སྙན་ངག་པ་ཤི་བ།

ལྡོང་སྲས་ཨ་བྷེ།(ལན་ཀྲུ) མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2016-08-24

དབང་ལྡན་ནི་སྙན་ངག་བྲིས་པ་ཆེས་མང་བའི་གསར་བུ་དེའང་ཡིན་ལ།    ཡིག་ནོར་བྲིས་པ་ཆེས་མང་བའི་གསར་བུ་དེའང་ཡིན།    གང་ལྟར་ཀྱང་།    ཚང་མས་ཁོའི་མིང་ལ་སྙན་ངག་པ་དབང་ལྡན་ཞེས་འབོད།  བུ་མོ་རིག་འཛིན་དབང་མོ་ནི་སྙན་ངག་པ་དབང་ལྡན་ཆེས་དགའ་སའི་བུ་མོ་ཞིག་ཡིན་ལ།     ཁོའི་མི་ཚེ་འདིའི་སྟེང་དུ་ཆེས་ཐོག་མར་དགའ་མྱོང་སའི་བུ་མོ་དེའང་ཡིན།               

ད་ལོ་ཐེ་ན།   ཁོས་རིག་འཛིན་དབང་མོར་ལོ་ངོ་བཞི་ལྷག་ལ་བསྒུགས་ཟིན།    རྨི་ལམ་དུ།    ཁོས་མོ་རང་གཙང་བོ་ཆེན་པོ་ཞིག་གི་ཕ་རོལ་ཏུ་ཡོད་པ་མཐོང་ཞིང་།    ཐེ་ཚོམ་གང་ཡང་མེད་པར་ཕ་རོལ་ཏུ་བསྐྱལ་བ་ན།    ཆུ་བོ་ཆེན་པོ་དེའི་རླབས་ཤུགས་མ་བཟློག་པར་ཐུར་དུ་ཁུར།   ཁོ་དངངས་སྐྲག་གིས་མ་བཟོད་པར་འཕག་འཚག་འགའ་བྱས་ཤིང་གཉིད་ལས་སད་དེ་ཡར་ལངས་པ་ན།     མལ་གྲོགས་ཚོ་སྔར་བཞིན་དུ་གཉིད་འདུག་པ་མཐོང་བས། ཁོས་ད་གཟོད་རེས་གཟའ་ཉི་མ་ཡིན་པ་དྲན།  

ཁོས་དེ་མ་ཉིད་དུ་རིག་འཛིན་དབང་མོར་ཁ་པར་འགའ་བཏང་མོད། ཡིན་ནའང་།    སྔར་བཞིན་དུ་ཁོའི་ཁ་པར་ལ་སུས་ཀྱང་ཉན་མ་བྱུང་། དེ་རྗེས་ཁོས་དངན་པ་རིང་བོ་ཞིག་འཐེན་ཞིང་། གསང་དོར་ཁོ་ན་ལས་མ་གྱོན་པར་གཅེར་བུར་འགྲེངས་ནས སྒེའུ་ཁུང་རྩར་ཕྱིན།     ཡང་བསྐྱར་དངན་པ་རིང་བོ་ཞིག་འཐེན་ཏེ།     ཐ་མག་རྐང་གཅིག་ལ་མེ་བསྒྲོན་རྗེས་སྒོའི་ཕྱི་རོལ་ཏུ་ཅེར།  
ཉིན་དེའི་ལན་གྲུའི་ནམ་མཁའ་ནི་ནག་རོག་གེར་གནས་ཤིང་།     ཕྱི་རོལ་ཏུ་ཆར་བ་ཤག་ཤག་ཏུ་འབབ་ཀྱིན་འདུག     སློབ་གྲྭའི་ར་སྐོར་དུ་ཆར་གདུགས་ཐོགས་པའི་སློབ་མ་རེ་འགའ་དང་། རླངས་འཁོར་དང་ལྕགས་རྟ་གཅིག་གཉིས་རེ་འགྲོ་བ་མ་གཏོགས། ཡོད་ཚད་ལྷིང་འཇགས་སུ་གནས།

དབང་ལྡན་གྱི་མལ་ས་དེ། སློབ་གྲོགས་གཞན་པ་ཚོའི་མལ་ས་དང་བསྡུར་ན་ཁྱད་པར་ཤིན་ཏུ་ཆེ་བ་ཡོད་དེ། ཁོའི་སྔས་མགོ་རུ་དཔེ་སྒྲོམ་སྟབས་བདེ་ཞིག་བཞག་ཡོད་ཅིང་། དེའི་ནང་ཚང་མ་དཔེ་ཆས་བཀང་འདུག དཔེ་སྒྲོམ་དེའི་ཐེམ་པ་གོང་མའི་ནང་དུ། རྗེའི་རིན་པོ་ཆེའི་གསུང་འབུམ་དང.། བོད་ཀྱི་གྲུབ་མཐའ་ཁག་མི་འདྲ་བ་སོ་སོའི་གསུང་རྩོམ་དང་། རྣམ་ཐར་རྟོགས་བརྗོད། སྐྱེས་རབས་ལོ་རྒྱུས་སོགས་བོད་ཡིག་གི་དཔེ་ཆ་ལེགས་གྲས་དག་བསྒྲིགས་འདུག དེའི་གཤམ་གྱི་ཐེམ་པ་རུ། ནུབ་གླིང་གི་སྤྱི་ཚོགས་མཚན་ཉིད་རིག་པ་དང་། རྩོམ་རིག་སོགས་ཀྱིས་གཙོས་པའི་རྒྱ་བོད་དབྱིན་གསུམ་གྱི་དཔེ་ཆ་དག་བསྒྲིགས་ཡོད། དེའི་འོག་མ་རུ་དེང་གི་སྒེར་གཞུང་སོ་སོ་ནས་ཐོན་པའི་རྒྱ་བོད་ཚགས་ཤོག་དང་དེབ་སྣ་ཚོགས་ཀྱིས་བཀང་འདུག ཐེམ་པ་དེ་སྣའང་ཚུར་ཅུང་རིང་བས། གློག་ཀླད་དང་། འབྲི་དེབ། སྨྱུ་གུ མིག་ཤེལ། ཇ་ཕོར་སོགས་གང་འདོད་དུ་ཆུད་ནས་འདུག ད་དུང་ཁོའི་སྔས་མགོ་དང་མལ་སའི་ནང་དག་ཏུའང་དཔེ་ཆ་དག་ཁ་བསུམ་ཡོད་མེད་གཉིས་གང་འདོད་དུ་གཡུག་ནས་བཞག་འདུག     ཁོར་ད་དུང་ཡང་གཞན་ལས་མི་འདྲ་ས་མང་བོ་ཞིག་འདུག་སྟེ།     སློབ་གྲོགས་གཞན་ཚོ།     ལྒང་ལི་རྩེད་ཤེས་མི་ཤེས་དང་།     གླུ་དབྱངས་ལེན་ཤེས་མི་ཤེས་གཉིས་ཀས་རང་གི་གྱང་ངོས་སུ།     ལྒང་རྩེད་པ་གྲགས་ཅན་ཞིག་གམ་ཡང་ན།     གཞས་པ་མིང་གྲགས་ཅན་གང་རུང་ཞིག་གི་འདྲ་པར་སྦྱོར་བ་ལས་ཅི་ཡང་མེད།  འོན་ཀྱང་། དབང་ལྡན་ཁོ་དེ་ལས་ལྡོག་སྟེ།     རང་གི་གྱང་ངོས་ཀྱི་ཆེས་མཐོ་ས་དེར། བླ་མ་ཆེ་གེ་མོ་ཞིག་གི་སྐུ་པར་དང་།  རིམ་བཞིན་མ་ཧཱ་གྷན་རྡི་དང་། མན་རྡི་ལ། དགེ་ཆོས། རང་གྲོལ། ཐེ་གོར་སོགས་མི་སྣ་གྲགས་ཅན་དག་གི་སྐུ་པར་རྣམས་བདམས་ཏེ་སྦྱར་ཡོད།

སློབ་མའི་ཚོགས་པའི་ཚོགས་མི་ཞིག་གིས་གློ་བུར་དུ་སྒོ་ཕྱེས་ཤིང་། མགོ་ནང་དུ་བསྲིང་ནས།  
        “དབང་ལྡན།     ཁྱོད་སློབ་གྲྭའི་གཞུང་ལས་ཁང་ནང་ལ་ཤོག་ཟེར་གི”
        “ཅི་ཞིག་ལ”
        “ཁྱོས་མདང་དགོང་ཆང་འཐུང་བ་ཤེས་འདུག”
        “གནའ་ཤི་བོ     དེ་ཇི་ལྟར་ཤེས་པ་རེད།”
        “སློབ་མའི་ཚོགས་པའི་ཀྲུའུ་ཞི་དབང་ཆེན་གྱིས་བཤད་ནི་རེད”
        “སྐྱིན་པ་བླངས་ནི་རེད་ལ། ཁྱི་འདྲ་བོ་དེ”
        “ཁྱེད་གཉིས་ལ་སྔར་ནས་རྩོད་ཀྱི་ཞིག་ཡོད་དམ”
        “ཆེར་མེད།     ཐེངས་སྔོན་མ་ཞིག་ལ་ཁོས་ང་ཚོའི་མལ་ཁང་དུ་བཀའ་ལྟ་བུ་ཞིག་འབབ་ཀི་བསྡད་བྱུང་བས།  ངས་ཁོར་ཁོག་ན་རྩྭ་ལས་མེད་པ་ཞིག་གིས་དེ་འདྲའི་རྫིག་ཉམས་སྟོན་དགོས་མི་འདུག་ཅེས་བཤད་པས་ཁོ་ཁྲོས་བྱུང་།”
        “ད་དེ་ཡིན་ཁོ་ཐག་རེད་ཡ     ད་ཁྱོས་ཀྱང་མོའི་ཆེད་དུ་དེ་འདྲའི་ཝུ་ཆང་མང་བོ་ཞིག་འཐུང་ནས་ཅི་བྱ”
        “ཧ་ཧ་་་་་་་། ཆང་དང་སྙན་ངག. བརྩེ་དུང་གསུམ་ནི་ངའི་འཚོ་བ་འདིའི་གྲུབ་ཆ་ཞིག་ཏུ་ཆགས་འདུག”
        “ཡིན་ཡང་།     མོ་མིན་ན་ཁྱོད་ཀྱང་འདི་འདྲའི་ཆང་རྐྱལ་ཞིག་ཏུ་འགྱུར་མི་སྲིད”
        “དེ་ཡིན་ན་ཐང་།”
        “འོན་ཀྱང་འཇིག་རྟེན་འདིར་བུད་མེད་མེད་པ་མ་རེད།

ལྷག་པར་ང་ཚོའི་འཛིན་གྲྭ་ནང་དུ་ཁྱོད་དང་དགའ་ཕྱོགས་མཐུན་པའི་བུ་མོ་ཞིག་ཡོད།   མོ་རྩོམ་འབྲི་དང་དཔེ་ཀློག་ལ་ཧ་ཅང་དགའ།    སེམས་རྒྱུད་ཀྱང་གཙང་མ་ཞིག་ཡོད།    ངས་ཁྱོད་ལ་མོ་མཚམས་སྦྱོར་བྱེད།   ཁྱེད་གཉིས་དངོས་ནས་ཆུ་དང་ཉ་མོ་བཞིན།     འགྲིག་སོང་ཚེ་རིག་འཛིན་དབང་མོའང་ཡུན་གྱིས་བརྗེད་འགྲོ་ངེས།” 

“ད་ཆོག་གི   དེ་མི་གླེང་།  ང་སོང་ནས་ཁ་ལག་བཀྲུ་དགོས།”

