ཀླད་ཀོར་གྱི་བརྩམས་སྒྲུང་། འབུ་མེ་ཁྱེར།

          ཨ་མ་འ་འ།   ཨ་མ་འ་འ། 

 ང་རང་མི་ཡུལ་དུ་ཐོན་དུས་འཇིག་རྟེན་འདིའི་ནང་དུ་ངུ་སྒྲས་ཁེངས་ནས་འདུག ངུ་སྒྲ་དེ་ངའི་ངུ་སྒྲ་ཡིན་ཨང་སྙམ་མོད། ངའི་བྲང་ཁོག་འཇམ་ཐིང་ཐིང་རེད། ཞིབ་ཏུ་མཉན་ན་ངུ་སྒྲ་དེ་ཕྱི་རོལ་ཞིག་ནས་གྲགས་འོང་ཞིང་ངའི་རྣ་བའི་བུ་ག་རྡུང་བཞིན་པ་ཚོར། ངས་མིག་ཤུགས་ཀྱིས་ཕྱེ་ནས་ངུ་སྒྲ་དེའི་འབྱུང་ཁུངས་བཙལ་མོད། ངའི་མིག་འབྲས་ཤ་སྤྲིན་གྱིས་བསྒྲིབས་ཡོད་པས་རྩ་བ་ནས་ཕྱེ་མ་ཐུབ།

 བུ་མ་ངུ་། མལ་ལས་ལོངས་དང་། དེ་རིང་ཁ་བ་བབས་འདུག རྒད་པོ་ཞིག་གི་སྐད་རེད།

ཨ་མ་འ་འ།  ཨ་མ་འ་འ།

བུ་མ་ངུ་། ལྟོས་དང་། དེ་རིང་ཞི་མིར་ང་གཉིས་ཀྱི་རྔས་མགོའི་འགྲམ་དུ་ཞི་ཕྲུག་སྙིང་ལ་རྗེ་མོ་གསུམ་བཙས་འདུག

  ཨ་འ་་་

  བུ་ཆུང་དེ་ད་རུང་ངུ་གྲབས་བྱེད་སྐབས།  རྒད་པོའི་སྐད་ཆ་དེ་ལས་གོ་རྒྱུ་ཞིག་རྙེད་སོང་བ་འདྲ། ཨ་མྱེས། ཁྱོད་ཀྱིས་རྫུན་མ་ལབ་ཨ་ཟེར། གཉིད་ལས་སད་པ་དང་བུ་ཆུང་དེ་གློ་བུར་ངུ་བའི་གོམས་གཤིས་ཤིག་ཡོད་པ་འདྲ་ལ་ངུ་ཐེངས་རེར་ཨ་མྱེས་སུ་འབོད་པའི་རྒད་པོ་དེས་ཁོ་ལ་རྫུན་ལབ་ནས་སེམས་གསོ་བྱེད་ཀྱིན་ཡོད་པ་སྣང་།

དེ་རིང་ངས་རྫུན་ལབ་མེད།  ཁྱོད་ཀྱིས་བདེན་མི་བཟུང་ན་སྔས་མགོ་རུ་ལྟོས་དང་ཟེར།

   སྐབས་དེར་བུ་ཆུང་དེའི་ངུ་སྒྲ་ཡོངས་སུ་ཆད་སོང་ལ་ཤིན་ཏུ་ཆུང་ལ་འཇམ་བའི་ལག་པ་ཞིག་གིས་ང་ལ་བྱིལ་བྱིལ་བྱེད་བྱུང་།གྲང་ཤིག་ཤིག་གི་ཞོགས་པ་འདི་ལག་པ་ཞིག་གིས་ང་ལ་བྱིལ་བའི་རེག་བྱ་མྱོང་བཞིན་མྱོས།  བུ་ཆུང་དེས་ཨ་མའི་མངལ་ནས་ཐོན་མ་ཐག་པའི་ང་རང་བྱིལ་བཞིན་མཱ་མཱ་ཟེར།  ངས་ཀྱང་ཁོ་ལ་མཱ་མཱ་ཟེར་བ་ཡིན། གོ་དོན་ནི་ཁྱོད་ཀྱིས་ང་ལ་མུ་མཐུད་བྱིལ་དང་ཧ་ཅང་སྐྱིད་པོ་འདུག་ཅེས་པ་དེའོ།།

  ངས་ཧ་ཅང་སྐྱིད་པོ་འདུག་ཟེར་དུས་ཁོས་བྱིལ་མཚམས་བཞག་སོང་བས་ངའི་ལུས་པོ་འདི་སླར་ཡང་གྲང་ངར་གྱིས་ཁེངས།

   ཨ་མྱེས།  འུ་ཚང་གི་ཞི་ཕྲུག་འདི་མིག་ལོང་རེད་འདུག་ཅེས་ཟེར་བ་ཐོས་པ་དང་རྒད་པོས་མིག་ལོང་བ་མ་རེད། ཁྱོད་ཀྱིས་སྒུགས་དང་། ཉི་མ་གཉིས་གསུམ་གྱི་རྗེས་སུ་མིག་ཕྱེ་ཡོང་གི་རེད་ཟེར་བ་ཐོས་པས་ང་རང་ཡང་བློ་བདེ་མོ་ངང་ཨ་མའི་འགྲམ་དུ་ཉལ་ནས་བསྡད། ཡིན་ཡང་བུ་ཆུང་དེའི་ཚ་ལྷང་ལྷང་གི་ལག་པས་ང་ལ་སླར་ཡང་བྱིལ་བྱུང་། ང་རང་སྐྱིད་པོ་ཞིག་ཉལ་བཅུག་གི་མི་འདུག ཁོའི་འཛུབ་མོས་ངའི་དབྱེ་མ་ཐུབ་པའི་མིག་ལ་བྱིལ་ནས་མཱ་མཱ་མིག་ཕྱེ་དང་ཟེར། ངས་ཀྱང་མཱ་མཱ་ཟེར་བ་ཡིན། དོན་ནི་ད་ལྟ་མིག་ཕྱེ་ཐུབ་ཀྱི་མི་འདུག་ཅེས་པ་དེའོ།།

   ཉིན་གང་ང་རང་ཨ་མའི་འགྲམ་དུ་ཉལ་མི་བཅུག་པ་ཁོས་རྩེད་ཆས་བྱེད་བཞིན་པ་ཚོར།  ངས་ཉིན་གང་ང་རང་རྩེད་ཆས་བྱེད་མཁན་གྱི་སྲོག་ཆགས་དེ་ཅི་འདྲ་ཞིག་ཡིན་ནམ་སྙམ་ཞིང་ང་རང་གློ་བུར་ཐོན་པའི་འཇིག་རྟེན་འདི་ནི་ཅི་འདྲ་ཞིག་ཡིན་ནམ་སྙམ།  ངས་མིག་ཕྱེ་ཨེ་ཐུབ་མི་ཐུབ་བྱེད་ཀྱང་ཕྱེ་ཐུབ་ཀྱི་མི་འདུག  ངརང་རྩེད་ཆས་བྱེད་མཁན་གྱི་ལག་པ་ཆུང་ཆུང་དེ་འདྲའི་འཇམ་པ་ལ་ལག་པ་དེའི་བདག་པོ་ནི་འཇམ་པོ་ཞིག་ཡིན་ནམ་སྙམ། ང་རང་གློ་བུར་ཐོན་པའི་འཇིག་རྟེན་འདི་ནི་སྐབས་སྐབས་སུ་དྲོད་ཁུལ་ཆེ་ལ་མཚམས་མཚམས་སུ་གྲང་ངར་ཆེ།  དེ་ན་འཇིག་རྟེན་འདི་ནི་གྲང་ངར་དང་དྲོད་ཁུལ་ལས་གྲུབ་པ་ཡིན་ནམ་སྙམ།

  ཉིན་དེར་ངས་ཐོས་ཆེ་བ་ནི་ཁ་བ་ཞེས་པ་དེ་རེད།  ཁ་བ་འབབ་བྱུང་།  ལོ་བཅུའི་རིང་ལ་ཁ་བ་དེ་འདྲའི་ཆེན་པོ་ཞིག་འབབ་མ་མྱོང་།

    སྡེ་འདབས་སུའང་ཁ་བ་མིའི་གྲོད་པ་མཚམས་ལ་སླེབ་པ་བབས་འདུག་ཟེར་བ་བདེན་ནམ།

   བདེན།  ཁ་བ་ངོ་མ་བབས་བྱུང་།

   ངས་ཁ་བ་ཞེས་པ་དེ་ནི་ངའི་ཁ་ནས་གྲོད་པ་རུ་ཚ་ལམ་ལམ་ངང་འབབ་པའི་ཨ་མའི་འོ་མ་འདྲ་བོ་ཞིག་ཡོད་དམ། ང་རང་རྩེད་ཆས་བྱེད་མཁན་གྱི་སྲོག་ཆགས་དེའི་ལག་པ་འདྲ་བོ་ཡོད། ངས་རང་ཉིད་ལ་ཡང་ཡང་དྲིས་ཀྱང་ངས་རང་ཉིད་ཀྱིས་ཀྱང་ཤེས་ཀྱི་མི་འདུག    ལན་མ་རྙེད།

   ངས་མིག་ཕྱེ་མ་ཐུབ་གོང་དུ་དུས་ཚོད་ཟེར་བའི་གཟུགས་མེད་ཀྱི་དངོས་པོ་ཞིག་ཡོད་པ་ཧ་མི་གོ་ཡང་། མིག་ཕྱེ་རྗེས་སུ་ཧ་གོ་སོང་། མིག་མ་དབྱེ་གོང་དུ་ངས་དུས་ཚོད་ཟེར་བ་ཅི་འདྲ་ཞིག་ཡོད་པ་ཨ་མི་གོ་བས་ངས་མིག་དབྱེ་མ་ཐུབ་པར་དུས་གང་ཙམ་འདས་པ་ཤེས་ཐབས་བྲལ། མིག་ཕྱེ་རྗེས་སུ་ངས་དུས་ཚོད་མཐོང་བྱུང་།

    མིག་ཕྱེ་བའི་ཉིན་དེར་ང་རང་གཉིད་ལས་སད་དུས་སུ་ཨ་མ་འ་འ། ཨ་མ་འ་འ་ཞེས་དུས་རྒྱུན་ང་རང་གཉིད་ལས་སློང་མཁན་གྱི་བུ་ཆུང་དེའི་ངུ་སྒྲ་དེ་ཐོས་རྒྱུ་མི་སྣང་། ངས་ཅི་བྱུང་བ་ཡིན་ནམ་སྙམ་གྱིན་ཁོའི་ཕྱོགས་སུ་ལྟ་དུས་ངས་ཡོད་ཚད་མཐོང་བྱུང་།  ངས་དང་པོ་ང་རང་ཉལ་སའི་སྔས་མགོ་དེ་མཐོང་བྱུང་། སྔས་མགོ་དེ་རུ་ང་རང་ཉལ་ཡོད་པ་མ་ཟད་ངའི་ཨ་མ་དང་གཅེན་གཅུང་གཉིས་ཀྱང་ཉལ་འདུག  ཁོ་ཚོ་ད་དུང་རྨི་ལམ་གྱི་ཞིང་དུ་ཡོད་པ་འདྲ་བས་ངས་མིག་ཕྱེ་ཡོད་པ་མཐོང་མི་འདུག གཅེན་གཅུང་གཉིས་ཀྱི་རྨི་ལམ་ནང་དུ་རང་ཉིད་ཀྱིས་ཀྱང་མིག་ཕྱེ་ཐུབ་པ་རྨིས་བཞིན་ཡོད་དམ་སུས་ཤེས།  ཡིན་ཡང་མངོན་སུམ་ནང་མིག་དང་པོར་ཕྱེ་ཐུབ་མཁན་དེ་ང་རང་གྱུར།

   ངས་མིག་ཕྱེ་ནས་འཇིག་རྟེན་འདི་ལ་ལྟ་དུས། འཇིག་རྟེན་འདི་ནི་སྔས་མགོ་ཆུང་ཆུང་ཞིག་ལས་མི་སྣང་། སྔས་མགོ་རུ་ཨ་མ་དང་གཅེན་གཅུང་ང་ཚོ་བཞི་པོ་ལ་བྱ་ཚང་ལྟ་བུའི་ཉལ་ས་ཞིག་བཟོ་འདུག ཕྱོགས་བཞི་ལྷམ་གྱིས་བསྐོར་བ་དང་དེའི་ནང་དུ་སྣམ་བུ་དང་སྟོད་ཐུང་རྙིང་ཧྲུལ་བཏིང་ཞིང་ང་ཚོ་གསུམ་པོ་ལྷམ་དྲི་དང་སྣམ་བུའི་དྲི།  སྟོད་ཐུང་གི་དྲི་མ་ཁ་བའི་ཉལ་ས་དེ་ན་ཉལ་ནས་འདུག

