བརྩམས། «དཔལ་འབྱོར་རིག་པ»ཞེས་པའི་དཔེ་དེབ་དེ་ནི་ཚེ་གོ་མཚོན་ན་གཅིག་ནས་རིག་ཚན་གསར་བ་ཡིན་ཞིང་། གཉིས་ནས་དབྱིན་ཡིག་ནས་རྒྱ་ཡིག་ཏུ་བསྒྱུར་བ་ཡིན་པས་དཔལ་འབྱོར་རིག་པའི་ཆེད་ལས་མིན་ན་བཀླགས་པར་ཚེགས་ཤིན་ཏུ་ཆེ། ཡིན་ན་ཡང་ཁོས་དོན་མི་གོ་ཡང་ཨུ་ཚུགས་ཀྱིས་ཤོག་གྲངས་གསུམ་ཙམ་བཀླགས་རྗེས། ངེས་པར་མ་རྩོམ་ཀློག་བཏུབ་པ་ཞིག་བྱ་དགོས་སྙམ་ནས་གཉིད་ཆག་ཟས་བརྗེད་ཀྱིས་དབྱིན་ཡིག་སློབ་པར་བརྩོན།
“དགེ་སློབ་སློབ་སྦྱོང་གི་ཉམས་མྱོང་བརྗེས་རེས”ཞེས་པའི་གླེང་སྟེགས་ཤིག་གི་སྟེང་དུ་དགེ་རྒན་ཆེན་མོ་གཞོན་པ་ནོར་བུ་ལགས་ཀྱིས“རབ་ཡིན་ན་དབྱིན་ཡིག་ཆུ་ཚད་མི་བཟང་བའི་སློབ་གྲོགས་རྣམས་ཀྱིས་སློབ་གྲྭ་ཆེན་མོའི་དུས་སུ་ཕྱི་ཡིག་རྐྱང་རྐྱང་སྟེང་དུ་ཆུ་ཚོད་བཀོལ་བ་ལས་བོད་ཡིག་དང་རྒྱ་ཡིག་གི་ལམ་ནས་གནའ་དེང་ཕྱི་ནང་གི་རིག་གནས་ལ་འབད་འབུངས་བྱས་ན་ལེགས་བསམས། ཕྱི་ཡིག་སློབ་པ་ཡང་ཕར་དེད་ན་ཕྱིའི་རིག་གནས་སློབ་རྒྱུ་དེ་རེད། དེ་བས་སློབ་གྲོགས་རྣམས་ཀྱིས་ཕྱིའི་ཁོར་ཡུག་གི་ཆ་རྐྱེན་དང་རང་ཉིད་ཀྱི་ཆ་རྐྱེན་སོགས་ལ་ཐུགས་འདང་ཟབ་མོ་བཏང་ནས་སློབ་སྦྱོང་བྱས་ན་བཟང་གི་སྙམ། ཡིན་ཡང་འདི་ནི་ང་རང་གི་བསམ་ཚུལ་ཙམ་ཡིན། མཐའ་གཅིག་ཏུ་མ་ངེས།”ཞེར་ཟེར་བ་ཚེ་གོ་ཡིས་ཐོས་རྗེས། རང་ཉིད་ཀྱི་སློབ་སྦྱོང་གི་ལམ་བུ་ནོར་འདུག་སྙམ་ནས་དབྱིན་ཡིག་གི་སློབ་མཚམས་བཞག་ཏེ་སླར་ཡང་ཉེ་སྔོན་ལྟ་འཕྲོ་ལུས་པའི་བོད་ཡིག་གི་དཔེ་ཆ་དེ་བཀླགས་མགོ་བརྩམས།