ཁ་ལག་འཁྲུད་ཞོར་དུ་མདུན་གྱི་མེ་ལོང་དེའི་ནང་དུ་ཅེར།   ཁོའི་ཡ་ཁ་དང་མ་ནེ།   འགྲམ་པ་སོགས་གང་ས་གང་དུ་ཁ་སྤུ་མང་བོ་སྐྱེས་འདུག     ཁོ་རང་འཁྲུལ་བ་མིན་ན།    ད་ནི་ཁོའི་དཔྲལ་བ་དང་མིག་མཐའ་བཅས་སུའང་གཉེར་མ་ཅུང་ཟད་ཆགས་འདུག་པས།    ཕོ་ལོ་ཉི་ཤུའི་སྒང་གི་རང་ཉིད་ནི་མི་ལོ་བཞི་བཅུའི་ཐེམ་སྐས་སུ་བརྒལ་འདུག་པ་ལྟ་བུའི་སྣང་བ་ཞིག་སྐྱེས་ཤིང་སེམས་སུ་བྲེལ་ཤ་ཞིག་ལངས།    མུ་མཐུད་ནས་མེ་ལོང་ནང་དུ་ཅེར།    དེའི་ནང་དུ་ཤར་བ་ནི་རང་ཉིད་ཡིན་ཞིང་།    རང་ཉིད་ཀྱི་སེམས་ལ་ཅི་དྲན་ཡང་རང་ཉིད་ཀྱིས་རྟོགས་ཡོང་བས།    སྐབས་ལན་རེར་སྙིང་རྗེ་དང་།    ངོ་ཚ།    སྐྱོ་སྣང་སོགས་དུས་གཅིག་ཏུ་སྐྱེས་བྱུང་།    བསམ་གྱིན་བསམ་གྱིན་དུ།   མེ་ལོང་དེས་རང་ཉིད་ཀྱི་མདུན་དུ་རང་ཉིད་གཞན་ཞིག་བཞག་ནས་རང་ཉིད་ལ་མཚང་འབྲུ་བྱེད་དུ་འཇུག་པ་དང་ཡང་འདྲ་བས།   མེ་ལོང་ནང་གི་རང་ཉིད་དང་མེ་ལོང་ལ་སྡང་སེམས་ཤིག་ཀྱང་སྐྱེས། 

ཁོས་མལ་ཁང་གི་ནང་ཧྲིལ་བོ་དང་།     ད་དུང་གཉིད་ཀྱི་བདེ་བའི་ཞིང་ཁམས་སུ་འཁྱམས་འདུག་པའི་སློབ་གྲོགས་ཚོ་རེ་རེའི་ངོ་གདོང་ལ་ཞིབ་ལྟ་ཐེངས་ཤིག་བྱས།     དེ་རྗེས།    སྔས་འགྲམ་གྱི་གྲལ་དག་ཅིང་གོ་རིམ་ལྟར་བསྒྲིགས་འདུག་པའི་དཔེ་ཆ་དེ་དག་གི་ཁྲོད་ནས།    ‹‹དམག་འཁྲུག་དང་ཞི་བདེ››ཞེས་པའི་དེབ་ཅིག་ཚུར་བླངས་ཤིང་།    ཤོག་ལྷེ་རེ་རེ་ཚུར་སྒོར་ནས་བྱིལ་བྱིལ་འགའ་བྱས་རྗེས་སླར་ཡང་དཔེ་སྒྲོམ་དུ་བཅུག     དེ་ནས་དངན་པ་རིང་བོ་ཞིག་འཐེན་ཏེ་སྒོར་བུད་སོང་།

ཁོ་སློབ་གྲྭའི་གཞུང་ལས་ཁང་དུ་མ་སོང་བར།     ཐད་ཀར་སློབ་གྲྭའི་རྒྱ་སྒོ་རུ་བུད་དེ།     ལམ་དཀྱིལ་ཞིག་ཏུ་ཁ་གནམ་ལ་གཏད་ཅིང་མགོ་བོ་ལྟག་པར་དགྱེས་ནས།    རང་གི་ངོ་གདོང་ཧྲིལ་བོ་ཤག་ཤག་ཏུ་འབབ་པའི་ཆར་བ་ཆེན་པོ་དེའི་ནང་དུ་གཏད།    ལྕགས་ཟོམ་ཞིག་གི་ཁ་ལས་འཕོ་བ་དང་འདྲ་བའི་ཆར་བ་དེ་བར་མེད་དུ་བབས་པས།     ཁོའི་ལུས་ཧྲིལ་བོ་ལྕི་བ་ཞིག་དང་འདྲ་བར་རློན་ཅག་གེར་བཏང་།    ཡུན་རིང་ཞིག་ཏུ་ལུས་པོ་ཆར་ལ་བརླན་རྗེས་ཁ་གཏད་ཀྱི་ཆང་ཁང་ཞིག་ཡོད་པ་དེའི་ནང་དུ་ཕྱིན།

ཁོས་ཞབས་ཞུ་བ་བོས་ནས་ཝུ་ཆང་དམ་བེ་འགའ་ཁྱེར་འོང་དུ་བཅུག     དེའི་རྗེས་སྐད་འཕྲིན་ནང་དུ།    “སྤུན་ཟླ་ལགས།   དེ་རིང་ཡང་ཁྱེད་ཚོ་དང་མཉམ་ཝུ་ཆང་ཕོར་འགའ་འཐུང་འདོད་ཅིང་།     ཞོར་དུ་སྙིང་གཏམ་ཞིག་གློད་ན་འདོད་པས།     མོས་འདུན་ཡོད་པ་དག་མཚན་ལམ་རིང་མོའི་ནང་དུ་ཕེབས་རོགས།   ད་རེས་ཅུང་དམིགས་བསལ་ཅན་ཞིག་ཡིན།”  ཞེས་བྲིས་ཤིང་གྲོགས་པོ་འགར་བསྐུར།     དེ་རྗེས་ཁོས་རྒྱབ་ཁུག་ལས་ཕོ་ལན་གྱི་སྙན་ངག་པ་ཡེ་ཀྲུའི་སྙན་ངག་གི་དཔེ་ཆ་ཞིག་བླངས་ནས་ཀློག་འགོ་བརྩམས།     ཁོས་རྒྱུན་དུ་ཡེ་ཀྲུ་ནི་ང་དང་ལས་དབང་གཅིག་པའི་བརྩེ་དུང་གིས་མནར་བའི་སྙན་ངག་པ་ཞིག་ཡིན་ཟེར་ཞིང་།     ལྷག་ཏུ་ཡེ་ཀྲུའི་སྙན་ངག་དག་ཀློག་པར་ཧ་ཅང་དགའ།

ཇ་ཡུན་ཙམ་གྱི་རྗེས་སུ་ཁོའི་གྲོགས་པོ་བཞི་ཐོན་བྱུང་།    ཁོ་ཚོ་ནི་རེ་རེ་བཞིན་རྔ་བ་དང་རྨ་ཆུ།    མགོ་ལོག་སོགས་ནས་ཡིན་ཞིང་།   ཁོ་དང་དགའ་ཕྱོགས་གཅིག་པའི་ན་གཞོན་རྩོམ་དགའ་འགའ་ཡིན།     དབང་ལྡན་ལའང་ཁོ་ཚོ་ལས་ཁ་བརྡ་བྱེད་རོགས་དང་སྙིང་གཏམ་གློད་རོགས་མེད་དེ།    ཡོད་ཀྱང་དེ་དག་གིས་ཁོ་བོ་ནང་བཞིན་རྩོམ་རིག་བཤད་རྒྱུར་མི་དགའ།      རྒྱུགས་ལེན་པའི་དུས་ལ་ཐོན་ཚེ་ད་གཟོད་བསླབ་དེབ་རེ་སྐྱོར་བ་ལས།   བསླབ་ཕྱིའི་དཔེ་ཆ་དག་བཀླག་པར་དེ་བས་ཀྱང་མི་སྤྲོ།     དེའི་རྐྱེན་པས།    ཁོས་རྒྱུན་དུ་གྲོགས་པོ་འདི་ཚོ་བཙལ་ནས་ཝུ་ཆང་འཐུང་ཞོར་དུ་ཁ་བརྡ་བྱ་རྒྱུར་ཤིན་ཏུ་དགའ།

ཁོ་ཚོས་རྒྱུན་དུ་སྒྲིག་གཞི་དང་གཟབ་ནན་གང་ཡང་མེད་པར།    ཇ་ཁ་དང་ཆང་ཁ་གང་ནས་འཕྲད་ཀྱང་།     རྩོམ་རིག་དང་།     ཡང་ན་སྤྱི་ཚོགས་གནད་དོན།     ཕོ་མོའི་བརྩེ་དུང་།     ད་དུང་མི་རེ་རེའི་སེམས་ཁོང་གི་སྡུག་བསྔལ་སོགས་གླེང་བར་བྱེད།      གླེང་བརྗོད་དེ་དག་གི་ཁྲོད་ནས་ཁོ་ཚོས་ཀྱང་།     རང་ཉིད་ཀྱི་མི་འདང་ས་དང་།     མ་འོངས་པའི་ཁ་ཕྱོགས་སོགས་མང་བོ་ཞིག་ཀྱང་རྙེད་ཀྱིན་འདུག་པས།     ཁོ་ཚོ་རང་གི་འཚོ་བ་རོལ་སྟངས་དེར་ཧ་ཅང་དགའ་བོ་ཡོད།    ཡང་མཚམས་ལན་རེར་ཁོ་ཚོས་ཕན་ཚུན་གྱི་བསམ་བློ་དང་།     ལྟ་ཚུལ་མ་མཐུན་པར་ཁ་འཛིང་ཇི་ལྟར་བྱས་ཀྱང་།    ཕན་ཚུན་གྱི་མཛའ་བརྩེ་ལ་གས་ཆག་གཏན་ནས་འབྱུང་མི་སྲིད།

སྔོན་ལ་ཁོ་ཚོས་མཉམ་དུ་ཆང་ཕོར་ཡར་བཏེགས་ཤིང་པུ་ཙེ་གང་རེ་ཞབས་དག་བྱས།  དེ་རྗེས་ཁོ་ཚོ་རིམ་གྱིས་ཁ་བརྡའི་དབྱིངས་སུ་འཐིམས།  ཡུན་གྱིས་ཡུན་གྱིས་ཁོ་ཚོའི་སྐད་གདངས་ཀྱང་མཐོ་རུ་གྱུར་ཕྱིན།

“ང་ནི་₍1₎ཏ་ཏའི་རང་ལུགས་པ་དག་དང་འདྲ་བར།      བྱིས་པ་ཚོས་ཤབ་ཤུབ་གཉིད་ལབ་རྒྱག་པ་ལྟར་གཞི་འཛིན་དང་སྒྲོམ་གཞི་མེད་པར།     སྣང་བརྙན་གྱི་ཐོག་ནས་བློ་ཡུལ་ལས་འདས་པའི་བྱ་དངོས་མཚོན་མཁན་གྱི་རྩོམ་མཁན་ཞིག་བྱེད་ན་འདོད།    ཡིན་ནའང་།   ཁོ་ཚོའི་ཉམས་རྒུད་མཚོན་བྱེད་དུ་གྱུར་བའི་ཁྲ་ལ་དང་པུའུ་ལེ་ཏུང་གཉིས་ཀྱི་ནང་འགལ་བྱ་སྤྱོད་དེར་སུན། ད་ལྟ་ང་ཚོ་བོད་ཀྱི་ནང་དུའང་རྣམ་པ་འདི་མངོན་འདུག  ཅིག་ཤོས་ནི་སོ་ན་གནས་པའི་གཉུག་གཤིས་ཀྱི་བསམ་བློ་མཁྲེགས་འཛིན་ཅན་དང་།      ཅིག་ཤོས་ནི་བསམ་གཞིག་གིས་སྟོང་བའི་བསམ་བློ་མུན་འཐོམས་ཅན་འདི་དག་རེད། ཁོ་ཚོ་ནི་ནམ་ཡང་། མི་རིགས་ཤིག་ཏུ་མ་ཟད་མིའི་རིགས་ལ་མཚོན་ནའང་། འཚོ་གནས་འཕེལ་རྒྱས་ཀྱི་བཀག་རྡོ་དངོས་རེད།”  

“གངས་འདབས་ནས་འཚར་ཞིང་།  རྩྭ་ཐང་ནས་སྐྱེས་པའི་ང་ཚོར་མཚོན་ནའང་། ཐུན་མོང་མ་ཡིན་པའི་སྐད་དང་ཡི་གེ རིག་གནས་སོགས་འཛོམས་པས། ང་ཚོས་ཀྱང་སྒེར་ཚུགས་ཀྱི་རང་བཞིན་ལྡན་པའི་གངས་རིའི་རིང་ལུགས་སམ་རྩྭ་ཐང་རིང་ལུགས་པའི་སྙན་ངག་གི་གྲུབ་མཐའ་ཞིག་གཟུག་ཆོག་ཆོག་རེད།”