   ངས་དེ་རིང་ངུ་སྒྲ་མེད་པ་འདི་ཅི་ཡིན་ནམ་སྙམ་གྱིན་སྔས་མགོ་བརྒལ་ནས་ཉལ་སར་ཞིབ་ལྟ་ཞིག་བྱེད་དུས་ཕྲུ་གུ་དམར་རྗེན་ཞིག་གིས་མཚར་སྣང་གི་མིག་ང་ལ་ལྟ་བཞིན་པ་དང་འཕྲད།  ཁོས་མིག་འཁྲུལ་ཡིན་ནམ་སྙམ་པ་འདྲ། མིག་ཡང་ཡང་གཡོ་བཞིན་ང་ལ་ཞིབ་ལྟ་བྱེད་བྱུང་།

   ངས་ཁོ་ལ་མཱ་མཱ་ཟེར་བ་ན་ཁོས་ཀྱང་ང་ལ་མཱ་མཱ་ཟེར་རྗེས། ཨ་མྱེས་ཁྱོད་ཀྱིས་ལྟོས་དང་།  ཞི་ཕྲུག་གིས་མིག་ཕྱེ་འདུག་ཅེས་འབོད་ཀྱང་་ཨ་མྱེས་ཀྱིས་ཨོཾ་མ་ཎི་པདྨ་ཧུྃ་ཞེས་ཡང་ཡང་འདོན་ནས་བསྡད་པ་ལས་ཁོ་ལ་ཁ་ཡ་མ་བྱས་པས་ཁོ་རང་འཚབ་ནས་ཨ་མྱེས་ཁྱོད་ཀྱིས་ལྟོས་ཡ་ཟེར།

ཁོའི་ཨ་མྱེས་བསམ་མི་བསམ་གྱིས་ང་ལ་བལྟ་ཙམ་བྱས་རྗེས། རེད་ཨང་། ཉིན་གཉིས་གསུམ་གྱི་རྗེས་སུ་མིག་ཕྱེ་ཡོང་གི་རེད་ཅེས་བཤད་པ་ཡིན་ཨང་ཟེར། སྐད་ཆ་དེས་བུ་ཆུང་དེ་ལ་ཆུ་འཁྱགས་སྤར་གང་བླུགས་སོང་ནའང་ཁོའི་གདོང་ལ་སླར་ཡང་སྐྱེས་སྟོབས་ཀྱིས་འབར་ནས་ང་ལ་མཱ་མཱ་ཟེར་བ་དང་ང་རང་པང་དུ་ལེན། ཁོ་ལ་སྤུ་སྐྱེས་མེད་པས་པང་ནི་ཤིན་ཏུ་འཇམ། ང་རང་ཁོའི་པང་དུ་ཉལ་བཞིན་སྤུ་མེད་པའི་སྲོག་ཆགས་འདི་ཡ་མཚན་ཞིག་རེད་ཨང་སྙམ་བྱུང་།

   སྙན་བཟང་།  དེ་རིང་ཁྱོད་རང་ངུ་རྒྱུ་བརྗེད་སོང་བ་ཡིན་ནམ།  དེ་རིང་ཡང་གཅིག་ལན་གཅིག་ངུས་དང་། ཨ་གོ་ལོ་ལོ།  ལན་གཅིག་ངུ་རོགས། ཞོགས་པར་ཁྱོད་ཀྱི་ངུ་སྐད་མ་ཐོས་ན་ངའི་སེམས་མི་སྐྱིད་གི

 སྙན་བཟང་ཟེར་བའི་ཕྲུ་གུ་ཆུང་ཆུང་དེའི་ཨ་ཅེ་དང་འདྲ་བའི་བུ་མོ་ཞིག་གིས་འདི་ལྟར་བཤད་བྱུང་།

  སྐད་ཆ་དེ་ཐོས་པ་དང་ང་རང་པང་བཞིན་པའི་སྙན་བཟང་གི་གདོང་ལ་ཅུང་མི་མགུ་བའི་རྣམ་འགྱུར་ཤར་མོད། ང་རང་ཁ་སང་ཡང་ངུས་མེད་ཅེས་དག་སེལ་བྱས། ང་རང་མ་སྐྱེས་གོང་དུ་སྙན་བཟང་ཟེར་བའི་ཕྲུ་གུ་དེ་གློ་བུར་དུ་གཉིད་ལས་སད་དུས་ངུ་ཤོར་བའི་གོམས་གཤིས་ཅིག་ཡོད་འདུག

ཁོ་རང་མི་ངུ་བའི་ཞོགས་པ་འདི་ཅི་འདྲའི་འཇམ་ཐིང་ཐིང་རེད་ཨང་། མལ་ན་ཙོག་བཞིན་པའི་རྒད་པོ་དེས་འདི་ལྟར་བཤད་པ་དང་སླར་ཡང་ཁྱོད་རང་ད་ལོ་ལོ་དྲུག་ལ་སོན་པ་རེད།  ད་ནས་བཟུང་རང་ཉིད་གཅིག་པོ་ཉལ་རྒྱུ་བྱོས་ཟེར།

   སྙན་བཟང་གིས་སྐད་ཆ་དེ་ལ་ལན་ཅི་ཡང་བཏབ་མ་སོང་། ཁོས་ང་རང་ཨ་མའི་འགྲམ་དུ་བཞག་པ་དང་ཡར་ལངས་ནས་མལ་ཁྲིའི་གཡས་གཡོན་དུ་བཞག་པའི་ཁོ་ཚོ་མིས་གོས་ཅེས་འབོད་པའི་པགས་པ་དང་སྤུ་འདྲ་བ་ཡར་དག་གྱོན་སོང་།

  ང་རང་ཨ་མའི་འགྲམ་ནས་འཕག་འཚག་བྱས་པས་ཡིན་ནམ།  གང་ལྟར་ཨ་མ་དང་གཅེན་གཅོང་གཉིས་གཉིད་ལས་དཀྲོགས་སོང་།  ཨ་མ་གཉིད་ལས་སད་སྐབས་ངའི་ངོ་ལྡག་འོང་ནའང་ངའི་གཅེན་གཅུང་གཉིས་གཉིད་ལས་སད་ཀྱང་ད་དུང་ཡང་མིག་ཕྱེ་ཐུབ་ཀྱི་མི་འདུག་པས་མལ་ས་ན་སྐོར་བ་ཡང་ཡང་རྒྱག་གིན་འདུག  ཁོ་གཉིས་ངའི་གཅེན་གཅུང་ཡིན་ཟེར་ན་སུས་བདེན་དུ་འཛིན། གཟུགས་ང་ལས་ཆུང་ལ་ལུས་སྟོབས་ང་ལས་ཞན།  གདོང་ལ་ང་འདྲ་འདྲའི་གྲུང་ཤ་མི་དོད་པར་ང་གཉིད་སྙིང་འདོད་ཀྱི་འདུག་ཅེས་པ་ལྟ་བུའི་རྣམ་འགྱུར་ཞིག་མངོན་གྱིན་འདུག  སྙན་བཟང་གིས་གོས་གྱོན་ཚར་བ་དང་སླར་ཡང་ང་རང་པང་ནས་ཞོགས་ཇ་འཐུང་སར་སོང་།  ཁོས་ཕོར་བ་ཡར་བླངས་ནས་ཇ་ཞིམ་སྙམ་གྱིས་འཐུངས།  ཁོས་ཇ་ཁམ་གང་འཐུང་བ་ན་མགྲིན་པ་ཡར་འགུལ་མར་འགུལ་དང་བཅས་སྒྲ་ཡང་ཀྲོམ་ཀྲོམ་ཞེས་གྲགས་པ་ཐོས་འཕྲལ།  ང་ཞི་ཕྲུག་ལའང་ཇ་འཐུང་བའི་འདོད་པ་སྐྱེས་སུ་བཅུག  ངས་མཱ་མཱ། ངས་ཀྱང་ཇ་འཐུང་འདོད་ཅེས་སྐད་བརྒྱབ་པ་ན་ཁོས་ཕོར་བ་ངའི་འགྲམ་དུ་བཞག་ནས་ཇ་འཐུང་དུ་བཅུག ཁོས་ཁ་ནས་ཞི་མི་དག་གིས་འོ་མ་འཐུང་བའི་ཟུར་འདྲ་བའི་སྒྲ་ཅཱ་ཅཱ་ཞེས་སྒྲོག  ངས་ལྕེ་ལེབ་ཕོར་བའི་ཁ་རུ་ལྡག་ཙམ་བྱེད་པ་ན་ངའི་ལྕེ་ལེབ་མེ་ནང་བཅུག་པ་ལྟར་ཚ་བྱུང་།  མཱ་མཱ།  ཨ་ཚ་ཚ་ཟེར་ནས་འཕག་འཚག་བརྒྱབ་པ་ན་མི་ཀུན་ཧ་ཧ་དགོད།  ཇའི་བྲོ་བ་ནི་ཅི་འདྲ་ཞིག་ཡིན་པ་མྱོང་མ་ཐུབ་ཀྱང་ཚ་ཤིག་ཤིག་གི་ལྕེ་ལེབ་ཀྱིས་རྣ་རྩེ་ཡང་ཡང་ལྡག་དགོས་བྱུང་།

 ལྕེའི་ན་ཟུག་ཅུང་ཙམ་འཇགས་སྐབས་ང་རང་སྙན་བཟང་གི་པུས་མོའི་འོག་ཏུ་ཉལ་ནས་བསྡད།  སྐབས་དེར་ཉི་འོད་སྒེའུ་ཁུང་ནས་འཕྲོས་ཡོང་བ་མཐོང་།  མིག་མ་ཕྱེ་གོང་དུ་ངས་དུས་ཚོད་ཅེས་པ་དེ་ཅི་འདྲ་ཞིག་ཡིན་པ་མི་ཤེས་ཀྱང་མིག་ཕྱེ་རྗེས་ཀྱི་དེ་རིང་གི་ཉི་འོད་ནང་དུ་ངས་དུས་ཚོད་མཐོང་བྱུང་།   དུས་ཚོད་ནི་ཉི་འོད་ཀྱི་ཀློང་དུ་གར་ལ་རོལ་བའི་ཐལ་རྡུལ་དེ་དག་རེད།  ཁོ་ཚོས་འབད་པ་ཆེན་པོས་ཉི་འོད་དེ་ཐག་རིང་གི་ཕྱོགས་སུ་འདེད་བཞིན་འདུག

     ངས་དུས་ཚོད་ལ་བསམ་བློ་གཏོང་བཞིན་པའི་སྐབས་དེར་སྙན་བཟང་གིས་ཇ་འཐུང་ཟིན་པ་འདྲ།  ང་རང་པང་ནས་མར་རྒྱུགས་སོང་། ངའི་བསམ་གཞིགས་ཀྱི་ཀློང་དཀྲོགས་ལ་ཁོ་རང་མར་རྒྱུགས་པའི་སྐབས་དང་བསྟུན་ནས་ངའི་དོན་ལྔ་སྣོད་དྲུག་ཡོད་ཚད་དཀྲུགས་པའི་སྣང་བ་སྐྱེས།   ང་རང་མགོ་གཡོ་འཁོར་ཞིང་རྣ་བ་ནས་སིང་སྒྲ་གྲག མིག་ཤུགས་ཀྱིས་ཚུམ་པ་ཡིན།

    མིག་སླར་ཕྱེ་དུས་ཁོ་རང་རྒྱུགས་ཀྱི་མི་འདུག་ལ་མགོ་ཡོམ་ཡང་འཁོར་གྱི་མི་འདུག  འཇིག་རྟེན་གྱི་ཡོད་ཚད་གསེར་རྩི་བྱུག་པ་ལྟ་བུའི་ཉི་འོད་ཀྱིས་ཁེངས་པས་ང་རང་ཧ་ལས་པར་འགྱུར།  ང་རང་སྐྱེས་ཡུལ་ནི་ཉི་འོད་ཀྱིས་ཁེངས་པའི་འཇིག་རྟེན་ཞིག་ཡིན་འདུག་ཨང་སྙམ་སྐབས་ངས་ཉི་འོད་ཀྱི་ཀློང་དུ་རྩེན་པའི་རྡུལ་ཕྲན་དག་མཐོང་བྱུང་།  ཁོ་ཚོས་ཉི་འོད་དག་འཇིག་རྟེན་འདི་ནས་བདའ་བཞིན་འདུག དེ་དང་མཉམ་དུ་སེམས་ཅན་རྣམས་ཀྱིས་འགྱུར་བ་མེད་སྣང་གི་ལུས་པོ་དག་རྡུལ་དུ་འགྱུར་བཞིན་འདུག  རྡུལ་དེ་དག་ནམ་མཁའ་རུ་ཟང་ཟིང་རྩེན་ཞིང་ཉི་འོད་དག་ཐག་རིང་གི་མུན་པའི་ཕྱོགས་སུ་བདའ་བཞིན་འདུག  ངས་འདི་ནི་དུས་ཚོད་ཡིན་དགོས་ཨང་སྙམ།  

  སྙན་བཟང་གིས་ང་རང་སར་བཞག་པ་དང་སྣ་སྒོར་སྒོར་ཡིན་པའི་སྲོག་ཆགས་ཤིག་འོ་འོ་ཟེར་ནས་ངའི་ལུས་ལ་དྲི་མ་སྣུམ་ཙམ་སྣུམ་ཙམ་བྱེད།  ང་རང་སྐྲག་ནས་ཚུར་ཙམ་འབྲོ་བ་དང་མཱ་མཱ་ཞེས་སྐད་བརྒྱབ་པས་སྙན་བཟང་གིས་སྤྲུ་ཕག་ཟེར་བཞིན་རྡོག་ཐོ་ཞིག་ཞུས་སོང་བས་འོ་འོ་ཟེར་བཞིན་བྲོས་སོང་།   མི་རིང་བའི་ས་ན་ལྕགས་ཐག་གིས་བཏགས་པའི་ལྕེ་ནར་ནར་བྱེད་མཁན་གྱིས་སྲོག་ཆགས་ཤིག་འདུག   སྙན་བཟང་ལ་སོགས་པའི་མི་རྣམས་ཀྱིས་དེ་ལ་ཁྱི་ཟེར།  སྒོ་རའི་ནང་དུ་འབའ་འབའ་ཟེར་བའི་སྲོག་ཆགས་ནག་ནག་རྭ་ཅོ་ཅན་གྱི་ཁེངས་འདུག་དེ་དག་ལ་ར་ཟེར། ང་རང་གློ་བུར་དུ་ཐོན་པའི་འཇིག་རྟེན་འདི་ནི་ཅི་འདྲའི་ཡ་མཚན་ཆེ་ཨང་། སེམས་ཅན་འདྲ་མི་འདྲ་ཡོད་ཚད་འདུག་ལ་དེ་དག་ཐམས་ཅད་ཀྱང་དུས་ཚོད་ཅེས་པའི་རྡུལ་ནང་དུ་ཅི་ཞིག་བོར་སོང་བ་བཞིན་ཟང་ཟིང་གིས་ཅི་ཞིག་འཚོལ་བཞིན་འདུག ངས་ཤེས་ཐབས་བྲལ།

   ཏག་ཏག་སྙན་བཟང་གི་ཨ་ཅག་ལགས་ཀྱིས་ལག་ནང་དུ་སྐྱོགས་དཀར་པོ་ཞིག་བཟུང་ནས་ར་བཞོ་བཞིན་འདུག  འོ་མ་སྐྱོགས་ནང་དུ་ཟགས་པར་སྟངས་སྟབས་ཀྱི་ཉམས་དང་ལྡན་ཞིང་ཉི་འོད་ནང་རྩེན་པའི་ཐལ་རྡུལ་དག་གིས་འོ་མའི་དྲི་མ་ཞིམ་པོ་ངའི་སྣ་ལམ་དུ་དྲངས་བས་ཕོ་བའི་ནང་གི་ཕྲ་ཕུང་དག་གིས་འོ་དྲི་ལ་བསྟོད་པའི་གླུ་དབྱངས་ལེན་བྱུང་།ངས་མཱ་མཱ་ཞེས་ང་ལྟོགས་བྱུང་ཟེར་ནས་སྐད་བརྒྱབ།

   སྙན་བཟང་ཁོ་རང་ཡང་ཞི་ཕྲུག་ཡིན་པ་བཞིན་མཱ་མཱ་ཟེར་ནས་ང་ལ་བྱིལ་བྱིལ་བྱེད།  མཱ་མཱ་ཟེར་རྗེས་གློ་བུར་ཅི་ཞིག་དྲན་པ་བཞིན་ཁ་རོག་མ་ར་རྣམས་ཀྱི་བར་དུ་ཡར་འགྲོ་བཞིན་མཆོངས་ཐེངས་གཅིག་གིས་ར་མ་ནུ་མ་ཆེན་པོ་ཅན་ཞིག་བཟུང་སོང་།

   སྙན་བཟང་གིས་ང་རང་རའི་ལྟོ་བོའི་འོག་ཏུ་བསྲིངས།  ནེམ་ན་ལྡན་པའི་རའི་ནུ་མ་ངའི་ཁ་ནང་བཅུག་མ་ཐག་ངས་དེ་ནི་བཟའ་རྒྱུ་ཞིག་ཡིན་ནམ་སྙམ་གྱིན་སོ་བཏབ་པ་ན་སྙན་བཟང་གིས་རྨོངས་ཕྲུག་ནུ་མ་ནུས་ཤིག་ཟེར།  ཁོ་རང་ནི་མི་རྒན་ཞིག་ཡིན་སྙམ་བྱེད།   ང་རང་སྙན་བཟང་གི་ལག་ཐོག་ཏུ་གན་རྐྱལ་དུ་ཉལ་ནས་ར་མའི་ནུ་མ་ཡ་གཅིག་ནུས།  ངས་ནུ་མ་ནུ་བཞིན་ནུ་བཞིན་ར་མའི་སྤུའི་གསེབ་ནས་ནམ་མཁའ་མཐོང་བྱུང་། ནམ་མཁའ་ན་སྤྲིན་པ་རེ་གཉིས་ཙམ་དམིགས་ཡུལ་མེད་པར་འཆམ་བཞིན་འདུག  ངས་སྔོ་ཞིང་དྭངས་པའི་ནམ་མཁའ་དང་དེའི་ངོས་ཀྱི་སྤྲིན་པ་དག་མཐོང་བ་དང་སྟོབས་ཤུགས་མཛད་མཐའ་མེད་པ་ཞིག་སྐྱེས།  ངས་སྟོབས་ཤུགས་དེ་སྤྱད་ནས་ནུ་མ་ནུ་བ་ན་འོ་མ་དག་ཤང་སྒྲ་དང་བཅས་ངའི་གྲོད་པ་ན་ཟགས།   འོ་མ་དེ་དག་ལས་རྩྭ་སྔོན་པོའི་དྲི་མ་ཁ་ཞིང་སྣང་བ་ཞིག་ལ་ངའི་མགོ་ཐོག་གི་ནམ་མཁའ་ཡང་འོ་མས་ཁེངས་སོང་ལ་འོ་མ་དག་རྩྭ་ཕྲན་དུ་གྱུར།  ཚེར་སེ་སྐྱ་བོར་གྱུར།  ཆུ་ཕྲན་དུ་གྱུར།  རང་བྱུང་ཁམས་ཀྱི་མཛེས་སྡུག་དེ་དག་གིས་ང་ལ་རྫོགས་སུ་མེད་པའི་སྐྱེས་སྟོབས་བསྩལ། 

   ནུ་མ་དེའི་འོ་མ་ཕྱེད་ཙམ་འཐུངས་རྗེས་གྲོད་པ་འབུར་ནས་འོ་མ་མགྲིན་པ་ན་འཚང་ཡོང་བས་ཁམ་གང་ཡང་འཐུང་ཐུབ་མི་འདུག ཁ་དང་ནུ་མ་སོ་སོ་བྲལ་རྗེས་ང་རང་དབུགས་ཧལ་ཧལ་གྱིས་སྙན་བཟང་གི་ལག་མཐིལ་ན་ཉལ་ནས་བསྡད།  ཁོས་ཀྱང་ངའི་གྲོད་པ་ལ་ལག་པས་བྱིལ་ཙམ་བྱིལ་ཙམ་བྱས་རྗེས་འོ་མ་འཐུང་མཁན་དེ་ཁོ་རང་ཡིན་པ་བཞིན་མགོ་བོ་ནང་དུ་ཅོག་ཙམ་ཅོག་ཙམ་བྱེད་པ་དང་སྣ་ནས་ཡིད་ཚིམ་པའི་སྒྲ་ཞིག་ཐོན་བྱུང་།

   ཁྱོད་ཀྱིས་རའི་འོ་མ་ཐམས་ཅད་ཞི་ཕྲུག་ལ་འཐུང་དུ་བཅུག་ན་རྗེས་སུ་ཁྱོད་རང་གི་འོ་ཇ་འཐུང་མི་དགོས།  འོ་མ་བཞོ་བཞིན་པའི་ཨ་ཅག་དེས་མི་རངས་བའི་སྒོ་ནས་འདི་ལྟར་བཤད།

   སྙན་བཟང་གིས་ལན་དུ་ཞི་ཕྲུག་ཁོའི་གྲོད་པ་འདི་འདྲའི་ཆུང་ཆུང་ཞིག་ཡིན་པས་འོ་མ་མང་པོ་འཐུང་ཐུབ་ཀྱི་མ་རེད་ཅེས་གསལ་བཤད་བྱས་ཀྱང་ནེ་ཙོ་ལྟར་ཁ་ཚུམ་རྒྱུ་མེད་པའི་ཨ་ཅག་གིས་ཁོས་འོ་མ་མང་པོ་འཐུང་སོང་ན་ཁྱོད་ཀྱིས་ཁོའི་ཚབ་ཏུ་འོ་མ་བཟོ་ཐུབ་བམ་ཞེས་འདྲི་བྱུང་།

    དེའི་ལན་དུ་སྙན་བཟང་གིས་ཨ་ཅག་གི་ཕྱོགས་སུ་ཕྱོགས་ནས་གཅིན་པ་གཏང་གྲབས་བྱེད་བྱུང་།  ཁོའི་གཅིན་པ་ས་ལ་མ་ཟགས་པའི་སྔོན་དུ་ཨ་ཅག་གིས་རྡོ་ཞིག་བླངས་ནས་ཐད་ཀར་ང་གཉིས་ཀྱི་ཕྱོགས་སུ་འཕངསས་བྱུང་།  རྡོ་དེ་ང་གཉིས་ལ་གཏད་ནས་འཕུར་ཡོང་དུས་སྙན་བཟང་བདེ་ལྕག་ཆེན་པོ་གཡས་ཕྱོགས་སུ་ནུར་ཙམ་བྱེད་པས་ལག་རྡོ་དེ་ང་གཉིས་ཀྱི་གཡོན་ཕྱོགས་སུ་འཕུར་སོང་།  གཡོན་གྱི་ར་དག་འུར་རེ་འདྲོགས།

     ཨ་ཅག་གིས་ད་དུང་ཡང་ལག་རྡོ་འཕང་ཨེ་འོང་སྙམ་ནས་སྐྲག་པ་འདྲ།   སྙན་བཟང་གིས་ང་རང་པང་བཞིན་ར་བའི་སྒོ་ནས་ཕྱིར་འབྲོ། གལ་སྲིད་མ་འབྲོ་ན་ཨ་ཅག་གིས་ད་དུང་ཡང་རྡོ་ཞིག་འཕང་བྱུང་ཚེ་བཟུར་ཐབས་མེད་པ་དེ་ཁྲོས་ནས་དམར་པོར་འགྱུར་བའི་མོའི་གདོང་ལས་ཤེས་ཐུབ་པ་འདུག