བོད་རྒྱ་དབྱིན་གསུམ་གང་ནས་མགོ་བརྩམས་ཏེ་སློབ་རྒྱུ་མ་ཤེས་པར་ཚེ་གོ་གཞི་ནས་སློབ་ཆེན་ལོ་རིམ་གསུམ་པའི་ཐེམ་སྐས་སྟེང་རྐང་བ་སྤོ་དགོས་བྱུང་། སློབ་ཆེན་ལོ་རིམ་གསུམ་པའི་སྐབས་སློབ་གླིང་དེ་གའི་དགེ་སློབ་འགས“གསར་རྩོམ་གླེང་སྟེགས”ཞེས་པའི་བྱ་འགུལ་ཞིག་སྤེལ་ལ། ཟླ་རེའི་ཟླ་མཇུག་ཏུ་རྩོམ་རིག་ལ་མོས་པ་ཟབ་པའི་སློབ་གྲོགས་ཚོས་རང་རང་གིས་ཟླ་དེའི་རིང་ལ་བྲིས་པའི་རྩོམ་ཡིག་རྣམས“གསར་རྩོམ་གླེང་སྟེགས”ཀྱི་སྐབས་སློབ་གྲོགས་རྣམས་ཀྱི་མིག་མདུན་དུ་བཀྲམས་པ་དང་། སློབ་གྲོགས་སོ་སོས་རང་གི་རྩོམ་ཡིག་དེ་དག་བཀླགས་རྗེས་ཀྱི་མྱོང་ཚོར་དང་བསམ་འཆར་ཁ་ཞེ་གཉིས་མེད་ཀྱི་སྒོ་ནས་འཆད་ཀྱིན་ཡོད། ཉིན་ཞིག་ཚེ་གོ་ཡང་གསར་རྩོམ་གྱི་གླེང་སྟེགས་དེར་ཞུགས་ཤིང་རྩོམ་ཡིག་ཡག་ཤོས་འབྲི་བའི་སློབ་གྲོགས་རྣམས་ལ་ཡིད་སྨོན་སེམས་གཏིང་ནས་ཆོར། དེ་བས་ཁོས་རང་ཉིད་ཀྱང་རྩོམ་ཡིག་ཡག་པོ་འབྲི་བའི་སློབ་གྲོགས་དེ་དག་གི་གྲས་སུ་ཚུད་ན་ཅི་མ་རུང་སྙམ། གསར་རྩོམ་གྱི་ཐད་ནས་ལྟོས་བཅས་ཀྱི་གོ་གནས་ཡོད་པའི་སློབ་གྲོགས་ཤིག་ལ་གྲོགས་བསྒྲིག་དགོས་སེམས་ནས། སློབ་གླིང་དེ་གར་རང་མོས་སྙན་རྩོམ་འབྲི་བར་མིང་གྲགས་ཅུང་ཡོད་ཅིང་སྙན་རྩོམ་རེ་འགའ་དུས་དེབ་ཏུ་སྤེལ་མྱོང་བའི་སློབ་གྲོགས་བཀྲ་ཤིས་ངོ་ཤེས་སོང་། དེ་ཡང་ཁོས་ཆེད་དུ་གོ་སྐབས་བཙལ་ཏེ་སློབ་གྲོགས་བཀྲ་ཤིས་ལ་ཟས་མགྲོན་བྱས་ཤིང་སྙན་ངག་ཐད་ནས་ཤེས་ཚོད་ཀྱིས་ཁ་ཏ་སྣ་ཚོགས་བྱས། དུས་དེ་ནས་བཟུང་ཁོས་རྒྱུན་དུ་རང་མོས་སྙན་རྩོམ་འབྲི་ལ། མཚམས་རེ་ཉིན་གཅིག་ལ་སྙན་རྩོམ་ལྔ་དྲུག་རེ་འབྲི། དགོང་མོ་རེ་རེར་ཁོས་བྲིས་རྩོམ་དག་སློབ་གྲོགས་བཀྲ་ཤིས་ལ་བསྟན་ཅིང་བསམ་འཆར་གང་མང་བསྡུ་ལེན་བྱས། ཉིན་ཞིག་ཚེ་གོའི་སྙན་རྩོམ་ཞིག་ལ་བཀྲ་ཤིས་ཀྱིས་བསྟོད་བསྔགས་བྱས་ལ་དུས་དེབ་ཏུ་བསྐུར་ན་དགོད་པར་ཐག་ཆོད་ཅེས་བཤད་པས། ཚེ་གོས་རང་ཉིད་ཀྱི་བྲིས་