“ཧེ་ཧེ་་་་་།  གཞན་མི་བཤད།  ང་ཚོའི་ཁྲོད་ཀྱི་སྨྱུག་ཐོགས་པ་སྐོར་ཞིག་ལ་མཚོན་ན།  ད་དུང་ཆེས་མ་མཐའི་བོད་སྐད་ཀྱི་བྲོ་བ་ལྡན་པའི་ཚིག་སྦྱོར་ཙམ་ཡང་སྤེལ་མི་ཤེས།    རྩྭ་ཐང་སྙན་ངག་གི་གྲུབ་མཐའ་ཞིག་ཇི་ལྟར་གཟུག གལ་སྲིད་གཟུག་ཆོག་པའི་དབང་དུ་བྱས་ནའང་།   དེང་སྐབས།  ང་ཚོའི་བོད་ཀྱི་སྙན་ངག་དག་གི་ཁྲོད་ནས་སུ་ཞིག་གི་སྙན་ངག་དཔེ་མཚོན་དུ་འཇོག”

“འཇུ་སྐལ་གྱི་སྦྲ་ནག་གི་གྱེས་འབོད་སོགས་ཀྱིས་མཚོན་པའི་ཁོང་གི་སྙན་ངག་དག་འཇོག  སྤྱིར་ནས་ཀྱང་ལོ་རབས་བརྒྱད་ཅུ་བ་ནས་བཟུང་སྟེ། ང་ཚོ་བོད་སྐད་སྨྲ་བ་དག་ལའང་མིའི་རྩོམ་རིག་ཟེར་ནའང་འདྲ་ལ། གང་ལྟར་རྩོམ་རིག་གསར་བ་དར་འགོ་ཚུགས་པའི་ལོ་ངོ་སུམ་ཅུ་ལྷག་གི་རིང་ལ། འཕེལ་རྒྱས་ཀྱི་ཚད་ག་འདྲ་རེད།   ཚང་མས་འདང་ཞིག་རྒྱོབས་དང་།” ཚང་མ་རེ་ཞིག་གྲག་མེད་སེར་གྱུར

མཚམས་ཤིག    ཁོ་ཚོས་རང་རང་གི་སྙན་ངག་རེ་གྱེར།     དབང་ལྡན་གྱིས་ཟླ་འགའི་སྔོན་ལ་གསར་དུ་བྲིས་པའི་སྙན་ངག་ཅིག་གྱེར།     

སེམས་པ་རྡོ་བར་གླན་ཚུལ།

རི་བོ་འདིའི་ཕ་རོལ་ན
ད་དུང་རི་བོ་ཞིག་ཡོད་ངེས་ལ
ཆུ་བོ་དེའི་ཕ་རོལ་ནའང
ད་དུང་ཆུ་བོ་ཞིག་ཡོད་ངེས
ཡིན་ནའང ཁྱོད་ཁོ་ནའི་ཕ་རོལ་དུ
ཁྱོད་ལས་ལྷག་པ་ཞིག་ཡོད་མི་སྲིད

ལག་པ་བྲང་གཞུང་ལ་སྦྱར་ནས
རང་གི་ཡོད་ཚད་ལ་མནོ་བསམ་གཏོང་དུས
རང་གི་བྱས་ལས་ལ་སྤྱི་སྡོམ་རྒྱག་དུས
ངས་ད་གཟོད་རང་ཉིད
ཁྱོད་ཀྱི་མངའ་ཐང་ཆུང་ཆུང་ལས
ནམ་ཡང་ཐར་མི་ཐུབ་པ་གསལ་བོར་རྟོགས

གཉིད་མི་ཁུག་པའི་མཚན་མོ་ཞིག་ལ
སྨག་ནག་དང་ཁེར་རྐྱང ད་དུང་སྡུག་ཡུས
མང་པོ་མང་པོ་ཞིག ནང་སེམས་ཀྱི་ཟབ་སར་སྦར་དུས
སྙིང་མགོ་ལ་ལྕགས་གཟེར་བརྡབས་པ་ལྟ་བུའི་ན་ཟུག་ཅིག
སེམས་གཏིང་ལས་མཆེད་དེ
བདག་གི་ལུས་སེམས་ཧྲིལ་བོར་ཁྱབ

དེ་ལྟར་དུ  སུས་ཀྱང་བཟོད་གླགས་མེད་པའི་ན་ཟུག་ཅིག
རང་ཉིད་ཀྱི་འབྱུང་ལུས་ཧྲིལ་བོར་ཁྱབ་རྗེས མིག་ཆུ་ཞིག་གི་ཐིགས་པ་དང་ལྷན་དུ
ང་རང་གཙང་བོ་ཆེན་པོ་ཞིག་གི་ཕ་རོལ་དུ་ཁྱེར

ཕ་གིའི་གཙང་འགྲམ་དེ་རུ
ཕ་བོང་ཞིག་ལ་གློ་མཆིན་གླན་ཞིང
མེ་ཏོག་ཅིག་ལ་སྙིང་གཏམ་གློད་ཚར་དུས
ངས་ཡོད་ཚད་ཆུ་ལ་བྲིས་པའི་རི་མོ་རུ་གྱུར་བ་ཚོར

བར་སྐབས་ཤིག་ལ
རྨི་ལམ་ལས་ཡོངས་སུ་སད་མོད
ཡིན་ནའང ང་རང་གཞི་ནས་རྒས་ཚར
ང་ལ་ད་དུང་རྨི་ལམ་ཡོད་སྲིད་དམ་་་་་

ཁོས་དེ་ལྟར་གྱེར་ཚར་མ་ཐག་ཏུ་ཚང་མས་ཐལ་མོ་བརྡབ་བྱུང་། ཡིན་ཡང་། ཁོས་ཅི་ཞིག་ལ་བསམ་བློ་གཏོང་ཞོར་དུ་མདུན་ཅོག་ཐོག་གི་ཝུ་ཆང་དམ་བེ་ཞིག་ཚུར་བླངས་ཏེ་སྒོག་སེར་འཐུངས་རྗེས།   མིག་མདངས་དམར་བོ་ཞིག་ཚུར་བསྟན་ནས།     “སྙན་ངག་བྲིས་ནས་ཅི་ཕན།     རང་གི་ན་ཟུག་དང་སྙིང་གཏམ་ཇི་ཙམ་བྲིས་ཀྱང་།      ཐ་ན་རང་ཉིད་དགའ་སའི་མི་དེས་ཀྱང་མི་ཤེས།    མདོར་ན་སྙན་ངག་འབྲི་བ་ནི་རང་མགོ་རང་གིས་བསྐོར་བ་ཙམ་རེད”ཅེས་སྐད་གདངས་མཐོན་པོས་འུར།     དེ་ནས་གྲོགས་པོ་འགའ་ན་རེ།     “དབང་ལྡན་ཁོ་བཟི་འདུག”ཟེར་ནས་གཡས་གཡོན་ནས་བསྐྱོར་ཞིང་མགྲོན་ཁང་ཞིག་ཏུ་བསྙལ།     

ནམ་ལངས་སོང་།     དབང་ལྡན་གཉིད་ལས་སད་དུས།    ཉིན་གུང་གི་ཆུ་ཚོད་བཅུ་གཅིག་ཡས་མུས་སུ་སླེབས་འདུག་ཅིང་།     ཁོ་གཅིག་པུ་མ་གཏོགས་ཚང་མ་མགྲོན་ཁང་ལས་སོང་ཚར་འདུག   ཁོ་ཡང་སོང་ནས་སྒེའུ་ཁུང་ལས་ཕྱི་རོལ་དུ་བལྟས།  མཚན་གང་ཆར་བ་བབས་རྗེས་ཀྱི་ལན་གྲུའི་ཞོགས་པ་ནི་དྭངས་ཤིང་གཙང་ལ།    གཡུ་ཡི་མེ་ལོང་ཕྱིས་འདྲའི་ནམ་མཁའི་ངོས་སུ།     སྤྲིན་དཀར་བྱིའུ་མགོ་འདྲ་བ་རེའང་ནུབ་ནས་ཤར་དུ་རྒྱུ་བཞིན་འདུག     ཁོས་ཕྱི་རོལ་གྱི་མཁའ་དབུགས་གསར་བ་དེ་རྔུབ་ཞོར།    ཐ་མག་རྐང་གཅིག་ལ་མེ་བསྒྲོན་བཞིན་འཁྲུལ་སྣང་གི་དབྱིངས་སུ་འཐིམ།

འཁྲུལ་སྣང་གི་ཀློང་དུ།      ཁོས་རིག་འཛིན་དབང་མོ་དང་ལྷན་དུ་སྔོ་ལྗང་ལྗང་གི་རྩྭ་ཐང་གོས་འདྲ་བ་ཞིག་ཏུ།    མེ་ཏོག་གི་མཛེས་རྒྱན་བསླེས་པའི་ཁང་བཟང་ཞིག་བསྐྲུན་ཞིང་།    དེའི་ནང་དུ་དཔེ་ཆ་མང་བོ་བསྒྲིགས།    ད་དུང་དཔེ་ཀློག་བྱེད་ཞོར་དུ་སྙན་ངག་ཀྱང་མང་བོ་ཞིག་བྲིས་སོང་།     འདིའི་སྐབས་ཀྱི་སྙན་ངག་དག་ནི་སྔོན་གྱི་སྙན་ངག་དག་དང་མི་འདྲ་བར།     བརྗོད་བྱ་ཡང་སྤྲོ་སྣང་གིས་བྱུག་ཅིང་འཚོ་བར་ཡིད་ཆེས་ཀྱིས་ཁེངས་པའི་སྙན་ངག་དག་འབྲི་བར་བྱེད།    ཁོའི་གདོང་ནའང་བཅོས་མིན་གྱི་འཛུམ་མདངས་ཤིག་རྒྱས་ཡོད་ལ།    ཁོའི་གདོང་ནས་འདི་འདྲའི་འཛུམ་མདངས་ཤིག་མཐོང་བ་ཧ་ཅང་དཀོན།  

ཡིན་ཡང་། འཁྲུལ་སྣང་ནི་ནམ་ཡང་འཁྲུལ་སྣང་རང་ཡིན་ཏེ།   དེས་རང་སེམས་ཀྱི་རེ་འདུན་གང་དེ། འཁྱུག་ཙམ་སྐོང་བའི་སྐལ་བ་ལས་མེད་ནའང།   དུས་ཀུན་སྐྱོ་གདུང་གིས་མནར་བའི་མི་ཞིག་ལ་མཚོན་ན།  དེའང་བདེ་སྐྱིད་ཅིག་མིན་པའི་ངེས་པ་ཅི་ལ་ཡོད།

ཁོ་དེ་ལྟར་འཁྲུལ་སྣང་གི་ཀློང་དུ་འཁྱམ་སྡོད་དུས།    གློ་བུར་དུ་མགྲོན་ཁང་གི་ཞབས་ཞུ་མ་ཞིག་གིས་ཏང་ཏང་ཞེས་སྒོ་ཤུགས་ཀྱིས་བརྡུང་ནས།    ཁོ་རང་གཉིད་ལས་སད་པ་ལྟར་འཁྲུལ་སྣང་གི་ཀློང་ནས་ཕྱིར་དྲངས།  “སྐུ་ཞབས་ལགས།    ཉིད་ཀྱིས་ཁང་བ་ཕྱིར་སྤྲོད་པའི་དུས་ཚོད་ལ་བསླེབ་འདུག    མུ་མཐུད་དུ་གླའམ”ཞེས་སྨྲས།    ཁོས་ཞབས་ཞུ་མ་དེའི་གདོང་ལ་བལྟས་ནས་འཛུམ་ཙམ་བྱས་ཏེ།   ཧ་ཅང་གསལ་དག་ཆོད་པའི་རྒྱའི་སྤྱི་སྐད་ཀྱི་ལམ་ནས་ཕྱིར་ལན་དུ།   “དོ་ནུབ་ཁྱོད་ངའི་འདུག་རོགས་བྱེད་ན་མུ་མཐུད་དུ་གླས་ཆོག” མོས་ཐེ་ཚོམ་ཅི་ཡང་མེད་པར་ཁོའི་གདོང་ལ་བལྟས་ནས།   “ཁྱོད་ལ་སྒོར་མོ་ཡོད་ན་ད་ལྟ་ཁྱོད་ཀྱི་འདུག་རོགས་བྱས་ཆོག   ཐེངས་གཅིག་ལ་ལྔ་བཅུ་ཡིན”ཞེས་བཤད་མ་ཐག   ཁོ་རེ་ཞིག་ཐེ་ཚོམ་གྱི་པང་དུ་ལུས།   

བུ་མོ་དེ་ནི་བཞིན་མདངས་དཀར་ལ་འགྲམ་པའི་མཁུར་ཚོས་གཉིས་སུའང་གསལ་ལ་མི་གསལ་བའི་དམར་མདངས་ཤིག་རྒྱས་འདུག་ཅིང་།   སྲབ་མཐུག་རན་པའི་ཡ་མཆུ་དང་མ་མཆུ་གཉིས་སུ་རློན་ཤ་ཞིག་ཆགས་འདུག   བྲང་གི་མྱོས་བུམ་གཉིས་ནི་དུང་དཀར་གྱི་ཚུལ་དུ་ཕྱི་རུ་འབུར་ལ།    བརླ་གཉིས་ཕྲ་ཞིང་ཤ་དང་མཉམ་དུ་འབྱར་འདུག་པའི་རྐང་སྣུམ་སྲབ་མོ་དེའི་ནང་ནས།    ཐ་ན་ནང་གི་ཤ་མདོག་ཀྱང་མཐོང་ཐུབ་པས།    ཁོའི་ལུས་སེམས་གཉིས་ཀར་ཐུན་མོང་མ་ཡིན་པའི་ཚོར་སྣང་ཞིག་གིས་ཁྱབ་པར་གྱུར།  

ཡིན་ནའང།  ཁོས་རང་སེམས་ཀྱི་ཚོར་སྣང་དེ་དག་ཕྱི་ལ་མངོན་དུ་མ་བཅུག་པར།    རེ་ཞིག་ཐེ་ཚོམ་གྱི་ངང་དུ་ཧད་དེ་བསྡད།    བུ་མོ་དེ་དགོད་ཙམ་བྱས་ཤིང་ལག་པ་གཉིས་མཆན་ལག་བྱས་ཏེ་ཁང་བའི་ནང་ཕར་འགྲོ་ཚུར་འགྲོ་འགའ་བྱས།   ཁོ་མོའི་རྐུབ་མགོ་ནི་གླང་ཆེན་ཞིག་གི་རྐུབ་མགོ་དང་མཚུངས་ཤིང་།  ལྡེམ་མེར་ལྡེམ་མེར་གཡོ་བའི་ངང་ཚུལ་ནི།     ཆགས་ལྡན་སྐྱེས་བོ་རྣམ་ལ་རེ་སྐོང་གི་གཡབ་མོ་བྱེད་པ་དང་དབྱེར་མ་མཆིས།

སྐབས་དེར།   ཁོའི་ལུས་སེམས་ཀྱི་ཁྲག་རྩ་ཐམས་ཅད་རྒྱས་པར་གྱུར་ཅིང་།    ཕྱོགས་གཅིག་ཏུ་འདུས་ཏེ་ལུས་སྨད་ཀྱི་ཕོ་མཚན་དེའང་སྐད་ཅིག་ཏུ་ཀ་བཞིན་ལངས།   ཁོས་རང་གི་ཡོད་ཚད་ལ་ཚོད་འཛིན་བྱེད་དབང་ཡང་མེད་པར་གྱུར་ཏེ།    སྤྱང་ཀི་ཞིག་ཤ་ལ་རྔམ་པ་ལྟར་ཁོ་མོའི་སྟེང་དུ་མཆོངས་ཤིང་།   ལུ་གུ་ཞིག་ལག་ཏུ་བཟུང་བ་ལྟར་མལ་ཁྲིའི་སྟེང་དྲུད་ནས།     མཆན་འོག་ཏུ་མནན་ཏེ་མཆུ་སྦྱོར་ལན་མང་དུ་བྱེད་ཞོར།   རང་གི་ལྭ་བ་དག་ཕར་གཡུགས་ཤིང་།     ཁོ་མོའི་ལུས་སྟེང་གི་ལྭ་བ་རེ་རེ་བཞིན་བཤུས་ཚར་རྗེས།    དུང་དཀར་གྱི་དབྱིབས་ལྟར་མངོན་པའི་འོ་འཛིན་གཉིས་ཀྱི་བར་དུ།    ཀོ་ཐུམ་བརྒྱབ་པའི་སྲུང་འཁོར་ཞིག་དཔྱངས་འདུག་པ་མཐོང་།    ཁོས་ད་གཟོད་མོ་རང་བོད་མོ་ཞིག་ཡིན་པ་ཤེས་ཤིང་།    འདོད་པའི་རྟ་མཆོག་གི་བང་ཁ་མ་ཐུབ་པས་ཚིག་གཅིག་བཤད་ཁོམ་ཡང་མ་ཡོང་བར།   སྲུང་འཁོར་བླངས་ནས་སྔས་འགྲམ་དུ་གཡུགས་རྗེས།   རྟ་མཆོག་གི་བང་རྩལ་ངོམ་པར་བརྩམས།     

ཅུང་མ་འགོར་བར་ཁོ་གཉིས་བདེ་བའི་ཞིང་ཁམས་ལས་ཡོངས་སུ་ཕྱིར་བུད་དེ།   དཔུང་བ་གཉིས་ཐུག་ཙམ་གྱིས་ཀན་རྐྱལ་དུ་ལོག་སྟེ་རང་རང་སར་ངལ་གསོས།    དབང་ལྡན་གྱིས་དབུགས་ཧལ་ཧལ་དུ་ལེན་ཞོར།  

“ཁྱོད་ཀྱིས་ཅིའི་ཕྱིར་བྱ་བ་འདི་རིགས་ལས་པ་ཡིན།”  

“ཅི་རེད   ཁྱོད་ཀྱིས་ཀྱང་ང་ལ་མཐོང་ཆུང་བྱེད་པ་ཡིན་ནམ།”

“མིན་་་་།   ངོ་མ་མིན།    མཐོང་ཆུང་བྱེད་ན་ངས་འདི་ལྟར་ལས་སྲིད་དམ།   ངས་ཁྱེད་ཀྱིས་བྱ་བ་འདི་ལས་དགོས་པའི་རྒྱུ་མཚན་ཞིག་ཤེས་འདོད་པ་ཙམ་ཡིན།”  ཞེས་བཤད་ཞོར་ཁོ་མོའི་ཕྱོགས་སུ་འཁོར་ཏེ།   མོས་ལན་འདེབས་པར་བསྒུགས།     མོས་ཀྱང་གདོང་གི་རྔུལ་ཆུ་འབྱིད་ཙམ་བྱས་རྗེས་ཁོའི་ཕྱོགས་སུ་འཁོར་ཏེ།  ཧ་ཅང་ཡིད་ཆེས་ཀྱིས་ཁེངས་པའི་མིག་མདངས་ཀྱིས་ཁོ་བོར་ཨེན་ཙམ་ཅེར་རྗེས།

“ངའི་ཕ་ཡུལ་དུ་ཕྱུགས་ཟོག་བཙོང་མི་ཆོག་པས།     ང་ཚོས་སློབ་ཡོན་སྤྲོད་ཐུབ་རྒྱུ་ཕར་ཞོག    ཐ་ན་སློབ་གྲྭའི་ནང་དུ་ཟས་ཐུན་དག་ཀྱང་དུས་ལྟར་དུ་བཟའ་ཐུབ་ཀྱིན་མེད་པས།   ང་ཚོས་འདི་ལྟར་མི་བྱེད་ཐབས་ཅི་ཡོད།”

“ཕྱུགས་ཟོག་ཅིའི་ཕྱིར་བཙོང་མ་ཆོག་པ་རེད།”

“ང་ཚོའི་སྡེ་བ་རུ་དགོན་པའི་ནང་གི་ཁོང་རྣམ་པ་དག་གིས་སྣེ་ཁྲིད་ནས“མི་དགེ་བ་བཅུའི་ཁྲིམས”ཟེར་བ་ཞིག་བཞག་ཡོད།    དེར་སུ་ཡང་འགལ་མི་རུང་། ”

དབང་ལྡན་གྱི་སེམས་ལ་བུ་མོ་དེར་བཤད་མི་ཤེས་པའི་སྙིང་རྗེ་ཞིག་སྐྱེས་ཤིང་།    ད་བྱས་ཀྱི་རང་གི་བྱ་སྤྱོད་དེ་ལ་འགྱོད་པ་ཞིག་ཀྱང་སྐྱེས།     བརྩེ་བའི་མིག་མདངས་དེས་ཁོ་མོར་ལྟ་ཞོར་དུ།   ལག་གཡས་ཀྱིས་ཁོ་མོའི་དམར་མདངས་ཆགས་པའི་མཁུར་མགོ་ལ་བྱིལ་བྱིལ་འགའ་བྱས་ཤིང་མོའི་འཁྲིས་སུ་ནུར་ཏེ།    འོ་འགའ་བྱས་རྗེས་སླར་ཡང་མོའི་སྟེང་དུ་ཞོན།   རང་གི་ལག་པ་གཉིས་ཁོ་མོའི་མཁུར་ཚོས་གཉིས་ཀྱི་སྟེང་དུ་སྦྱར་ཞིང་།   དཔྲལ་བ་གཉིས་ཐོ་གཏུག་སྟེ་མཆུ་སྦྱོར་བྱེད་བཞིན་པའི་མོད་ལ།    དབང་ལྡན་གྱི་མིག་ཟུང་ལས་མུ་ཏིག་ལས་དྭངས་པའི་མཆི་མ་གཉིས་ཀྱང་།     རང་གི་མཁུར་མགོ་ལས་ཟགས་ཏེ་བུ་མོ་དེའི་གདོང་ལ་དལ་གྱིས་འཐོར།

སྐྱོ་སྣང་དང་ངལ་དུབ་ཀྱིས་ཁེངས་པའི་མིག་ཟུང་རབ་རིབ་དེའི་ཁྲོད་དུ།     བུ་མོ་དེ་རིག་འཛིན་དབང་མོ་ཡིན་པའི་འཁྲུལ་སྣང་ཞིག་སྐྱེས།     དེ་བས།    ཁོས་བུ་མོ་དེ་ཡང་ཡང་དུ་རང་གི་བྲང་གཞུང་ལ་སྦྱར་ཞིང་འོ་བྱས།    མོར་ཡང་གྲག་འགུལ་ཅི་ཡང་མེད་པར།    ཟོག་མོ་གཡུང་མོ་ཞིག་དང་འདྲ་བར་ཁོའི་བྲང་ཡོག་ཏུ་ཁ་རོག་གེར་བསྡད།    དབང་ལྡན་གྱི་ངལ་དུབ་དག་ཡུན་གྱིས་སོས་པ་ན།    ཁོ་གློ་བུར་དུ་ཡར་ལངས་ནས་ལྭ་བ་དག་གོན།    སྒོར་བརྒྱ་བླངས་ནས་བུ་མོ་དེའི་ལག་ཏུ་དམ་པོར་བཞག་ཅིང་།     ཁོ་མོའི་ལག་མགོ་ནས་མི་གཏོང་བར་ཡུད་ཙམ་ཅེར་བསྡད་རྗེས།    “ལྷག་མ་དག་ཁྱོང་རང་གི་བྱོས།”    ཞེས་ཟེར་ཞོར་སྒོར་བུད་སོང་།

ཁོ་མགྲོན་ཁང་དེའི་ཐོག་ཁང་བཞི་བ་ནས་མར་བབས་ཏེ་ཕྱི་ལ་ཡོང་སྐབས།    བུ་མོ་དེས་ཁོ་གཉིས་འཕྲད་སའི་མགྲོན་ཁང་ཆུང་ཆུང་དེའི་སྒེའུ་ཁུང་ལས་མགོ་བོ་ཕྱིར་ཕུད་ནས་ཁོའི་རྗེས་སུ་བལྟས་འདུག    སྐབས་དེར་ཁོའི་སེམས་སུ་སྨྲ་བསམ་བརྗོད་འདས་ཀྱི་སྐྱོ་སྣང་ཞིག་སྐྱེས་ཤིང་།    གོམ་འགྲོས་ཅུང་ཇེ་མགྱོགས་སུ་བཏང་སྟེ་མེ་འཁོར་ས་ཚིགས་ཀྱི་ཕྱོགས་སུ་ཕྱིན་སོང་།    

ཁོ་ལན་གྲུའི་མེ་འཁོར་ཞིག་ཏུ་བསྡད་དེ་ཟི་ལིང་ལ་ཆས་པའི་ལམ་དུ།    མི་ལོ་གསུམ་སྔོན་གྱི་འདས་དོན་ཞིག་དྲན།   དེ་ནི་ཁོ་རང་མཐོ་འབྲིང་ལོ་རིམ་གསུམ་པའི་སྐབས་ཤིག་སྟེ།     མཚན་མོའི་དགོང་སྦྱོང་གྲོལ་རྗེས།     ཁོ་དང་རིག་འཛིན་དབང་མོ་གཉིས་ཀྱིས་རྒྱུན་དུ་དུས་ཆད་འདེབས་པར་བྱེད།   

དེ་དུས་རིག་འཛིན་དབང་མོ་མཐོ་གསུམ་འཛིན་གྲྭ་དྲུག་པ་ཡིན་ལ། དབང་ལྡན་ཁོ་འཛིན་གྲྭ་བཅུ་བ་ཡིན།    འཛིན་གྲྭ་སོ་སོའི་སློབ་བུ་དག་རང་རང་གི་མལ་ཁང་དུ་ཕྱིན་རྗེས།    ད་གཟོད་ཁོ་གཉིས་ལ་རང་དབང་གི་འཇིག་རྟེན་ཆུང་ངུ་ཞིག་ཡོད།    ས་གནས་ཤིག་གཏན་འཁེལ་བྱས་རྗེས་ནམ་རྒྱུན་དུ་དེ་རུ་འཕྲད་ཀྱིན་ཡོད།    རིག་འཛིན་དབང་མོ་ཁ་གྲག་རྒྱུར་དེ་འདྲ་མི་དགའ་བས།     ཁོ་གཉིས་ནམ་འཕྲད་ཀྱང་།    སྐད་ཆ་མང་བོ་བཤད་མཁན་ནི་ཁོ་རང་གཅིག་པུ་ཡིན།    ཡིན་ནའང་།    དབང་ལྡན་གྱི་སེམས་སུ།    དེའི་སྐབས་ཀྱི་མོའི་ངོ་གདོང་རེ་རེ་ཙམ་དུ་མ་ཟད།    ཐ་ན་མིག་ཟུང་གི་ལྟ་སྟངས་རེ་རེའང་།     ད་དུང་ཡིད་ལ་གློག་བརྙན་བཞིན་གསལ་ལྷང་ངེར་ཤར་འདུག 

ཕྱིར་དྲན་ནི་ནམ་ཡང་བཀླག་མི་ཚར་བའི་ལོ་རྒྱུས་ཀྱི་དེབ་རྒན་ཞིག་དང་འདྲ་བར།     ཁོས་དེ་དག་ཁོ་ན་དྲན་ཞོར་སོང་བས་ཟི་ལིང་ནས་བརྒལ་བའང་མ་ཤེས་པར་ན་གོར་མོར་ཐོན།    ན་གོར་མོ་རུ་མེ་འཁོར་གྱི་རྒྱང་སྒྲོག་ལས་ན་གོར་མོར་ཐོན་སོང་ཞེས་འབོད་ཀྱིན་པ་ཐོས་པས།    ཁོས་ད་གཟོད་རང་ཉིད་འབབ་ས་ལས་མ་བབས་པར་ན་གོར་མོ་རུ་ཐོན་འདུག་པ་ཤེས།    ཡུལ་དེའི་མེ་འཁོར་ས་ཚིགས་ལས་བབས་ནས།    སླར་ཡང་མེ་འཁོར་པྰ་སེ་ཞིག་ཉོས་ཤིང་ཟི་ལིང་དུ་ཕྱིར་ལོག

ཁོ་རང་མེ་འཁོར་ས་ཚིགས་ལས་ཕྱིར་བུད་རྗེས།    ཟི་ལིང་གི་ནམ་མཁའ་ནི་ལན་གྲུའི་ནམ་མཁའ་དང་བསྡུར་ན་ཅུང་དྭངས་པར་སྣང་ནའང་།     ཁོའི་ཡིད་སེམས་ཐམས་ཅད་སྤྲིན་ནག་འཁྲིགས་པ་ལྟར་དྭངས་ཐབས་བྲལ་བས།     ཟི་ལིང་གི་འགྲུལ་འཁོར་དང་མི་ཚོགས་ཀྱི་འཚང་ཁ་ཇི་འདྲ་ཆེ་ནའང་།     དེ་དག་ནི་གཅིག་ཀྱང་ཁོ་དང་འབྲེལ་བ་མེད་པར་ལྟར་སྣང་བས།     ཁོ་ལ་སྔར་ལས་ཀྱང་ལྷག་པའི་ཁེར་རྐྱང་གི་སྣང་བ་ཞིག་སྐྱེས།  

མེ་འཁོར་ས་ཚིགས་ཀྱི་ཉེ་འདབས་སུ་ཁོ་ལ་ཁ་ཕྱོགས་གང་ཡང་མེད་པར་ཐ་མག་རྐང་གཅིག་ལ་མེ་བསྒྲོན་ནས་ཡུད་ཙམ་ལ་གནས་དེར་ལུས།    མཚམས་ཤིག་ཁོ་གློ་བུར་དུ་གཉིད་ལས་སད་པ་ལྟར་གྱུར་ནས་ཁ་པར་བླངས།     དོན་དུ་ཁོས་རིག་འཛིན་དབང་མོ་ལ་ཁ་པར་ཅི་ཙམ་བཏང་ཡང་།      མོས་ཁོའི་ཁ་པར་ལ་མཉན་མི་སྲིད་པ་གསལ་བོར་ཤེས།    ཡིན་ནའང་།      འཇིག་རྟེན་སྣང་བའི་བདག་པོ་འདིའི་དགོངས་པ་ནི་སུས་ཀྱང་རྟོགས་ཐབས་བྲལ་བ་ཞིག་སྟེ།      ཁོས་མོ་ལ་ཁ་པར་ལན་གསུམ་བཏང་ཡང་རེ་རེ་བཞིན་མཉན་མཁན་བྱུང་མ་སོང་བས།     ཁོའི་ངོ་གདོང་གི་འོད་སྣང་ཐམས་ཅད་ཀྱང་སྔར་ལས་ཉམས་པར་གྱུར། 

དེ་རྗེས་ཁོ་རང་རྨས་སྐྱོན་ཕོག་པའི་རི་དྭགས་ཤིག་དང་འདྲ་བར།    ཟི་ལིང་བོད་མིའི་ཁྲོམ་གྱི་ཕྱོགས་སུ་ཕྱིན་སོང་།     ཁོས་དེའི་དཔེ་ཁང་ཞིག་ཏུ‹‹ཟ་མ་མོའི་སྐྱིད་སྡུག་གང་མ་ཆར››ཞེས་པའི་དེབ་ཅིག་དང་།      ‹‹རྣལ་འབྱོར་གྱི་དབང་ཕྱུག་ཆེན་མོ་རུས་པའི་རྒྱན་ཅན་གྱི་རྣམ་མགུར››ཞིག   སྙན་ངག་པ‹‹ཡེ་ཀྲུའི་སྙན་ངག་ཕྱོགས་སྒྲིག››དེབ་གཅིག་བཅས་ཉོས་རྗེས།      ཕྱིར་སྒོར་བུད་ནས་རིག་འཛིན་དབང་མོ་ཡོད་སའི་སློབ་གྲྭ་དེའི་ནང་དུ་ཕྱིན། 

སློབ་ཆེན་དེ་ནི་ཟི་ལིང་གི་ཆེད་སྦྱོང་མཐོ་རིམ་སློབ་ཆེན་ག་གེ་མོ་ཞིག་ཡིན་ལ།     ཕྱི་དྲོའི་དུས་ཀྱི་ཁང་བརྩེགས་རེ་རེའི་གྲིབ་མ་ནི་གཅིག་གི་སྟེང་ལ་གཅིག་ཁེན་ནས་རིམ་གྱིས་སའང་རུབ་པར་གྱུར།     སློབ་གྲྭའི་ར་སྐོར་དུ་དགེ་སློབ་གང་ཡིན་མིི་ཤེས་པའི་མི་བོ་ཞིག་བྲེལ་འཚུབ་ངང་ཡར་འགྲོ་མར་འགྲོ་བྱེད་ཀྱིན་འདུག    ཡིན་ནའང་།  དེ་དག་ནི་གཅིག་ཀྱང་ཁོ་དང་འབྲེལ་བ་གཏན་ནས་མེད་པ་ལྟར་རང་རང་གི་གནས་སུ་རྒྱུ་བས།     ཁོའི་སེམས་སུ་ཁྰ་ཧྥུ་ཁ་ཡིས་བཤད་པའི་སྐད་ཆ་ཞིག་སྟེ།       མི་ཚོགས་ཀྱི་འདུ་འཛི་རབ་ཏུ་རྒོད་ནའང་མི་རེ་རེ་ནི་ཁེར་རྐྱང་དང་ཁུ་སིམ་མོ་ཞེས་པ་དེ་དྲན་ཞིང་།     ཁྰ་ཧྥུ་ཁྰའང་རང་ཉིད་དང་འདྲ་བའི་མི་ཁེར་རྐྱང་བ་ཞིག་ཡིན་ནམ་སྙམ།     སྐབས་དེར་གློ་བུར་དུ་ཁོའི་མདུན་ཕྱོགས་ཀྱི་མེ་ཏོག་ལྡུམ་རྭ་དེའི་མཐའ་ནས་ན་གཞོན་ཕོ་མོ་གཉིས་ཕན་ཚུན་ལ་འཐམས་ཤིང་བསྡད་པས།    ཁོའི་སེམས་ལ་སྔར་ལས་ཀྱང་བཤད་མི་ཤེས་པའི་ཚོར་སྣང་ཞིག་གིས་ཁྱབ་པར་གྱུར། 

ཁོས་རིག་འཛིན་དབང་མོས་རང་གི་ཁ་པར་ལ་མི་ཉན་པ་གསལ་བོར་ཤེས་ནའང་།     རེ་སྙེག་གི་དར་སྐུད་ཅིག་ལ་འཇུས་ནས་སླར་ཡང་ཁོ་མོ་ལ་ཁ་པར་ཐེངས་གཉིས་བཏང་།    ཡིན་ཡང་།    ཁ་པར་དང་པོ་དེ་འབྱོར་མ་ཐག་ཏུ་ཁོ་མོས་བཅད་ཅིང་གཉིས་པ་དེ་གཅོད་མཁན་མེད་ཀྱང་མཉན་མཁན་བྱུང་མ་སོང་བས།      ཁོའི་སེམས་ལ་སྔོན་ལས་ཀྱང་ལྷག་པའི་གྲང་འདར་ཞིག་བརྒྱབ།  

དེ་ནས་ཁོས་དེར་ཡོད་ཀྱི་གྲོགས་པོ་ཞིག་བོས་ནས། དཔེ་ཆ་དག་ཁོར་གཏད་ནས་རིག་འཛིན་དབང་མོར་སྤྲོད་དགོས་པའི་ངག་བཅོལ་ཡང་ཡང་དུ་བྱས་རྗེས། གྲོགས་པོ་དེས་དོ་ནུབ་མཉམ་དུ་བསྡད་ནས་ཁ་བརྡ་ཞིག་གློད་ཟེར་བའི་ངག་ལའང་མ་ཉན་པར་ཁ་ཕྱིར་འཁོར།