    སྒོ་ནས་ཐོན་པ་ན་མིག་ལམ་དུ་ཤར་འོང་བ་ནི་སྔོ་ལྗང་ལྗང་གི་འཇིག་རྟེན་ཞིག་རེད།   ང་རང་སྐྱེས་ཉིན་དེར་མི་རྣམས་ཀྱིས་གླེང་བཞིན་པའི་ཁ་བ་ཞེས་པ་ནི་སྔོ་ལྗང་ལྗང་དེ་ཡིན་ནམ་སྙམ་གྱིན་མཱ་མཱ།  འདི་ཁ་བ་ཡིན་ནམ་ཞེས་དྲིས་པ་ན་སྙན་བཟང་གིས་ཀྱང་ངའི་དྲི་བའི་གོ་དོན་ཤེས་སོང་བ་འདྲ།  ཁ་བ་སྔོན་པོ་ཞིག་ག་ལ་ཡོད་ཨང་།   ད་ལྟ་ནི་དབྱར་ཁ་ཡིན་པས་ཁ་བ་འབབ་མི་སྲིད།   ང་རང་ཞོགས་པ་ངུས་བཞག་དུས་རྒན་པ་རྣམས་ཀྱིས་ང་ལ་སེམས་གསོ་བྱེད་པའི་ཆེད་དུ་འདི་ལྟར་རྫུན་ལབ་པ་རེད་ཟེར།  ང་རང་རྒན་པ་རྣམས་ཀྱི་སྐད་ཆ་ལ་ཉན་གི་མེད།  ཁོ་ཚོའི་ཁ་ནས་ཐོན་པའི་སྐད་ཆ་མང་ཆེ་ཤོས་རྫུན་ཡིན།  ཁོ་ཚོས་རྫུན་ལབ་ཡོང་དུས་བདེན་པ་ལས་ཀྱང་གསོན་ཉམས་ལྡན་པར་བཤད་ཡོང་གི་ཡོད་ཟེར།

     ངས་ཁོའི་སྐད་དེ་ཉམས་མྱོང་རྒད་པོའི་འབེབ་གཏམ་རེད་འདུག་སྙམ་གྱིན་མཱ་མཱ་ཞེས་བརྗོད་པ་ཡིན།    ངས་ད་ལྟ་ནི་དབྱར་ཁ་ཡིན་པ་དང་དབྱར་ཁ་ཟེར་བ་དེ་ཡིན་དུས་ཁ་བ་འབབ་མི་སྲིད་པ་རྟོགས་སོང་།

     དབྱར་གྱི་ཞིང་ཁའི་ནང་དུ་གྲོ་སྔོ་ལྗང་ལྗང་དུ་སྐྱེས་འདུག   གྲོའི་དཀྱིལ་དུ་སྙན་བཟང་གི་ཨ་མ་ཚེ་སྐྱིད་ཀྱིས་རྩྭ་ངན་འབལ་བཞིན་མཆིས།  སྐབས་སྐབས་སུ་མོ་རང་གྲོ་ཞིང་གི་དཀྱིལ་ནས་ཐོན་འོང་ལ་མཚམས་མཚམས་སུ་གྲོའི་དཀྱིལ་དུ་ཡལ།   ང་གཉིས་ཞིང་ཁར་ཐོན་དུས་གློ་བུར་ཡར་ཐོན་བྱུང་བས་ཞིང་ཁའི་ང་གཉིས་མཐོང་སོང་།

     ཁྱོད་ཡང་གང་དུ་འགྲོ་བསམ་པ་ཡིན།  ཁྲོ་བའི་ཉམས་ཀྱིས་བཤད།

    སྙན་བཟང་གིས་མོ་ལ་ལན་ཅི་ཡང་མ་བཏབ་པར་ལག་གཡས་པས་ཆུ་རྐྱལ་བ་ལྟར་བྱེད་ནས་མོ་ཁ་ནས་ཨ་མའི་ཕྱོགས་སུ་སོང་།

      ཐན་ཕྲུག་ཚུར་མ་འོང་།   གྲོ་བརྫིས་འོང་ཟེར་ཡང་སྙན་བཟང་ནི་མིའི་ཁ་ལ་ཉན་མཁན་ཞིག་ག་ལ་ཡིན།   མོའི་འགྲམ་དུ་སོང་།

      སྐབས་དེར་ཐག་རིང་ནས་མི་ཞིག་གིས་ང་ཚོར་ལྟ་བཞིན་ཡོད་ན་ཞིང་ཐང་གི་ཁྲོད་དུ་ཨ་མ་ཆོས་སྒྲོན་གྱི་རྒྱབ་གཟུགས་ལས་ཅི་ཡང་མཐོང་མི་སྲིད།   རྒྱུ་མཚན་ནི་གྲོའི་སྙེ་མ་དག་སྙན་བཟང་གི་མགོ་ཐོག་ཏུ་སྐྱེས་ཡོད་ལ་ང་རང་གི་ལུས་འདི་དེ་བས་ཀྱང་ག་ལ་མཐོང་།སྐབས་དེར་ང་རང་སྙན་བཟང་གི་རུམ་དུ་ཉལ་ནས་ཡོད།

     ང་གཉིས་ཨ་མ་ཚེ་སྐྱིད་ཀྱི་འགྲམ་དུ་སླེབས་དུས་དམའ་འབེབ་བྱེད་མ་བྱུང་ལ་ང་ལའང་ཁ་ཡ་བྱེད་མ་བྱུང་།

    སྙན་བཟང་གིས་ང་རང་ཨ་མ་ཚེ་སྐྱིད་ཀྱི་ཕྲག་པའི་ཐོག་བཞག  ང་རང་གཡས་གཡོ་གཡོན་གཡོ་བྱེད་བཞིན་མར་ལྷུང་གྲབས་བྱེད་པ་ན་སྙན་བཟང་ཧ་ཧ་ཞེས་དགོད་བྱུང་།  རིམ་གྱིས་ང་རང་ཡང་ཨ་མ་ཚེ་སྐྱིད་ཀྱི་ཕྲག་ཐོག་ཏུ་ཙོག་པོ་བསྡད་པར་གོམས་སོང་།   ཨ་མ་ཚེ་སྐྱིད་མར་སྒུར་ནས་རྩ་ངན་འབལ་དུས་ངས་གཟབ་གཟབ་ཀྱིས་མར་མ་ལྷུང་བ་བྱེད།  ཨ་མ་ཚེ་སྐྱིད་ཡར་ལངས་ཚེ་ཕྱོགས་བཞི་ལང་ལོང་དུ་གཡོ་བཞིན་པའི་གྲོའི་སྙེ་མ་ལ་ལག་པ་བརྐྱངས་ནས་རྩེད་མོ་རྩེ།   ངས་མིག་མདུན་གྱི་སྙེ་མ་ལ་ལག་པ་བརྒྱབ་ཙམ་བརྒྱབ་ཙམ་བྱེད་པ་ན་ཨ་མ་ཚེ་སྐྱིད་ཀྱང་ངའི་ཚུལ་ལ་ལྟ་བཞིན་བགད་སོང་།

     སྐབས་དེར་ཐག་རིང་གི་ས་ན་འབར་རྫས་གས་པའི་སྒྲ་གྲགས་པ་ཐོས་ཚེ་ང་ཡང་ཚ་འཕག་ཅིག་བྱེད་པ་དང་ཨ་མ་ཚེ་སྐྱིད་ཀྱི་ཕྲག་པ་ནས་ཐད་ཀར་མར་ལྷུང་།  ད་དཔེ་བསགས་སོང་སྙམ་གྱིན་མིག་ཚུམ་པ་དང་ཐད་ཀར་ས་ཐོག་ཏུ་ལྷུང་སོང་། 

   མཱ་མཱ།  ཨ་བ་ཨ་མ།  ངས་སྐད་ངན་འདི་ལྟར་ཤོར་རྗེས་མིག་ཕྱེ་བ་ན་ལུས་ལ་ན་ཟུག་ཅི་ཡང་མི་འདུག་པས་ཅི་ཡིན་ནམ་སྙམ།  མ་གཞི་ང་རང་མར་ལྷུང་པའི་སྐབས་དེར་སྙན་བཟང་གིས་ལག་རིང་བརྐྱངས་ཐེངས་གཅིག་གིས་བཟུང་བ་འདྲ།  ད་ལྟ་ང་རང་སྙན་བཟང་གི་པང་དུ་ཉལ་འདུག

       ཡང་ལུང་ཆུ་ནང་རྫས་དམ་འཕང་སོང་བ་འདྲ།  ཨོཾ་མ་ཎི་པདྨ་ཧུྃ།         ཨ་མ་ཚེ་སྐྱིད་ཀྱིས་ང་རང་མོའི་ཕྲག་པ་ནས་མར་ལྷུང་སོང་བའང་ཚོར་མེད་པ་འདྲ།  ད་དུང་ཡང་ཡལ་མེད་པའི་འབར་རྫས་གས་པའི་བྲག་ཆ་ལ་ལྷད་ནས་འདུག

   ཡང་ཉ་གསོད་མཁན་གྱི་ལས་བྱེད་པ་དེ་དག་སླེབ་པ་འདྲ།  ཨ་མ་ཚེ་སྐྱིད་ཀྱིས་འདི་ལྟར་བཤད་སྐབས།  ངའི་བློ་ངོར་ལས་བྱེད་པ་ཟེར་བ་དེ་ཅི་འདྲའི་འཇིགས་སུ་རུང་བ་ཞིག་རེད་ཨང་།  ཁོ་ཚོ་སླེབ་མ་ཐག་ས་འགུལ་གནམ་གཡོ།  བྲག་ཆ་མཆེད།  སྐད་ཆུང་ངུས་ཁ་འདོན་པར་གོམས་པའི་ཨ་མ་ཚེ་སྐྱིད་ཀྱིས་ཀྱང་སྐད་ཆེན་པོས་མ་ཎི་འདོན་བྱུང་།

    འབར་རྫས་གས་པའི་སྒྲས་སྟར་སྡོང་ཆེན་པོ་དེ་ན་ཁུ་སིམ་མེ་བསྡད་པའི་ཕོ་རོག་དང་ཕུག་རོན།   བྱིའུ་ཡི་ཁྱུ་དག་འུར་རེ་དཀྲོགས།   གལ་སྲིད་ཁོ་ཚོ་གློ་བུར་འདྲོགས་མི་འོང་ན་སུས་ཀྱང་སྟར་སྡོང་དེའི་ཐོག་ཏུ་སྲོག་ཆགས་མང་པོ་ཞིག་འཆམ་མཐུན་ངང་གནས་ཡོད་པ་རྟོགས་ཐབས་བྲལ།

ཕོ་རོག་དང་ཕུག་རོན།   བྱིའུ་དག་ངའི་མགོ་ཐོག་ནས་ཐག་རིང་དུ་འཕུར་སོང་།  སྐབས་དེར་སྙན་བཟང་གིས་ང་རང་པང་བཞིན་ཚུར་ཅི་ལྟར་ཡོང་བ་བཞིན་ཕར་མུ་ཁར་དེ་ལྟར་བསྐྱོད་བཞིན་ཡོད།

   སྙན་བཟང་།   ཁྱོད་རང་ཉིན་གང་ཁྱི་འཁྱམས་ཤིག་ལྟར་ཞིང་ཁར་རྒྱུགས་ནས་མ་བསྡད་ཨ།  སྦྲུལ་བརྫིས་ཡོང་།   མགྱོགས་པོ་ཨ་མྱེས་ཀྱི་སར་སོང་།   ཨ་མ་ཚེ་སྐྱིད་ཀྱིས་ང་གཉིས་ཀྱི་རྗེས་ནས་འདི་ལྟར་འབོད།

       ཡ་ཡ།    ཡ་ཡ།   སྙན་བཟང་གི་ཁ་ནས་འདི་ལྟར་བཤད་ཀྱང་འགྲོ་རྒྱུ་ནི་ཨ་མྱེས་ཡོད་པའི་ཁང་ཁྱིམ་གྱི་ཕྱོགས་སུ་མི་འགྲོ་བར་དེ་ལས་ལྡོག་ཏེ་མུ་ཁ་བརྒྱུད་ནས་ལུང་ཆུའི་ཕྱོགས་སུ་བསྐྱོད་སོང་།    ལམ་བར་གྱི་་ཟིལ་བ་ཡོངས་སུ་བསྐམས་ཟིན་པའི་རྩྭའི་གསེབ་དུ་གོམ་པ་སྤོ་ཐེངས་རེར་ཁ་དོག་མི་གཅིག་པའི་འབུ་ཆ་ག་བ་མང་པོས་སྒྲ་ཚཱ་ཚཱ་ཞེས་སྒྲོག་མཚམས་རེ་ཞིག་ཆད་སོང་ལ་འདྲོགས་ནས་ཕྱོགས་ཕྱོགས་སུ་འཐོར།

     ང་གཉིས་མུ་ཁ་བརྒྱུད་ནས་མིང་མེད་པའི་ལུང་ཆུ་ཆེ་རྒྱུ་མེད་ལ་ཆུང་རྒྱུ་མེད་པ་དེའི་ཁར་སླེབས། 

 མཱ་མཱ།    ལུང་ཆུ་ཁར་སླེབས་སོང་།  ངས་སྐད་འདི་འདྲ་ཞིག་སྒྲོག་ཀྱང་སྙན་བཟང་གི་ང་ལ་ཁ་ཡ་མི་བྱེད་པར་གདོང་ལ་ཁོའི་ལོ་ན་དང་མི་འཚམ་པའི་གཟབ་ནན་གྱི་རྣམ་འགྱུར་ཞིག་བསྡུས་ནས་ཆུའི་ངོས་སུ་ཕྱོ་ཡོང་བའི་རྦ་རླབས་དང་རྦ་རླབས་ངོས་ཀྱི་ལྦུ་བར་ཧད་ནས་ལུས།  ངས་ཧད་རྒྱུ་ཅི་ཞིག་ཡོད་དམ་སྙམ་གྱིན་ཆུའི་ངོས་སུ་ཞིབ་པ་བལྟ་དུས་རྦ་རླབས་དང་ལྦུ་བ་ལས་གཞན་ཅི་ཡང་མི་འདུག

    སྙན་བཟང་གིས་ཆུ་ལ་བལྟས་ནས་སྐད་རྒྱག་ཡོང་དུས་ངས་སླར་ཡང་རྦ་རླབས་གསར་པ་དང་ལྦུ་བ་གསར་པ་ཕྱོ་བཞིན་པའི་ཆུ་ངོས་སུ་བལྟས།  ལྦུ་བ་དང་མཉམ་དུ་ཉ་ཆེན་པོ་ཞིག་ལྟོ་བ་གནམ་ལ་བསྟན་ནས་འཁུར་བཞིན་པ་མཐོང་བྱུང་།  སྐབས་སྐབས་སུ་ལྦུ་བའི་ཁྲོད་དུ་ཐོན་ལ་མཚམས་མཚམས་སུ་མི་མངོན་བར་གྱུར།   མཱ་མཱ།  ཨ་ལ་ལ། ཉ་མོ་ཆེན་པོ་ཞིག ངས་ཀྱང་སྐད་རྒྱག

    སྙན་བཟང་གིས་དེ་སྔོན་བཞིན་མཱ་མཱ་ཟེར་ང་ལ་ཁ་ཡ་བྱེད་མ་བྱུང་།  ཉ་མོ་དེ་ཡང་ང་གཉིས་ཀྱི་བསམ་དོན་བཞིན་ཆུའི་ཚུར་ཁར་མི་འོང་བར་ཕ་རོལ་གྱི་ཆུ་ཤིང་གི་ཡལ་ག་ཞིག་ལ་ཐོགས་སོང་། 

    ང་གཉིས་མི་རིང་བའི་ཟམ་པ་སྟབས་བདེ་དེ་བརྒྱུད་ནས་ཉ་མོ་ལེན་དུ་མི་འགྲོ་ཀ་མེད་གྱུར།  སྙན་བཟང་གིས་ང་རང་པང་ནས་ཤིང་ཟམ་ཆུང་ཆུང་ཐོག་མགྱོགས་ཤིག་ཤིག་རྒྱུགས། མཱ་མཱ། ང་རང་སྐྲག་ནས་སྐད་ངན་ཤོར་ནའང་ད་ལྟ་སྙན་བཟང་གི་མིག་ནང་དུ་ང་རང་སྲོག་མེད་ཀྱི་བེམ་རོ་ཞིག་ལས་གཞན་ཅི་ཡང་རྩི་གི་མི་འདུག  ད་ལྟ་ཁོའི་སེམས་ནང་མི་རིང་བའི་ས་ན་ཐོགས་ཡོད་པའི་ཉ་མོ་ལས་མེད་པ་འདྲ།

     ཉ་མོ་དེ་སྔ་མལ་ན་འདུག   ཁོས་ང་གཉིས་སླེབས་པ་མཐོང་དུས་ཁ་བར་མེད་དུ་འགུལ་བ་ལས་འབྲོ་པའི་སྟོབས་ཤུགས་མེད་པ་འདྲ།  སྙན་བཟང་གིས་བཟུང་སོང་དུས་ཐ་ན་འཕག་འཚག་ཙམ་ཡང་བྱེད་ཐུབ་མ་ཐལ།  ཡིན་ཡང་ཁོའི་ཁ་བར་མེད་དུ་གདང་པ་ནི་ང་གཉིས་ལ་ཁོ་རང་རྫས་དམ་གྱིས་རྨས་པའི་ན་ཟུག་གླེང་བ་དང་མཚུངས།

     སྙན་བཟང་གིས་ཉ་མོ་རྨས་མ་དེ་བཀྱགས་ཨེ་ཐུབ་མི་ཐུབ་ཀྱིས་ཡར་བཀྱགས་པ་ན་ཉ་དེའི་རིང་ཚད་ཁོའི་སྐད་པ་ཙམ་སླེབས་འདུག་པ་མཐོང་འཕྲལ།  ཧ་ལས་ནས་ཨ་བ་ཨ་མ་ཟེར།   མཱ་མཱ།  ཨ་བ་ཨ་མ།  ངས་ཀྱང་སྐད་འདི་ལྟ་བརྒྱབ།  ཡིན་ཡང་ཁོས་ང་ལ་ཁ་ཡ་མ་བྱེད་པར་ཐད་ཀར་ཟམ་པའི་ཕྱོགས་སུ་ཕྱིན་ཐལ། ང་རང་སྐྲག་དྲགས་ནས་ཁོའི་རྗེས་འདེད།  ད་ལྟ་ང་རང་ནར་སོན་མེད་པས་གཟུགས་ཀྱང་ང་ཚོ་ཞི་མིའི་དགྲ་བོ་ཙི་ཙི་ལས་ཅུང་ཆེ་ཙམ་ཡིན།   གོམ་གང་སྤོ་དུས་ཐེངས་གཅིག་འགྱེལ་བ་དང་ཡར་ལངས་དུས་སླར་ཡང་ཐེངས་གཅིག་འགྱེལ།

ང་རང་ཐེངས་མང་འགྱེལ་རྗེས་གཞི་ནས་ཟམ་པའི་ཁ་རུ་སླེབ་ཐུབ་ཙམ་བྱུང་།  སྐབས་དེར་སྙན་བཟང་སྔར་བཞིན་ཉ་མོ་འཁུར་ཨེ་ཐུབ་མི་ཐུབ་བྱས་ནས་ཟམ་པའི་ཕར་རོལ་དུ་ཕྱིན་གྱིན་འདའ། 

   མཱ་མཱ།   ང་པང་རོགས།   ང་རང་ཁོའི་རྗེས་སུ་འདི་ལྟར་འབོད་ནས་ངུས་མོད་ཁོས་ཕྱི་ལྟ་ཞིག་ཀྱང་བྱེད་རོགས་མི་བྱེད།  

      ང་རང་ངུ་བཞིན་ངུ་བཞིན་གོམ་པ་རེ་རེ་ནས་རེ་རེ་སྤོས་ནས་ཟམ་པ་དེ་མི་བརྒྱུད་ཀ་མེད་བྱུང་།  གོམ་པ་ཁ་ཤས་སྤོས་རྗེས་ང་རང་འགྱེལ་མ་སོང་།  ཡིན་ཡང་སྐྲག་དྲགས་ནས་ལུས་པོ་འདར་ཡོམ་ཡོམ་བྱེད། ཟམ་པ་དེའི་དཀྱིལ་དུ་སླེབ་དུས་ངས་འོག་གི་དྲག་ཏུ་ཕྱོ་བའི་རྦ་རླབས་དང་ངོས་ཀྱི་ལྦུ་བར་ཐེངས་གཅིག་བལྟས་མ་ཐག་མགོ་ཡོམ་བར་མེད་དུ་འཁོར།    ཕྱོགས་བཞི་བོར།   གནམ་ས་སྟེང་འོག་བརྗེས།  ང་རང་རྦ་རླབས་དང་ལྦུ་བའི་ངོས་སུ་ལྷུང་སོང་། 

     ང་རང་ཆུ་ནང་ལྷུང་པ་ན་གྲང་བ་ལ་སོགས་ཅི་ཡང་ཚོར་གྱིན་མི་འདུག་བ་ནི་རྨི་ལམ་མེད་པའི་གཉིད་དུ་ལྷུང་བ་བཞིན།   དེ་ནི་ཆུ་ནང་མ་ལྷུང་བའི་གོང་རོལ་དུ་ཚོར་བ་ཡོད་ཚད་ཤོར་བ་འདྲ།   ཆུ་ནང་ལྷུང་རྗེས་ཀྱི་སྣང་བ་ནི་ང་རང་འཇིག་རྟེན་འདིའི་ཐོག་ཏུ་མ་འོང་གོང་གི་སྣང་བ་དང་གཅིག་པ་རེད།  སྟོང་ལྷང་ལྷང་།   དེ་ནི་འཆི་བ་ཟེར་བ་དེ་ཡིན་ནམ་སྙམ་གྱིན་མིག་ཕྱེ་བ་ན་སྙན་བཟང་རབ་རིབ་གྱིས་མཐོང་བྱུང་།  དེ་ནས་ཁོའི་མགོ་ཐོག་གི་ནམ་མཁའ་གསལ་བར་མཐོང་།  མ་ཟད་མིག་ཀེམ་ཀེམ་དུ་གཡོ་བཞིན་པའི་ཕྲུ་གུ་མང་པོ་ཞིག་གིས་ནམ་མཁའ་ནས་ང་ལ་མཚར་སྣང་དང་བཅས་ལྟ་བཞིན་པ་མཐོང་བྱུང་།  ཚུལ་འདི་དག་མཐོང་ཚེ་ད་ལྟའི་སྣང་བ་དེ་འཆི་བས་ང་རང་ཟིན་པ་མ་ཡིན་པར་ངས་འཆི་བ་ཡིད་ལ་བྱེད་པ་ཙམ་ལས་མ་འདས་པ་རྟོགས།    ཕྲུག་གུ་མང་པོའི་ནང་ནས་གང་དེ་ཡིན་པ་མི་ཤེས་པ་གཅིག་གིས་མིག་ཕྱེ་བྱུང་ཟེར།  ངའི་བརླན་ཤིག་ཤིག་གི་ལུས་པོ་འདི་ཚ་ལྷང་ལྷང་གི་བྱེ་མའི་ཐོག་ཏུ་ཡོད་པ་ཤེས་མ་ཐག་ཡར་ལངས་པ་ན་གྲོད་པ་ཁེངས་བའི་ཆུ་དག་གློ་བུར་སྐྱུག་ལ་དེ་ནས་བྱེ་མའི་ནང་སིམ།  རིམ་གྱིས་སྐམ། ངས་སྐྱུགས་པ་དེ་ནི་འཆི་བ་ཡིན་སྣང་འཆར་ལ་འཆི་བ་ཁོ་རང་བྱེ་མའི་ནང་སིམ་རྗེས་ང་དང་བར་ཐག་རིང་དུ་བཀྱེད་སོང་།

     ངའི་རིག་པ་ཇེ་གསལ་དུ་སོང་བ་དང་བསྟུན་ནས་གནམ་སྔོན་པོའི་འོག་གི་ས་གཞི་མཐོང་བྱུང་། ས་གཞིའི་ཐོག་ཏུ་བྱིས་པ་དམར་རྗེན་མང་པོ་ཞིག་གིས་རྩེད་མོ་རྩེ་བཞིན་པ་མཐོང་། 

   ངས་ལུས་ཀྱི་ཆུ་རྣམས་སྤྲུགས་སྤྲུགས་བྱེད་པ་དང་ཆུས་འཁུར་བཞིན་པའི་འདས་སོང་གི་ང་རང་གསལ་ལེར་ཡིད་ལ་ཤར།   ང་རང་ཡང་རྫས་དམ་གྱིས་རྨས་སོང་བའི་ཉ་མོ་དེ་བཞིན་ལྟོ་བ་གནམ་ལ་བསྟན་ནས་འཁུར་བཞིན་མཆིས།  རྦ་རླབས་གཅིག་འོང་ནས་མི་མངོན་བ་བཟོས་རྗེས་རྦ་རླབས་གཞན་ཞིག་གིས་སླར་མངོན་པར་སྟོན།  སྐབས་དེར་སྙན་བཟང་ཆུ་ཁའི་ཕ་བོང་གཅིག་གི་ཐོག་ནས་གཅིག་ཏུ་འཕུར་བཞིན་ང་རང་འདེད་ཀྱིན་འདུག  ང་རང་བྱེ་ཐང་ཡོད་ས་ཞིག་ཏུ་ཁུར་ཚེ་ཆུ་རྩེད་བྱེད་བཞིན་པའི་བྱིས་པ་ཞིག་གིས་ང་རང་བཟུང་ནས་ཆུ་ཁའི་བྱེ་ཐང་དུ་བསྐྱལ་བ་ཚོར།  འཆི་བ་ལས་ཐར་བའི་ད་ལྟ་བའི་ངས་འདི་ལྟར་མཁྱིན་བཞིན་ཉི་འོད་འོག་ཏུ་གྲང་འདར་ཞིག་ཤོར།