རྩོམ་དེ་སྙན་ངག་དུས་དེབ《སྨྱུ་གུའི་རོལ་དབྱངས》ལ་བསྐུར་ཞིང་རྩོམ་སྒྲིག་ཁང་གིས་ཀྱང་མྱུར་དུ་དུས་དེབ་སྟེང་བཀོད་པས། ཚེ་གོའི་སེམས་ཀྱི་སྤང་ཐང་དུ་སྤྲོ་བ་འབུམ་གྱི་མེ་ཏོག་སྣ་ཚོགས་གང་སར་བཞད། རང་ཉིད་སྙན་ངག་པ་ཞིག་ཡིན་པར་ཁས་འཆེས་ནས་རྒྱུན་དུ་གྲོགས་པོ་སློབ་གྲོགས་སུ་ལའང་སྙན་ངག་ནི་ཅི་ཞིག་ཡིན་ཚུལ་གང་ཞིག་སྙན་ངག་ཡིན་ཚུལ་གྱི་སྐོར་གླེང་ལ། འཛམ་གླིང་གི་སྙན་ངག་པ་གྲགས་ཅན་འགའི་སྙན་རྩོམ་ཕྱོགས་བསྡུས་ཉོས་ཏེ། ས་གང་ནས་ཀྱང་སྙན་དེབ་དེ་དག་ཕར་བསློགས་ཚུར་བསློགས་བྱེད་ཀྱིན་ཡོད། ཁོས་སེམས་སུ་རང་ཉིད་སྙན་ངག་པ་ཡིན་པས་གཅིག་ན་ཆང་འཐུང་དགོས་པ་དང་གཉིས་སུ་སེམས་ཀྱི་མེ་ཁ་གསོ་བའི་སྙིང་གྲོགས་ཤིག་ཅིའི་ཀྱང་མཁོ་བར་སེམས། དེ་ནས་ཁོས་བཀྲ་ཤིས་དང་མཉམ་དུ་རྒྱུན་དུ་ཆང་བཏུང་ལ། གལ་སྲིད་བཀྲ་ཤིས་ཁོམ་ལོང་སོགས་མེད་ཚེ་ཁོས་རང་ཉིད་ཀྱི་གྲོགས་པོ་དག་ཆང་ཁང་དུ་བོས་ནས་ཆང་འཐུང་པ་མ་ཟད། ད་དུང་སློབ་གྲོགས་ཚོར་རང་ཉིད་ལ་གྲོགས་མོ་ཞིག་འཚོལ་དགོས་པའི་སྐུལ་མ་ནན་གྱིས་བཏང་། སྟབས་ལེགས་པ་ཞིག་ལ་ཁོའི་ཆང་ཁང་ནས་རང་ཉིད་དང་ལོ་རིམ་གཅིག་གི་དམའ་བའི་སློབ་གྲོགས་ཚེ་རིང་སྒྲོལ་མ་ངོ་ཤེས་སོང་། ཁོའི་གོ་སྐབས་སྣ་ཚོགས་བཙལ་ཏེ་སློབ་གྲོགས་ཚེ་རིང་སྒྲོལ་མ་དང་ཉེ་བར་བཅར། ཁོ་མོ་ལ་ཡང་རང་ཉིད་ཀྱི་སྙན་ངག་གི་ལྟ་ཚུལ་ཅི་ཡིན་པ་དང་སྙན་ངག་གི་བློ་སྦྱོང་ཅི་འདྲ་ཡོད་པ་གླེང་། གཟའ་གཅིག་གི་རྗེས་ནས་ཚེ་གོ་དང་ཁོ་མོ་གཉིས་ནི་དགའ་གྲོགས་ངོ་མར་གྱུར་སོང་། དེ་བས་ཚེ་གོས་ཉི་མ་རེ་རེ་རང་ཉིད་ཀྱི་གྲོགས་མོར་སྙན་ངག་འབྲི་ཞིང་བྲིས་པ་ཁོ་མོར་བསྟན་པ་ཡིན། གཞན་ཁོའི་སྐྲ་ལོ་རིང་བོར་བསྐྱུར་ཅིང་ཤེལ་མིག་ཞིག་ཀྱང་རྒྱུན་དུ་གདོང་ལ་བསྐྱོན་ཡོད། ཁོས་རྒྱུན་དུ་ཆང་འཐུང་བ་དང་གཞན་དངུལ་སྒོར་ཡང་ཉིན་རེ་ཇེ་ཉུང་དུ་འགྲོ་བས་ཚེ་རིང་སྒྲོལ་མ་ཁོ་དང་བར་ཐག་ཇེ་རིང་དུ་བཏང་ནས་གསར་བུ་གཞན་ཞིག་ཏུ་འགྲོགས། སློབ་གྲོགས་ཚོས་ཁོར“ཁྱོད་ཀྱིས་རང་ཉིད་ཀྱི་གྲོགས་མོར་ཡང་བདག་ཐུབ་ཀྱིན་མི་འདུག”ཅེས་སྨྲས་པ་རྣམས། ཁོས“ང་ལ་སྙན་ངག་ཡོད་པས་གྲོགས་མོ་ལྡོམ་མོ་དག་གིས་ཅི་བྱ། ཧ…ཧ…ཧ…།”ཞེས་ཨ་ལན་སྟེར་ལ། ཁོས་རྒྱུན་དུ་གྲོགས་མོ་དེ་སེམས་སུ་བརྗེད་ཐུབ་ཀྱིན་མེད་ལ། ཚེ་རིང་སྒྲོལ་མ་རང་ཉིད་དང་བར་ཐག་ཇེ་རིང་དུ་གྱུར་པར«བར་ཐག་འདི»ཞེས་པའི་སྙན་རྩོམ་ཞིག་བྲིས་ཡོད་དེ།
བར་ཐག་འདི
ཉེ་ཉེ་ན་རིང་བར་འགྲོ
རིང་རིང་ན་བོར་བར་འགྲོ
བར་ཐག་འདི
ཉེ་རིང་གིས་གྲུབ་ཡོད
ཆགས་སྡང་གིས་གཏམས་ཡོད
བར་ཐག་འདི
ཁྱོད་དང་ང་ཡི་བར་ཐག་ཡིན
སྐྱེ་འགྲོ་ཀུན་གྱི་བར་ཐག་ཡིན
བར་ཐག་འདི
མ་གཞི་ནས་བར་ཐག་ཅིག་ཡིན་ཤས་ཆེ
ཞེས་བྲིས་ཡོད། ཚེ་གོའི་སློབ་ཆེན་ལོ་རིམ་གསུམ་པར་སྡོམ་ཚིག་ཅིག་འགོད་དགོས་ཚེ། དེ་ནི་སྙན་ངག་དང་ཆང་ད་དུང་གྲོགས་མོ་ཚེ་རིང་སྒྲོལ་མ་བཅས་ཀྱི་བསྐྲུན་པའི་འཇིག་རྟེན་ཞིག་གི་བསླུ་བྲིད་ལྡོག་མ་ཐུབ་པ་འབའ་ཞིག་གོ། ད་ལྟ་ཁོ་སྙན་ངག་དང་ཆང་དང་གྲོགས་མོ་བཅས་ཀྱི་བར་གསེང་ནས་སློབ་ཆེན་ལོ་རིམ་བཞི་བར་སླེབས་ཡོད། སློབ་ཆེན་ལོ་རིམ་བཞི་བ་ནི་སློབ་ཆེན་གྱི་ཆེས་མཐའ་མཇུག་གི་ལོ་དེ་ཡིན་ལ། ལོ་དེ་བརྒལ་རྗེས་སྤྱིར་བཏང་ལམ་གཉིས་ཡོད་དེ། གཅིག་ནི་ཞིབ་འཇུག་སློབ་མར་མཇུག་སྤྲད་དེ་མུ་མཐུད་དུ་སློབ་གྲྭ་འགྲིམས་རྒྱུ་དང་། ཅིག་ཤོས་ནི་སྤྱི་ཚོགས་ཀྱི་ཁྲོད་ནས་བྱ་བ་ཞིག་ལག་ཏུ་རེག་རྒྱུ་དེ་ཡིན། དེང་སང་བྱ་བ་འཚོལ་ཚེ་རྒྱུགས་གཞིར་ཞུགས་དགོས་པ་དང་། རྒྱུགས་ཀྱང་དེ་འདྲའི་འདྲ་མཉམ་དང་དྲང་བདེན་ཞིག་མ་ཡིན་པས། བྱ་བ་ཞིག་ལག་ཏུ་རེག་རྒྱུ་ནི་སློབ་ཆེན་སློབ་མ་སུ་ལ་མཚོན་ན་ཡང་ནམ་མཁའི་འཇའ་མཚོན་འཛིན་པ་དང་གཉིས་སུ་མེད། ཚེ་གོར་མཚོན་ན་ཡང་ལམ་དེ་གཉིས་ལས་གཞན་ཞིག་གདམ་རྒྱུ་མེད། ཡུལ་མི་སྤུན་ཟླ་ཚོས་རྒྱུན་དུ་ཁོར་ཞིབ་འཇུག་སློབ་མར་འཇུག་སྤྲོད་པར་སྐུལ་འདེད་བྱེད་ཀྱིན་ཡོད་ལ་ཁོ་རང་ཉིད་ལ་མཚོན་ན་ཡང་ཞིབ་འཇུག་སློབ་མ་ཞིག་གི་བསླབ་གནས་ལེན་ཐུབ་ན་ཅི་མ་རུང་སྙམ་གྱིན་ཡོད་སྟབས། ཁོས་ལོ་རིམ་བཞི་བའི་སློབ་མགོ་ཚུགས་དུས་ནས་ཞིབ་འཇུག་སློབ་མར་མཇུག་སྤྲོད་པར་སྟ་གོན་བྱེད་ཀྱིན་ཡོད། མགོ་ཡི་སྐྲ་ལོ་ཇེ་ཐུང་དུ་བཏང་ཞིང་མིག་ཤེལ་ཏུའུ་གྲངས་མེད་པ་དེ་ཡང་གདོང་ནས་བླངས་ཡོད། ནམ་རྒྱུན་ཞིབ་འཇུག་སློབ་མ་རྒྱུགས་སྤྲོད་མཁན་གྱི་སློབ་གྲོགས་ཚོ་དང་མཉམ་དུ་དཔེ་ཀློག་ཁང་དུ་ཞིབ་འཇུག་སློབ་མའི་ཟུར་ལྟའི་དཔེ་ཆ་དག་ཀློག་བཞིན་ཡོད། སྐབས་དེར་ཁོའི་སྙན་ངག་པའི་ཁྱད་ཆོས་ཡོངས་སུ་དོར་ནས་མི་བབ་ཆགས་ཞིག་གི་བཟོ་ལྟ་མངོན་གྱིན་ཡོད། ཡུལ་ཕྱོགས་དང་གྲོགས་པོ་སློབ་གྲོགས་རྣམས་ཀྱིས་ཚེ་གོའི་ཞིབ་འཇུག་སློབ་མ་འཇུག་སྤྲོད་པའི་དོན་དེར་རྟོགས་ཤིང་། སློབ་གྲོགས་ཤིག་གིས“ཚེ་གོ ཞིབ་འཇུག་སློབ་མ་འཇུག་སྤྲོད་ཀྱིན་ཡོད་དམ། ངོ་མ་དོན་དགའ་ཞིག་རེད། གལ་སྲིད་ཞིབ་འཇུག་སློབ་མར་རྒྱུགས་འཕྲོད་སོང་ན་ང་རང་མ་བརྗེད་ཅིག”ཅེས་ཀུ་རེ་འདྲེས་མའི་གཏམ་སྨྲས་ཚེ། ཁོས“ག་ལ་བརྗེད། ང་ཚོ་སློབ་གྲོགས་མ་ཡིན་ནམ། ཆུ་བོ་གྱེན་ལ་བཞུར་ཚེ་ངས་ད་གཟོད་ཁྱོད་བརྗེད་ཀྱང་སྲིད།ཧ…ཧ…ཧ…”ཞེས་སྒྱུ་རྩལ་དང་ཀུ་རེ་འདྲེས་མའི་ཚུལ་གྱིས་བཤད། ཁོས་སེམས་སུ་ཞིབ་འཇུག་སློབ་མར་འཇུག་སྤྲོད་མཁན་ཞིག་ཡིན་ཡང་མི་གཞན་པའི་མཐོང་ཆེན་བྱེད་ཀྱིན་འདུག་སྙམ་ནས། རང་ཉིད་ཀྱིས་ཞིབ་འཇུག་སློབ་མར་འཇུག་སྤྲོད་པ་ཡང་ང་རྒྱལ་ཞིག་ཅི་ལ་མིན་སྙམ་ནས། ཡང་བསྐྱར་སྐྲ་ལོ་ཇེ་རིང་དང་གདོང་ལ་ཏུའུ་གྲངས་མེད་པའི་ཤེལ་མིག་དེ་བསྐྱོན།
དགུན་ཟླ་སྐྱ་བོ་ཞིག་གྲང་རླུང་དང་ཁ་བ་བུ་ཡུག་གིས་གྲོགས་སུ་བསྡོངས་ནས་སླེབས་བྱུང་། ཞིབ་འཇུག་སློབ་མར་འཇུག་སྤྲོད་པའི་དུས་ཀྱང་ཉིན་རེ་རེ་བཞིན་ཚེ་གོ་མདུན་དུ་བཅར་བྱུང་། ཚེ་གོས་དཔེ་ཆ་ལྟ་བ་ལས་དཔེ་ཀློག་ཁང་གི་སྒོ་ནས་རྒྱུན་དུ་ཆུ་འཁོལ་འཐུང་ཞོར་སློབ་གྲོགས་འཕྲད་ཚད་ལ་ཞིབ་འཇུག་སློབ་མའི་རྒྱུགས་གཞི་དང་དེའི་སྐོར་ཁ་བརྡ་བྱས་ནས་དུས་ཚོད་ཕུད་ཀྱིན་ཡོད། དེ་བས་ཞིབ་འཇུག་སློབ་མར་རྒྱུགས་སྤྲོད་རན་པའི་དུས་ཚོད་རང་ཉིད་དང་ཐག་ཉེ་རུ་གྱུར་བ་མཐོང་ཚེ་དངངས་སྐྲག་ཆེན་པོ་སྐྱེས་བཞིན་ཡོད། ཏག་ཏག་སྐབས་དེར་སྔོན་ཆད་རང་ཉིད་སྙན་ངག་པ་ཡིན་དུས་སུ་འགྲོགས་མྱོང་བའི་གྲོགས་མོ་ཚེ་རིང་སྒྲོལ་མ་དགའ་གྲོགས་ཀྱིས་གཡུགས་པས། སླར་ཡང་ཚེ་གོའི་གྲོགས་པོ་ཞིག་ལ་རང་ཉིད་ཚེ་གོར་དགའ་ཚུལ་དང་སྔར་བྱས་ལ་འགྱོད་ཚུལ་སོགས་བཤད་པ་ཚེ་གོས་ཐོས་བྱུང་བས། ཚེ་གོའི་བརྩེ་དུངས་ཀྱི་རྨ་ཁའི་སྟེང་དུ་གཏམ་བཟང་གི་གསོས་སྨན་བསྐུས་བྱུང་། ཚེ་གོས་ཞིབ་འཇུག་སློབ་མའི་རྒྱུགས་གཞིའི་དཔེ་ཆའི་ལྟ་མཚམས་བསྐྱུར་ཏེ། ཉིན་མཚན་དུས་དྲུག་ཏུ་ཚེ་རིང་སྒྲོལ་མ་དང་འགྲོགས་ནས་བསྡད་ཡོད། ཚེ་གོ་དང་ཚེ་རིང་སྒྲོལ་མ་གཉིས་ཀྱིས་དགོང་མོ་མཉམ་དུ་ཆང་འཐུང་ཞིང་ཉིན་མོ་ལྷན་དུ་མགྲོན་ཁང་དུ་ཉལ་ཡོད། ཞིབ་འཇུག་སློབ་མའི་རྒྱུགས་སྤྲོད་པའི་ཉིན་མོ་དེ་ཡང་ཚེ་གོ་དང་ཚེ་རིང་སྒྲོལ་མ་གཉིས་སྔར་