ཁོ་ནི་རིག་འཛིན་དབང་མོར་མི་ཚེ་འདིར་དཔེ་ཆ་ཞིག་གི་ལེགས་སྐྱེས་སྟེར་མྱོང་མཁན་གྱི་མི་ཆེས་ཐོག་མ་དེའང་ཡིན་ལ།     ཆེས་མཐའ་མ་དེའང་ཡིན།      ཆེས་ཐོག་མ་དེ་ནི་ཁོ་རང་གཉིས་མཐོ་འབྲིང་ལོ་རིམ་གསུམ་པའི་མཐར་ཕྱིན་གྱི་སྐབས་ཏེ།      མཐར་ཕྱིན་གྱི་ཉིན་མོ་དེར་ཁོས་མོ་ལ་དཔེ་ཆ་ཞིག་དང་ལྕགས་སྨྱུག་ཅིག་ཉོས་ཏེ་བྱིན།      དེ་ནི་ཁོ་རང་ལ་མཚོན་ན་སེམས་གཏིང་གི་བརྩེ་བ་ཞིག་ཡིན་ཞེས་བཤད་ནའང་ཆོག་ལ།  རེ་བ་ཞིག་ཡིན་ཞེས་བཤད་ནའང་ཆོག   

ཁོ་སློབ་ར་དེའི་ར་སྐོར་ལས་ཕྱིར་བུད་རྗེས། དེ་ལ་ཕྱི་མིག་ཡང་ཡང་དུ་བྱེད་བཞིན་སོང་།     ཁོའི་བསམ་པར།     དུང་སེམས་དར་དཀར་གྱི་རྨུ་ཐག་སྙིང་ནས་དཀྲིས་ཟིན་པའི་མི་ཞིག་ལ་མཚོན་ན།   འཇིག་རྟེན་དུ་རང་ཉིད་དུངས་སའི་མི་དེ་དང་སེམས་ཐག་མི་ཉེ་ཡང་།  སྐབས་ལན་རེར་ཁ་ཐག་ཉེ་སའི་ས་ཚིགས་ཤིག་ཏུ་སྡོད་པ་ཙམ་བྱུང་ན།    དེའང་བདེ་སྐྱིད་ཅིག་ཅི་ལ་མིན་སྙམ་པས།      སློབ་གྲྭ་དང་རྒྱང་ཐག་མི་རིང་བའི་ཇ་ཁང་ཞིག་ཏུ་འཛུལ།      སྒེའུ་ཁུང་གི་གམ་དུ་བསྡད་ཚེ་སློབ་གྲྭའི་ཁང་བརྩེགས་དག་ཀྱང་མིག་ལ་གསལ་ལེར་སྣང་།  ཁོས་དེ་རུ་ཝུ་ཆང་ཞིག་འཐུང་ཞོར་སྒེའུ་ཁུང་ལས་མཐོང་ཡོང་བའི་སློབ་གྲྭའི་ཁང་བརྩེགས་དག་ལ་ལྟ་བཞིན་བསྡད།     

ཁོས་རང་གི་ཁ་པར་གྱི་བརྙན་ངོས་སུ་བཞག་འདུག་པའི་རིག་འཛིན་དབང་མོའི་འདྲ་པར་དེ་མཐོང་མ་ཐག་ཏུ།      ཟླ་གསུམ་གྱི་སྔོན་དུ་ཁོ་དང་མོ་གཉིས་ཀྱིས་འཕྲིན་ཐུང་གི་ལམ་ནས་ཁ་བརྡ་བྱས་པའི་དོན་དག་དེའང་ཡུན་གྱིས་དྲན་པའི་རྩིག་ལྡེབས་ཀྱི་ངོས་སུ་གསལ་ལེར་མངོན་བྱུང་།       “སློབ་གྲོགས་དབང་ལྡན་ལགས།    ཁྱེད་ཀྱི་འགྱུར་མེད་རྣམ་དག་གི་བརྩེ་བ་དེ་བདག་གིས་ནམ་ཡང་ནང་སེམས་ཀྱི་དཀྱིལ་དུ་སྒོམ་ཡོད།  ཡིན་ནའང་།      ཁྱོས་ཀྱང་ང་ལ་དགའ་ས་ཡོད་པ་ཤེས་ཏེ།     ཁོ་རང་ངའི་ཆེས་ཐོག་མའི་དགའ་ས་དེའང་ཡིན་ལ།   ངའི་ཆེས་མེད་དུ་མི་རུང་བའི་མི་དེའང་ཡིན་པས།  ཁྱེད་ཀྱིས་ཀྱང་ང་རང་བརྗེད་དུ་འཇུག་རོགས།    རང་ཉིད་ལ་དགའ་བའི་མི་ཞིག་བཙལ་རོགས།   ང་ཁྱེད་ལ་ཡིད་ཆེས་ཡོད།     ཁྱོད་རང་འདི་འདྲའི་མི་འཇོན་ཐང་ཅན་དང་།    གཤིས་བཟང་ཅན་ཞིག་གི་ལག་ཏུ་བུ་མོ་བཟང་མོ་ཞིག་ཡོང་བར་ང་ལ་ཡིད་ཆེས་ཡོད།”འཕྲིན་ཡིག་དེ་ནི་ཁོ་རང་ལ་མཚོན་ན་སེམས་པའི་ལྟེབ་ཁུགས་སུ་མེ་ནུར་ཐོམ་བུ་གང་བླུགས་པ་དང་འདྲ་ཞིང་།     རང་ཉིད་དགའ་བའི་མི་ཞིག་བཙལ་རོགས་ཟེར་བ་ནི་དེ་ལས་ཀྱང་ན་བའི་སྡུག་བསྔལ་གྱི་རྨ་ཁ་ཞིག་ཏུ་གྱུར།

ཡིན་ནའང་། ཁོས་ཀྱང་སྡུག་བསྔལ་གྱི་རྨ་ཁ་ལག་པས་སྐྱོར་བཞིན་འཕྲིན་ལན་ཞིག་བྲིས་པ་འདི་ལྟར།     “ངས་ནམ་ཡང་ཁྱེད་ཀྱི་གདམ་ག་ཡོད་ཚད་ལ་བརྩི་བཀུར་བྱ་ངེས་ཡིན།  འོན་ཏེ།    ནམ་ཞིག་ཁྱོད་གཉིས་མ་མཐུན་པའི་དབང་དུ་སོང་ན།     ང་མ་གཏོགས་ཁྱོད་ཀྱིས་སུ་ཡང་འདེམས་མི་ཆོག   རྒྱུ་མཚན།    ངའི་ལྷད་མེད་ཀྱི་བརྩེ་དུང་དང་ལང་ཚོ་ཡོད་ཚད་ཁྱེད་ཀྱི་ཆེད་དུ་ཕུལ་ཞིང་།     ང་རང་ཁྱེད་ལ་དགའ་བས་ཡིན། གལ་སྲིད་ཁྱོད་ཀྱིས་ཁོའི་འཕྲོ་ཞིག་ཏུ་མི་གཞན་ཞིག་བཙལ་བ་ཡིན་ན།    ང་ཁྱོད་ལ་སྙིང་ལངས་ངེས”ཞེས་པ་དེའོ།།

སྐབས་དེར་ཁོ་བོ་རང་ཉིད་ལ་དགོད་ཁ་ཞིག་ཤོར་ཞིང་མུ་མཐུད་དུ་དམ་བེ་གཅིག་མགོ་རུ་གཡོན་པར་བརྩམས་པ་ན།     གློ་བུར་དུ་ཁོའི་མཐོང་ལམ་གྱི་སྒོ་འགྲམ་དུ་རྒྱུས་ཡོད་ཀྱི་མི་ཞིག་ནང་དུ་ཐོན་བྱུང་།     མོའི་ལག་མགོ་རུ་ད་དུང་སྐྱེས་པ་ཞིག་ཀྱང་འཇུས་འདུག    ཁོས་ཞིབ་ཏུ་བུ་མོ་དེར་ལན་གཅིག་བལྟས་པ་ན།     དེ་ནི་གཞན་མིན་པར་བུ་མོ་རིག་འཛིན་དབང་མོ་རེད།      སྤྱིར་ན་ཁོ་བོ་དུས་རྒྱུན་དུ་རིག་འཛིན་དབང་མོ་མཐོང་འདོད་ཀྱི་དྲན་གདུང་ལྕི་མོ་དེས་ཡོངས་སུ་མནར་བཞིན་འདུག་པས།     ད་ནི་ཁོ་རང་དགའ་སྤྲོ་ཞིག་སྐྱེས་ན་འོས་མོད།    ཡིན་ནའང་ཁོ་མོའི་གམ་གྱི་སྐྱེས་པ་དེ་ནི་དབང་ལྡན་གྱི་སྙིང་ལ་ཟུག་པའི་ལྕགས་འཛེར་ཞིག་དང་འདྲ་བར།     ཁོ་རང་རེ་ཞིག་རྣམ་ཤེས་མེད་པ་ལྟར་གྱུར།     སྐབས་དེར་རིག་འཛིན་དབང་མོས་ཀྱང་གློ་བུར་དུ་དབང་ལྡན་མཐོང་བྱུང་བས།    མོས་ཅི་བྱེད་དགོས་པའང་མི་ཤེས་པར་སྐྱེས་པ་དེ་ཁྲིད་ནས་ཟུར་ཞིག་ཏུ་མགོ་བོ་སྒུར་བཞིན་ཙོག་ནས་བསྡད།    དོན་དུ་ཁོ་མོས་ཁྲིད་ཡོད་པའི་དགའ་ས་དེ་ནི་སྔོན་གྱི་དགའ་རོགས་དེ་མིན་པར།     གཟའ་འཁོར་གསུམ་ཏག་ཏག་གི་སྔོན་ལ་བཙལ་བའི་ཡུལ་ཤུལ་གྱི་གསར་བུ་ཞིག་རེད།   ཕྱི་རོལ་ན་འཕྲུལ་ཆས་སྣ་ཚོགས་ཀྱི་འུར་སྒྲ་དང་ཇ་ཁང་གི་མགྲོན་པོ་དག་གི་ཅ་ཅོའི་གླེང་མོལ་གྱི་ཀློང་དུ།   ལོ་ན་གཞོན་པའི་ཕོ་མོ་འདི་གཉིས་ཀྱི་བར་དུ་ཟམ་ཆེན་ཞིག་འཕངས་པ་དང་འདྲ་བའི་ལྷིང་འཇགས་ཤིག་ལྷུང་འདུག་པ།     རིག་འཛིན་དབང་མོའི་གམ་གྱི་སྐྱེས་པ་དེ་ཐེ་བའི་འཇིག་རྟེན་འདིའི་མི་སུ་ཞིག་གི་བློ་ཡུལ་དུའང་འཆར་ག་ལ་སྲིད།

སྐབས་དེར་དབང་ལྡན་ཁོས་ཡར་མར་གང་ལའང་མི་ལྟ་བར་ཐད་ཀར་སྒོར་བུད་ནས་སོང་བ་ན། སྦྱིན་བདག་ན་རེ།     “ཨེ་་་་་་།  ཁྱོས་རྩིས་བརྒྱབ་མི་འདུག སྐུ་མགྲོན།”

ཁོས་ད་དུང་ཡང་རང་ལ་ཟེར་བ་མ་ཐོས་པར་མུ་མཐུད་ནས་མདུན་དུ་སོང་།    སྦྱིན་བདག་དེས་ཁོར་ལྐུག་ཞོར་དང་དམོད་ཞོར་དེ་མ་ཐག་རྗེས་ཆོད་པས།  ཁོས་ཀྱང་རང་གི་ཆང་རིན་ལ་རྩིས་བརྒྱབ་མེད་པ་དྲན་ནས།     དགོངས་དག་ཞུ་བཞིན་ཆང་རིན་སྤྲད།     སྦྱིན་བདག་དེས“ད་དུང་འཇིག་རྟེན་ན་ཇི་འདྲའི་མི་རྐུན་ཇག་འདྲ་བ་ཞིག་འདུག”    ཅེས་སྤྱོ་ཞོར་དང་དབུགས་ཧལ་ཧལ་དུ་ལེན་ཞོར།     རིག་འཛིན་དབང་མོ་དང་སྐྱེས་པ་དེར་ཁོ་ཧྥེ་དཀར་ཡོལ་དོ་ཁྱེར་འོང་།    སྐྱེས་པ་དེ་ན་རེ། “ཧི་ཧི་་་་།     རང་གི་ཟས་རིན་ཡང་མི་སྤྲོད་པའི་མི་དེ་ཚོ་དངོས་ནས་ཇག་རྐུན་ཞིག་ལའང་མི་དོ་ཡ།”   ཞེས་ཟེར་བ་ན།   རིག་འཛིན་དབང་མོའི་གདོང་ལའང་དོགས་མི་བདེ་བའི་སྣང་བ་ཞིག་ཤར།