     བྱེ་ཐང་དུ་བྱིས་པ་མང་པོ་ཞིག་གིས་ལག་པ་ཚུར་བརྐྱངས་ནས་ང་ལ་བྱིལ་ཙམ་བྱིལ་ཙམ་བྱེད།  

   ཕར་སོང་ཕར་སོང་།   ཁྱོད་ཚོ་ཕར་སོང་།  སྙན་བཟང་གིས་བྱིས་པ་དེ་དག་ཕར་བདས་རྗེས།  ངའི་སྲོག་སྐྱོབ་མཁན་དེ་ཁོ་རང་ཡིན་པ་ལྟར་བྱེད།  བྱིས་པ་དེ་ཚོ་སྙན་བཟང་ལ་ཅུང་ཙམ་སྐྲག་བཞིན་ཡོད་པ་འདྲ།  ཕར་ཙམ་སོང་ནས་ཤི་ཟིན་པའི་ཉ་ཆེན་པོ་དེ་ལ་ལྟ་བཞིན་བསྡད།

   ཆུས་བརླན་པས་ངའི་ལུས་འདི་སྔར་ལས་ཇེ་ཆུང་དུ་གྱུར།  རླུང་བུ་ཞིག་ལྡང་བ་ན་བྱེ་མ་ཐམས་ཅད་ང་ལ་ལྷན་ཡོང་བས་ཁ་དོག་ངན་པར་གྱུར་བ་སྨོས་མ་དགོས།

    ངས་ཆུ་དང་བྱེ་མ་སྤྲུགས་སྤྲུགས་བྱེད་བཞིན་བྱེ་ཐང་དུ་འཁྱར་འཁྱོར་གྱིས་ཉུལ་བ་ན་སྙན་བཟང་ཡང་སེམས་བདེ་སོང་བ་འདྲ། ཉ་ཆེན་པོ་དེ་ཕར་ཁུར་ཚུར་ཁུར་བྱེད་བཞིན་པའི་བྱིས་པ་རྣམས་ཕར་སོང་ཕར་སོང་ཞེས་བདས། བྱིས་པ་དེ་ཚོ་ཁོ་ལ་ཅིའི་ཕྱིར་སྐྲག་པ་མི་ཤེས།  ཆུ་རྐྱལ་བར་ཕྱིན་སོང་།

  ཆུ་རྐྱལ་ནས་ཡུན་རིང་མ་འདས་པར་སྙནབཟང་གིས་ཁོ་ཚོ་ཚུར་ཤོག་ཅེས་འབོད།  ཁོས་བྱིས་པ་དེ་དག་བྱེ་ཐང་དུ་བམ་རིང་སྒྲིག་བཅུག་རྗེས་ཁོ་རང་ནི་གློག་བརྙན་ནང་གི་དམག་དཔོན་ཡིན་པ་བཞིན་གཡས་ལ་བསྐོར་ཟེར།

    བྱིས་པ་དེ་དག་གིས་གཡོན་ལ་བསྐོར་སོང་།  ཡིན་ཡང་དམག་དཔོན་གྱིས་ཀྱང་གཡས་གཡོན་མི་ཤེས་པ་འདྲ།  དམའ་འབེབས་ཅི་ཡང་མ་བྱས།   དེ་བཞིན་གཡོན་ལ་སྐོར་ཟེར་དུས་གཡས་སུ་བསྐོར་སོང་།དམག་མི་གཅེར་བུ་བ་འགས་བྱེ་ཐང་དུ་གཡས་སྐོར་གཡོན་སྐོར་བྱེད་པའི་རྣམ་པ་དེ་དགོད་བྲོ་བ་ཞིག་རེད་ཨང་སྙམ་གྱིན་ལུས་ཀྱི་སྤུ་དག་བྱེ་ཐང་གི་ཉི་འོད་དྲོ་པོས་བསྐམས་ཟིན་པས་ད་ནི་སྤྲུགས་སྤྲུགས་ཀྱང་བྱེད་དགོས་ཀྱི་མི་འདུག་པས་ཁོ་ཚོའི་རྣམ་པ་ཡ་མཚན་དེ་དག་ལྟ་བཞིན་མཱ་མཱ་ཞེས་དགོད་པ་ཡིན།    ངས་མཱ་མཱ་ཟེར་བ་ཐོས་འཕྲལ་ཡང་ན་ངའི་དགོད་སྒྲ་ཐོས་འཕྲལ།    དམག་མི་དང་དམག་དཔོན་མཉམ་དུ་ཧ་ཧ་དགོད་བྱུང་།

        བགད་ཚར་རྗེས་དམག་མི་རྣམས་སློབ་ཕྲུག་ཏུ་གྱུར་སོང་།དམག་དཔོན་དེ་དགེ་རྒན་དུ་གྱུར།   སློབ་མ་རྣམས་བྱེ་ཐང་དུ་ཙོག་པོར་བསྡད་པ་དང་དགེ་རྒན་གྱིས་རང་ལས་རིང་བའི་དབྱུག་པ་ཞིག་ཁུར་ནས་སློབ་ཁྲིད་བྱེད།  དགེ་རྒན་གྱིས་ཡི་གེ་ཡིན་ཁུལ་གྱིས་བྱེ་ཐང་དུ་སྦྲང་ནག་གི་རྒྱུ་མ་འདྲ་བའི་རི་མོ་ཁ་ཤས་བྲིས་རྗེས།   སློབ་ཁྲིད་ཀྱི་འགོ་དངོས་སུ་བརྩམས།

          དགེ་རྒན་གྱིས་དྲི་བ་དང་པོ་ནི་ང་ཚོ་གང་ནས་ཡོང་བ་ཡིན་ཞེས་པ་དེ་རེད།

     དྲི་བ་དེའི་ལན་དུ་སློབ་མ་ཞིག་གིས་ང་ཚོ་ཁྱིམ་ནས་འོང་བ་ཡིན་ཞེས་ཟེར།

    དགེ་རྒན་གྱིས་ཁོའི་མགོ་ལ་དབྱུག་པ་ཞིག་ཞུས་པ་དང་ནོར་སོང་ནོར་སོང་།ངས་ང་ཚོ་དང་པོ་གང་ནས་ཡོང་བ་ཡིན་ཟེར་བ་ཡིན་ཞེས་དག་སེལ་བྱས།

     སྐྲ་ལོ་ད་དུང་སྐམ་མེད་པའི་བུ་མོ་ཞིག་གིས་ཨ་མས་ཟེར་ན་ང་རང་དང་པོ་གད་སྙིགས་ནས་རྙེད་པ་རེད་ཟེར་ཅེས་བཤད་བྱུང་།

   མོས་བཤད་ཚར་མ་ཐག་དགེ་རྒན་གྱི་དབྱུག་པ་དེ་མོའི་མགོ་ལ་ཕོག་སོང་ལ་ནོར་སོང་ཟེར།  བུ་མོ་དེ་ངུ་གྲབས་ངུ་གྲབས་བྱེད་ཀྱང་དྲིས་ལན་ཤེས་འདོད་པ་འདྲ།  ངུ་མ་སོང་།

    ཨ་ཁ་ཁ།   རྨོངས་ཕྲུག་ཁྱོད་ཚོ་ཅི་ཡང་ཤེས་ཀྱི་མི་འདུག ཁྱོད་ཚོས་མི་ཤེས་ན་ངས་བཤད་ཀོ  དགེ་རྒན་ཁོ་རང་ངོ་མ་དགེ་རྒན་ཡིན་མདོག་གིས་འདི་ལྟར་བཤད་པ་ན་སློབ་མ་རྣམས་ནི་སློབ་མ་ཡིན་མདོག་གི་རྣ་ཅོག་ཀྲོག་ཀྲོག་བྱེད་བྱུང་།

      ང་ཚོ་ཚང་མ་ཨ་ཕ་དང་ཨ་མས་མཚན་མོར་ཁ་རོག་གེར་བཟོས་པ་རེད་ཡ།   དེ་ཙམ་ཡང་མི་ཤེས་རྒྱུ་ཅི་ཡོད། བླུན་ཕྲུག་ཁྱོད་ཚོ་ཟེར་ནས་སློབ་མ་ཞིག་གི་མགོ་ལ་དབྱུག་པ་བརྒྱབ་གྲབས་བྱེད་སྐབས་སློབ་མ་དེ་ཡར་ལངས་ནས་ཆུ་ནང་དུ་བྲོས་སོང་།   སློབ་མ་གཞན་དག་ཀྱང་ཁོ་ལ་འདྲོགས་ནས་ཆུའི་ནང་དུ་འཛུལ།    ཁོ་ཚོས་བྱེ་ཐང་ཕྱོགས་སུ་ཆུ་འཕྱར་བཞིན་སྙན་བཟང་ཐོད་བྱེ།  ཤོག་ཡ།  དཔའ་ཡོད་ན་ཆུའི་ནང་དུ་ཤོག་ཡ་ཞེས་འབོད་ཀྱང་སྙན་བཟང་གིས་གོས་ད་དུང་ཕུད་མེད་པས་ཆུ་ནང་དུ་འགྲོ་བའི་དཔའ་མི་འདུག

     བྱིས་པ་རྣམས་ཆུ་རྩེད་བྱས་ནས་བསྡད་པས་ཁོ་ལ་ཁ་ཡ་མི་བྱེད་པས་ཁོ་རང་རང་ཉིད་ཀྱི་ཉ་མོ་དེ་ལ་ལྟ་བ་སོང་།   ཁོས་རང་ཉིད་ཀྱི་ཉ་མོ་དེ་ལ་ལྟ་བཞིན་ལྟ་བཞིན་བློ་བསྐྱེད་གློ་བུར་བ་ཞིག་ཐོན་ཡོང་བ་འདྲ།   ཨ་རོགས་ཚོ།   དོན་དག་ཐོན་ཐལ་ཞེས་འབོད་བྱུང་བས་ཆུ་རྩལ་བྱེད་བཞིན་པའི་བྱིས་པ་རྣམས་དབྱུག་པའི་ན་ཟུག་དེ་སྔར་ས་ནས་ཡལ་ཟིན་པ་འདྲ། ཡིན་བསམ་བསམ་གྱིས་བྱེ་ཐང་དུ་ཐོན་པ་དང་སྙན་བཟང་གི་ཁ་ནས་བཀའ་ཅི་ཞིག་དོན་ཡོང་བར་བསྒུགས་འདུག

     ཚེ་བཀྲ་སྣ་ལུབས་ཁྱོད་འགྲོ་ནས་ཙག་སྒྲ་དང་ཚྭ་ཞིག་ཁུར་ཤོག    དཀོན་བྷེ་ཁྱོད་རང་ཁྱིམ་དུ་རྒྱུགས་ནས་གྲི་ཞིག་རྐུ་ལ་ཤོག་ཟེར་བ་ན་ཚེ་བཀྲ་དང་དཀོན་བྷེ་གཉིས་གོས་ཀྱང་མ་གོན་པར་མུ་ཁ་བརྒྱུད་ནས་རང་རང་གི་ཁྱིམ་དུ་རྒྱུགས་སོང་།    གཞན་རྣམས་བུད་ཤིང་འཐུ་བ་ཕྱིན།