བཞིན་དགོང་མོ་ཆང་ཁང་དང་ཉིན་མོ་མགྲོན་ཁང་དུ་ཡོད། སློབ་གྲོགས་ཚོས་ཞིབ་འཇུག་སློབ་མའི་རྒྱུགས་སྤྲད་དེ་ཡུལ་ལ་ལོག་སྐབས། ཚེ་གོས་ཀྱང་སྙིང་དང་འདྲ་བའི་གྲོགས་མོ་བསྐྱུར་ནས་ཕ་ཡུལ་ལ་ཆས་སོང་། ཡུལ་མི་རྣམས་ལ་ཞིབ་འཇུག་སློབ་མའི་རྒྱུགས་གཞི་དཀའ་བས་རེ་བ་མེད་ཚུལ་བཤད།
ད་རེ་སློབ་སྐབས་ནི་སློབ་ཆེན་གྱི་ཆེས་མཇུག་གི་སློབ་སྐབས་ཤིག་སྟེ། སློབ་སྐབས་འདིའི་ནང་མཐར་ཕྱིན་སློབ་གྲོགས་སོ་སོས་སྤྱི་ཚོགས་ཁྲོད་ཀྱི་བྱ་བའི་རྒྱུགས་གཞིར་གྲ་སྒྲིག་དང་། རང་ཉིད་ཀྱི་སློབ་ཆེན་གྱི་མཐར་ཕྱིན་དཔྱད་རྩོམ་ཚགས་སུ་འཇུག་རྒྱུ་དེ་ཡིན། སློབ་མགོར་ཞིབ་འཇུག་སློབ་མའི་རྒྱུགས་གཞིའི་སྐར་གྲངས་ག་ས་གང་དུ་གྲག་གྱིན་ཡོད་མོད། ཡིན་ཡང་ཚེ་གོ་ནི་རྒྱུགས་ལ་ཞུགས་མེད་པས་སྐར་གྲངས་ཤིག་གང་ནས་ལྷགས། ཁོའི་ཡུལ་མི་ཚོར་ཞིབ་འཇུག་སློབ་མར་རྒྱུགས་འཕྲོད་མི་འདུག་ཅེས་རྫུན་སྟབས་བདེ་ཞིག་གིས་ཞིབ་འཇུག་སློབ་མའི་ལས་དོན་ཡོངས་སུ་རྫོགས་ཁུལ་བྱས། ད་ནི་ཁོས་བྱ་བའི་རྒྱུགས་གཞིར་གྲ་སྒྲིག་བྱ་རྒྱུ་དེ་ཡིན། སི་ཁྲོན་ཞིང་ཆེན་ཕྱོགས་ནས་གཞུང་ཞབས་པའི་མི་སྣ་བསྡུ་བའི་རྒྱུགས་གཞི་ཟླ་དེའི་ཟླ་སྨད་དུ་འཁེལ་ཡོད། ཚེ་གོས་ཉིན་བཅུ་ཕྲག་གི་རིང་ལ་གཞུང་ཞབས་པའི་རྒྱུགས་གཞིའི་སྐོར་གྱི་དཔེ་ཀློག་མཛད་དེ་རྒྱུགས་སྤྲོད་དུ་སོང་མོད། ཡིན་ཡང་གཞུང་ཞབས་པའི་རྒྱུགས་གཞི་དེ་རྒྱ་ཡིག་རྐྱང་རྐྱང་ཡིན་ཞིང་ལན་ཡང་རྒྱ་ཡིག་གིས་འབྲི་དགོས་པ་ཕུད་ནང་དོན་ཡང་ཆ་མེད་ཡིན་པས་ཁོའི་རྒྱུགས་འཕྲོད་མ་བྱུང་། ཟླ་རྗེས་མའི་ནང་མཚོ་སྔོན་ཕྱོགས་ནས་དགེ་རྒན་བསྡུ་བའི་རྒྱུགས་གཞི་ཡོད་མོད། ཁོར་དགེ་རྒན་གྱི་ཐོབ་ཐང་འཛིན་ཡིག་མེད་པས་རྒྱུགས་དེར་ཞུགས་རྒྱུའི་ཆ་རྐྱེན་གྱིས་འདང་མེད། ཁ་སང་ཚེ་གོས་གྲོང་ཁྱེར་དེའི་དཔེ་མཛོད་ཁང་ཆེས་ཆེ་བ་དེའི་ནང་དུ་སོང་ནས་གཟའ་རྗེས་མའི་བྱ་བའི་རྒྱུགས་གཞི་དེའི་སྐོར་གྱི་དཔེ་ཆ་འགའ་ཉོས།