དེ་ལྟར་དུ།     ཁོས་སྲང་ལམ་དུ་གླ་གཏོང་རླངས་འཁོར་ཞིག་ལ་སྒོར་སུམ་བརྒྱ་བྱིན་ནས་ཁྲི་ཀར་འགྲོ་བའི་ལམ་དུ་ཆས།    རླངས་འཁོར་ནང་གི་བརྙན་འཕྲིན་ཆུང་བ་དེ་ལས།     རྒྱལ་སྤྱིའི་གསར་འགྱུར་དག་བཏང་བྱུང་། ཡིན་ནའང་།    ཁོ་རང་སྐྱོ་སྣང་གི་ཀློང་དུ་དཔྱངས་དྲག་པས།     ཁོས་དེར་བར་སྐབས་སུ་དོ་སྣང་བྱས་མ་སོང་།   

མཚམས་ཤིག་ལ་གློ་བུར་དུ།    བརྙན་ངོས་སུ་ལྭ་བ་དཀར་པོ་གྱོན་པའི་གཞོན་ནུ་མ་ཞིག་མི་ཚོགས་མང་བོ་ཞིག་གི་དཀྱིལ་དུ་དེད་ཅིང་།     གསོན་པོར་དོང་ནང་ཞིག་ལ་བཅུག     དེ་རྗེས་མི་ཚང་མས་སྙིང་རྗེ་གང་ཡང་མེད་པར་རྡོར་བསྐོར་བྱས་ནས་དམར་གསོད་བྱེད་བཞིན་པ་མཐོང་།     བརྙན་དང་འབྲེལ་ནས་མདོ་འཛིན་པ་ཁོ་ན་རེ།     “བུ་མོ་འདིའི་མིང་ལ་རོ་ཤྰ་ནྰ་ཟེར་ཞིང་།    མོ་ནི་ཨ་ཧྥོ་ངྒ་ན་སི་ཐན་གྱི་ཐ་ལེ་བམ་གྲོང་ཚོ་ཟེར་བའི་ཡིན་ལ།    ད་ལོ་མོ་ལོ་བཅུ་དགུ་ལ་བུད་མ་ཐག་པའི་ན་ཆུང་ཞིག་སྟེ།     མོས་གཉེན་བཙན་སྒྲིག་གི་བཀའ་བཀོད་དང་བྱོལ་ཏེ་རང་མོས་སྒོས་རང་ཉིད་དགའ་སའི་མི་དང་མཉམ་དུ་བྲོས་བྱོལ་བྱས་པས།    ས་གནས་འགོ་བ་གཙོས་མི་ཚང་མས་ས་ཁུལ་རིག་གནས་སམ་ཆོས་ལུགས་གོམས་སྲོལ་དང་རྒྱབ་འགལ་བྱས་པའི་ཉེས་མིང་བཀལ་ནས་མོ་འདི་ལྟར་དམར་གསོད་བྱས་པ་རེད”ཟེར།   

དེའི་རྗེས་སུ་སླར་ཡང་།     ཁང་བརྩེགས་དང་སྡོད་ཁང་ཐམས་ཅད་བཅོམས་ཆག་སྐྱ་ཉིལ་དུ་བཏང་འདུག་པའི་གྲོང་ཁྱེར་ཞིག་ཏུ།    བེམ་རོ་དང་རྨས་མས་བཀང་འདུག་པ་ཤར་བྱུང་།     མགོ་ལུས་ཧྲིལ་བོ་ཁྲག་གིས་སྦངས་འདུག་པའི་བྱིས་པ་རེ་ཤས་ཀྱིས་ངུ་འབོད་བྱེད་ཀྱི་འདུག་ལ།     ད་དུང་རྐང་ལག་ཆད་ཀྱང་།     རང་གི་ཉེ་བོ་དག་འཚོལ་བཞིན་པའི་མི་སོགས་ལྟ་བས་མི་བཟོད་པ་དག་མངོན་བྱུང་བས།     ཁོས་ཀྱང་མདོ་འཛིན་པའི་ཁ་ནས།     གྲོང་ཁྱེར་ག་གེ་མོ་ཞིག་ལ་འཇིགས་སྐུལ་བས་འཇབ་རྒོལ་ཐེབས་སོང་ཟེར་བ་ཙམ་ལས་ཐོས་མ་བྱུང་།  

གོང་གི་རྒྱལ་སྤྱིའི་གསར་འགྱུར་དག་མཐོང་རྗེས།     ཁོའི་སེམས་ལའང་གློ་བུར་དུ་ནམ་ཞིག་ཁོ་རང་སྡོད་སའི་ཡུལ་ཕྱོགས་གང་དེར་ཡང་།    འདི་འདྲའི་འཇིགས་སྣང་ཆེན་པོ་ཞིག་འོང་ཞིང་།     རང་གི་གཉེན་མི་གྲོགས་པོ་དག་ཀྱང་མིག་མདུན་ནས་གསོན་བྲལ་བྱས་འགྲོ་ཨང་སྙམ་པའི་འཇིགས་སྣང་ཞིག་སྐྱེས། 

འདང་བརྒྱབ་ཀྱིན་བརྒྱབ་ཀྱིན།     འཇིག་རྟེན་འདིའི་གྲུ་ཟུར་མང་བོ་ཞིག་ནི་རལ་གྲི་ཐོགས་པའི་གཤེད་མ་ཞིག་གི་ངོ་གདོང་དང་མཚུངས་ཤིང་།     ས་སྟེང་འདིའི་ཉིན་དཀར་གྱི་ནགས་ཚལ་དང་མེ་ཏོག    ནམ་མཁའ་སོགས་དང་།     མཚན་མོ་དེའི་ལམ་འགྲམ་གྱི་གློག་སྒྲོན་དག་ལའང་།   ཁ་དོག་དང་འོད་སྣང་མེད་པ་ལྟ་བུའི་སྣང་བ་ཞིག་བྱུང་།     དེ་ནི་ཁོ་རང་སྒྱུ་རྩལ་པ་ཞིག་ཡིན་པས་རྒྱུ་མཚན་གྱིས་ཡིན་ཡང་སྲིད་དེ།     གལ་སྲིད་ཁོ་རང་མི་སྤྱིར་བཏང་བ་ཞིག་ཡིན་ཚེ།     གོང་གི་གསར་འགྱུར་དེ་དག་ལ་འཇིགས་སྣང་དང་སྙིང་རྗེ་ཙམ་སྐྱེས་སྲིད་མོད།    ཡིན་ནའང་།     ཉིན་མོའི་ནགས་ཚལ་དང་མེ་ཏོག     ནམ་མཁའ།    ད་དུང་མཚན་མོའི་ལམ་འགྲམ་གྱི་སྒྲོན་འོད་སོགས་དངོས་རྣམ་དེ་དག་ལ།     ཁ་དོག་དང་འོད་སྣང་མེད་པ་ཞིག་ཏུ་འགྱུར་མི་ངེས་ཀྱང་སྲིད། 

དེ་ནས་རང་གི་ཁ་པར་བླངས་ཤིང་ནང་དུ་སྙན་ངག་ཅིག་བྲིས།   སྙན་ངག་དེའི་མིང་ལ་འཚོ་བ་ལ་སྨོན་པ་ཟེར།     

འཚོ་བ་ལ་སྨོན་པ།

ང་འཇིག་རྟེན་འདིའི་མཚོ་འཇིངས་སུ
ལྷད་མེད་དང་རྣམ་དག་གི་ངང་དུ་བསྐྱོད་དུས
གཡོ་སྒྱུ་དང་ཚུལ་འཆོས    བསླུ་བྲིད་དང་ཨ་གསར
ད་དུང་མང་བོ་མང་བོ་ཞིག་གི་ལྟེབ་ཁུགས་སུ་དཀྲིས་བྱུང

ང་མི་ཡུལ་འདིའི་ཆེས་ཟབ་ས་རུ
གཞན་ཕན་དང་ལྷག་བསམ་གྱི་ངང་དུ་བགྲོད་དུས
གཏུམ་དྲག་དང་གདུག་རྩུབ    ཡ་ང་དང་གཡོ་སྒྱུ
ད་དུང་དེ་ལས་ཀྱང་རྫོབ་པའི་སྙིགས་སྣོད་ཅིག་ཏུ་ལྷུང་སོང

རྒྱུ་མཚན་དེའི་དབང་གིས
ངས་མིའི་རིགས་ཀྱི་ལྷད་མེད་རྣམ་དག་དང
དྭངས་གཙང་གི་རང་གཤིས    འགྱུར་མེད་ཀྱི་དུང་བ་སོགས
མང་བོ་མང་བོ་ཞིག་གི་འབོད་པ་དེའི་ཆེད་དུ
བླ་མེད་ཀྱི་ཚེ་སྲོག་འདིའི་མཆོད་པ་འབུལ

ཉམ་ཐག་གི་ཚེ་སྲོག་འདི་ཚོས
དྭངས་གཙང་གི་འཇིག་རྟེན་ཞིག་མཐོང་སོང་ཚེ
རྣམ་དག་གི་བརྩེ་བ་ཞིག་མཐོང་སོང་ཚེ
ཡིད་འོང་གི་རྨི་ལམ་ཞིག་མཐོང་སོང་ཚེ
ངས་ཡབ་ཡུམ་ཟུང་གིས་གནང་བའི་བླ་མེད་ཀྱིད་ལུས་སྲོག་འདིའང
ཁྱེད་ཚོའི་བདེ་སྐྱིད་ཀྱི་ས་ཞིང་དུ་བརྗེས་ཆོག

ཨ་ཨ་་་་    ཉམ་ཐག་གི་ཚེ་སྲོག་དག
ངས་ཁྱེད་ལ་བདེ་སྐྱིད་ཀྱི་ཁང་ཁྱིམ་སྟེར
ཁྱེད་ཀྱིས་ཀྱང་ང་ལ་བདེ་སྐྱིད་ཀྱི་བགྲོད་ལམ་གནང་རོགས
ངས་ཁྱེད་ལ་འཚོ་བ་ཡི་ཁ་དོག་འབུལ
ཁྱེད་ཀྱིས་ཀྱང་ང་ལ་རེ་སྨོན་གྱི་ནམ་མཁའ་སྟེར་རོགས

ངའི་ཚེ་སྲོག་ནི་ཐ་སྙད་ཅིག་སྟེ
སུས་ཀྱང་དགོངས་འགྲེལ་རྒྱག་མི་དགོས
སུས་ཀྱང་རིན་ཐང་གཞལ་མི་དགོས
ལྷད་མེད་དང་རྣམ་དག   དྭངས་གཙང་དང་ཡིད་ཆེས
སྙིང་རྗེ་དང་བརྩེ་བ    ད་དུང་ཁྱེད་ལ་མཁོ་བའི་འདོད་ཡོན
དེ་དག  ངའི་ཚེ་སྲོག་གི་རིན་དོད་ཡིན

ད་དུང་འབྲི་འཕྲོ་རུ་ལུས་པའི་སེམས་པ་དག
བསྒྱུར་འཕྲོ་རུ་ལུས་པའི་ལྷག་བསམ་དག
ད་དུང་འབྲི་འདོད་པ་དག   ཡོད་ཚད་ཀྱི་ཡོད་ཚད་
ངས་ཁྱེད་ཚོའི་བདེ་སྐྱིད་ཀྱི་རྡོ་རིང་དུ་བཞེངས་ཆོག