    ཡུད་ཙམ་གྱི་རྗེས་སུ་བྱེ་མའི་ཁྲོད་དུ་ཆུ་ཤིང་སྐམ་པོ་སྤུངས་ལ་ཚེ་བཀྲ་དང་དཀོན་བྷོ་གཉིས་ཀྱང་ཙག་སྒྲ་དང་ཚྭ་གྲི་སོགས་ཁུར་ནས་སླེབས།དེ་ནས་སྙན་བཟང་ཁོ་རང་མི་ཆེན་པོ་ཞིག་དང་འདྲ་བར་ཉ་བཤའ་བྱུང་།   རྒྱུ་མ་ལ་སོགས་པའི་ནང་ཁྲོལ་དག་ཆུ་ལ་བསྐྱུར་རྗེས་དུམ་བུ་དུམ་བུར་བཏང་།སྐབས་དེར་གཞན་རྣམས་ཀྱིས་མེ་འབུད་བྱུང་།   དབྱར་གྱི་ཚ་བའི་ནང་དུ་ཆུ་ཤིང་འཚིག་པའི་སྒྲ་དང་དུ་བས་ཁེངས་པའི་བྱིས་པ་གཅེར་བུའི་ལུས་ལ་རྔུལ་ཆུ་མང་དུ་བྱུང་།

    མི་རེ་རེས་སྨྱུག་མའི་ཡལ་ག་ཕྲ་ལ་རིང་བ་རེ་ལ་ཉ་ཤ་དུམ་བུ་དུམ་བུར་བསྟར་རྗེས་མེ་ལྕེའི་ཁྲོད་དུ་བསྲེགས།   ཉ་ཤའི་དྲི་ཞིམ་ཞིང་ཐང་གི་གང་སར་ཁྱབ་པ་དང་ཐག་རིང་གི་ཕོ་རོག་དག་གིས་ཀྱང་འཐུས་ནས་ཀཱ་བ་ཀཱ་བ་ཟེར་བཞིན་འཕུར་ཡོང་ནས་ཉེ་འགྲམ་གྱི་ཕ་བོང་ཐོག་ཏུ་བབས།  ཕ་བོང་ཚ་བོའི་ཐོག་ཏུ་ཡུན་རིང་བསྡད་མ་བཟོད་པར་ཞིང་ཁའི་སྟར་སྡོང་གི་འདབས་ཁྲོད་དུ་ཡལ་སོང་།

     ཉ་ཤ་ཟོས་བྱུང་།   ཁ་ཤས་ཀྱིས་ཚོས་མེད་པར་ཟོས་པ་འདྲ།འཆའ་ལྡད་མེད་པར་མིད་པ་འདྲ།  མགྲིན་པ་ནས་སྒྲ་སྣ་ཚོགས་ཐོན་ཞིང་སྣ་ལུད་སེར་པོ་དང་ཁ་ཆུ་དག་ནི་ཉ་ཤའི་སྤོད་ཡ་ལ་གྱུར། 

   ཤ་བཟའ་མཁན་ཁོ་ཚོ་བྱེད་ལ་རུས་པ་དག་ངའི་འགྲམ་དུ་འཕང་།   ང་རང་ནར་སོན་མེད་པས་བྱེ་མས་སྦགས་པའི་རུས་པ་ལྡག་ཙམ་ལྡག་ཙམ་བྱེད་པ་ལས་བཟའ་ཐབས་བྲལ། ཡིན་ཡང་ངའི་སོ་བར་ནས་བྱེ་རྡུལ་དག་གིས་སྒྲ་སཱ་སཱ་སྒྲོག་པས་ལུས་ཀུན་དུ་དོགས་མི་བདེ་བའི་ག་ག་ཚལ་རྒྱུག་པ་བྱེད།

    མཱ་མཱ།   ངས་ཀྱང་ཤ་བཟའ་འདོད།  ངས་སྐད་འདི་ལྟར་བརྒྱབ་པ་ན་ཁོ་ཚོས་ཀྱང་ཉ་ཆེན་པོའི་ཤ་ལ་རྫོགས་པ་མེད་པ་ཤེས་པ་འདྲ།   ང་ལའང་ཤ་སྦྱིན་བྱུང་།   དང་པོ་སྦྱིན་མཁན་དེ་སྙན་བཟང་རེད།   ངའང་ཁོའི་འགྲམ་དུ་ཙོག་ནས་ཁོའི་ཁ་ལ་བལྟ།

    ཚང་མས་ཉ་ཤ་རྒྱགས་ཚད་གཅིག་ཟོས་རྗེས།   ཁ་ཤས་ནི་བྱེ་ཐང་དུ་གཡས་ལོག་གཡོན་ལོག་བྱེད་ནས་ཉལ་ལ་ཡང་ཁ་ཤས་ནི་ཆུའི་ནང་དུ་འགུལ་ཙམ་ཡང་བྱེད་མ་ནུས་པ་ཀེར་རེར་འགྲེང་ནས་བསྡད།   ཐག་རིང་ནས་བལྟས་ན་ང་ཚོ་ནི་ནད་པ་ཁྱུ་གཅིག་དང་འདྲ།

      མཱ་མཱ།    ངས་ཐག་རིང་བཤད་དུས་མེ་ལྕེ་དང་འདྲ་བའི་དམར་ལྷང་ལྷང་ཞིག་ཐག་རིང་ནས་ང་ཚོའི་ཕྱོགས་སུ་འོང་བཞིན་འདུག  ཉེ་བར་སླེབ་དུས་དེ་ནི་མེ་ལྕེ་མ་རེད།  ལྭ་བ་དམར་པོ་གྱོན་པའི་བུ་མོ་ཞིག་རེད།   མོ་ནི་ཞིང་ཐང་སྔོན་པོའི་ནང་དུ་རབ་ཏུ་འབར་མའི་རྒྱ་མེན་མེ་ཏོག་ཆུན་པོ་ཞིག་དང་འདྲ།   མོའི་འོག་འཇུག་རླུང་གིས་བསྐྱོད་པ་ན་ཉ་མོའི་ལྟོ་བ་ལས་དཀར་བའི་བརླ་ཐོན་ཙམ་ཐོན་ཙམ་བྱེད་པས་མཐོང་མཁན་རྣམས་མི་གཙང་བ་སྣང་བའི་འདམ་ཟབ་དུ་དབང་མེད་དུ་ལྷུང་བཅུག

      ངེད་ཚང་གིས་གློག་བརྙན་ཉོས་ཡོད།   དེ་རིང་ངེད་ཚང་ལ་གློག་བརྙན་བལྟ་བར་ཤོག   མོ་རང་ནི་གསེར་ཁྲི་ལ་བཞུགས་པའི་རྒྱལ་མོ་ཞིག་དང་འདྲ་བར་བྱེ་ཐང་དུ་གཅེར་བུར་བགྲོད་པའི་བྱིས་པ་སྤྲེའུ་འདྲ་འདྲ་དག་ལ་སྐད་ཆ་འདི་བཞག་རྗེས་ཚུར་ཅི་ལྟར་འོང་བ་བཞིན་ཕར་དེ་ལྟར་ཕྱིན་སོང་།     ཞིང་ཐང་གི་ཁྲོད་དུ་རྒྱ་མེན་ཆུན་པོ་ཞིག་མེ་ལྟར་འབར།

       བྱིས་པ་གཅེར་བུ་དག་མོའི་རྒྱབ་གཟུགས་ལ་ཧད་ནས་ཡོད་ཚད་བརྗེད་འདུག     ཧ་ལང་དུས་ཚོད་ཟེར་བའི་གཟུགས་མེད་ཀྱི་དངོས་པོ་དེ་ཐག་པ་ཁྲ་ཁྲ་ཞིག་ལ་ཐོགས་སོང་བ་བཞིན། དེའི་ནང་ནས་དཔེ་མཚོན་རང་བཞིན་ནི་སྙན་བཟང་རང་རེད།   བྱེ་མའི་ནང་དུ་གཡོ་བ་མེད་པརཙོག་བུ་བསྡད་པའི་ཁོ་རང་།   ཁ་ཆེ་ཆེར་གདངས་ཡོད་པ་མ་ཟད་ཁ་ཆུ་རྒྱུན་མི་ཆད་པར་མར་འཛག་བཞིན་འདུག   ངས་ལྕེ་ལེབ་བརྐྱངས་ཐེངས་གཅིག་གིས་ཁོའི་ཁ་ཆུ་དེ་ལྡག་ཙམ་བྱས་པས་དེའི་ནང་ཉ་བྲོ་ཡོད་པ་མ་ཟད་འགྲེལ་བཤད་རྒྱག་དཀའ་བའི་བྲོ་བ་གཞན་ཞིག་ཀྱང་འདྲེས་ཡོད་པ་ཚོར།

       བུ་མོ་ཆུང་ཆུང་རྣམས་ཀྱིས་ཕྲག་དོག་ཅེས་པ་དེ་ཅི་འདྲ་ཞིག་ཡིན་པ་ད་དུང་ཤེས་མེད་པ་འདྲ།    ཡིན་ཡང་བུ་གཅེར་བ་རྣམས་ཀྱིས་མཛེས་མའི་བསླུ་བྲིད་ཅེས་པ་དེ་ཅི་འདྲ་ཞིག་ཡིན་པ་མག་མོག་གིས་ཚོར་བ་འདྲ།ཐམས་ཅད་དངོས་པོ་རྩ་ཆེན་ཞིག་བོར་ནས་རྙེད་པའི་གོ་སྐབས་བྲལ་བ་ཤེས་པ་བཞིན།   དགོད་སྒྲ་མི་འདུག་ལ་འཛུམ་མདངས་མི་འདུག   ངོ་གདོང་ནི་བྱེ་མའི་རྡུལ་གྱིས་ཡོངས་སུ་ཟིན།

      ཁོ་ཚོ་རེ་རེ་བཞིན་གོས་རྣམས་གྱོན་རྗེས།  མུ་ཁ་ནས་རྐང་པ་ལྗིད་པོ་འདུད་བཞིན་ཡལ་དུས་ཉི་མ་ཡང་ཁོ་ཚོ་ལྟར་ནུབ་རི་ནས་ཡལ་སོང་།  ཁོ་ཚོ་འདེད་མཁན་མེད་མོད། ཉི་མ་ནི་བྱེ་མའི་རྡུལ་གྱིས་འདེད་བྱེད་པ་སྣང་། རྒྱུ་མཚན་ནི་ཉི་མ་ནུབ་རྗེས་མཁའ་དབྱིངས་ཀྱི་བྱེ་རྡུལ་དག་མཐོང་རྒྱུ་མི་འདུག བྱེ་རྡུལ་དེ་དག་ཉི་མ་འདེད་བཞིན་རི་བོའི་ཕ་རོལ་དུ་སོང་བ་མ་ཡིན་ནམ།  

      སྙན་བཟང་གིས་ང་རང་ནི་སྲོག་མེད་ཀྱི་དངོས་པོ་ཞིག་ཡིན་པ་བཞིན་ལག་པས་བཟུང་ནས་ཁྱེར།   སྐབས་དེར་ས་སྲོད་ཀྱི་མཚམས་སྤྲིན་དམར་པོ་ཞིག་ནུབ་རིའི་རྩེ་ནས་ཤར་བྱུང་བས་སྟར་གའི་འདབ་མ་དང་རྩྭ་ཕྲན་གྱི་ལོ་མའི་ངོས་སུ་འོད་དམར་པོ་ཞིག་ལྷན་པས་ཞིང་ཐང་ཧྲིལ་པོ་མེ་ལྕེས་ལྡག་བཞིན་པ་དངམཚུངས།   མཚམས་སྤྲིན་གྱི་འོད་ཟེར་ནང་དུ་འབུ་སྲིན་ཁ་ཤས་རྩེན་བཞིན་འདུག དེ་ནི་དེ་རིང་ཞོགས་པར་ངས་ཉི་འོད་ནང་མཐོང་མྱོང་བའི་དུས་ཚོད་ཀྱི་རྡུལ་དག་དང་འདྲ།   འོད་ཀྱི་ཉག་མའི་ནང་ནས་པི་ལྦང་གི་སྒྲ་མག་མོག་ནས་གསལ་བར་གྲགས།  པི་ལྦང་གི་སྒྲ་དེ་ཡང་རྡུལ་དང་འདྲ་བར་ཉམ་ང་བའི་མཚམས་སྤྲིན་གྱི་འོད་སྣང་ལ་གཡོ་བཞིན་པ་མཐོང་ཐུབ།  ང་གཉིས་སྨྲ་བ་མེད་པར་པི་ལྦང་གི་སྒྲ་དེ་དེད་ནས་སོང་།།

     སྒྲ་དེའི་འབྱུང་ཁུངས་སུ་སླེབས་པ་ན་དཀྲོལ་མཁན་ནི་སྙན་བཟང་གི་གཅེན་པོ་བཀྲ་ཤིས་ཟླ་བ་ཡིན་འདུག  ཁོས་མིག་ཀྱང་ཚུམ་ནས་པི་ལྦང་གི་རྟ་རྔ་ཕར་འཐེན་ཚུར་འཐེན་བྱེད་བཞིན་འདུག  ང་གཉིས་ཁོའི་འགྲམ་དུ་སླེབས་པའི་གོམ་སྒྲའང་ཐོས་མ་སོང་།