དེ་རིང་ནི་ཚེ་གོ་སློབ་ཆེན་མཐར་ཕྱིན་པའི་ཉིན་དང་པོ་ཡིན། ཁོས་རང་ཉིད་ཀྱི་སློབ་གྲོགས་དང་གྲོགས་པོ་འགར་གྱེས་ཁའི་བདེ་མོ་བཞག་རྗེས། རང་ཉིད་ལས་ལྕི་བའི་ཅ་དངོས་རྣམས་ཁུག་མ་ཆེ་ཆུང་གསུམ་དུ་སྡུད་ཞོར་གཟའ་རྗེས་མའི་བྱ་བའི་རྒྱུགས་གཞིར་སེམས་ཁུར་ཆེན་པོ་བྱེད་ཀྱིན་ཡོད། བྱ་བ་དང་དེའི་རྒྱུགས་གཞི་སེམས་སུ་དྲན་ཚེ་ཁོར་འཇིགས་སྣང་ཆེན་པོ་སྐྱེས། ཡུལ་ཕྱོགས་ནས་ཁ་པར་ཐོན་ཐེངས་རེ་ཁོར་བྱ་བའི་སྐོར་གྱི་ལབ་གླེང་སྣ་ཚོགས་བྱས་ལ། དེ་ཡང་མདོ་དེད་ན་བྱ་བ་ཞིག་མྱུར་དུ་འཚོལ་ཞེས་པ་དེའོ། །ད་ལྟ་ཁོར་སྔར་བྱས་ལ་འགྱོད་གདུང་དང་བྱ་བའི་གནོན་ཤུགས་དབང་གིས་ཡིད་སེམས་ནི་དྲག་རླུང་གིས་སྐྱོམ་པའི་མཚོ་རླབས་བཞིན་ནམ་ཡང་འཇགས་ཐབས་བྲལ། ཁོས་ཁུག་མ་གསུམ་པོ་ཕ་ཡུལ་གྱི་འགྲུལ་སྐྱེལ་རླངས་འཁོར་དུ་བཞག་ཅིང་རང་ཉིད་འདུག་སྟེགས་གང་རུང་ཞིག་ཏུ་བསྡད་དེ། མི་ལོ་བཞིའི་རིང་འཚོ་བ་རོལ་སའི་སློབ་ཆེན་དང་གྲོང་ཁྱེར་ཆེན་པོ་དེ་གྱེས་ཕྱག་འབུལ་དགོས་བྱུང་། ཁོས་རླངས་འཁོར་གྱི་སྒེའུ་ཁུང་ནས་ཕྱི་རོལ་དུ་ལྟ་ཞོར་གཟའ་རྗེས་མའི་བྱ་བའི་རྒྱུགས་གཞི་སེམས་སུ་དྲན་ནས་དངངས་འཚབ་སྐྱེས་ཀྱིན་ཡོད་ལ། བྱ་བའི་རྒྱུགས་གཞི་སེམས་སུ་དྲན་ནས་དངངས་འཚབ་སྐྱེས་ཞོར་རླངས་འཁོར་གྱི་སྒེའུ་ཁུང་ནས་ཕྱི་རོལ་དུ་ལྟ་བཞིན་ཡོད།
སྤྱི་ལོ2011ལོའི་ཟླ8པའི་ཚེས20-21ཉིན་བར།
རྩོམ་སྒྲིག་པ། དབང་མོ།
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།