ཁྱེད་ཚོས་ངའི་རྡོ་རིང་གི་མདུན་དུ
རྡོ་བ་འདིའི་ལྗིད་ཚད་མི་གླེང་རོགས
ངས་ཁྱེད་ཚོར     རྡོ་རིང་དེའི་མདུན་དུ
རྣམ་དག་དང་བརྩེ་བ    དྭངས་གཙང་དང་ཡིད་ཆེས
མཛེས་པ་དང་རེ་སྨོན་རྙེད་ཐུབ་པའི་ཁ་གཡང་བོས་པ་ཡིན

འདི་ལྟར་དུ།     ཁ་པར་ནང་དུ་སྙན་ངག་དེ་བྲིས་ཚར་རྗེས།   ཁོས་རང་གི་སྐད་འཕྲིན་གྱི་གྲོགས་ཚོམ་དུ་བཀོད་ཅིང་།     མིག་ཆུ་རྡོག་པོ་འགའ་ཡང་ཤེས་མེད་ཚོར་མེད་ཀྱི་ངང་དུ་མིག་ཀོང་ལས་འགྲིལ་འོང་།   

ལམ་ཐག་ཅུང་རིང་བོ་ཞིག་བརྒྱུད་རྗེས་གཞི་ནས་ཁྲི་ཀར་འབྱོར་སོང་།     ནག་རོག་རོག་གི་མུན་པའི་འཁྱིལ་ཁུགས་སུ།    སྲང་ལམ་གྱི་འགྲམ་གཉིས་སུ་བཀར་བའི་གློག་ཞུ་དག་ནི་ད་དུང་ཡང་།    རྫོང་མཁར་ཆུང་ཆུང་འདིའི་མི་ཐམས་ཅད་མཚན་མོའི་སྨག་རུམ་ལ་ཁྱུར་མིད་བྱེད་དུ་མ་བཅུག་པར་སྲུང་འདུག      སྟོད་ནས་སྨད་དུ་དེས་ཟོག་འབོར་ཆེན་བསྐྱེལ་གྱིན་པའི་རླངས་འཁོར་ཆེན་པོ་རེ་འགའ་དང་།     སྨད་ནས་སྟོད་དུ་རྒྱུག་བཞིན་པའི་དངོས་སྐྱེལ་རླངས་འཁོར་སྟོང་བ་རེ་འགའ་ལས་གཞན་གང་ཡང་མཐོང་རྒྱུ་མི་འདུག    ཁོ་ཚོང་ཁང་ཞིག་གི་སྒོ་ཁར་སོང་སྟེ་བཙན་གྱིས་སྒོ་རྡུང་ནས་ཕྱེས་སུ་བཅུག    ཝུ་ཆང་སྒམ་ཆུང་གང་ཉོས་པར་ཆང་རིན་སྟེར་རྒྱུའང་མེད་པས།     ཁོས་རང་གི་ཁ་པར་དེ་ཆང་རིན་གྱི་གཏའ་མར་བཞག་རྗེས་སྒོར་བུད་སོང་།

ཚོང་ཁང་སྦྱིན་བདག་དེས་འཐད་མི་འཐད་ཀྱི་ངང་ནས།     དབང་ལྡན་གྱི་ཁ་པར་དེ་ཚོང་སྒྲོམ་འོག་གི་འཐེན་སྒམ་དེའི་ནང་དུ་གཡུག་མ་ཐག     ཁ་པར་དེའི་སྒྲ་སིང་སིང་དུ་གྲག་བྱུང་།     སྦྱིན་བདག་དེས་ཡང་བསྐྱར་འཐད་མི་འཐད་ཀྱི་ངང་དུ་གླལ་སྒྱིང་ཞིག་བྱེད་ཞོར་ཁ་པར་དེ་ཕྱིར་བཏོན་དུས།     ཁ་པར་འོང་མཁན་དེའི་འདྲ་པར་ནི་རང་གི་བུ་མོའི་འདྲ་པར་ཡིན་ཞིང་།     ཞིབ་ཏུ་བལྟས་དུས་ཨང་གྲངས་ཀྱང་རང་གི་བུ་མོའི་ཨང་གྲངས་ཡིན་པར་མ་ཟད།     ད་དུང་མོའི་མིང་ལ་བརྗེད་མི་ཐུབ་པའི་སྐར་མ་ཞེས་བཏགས་འདུག   

སྦྱིན་བདག་དེ་ཡིན་རྒྱུ་ནི་རིག་འཛིན་དབང་མོའི་ཨ་ཕ་རེད་ལ།     དབང་ལྡན་གྱི་ཁ་པར་སྟེང་དུ་ཁ་པར་བཏང་འོང་མཁན་དེའང་རིག་འཛིན་དབང་མོ་རེད།     མོའི་ཨ་ཕའི་སེམས་སུ།     རང་གི་བུ་མོ་འདིས་འདི་འདྲའི་ཆང་རིན་ཡང་སྟེར་རྒྱུ་མེད་པའི་ཁྲམ་པ་ཞིག་གི་ཁ་པར་སྟེང་དུ་ཁ་པར་བཏང་ཡོང་བ་ལ་ཡ་མཚར་ཞིང་ཧོན་འཐོར་བས།    ཁ་པར་དེ་ལེན་ཡང་མ་ཐུབ་པར་ལུས།     ཁ་པར་དེ་མཚམས་མེད་དུ་གྲག་ནས་ཡུད་ཙམ་ཞིག་འགོར་རྗེས་རང་ཤུགས་ཀྱིས་མཚམས་ཆད་སོང་།     རིག་འཛིན་དབང་མོའི་ཨ་ཕས་ཡང་བསྐྱར་ཅི་བྱེད་དགོས་ཀྱང་མ་ཤེས་པར།     ཁ་པར་དེ་ལག་ཏུ་བསྡམས་ནས་བསྡད།    ཡང་ཡུད་ཙམ་གྱིས་ཁ་པར་གྱི་སྒྲ་དེ་ཡང་རང་འཇགས་སུ་སོང་བས།     ཁོས་ཕྱིར་འཐེན་སྒམ་དེའི་ནང་དུ་བཅུག     འཐེན་སྒམ་དེ་ཁ་རྒྱག་ཁོམ་མ་བྱུང་བར་ཡང་བསྐྱར་ཁ་པར་གསུམ་པ་ཐོན།     ཨ་ཕ་ཁོས་ཡ་མཚར་བའི་མིག་མདངས་ཀྱིས་ཁ་པར་དེའི་སྒྲ་རང་ཤུགས་སུ་འཇགས་པར་སྒུག     ཅུང་ཙམ་ནས་ཡང་ཁ་པར་དེ་རང་ཤུགས་ཀྱིས་གྲག་མཚམས་ཆད་པས།      མོའི་ཨ་ཕ་ཡང་འདང་རྒྱག་ཅིག་ཏུ་ལྷུང་བཞིན་རང་གི་མལ་སའི་ནང་དུ་འགྲོ་བཞིན་པའི་སྐབས་སུ།     ད་ནི་ཁ་པར་དེའི་སྟེང་དུ་འོང་བའི་འཕྲིན་ཐུང་ཞིག་གི་འབོད་སྒྲ་ལས་ཅི་ཡང་གྲག་མ་སོང་།

དབང་ལྡན་གྱིས་དམ་བེ་ཞིག་ཕྱིར་བཏོན་ནས་མགོར་གཡོན་ཞོར་དུ།    ལྷག་མ་དག་མཆན་ལ་བཙིར་ནས་འགྲོ་བཞིན་པའི་སྒང་དེར།      ཁོ་བོའི་མིག་ཟུང་གི་ལྟ་ཕྱོགས་ཤིག་གིས་བར་སྣང་དུ་འགྲིབ་ལ་ཉེ་བའི་མར་ངོའི་ཟླ་བ་ཟུར་ཙམ་ཞིག་ཡོད་པ་མཐོང་ཞིང་།   གར་ཡོང་མི་ཤེས་པའི་རླུང་བུ་འཁྱག་པོ་ཞིག་ཀྱང་གློ་བུར་དུ་ལྡང་བྱུང་བས།     ཁོ་རང་གི་ལུས་སེམས་གཉིས་སུ་དར་འཁྱག་ཅིག་གཞུས་པ་དང་འདྲ་བའི་གྲང་འདར་ཞིག་བརྒྱབ།  

སྐབས་དེར།     གློ་བུར་ཁོའི་ཡིད་ལ་ཨ་མ་འཁོར་བྱུང་།    དེ་ནས་ཁོས་རང་གི་ཨ་མར་ཁ་པར་ཞིག་གཏོང་དགོས་བསམ་ནས་ལུས་ཡོངས་ལ་སྤར་མྱང་འགའ་བྱས་རྗེས།      ཁོས་ད་གཟོད་རང་གི་ཁ་པར་ཡང་ཆང་རིན་གྱི་གཏའ་མར་བཞག་ཟིན་པ་ཡིད་ལ་དྲན།     ཁ་ཕྱིར་འཁོར་ནས་ཚོང་ཁང་དེའི་ཕྱོགས་སུ་བལྟས་དུས།    གཞི་ནས་ཚོང་ཁང་དེའི་སྒོའང་གཏན་འདུག་ལ།   སྲང་ལམ་ཆུང་ཆུང་དེ་ནི་རྩིད་ནག་གི་ཐག་པ་ཞིག་དང་འདྲ་བར་ནག་གྱིག་སེར་འདུག  

མིག་ལ་མཛུབ་མོ་བསྲིངས་ཡོང་ནའང་ཚོར་མི་ཐུབ་པ་ལྟ་བུའི་སྨག་རིམ་དེའི་མཁར་རྫོང་གི་སྲང་ལམ་དུ།    ཧ་ཅང་གོམ་འགྲོས་དལ་བའི་མི་ཞིག་གི་རྐང་བ་གཉིས་ཀྱི་ཧྲག་སྒྲ་དེ།    གསལ་ལ་མི་གསལ་བའི་གྲིབ་གཟུགས་ཤིག་དང་འགྲོགས་ཏེ།   དལ་མོའི་ངང་རྨ་ཆུའི་ཟམ་ཆེན་གྱི་ཕྱོགས་སུ་བུད་སོང་། 

ནམ་ལངས་བྱུང་།  རྟ་བདུན་དབང་བོ་དེའང་།  སྲིན་པོ་རྫ་རིའི་ཕྲག་གོང་ནས་ཉི་འོད་ཀྱི་ཟེར་མ་ཀྲིག་ཀྲིག་ཏུ་ཡར་འཕགས་ཏེ་འོང་བས།     ནམ་མཁའ་ཐམས་ཅད་གཡའ་དག་ཅིང་སྔོ་ཡུག་ཡུག་ཏུ་བྱེད།     སྐབས་འདིར།     མི་དག་སྔར་བཞིན་བསྐྱར་ཟློས་སུ་ཕྱིན་འདུག་པའི་རང་རང་གི་ལས་ཀ་དག་ལ་འགོ་རྩོམ་པའི་ཕྱོགས་སུ་བྲེལ།   ཡིན་ནའང་།    མཚན་མོ་དེའི་ལྟག་རྒྱབ་ནས་བཟུང་སྟེ་སྙན་ངག་པ་དབང་ལྡན་སུས་ཀྱང་མཐོང་མ་སོང་།      

 ₍1₎ཏ་ཏ་རིང་ལུགས་ནི་དུས་རབས་ཉི་ཤུ་བ་སྟེ་འཛམ་གླིང་དམག་ཆེན་དང་པོའི་སྐབས།    ཕ་རི་སི་སོགས་གྲོང་ཁྱེར་དུ་ཐོན་པའི་དེང་རབས་སྨྲ་བའི་རྩོམ་རིག་གི་གྲུབ་མཐའ་ཞིག་ཡིན།

                                                                                                  ཕྱི་ལོ༢༠༡༥ལོའི་ཟླ༡༡པའི་ཚེས༥ནས༡༥བར་བྲིས་ཤིང་ཚེས༢༨ཉིན་བསྐྱར་བཅོས་བརྒྱབ།

  རྩོམ་སྒྲིག་པ། སྐྱ་བོ།

 (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྙན་ངག་པ་ཤི་བ།

2016-08-24 ལྡོང་སྲས་ཨ་བྷེ།(ལན་ཀྲུ) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།