     མཱ་མཱ།   སྙན་པོ་འདུག   ངས་སྐད་འདི་ལྟར་བརྒྱབ་པ་ན་ཁོའི་མིག་ཕྱེ་བྱུང་ལ་པི་ལྦང་གི་དབྱངས་རྟ་ཡང་ཆད་སོང་།  བཀྲ་ཤིས་ཟླ་བས་མིག་ཕྱེ་བྱུང་ལ་གདོང་ངོས་སུ་ཟླ་འོད་ལྟ་བུའི་བརྩེ་བའི་མྱོས་ཉམས་དེ་ན་བུན་བཞིན་རིམ་གྱིས་ཡལ།  དེའི་ཚབ་ཏུ་ཟུར་ཟའི་མིག་འོད་ཀྱིས་ང་ལ་ལྟ་ཙམ་བྱེད་པ་དང་དེ་ནས་སྙན་བཟང་ལ་ལྟ་ཙམ་བྱེད། ཞིབ་པར་བལྟས་ན་ཁོའི་མཆུ་ཟུར་དུ་བླུན་འཛུམ་ཞིག་རབ་རིབ་ཤར་ཡོད་པ་རིག

    ཉིན་གང་ཐལ་བ་འགམ་དུ་གང་ལ་ཕྱིན་པ་ཡིན།  ཐལ་མདོག་ཆགས་པའི་སྙན་བཟང་ལ་འདི་ལྟར་འདྲི།   སྙན་བཟང་གིས་ལན་དུ་ཧན་ཧན་ཟེར་ནས་དགོད་ཙམ་དགོད་ཙམ་བྱེད་སོང་།

     བཀྲ་ཤིས་ཟླ་བ་ཟེར་བ་དེས་ངའི་རྣ་ཅོག་ཡ་གཅིག་བཟུང་ནས་ནམ་མཁའ་རུ་བཀྱགས་བྱུང་།   དོན་ལྔ་སྣོད་དྲུག་གྲོད་པའི་ནང་དུ་ལྷུང་བའི་སྣང་བ་བྱུང་ལ་ཀླད་པའི་ངོས་སུ་སྐར་མ་འཚེར།

  ཁོས་ངས་འཕག་འཚག་རྒྱག་སྟངས་ལ་ལྟ་བཞིན་ཧ་ཧ་ཞེས་དགོད་པར་བྱེད། ཁོས་ངའི་རྣ་ཅོག་གློད་ནས་སར་བཞག་མ་ཐག   ལྟས་ངན་འདི་དང་མཉམ་དུ་བསྡད་ན་དོན་བཟང་པོ་ཅི་ཡང་ཡོད་ས་མ་རེད་སྙམ་གྱིན་ཁོ་དང་བར་ཐག་རིང་ཙམ་བསྐྱེད་པ་ཡིན།   སྙན་བཟང་ཡང་ལྟས་ངན་དེ་ལ་རྒྱུས་ཡོད་པ་འདྲ།  ང་རང་པང་དུ་བླངས་རྗེས་ཁྱིམ་གྱི་ཕྱོགས་སུ་འཐེན་པའི་ལམ་བུ་དེའི་ཕྱོགས་སུ་སོང་།    པི་ལྦང་གི་སྒྲ་དབྱངས་སླར་ཡང་ང་གཉིས་ཀྱི་རྒྱབ་ནས་གྲགས་དུས་ནམ་མཁའ་རུ་འཕྲོ་བཞིན་པའི་མཚམས་སྤྲིན་གྱི་འོད་སྣང་ནམ་ཞིག་ཡལ་སོངབ་མི་ཤེས། མཐོང་རྒྱུ་མི་སྣང་།

      ལམ་ཕྲན་གཡས་གཡོན་གྱི་རྩྭ་ནང་དུ་སྦལ་བ་མང་པོས་འཕག་འཚག་རྒྱག་བཞིན་པ་རབ་རིབ་ཀྱིས་མངོན་འོང་བ་དང་མིའི་སེམས་ནང་ཚ་ཤེད་ཅིག་གློ་བུར་རྒྱུག་ཏུ་བཅུག

    ར་བའི་ནང་གི་བ་གླང་དག་གིས་མུན་ནང་འོད་དང་ལྡན་པའི་མིག་གིས་ང་གཉིས་ཀྱི་ཕྱོགས་སུ་བལྟས།  སྒོ་འགྲམ་དུ་ཉལ་བཞིན་པའི་ཁྱི་དེ་ཡང་ཡར་ལངས་ནས་ང་གཉིས་འོང་ཕྱོགས་སུ་དོགས་ཟོན་ཆེན་པོས་ལྟ་ཙམ་བྱེད་པ་དང་ང་གཉིས་ངོ་ཤེས་པ་འདྲ།   རྔ་མ་མཚན་འོག་ཏུ་བསྐུངས་ནས་ཉལ་སོང་།

      ང་གཉིས་སྐས་ལས་ཡལ་འཛེགས་དུས་ནས་ཁྱིམ་མི་རྣམས་ཀྱིས་ཐུག་པ་འཐུང་བའི་སྒྲ་གསོན་ཉམས་ལྡན་པ་དང་མཉམ་དུ་སྐབས་རེར་དགོད་སྒྲ་ལྷང་ལྷང་མཆེད།   ཁྱིམ་ནང་འཛུལ་དུས་མི་ཀུན་གྱིས་ཐུག་པ་འཐུང་བཞིན་འདུག

     ཁྱིམ་དུ་མགྲོན་པ་ཆ་མེད་ཅིག་སླེབས་འདུག  སྙན་བཟང་གིས་བཤད་པ་བལྟས་ན་མི་དེ་ལས་བྱེད་པ་ཞིག་རེད་ཟེར།   མིང་ལ་ཀླད་ཀོར་ཟེར་བ་རེད་ཟེར།   ངས་ཁོ་ལ་ཞིབ་ལྟ་ཞིག་བྱས།  ཁོས་མིག་ཤེལ་སྒོར་སྒོར་ཞིག་བརྒྱབ་ཅིང་ལུས་ཀུན་ཤིན་ཏུ་ཕྲ་བས་ངའི་དྲན་སྣང་ཁྲོད་ཀྱི་འཇིགས་སུ་རུང་བའི་ལས་བྱེད་པ་དང་འདྲ་པོ་མི་འདུག 

   ལས་བྱེད་པ་ཀླད་ཀོར་ཟེར་བ་དེས་མིག་ཤེལ་སྣའི་ཐོག་ཏུ་ཡར་འདེད་ཙམ་འདེད་ཙམ་བྱེད་བཞིན་སྐད་ཆ་རྫོགས་པ་མེད་པ་ཞིག་འཆད་བཞིན་པས་ཡིན་ནམ།   ཁྱིམ་མི་རྣམས་ཀྱིས་སྙན་བཟང་ལ་ཁྱོད་རང་ཉིན་གང་གང་དུ་ཕྱིན་པ་ཡིན་ལ་སོགས་དྲིས་མ་སོང་།  ཡང་ན་ཁོ་རང་དུས་རྒྱུན་ཁྱིམ་ནང་མེད་པ་དེ་རྒྱུན་ལྡན་ཡིན་པ་འདྲ།  དེ་ལས་ལྡོག་ཏེ། ཀླད་ཀོར་གྱིས་གཏམ་བཤད་ཆད་མཚམས་ཤིག་ལ་གཅེན་པོ་མཐོང་ཨེ་བྱུང་ཞེས་དྲིས།    གཅེན་པོས་མུ་ཁར་པི་ལྦང་དཀྲོལ་བཞིན་འདུག་ཅེས་ལན་བཏབ་སོང་།   དེ་ནས་ཐུག་པ་འཐུང་ཟེར།   ངས་ཐུག་པ་མི་འཐུང་ཞེས་ལན་བཏབ་སོང་།    ཐུག་པ་མི་འཐུང་བ་དེ་ཡང་རྒྱུན་ལྡན་ཞིག་ཡིན་པ་འདྲ།    ཁྱོད་ཀྱིས་ཉིན་གང་ཅི་ཞིག་ཟ་བ་ཡིན་ལ་སོགས་དྲིས་མ་སོང་།   སྙན་བཟང་གིས་ཨ་མྱེས་འགྲམ་དུ་ཙོག་ནས་ཨ་མྱེས་ཐུག་པ་འཐུང་ཚུལ་ལ་ལྟ་བཞིན་མཆིས།    དེ་ནི་ངས་ཁོའི་ཉ་ཤ་ཟ་ཚུལ་ལ་བལྟ་བ་དང་ཨ་ན་མ་ན་རེད།  

    ང་རང་ནི་རླུང་བུ་ལྟར་གཟུགས་མེད་ཅིག་ཡིན་པ་བཞིན་མི་ཀུན་གྱིས་ང་ལ་ཁ་ཡ་བྱེད་མ་བྱུང་།   ཀླད་ཀོར་ཟེར་དེ་མ་ཡིན་ཡིན་མདོག་གིས་ཁྱིམ་ཕུག་ན་ཙོག་བཞིན་ཡར་གནམ་དང་མར་ས་བཤད་པ་ལས་ང་ལ་ལྟ་ཙམ་ཡང་མི་བྱེད།

    མི་རྣམས་ཀྱིས་ང་ལ་ཁ་ཡ་མི་བྱེད་ན་ངས་ཁོ་ཚོ་ལ་ཁ་ཡ་བྱེད་དགོས་དོན་མི་འདུག་སྙམ་གྱིན་ང་རང་ལྕགས་ཐབ་འོག་ཏུ་འཛུལ་ལ་ཨ་མའི་འགྲམ་དུ་ཕྱིན།   

      ཨ་མས་ཐན་ཕྲུག་ཁྱོད་ཉིན་གང་གང་དུ་སོང་བ་ཡིན་ཟེར།

   ངས་མཱ་མཱ།   སྙན་བཟང་དང་མཉམ་དུ་ཕྱི་རོལ་དུ་འཆམ་འཆམ་དུ་ཕྱིན་པ་ཡིན་ཞེས་ལན་བཏབ།

     ཨ་མས་ཀྱང་མཱ་མཱ།    ཐན་ཕྲུག་སྙན་བཟང་དང་མཉམ་དུ་འཁྱམ་རྒྱུ་ཅི་ཡོད་ཟེར་བཞིན་ངའི་གྲོད་པ་ལ་ལག་པས་རེག་ཙམ་རེག་ཙམ་བྱེད་རྗེས་མུ་མཐུད་བཤད་རྒྱུར་ངའི་འོ་མ་ཐམས་ཅད་ཁྱོད་ཀྱིས་འཐུང་བ་འདྲ། ཁྱོད་རང་གཅེན་གཅུང་གཉིས་ལས་རྒྱགས་པ་འདུག་ལ་གཟུགས་ཀྱང་ཆེ་བ་འདུག་ཟེར།  

      ཨ་མ་དེ་ནི་ངས་དེ་རིང་རའི་འོ་མ་འཐུང་བ་དང་ཉའི་ཤ་ཟ་བའི་རྐྱེན་གྱིས་རེད་ཅེས་དག་སེལ་བྱས་མོད།    ཨ་མས་ངའི་སྐད་ཆ་བདེན་དུ་བཟུང་མ་སོང་།   སྐབས་དེར་མིག་ད་དུང་ཕྱེ་མ་ཐུབ་པའི་ངའི་གཅེན་གཅུང་གཉིས་ཀྱིས་འོ་མ་ཞེས་པའི་ཚིག་དེ་ཐོས་མ་ཐག་འོ་མ་འོ་མ་ཟེར་གྱིན་རང་གི་རྔ་མ་འདེད་བཞིན་རང་ལུས་ལ་སྐོར་བ་རྒྱག་བཞིན་འདུག   ང་རང་གུ་དོག་པའི་ཁོར་ཡུག་འདི་དང་བྲལ་ནས་སྙན་བཟང་གི་སར་ལོག

    ཨ་མྱེས་ཀྱིས་སྙན་བཟང་ལ་ད་ནི་ཁྱོད་ཀྱང་ནར་སོན་ཟིན་པས་ངའི་རུམ་དུ་ཉལ་མི་དགོས།     ཁང་སྟེང་གི་མཆོད་ཁང་ནང་དུ་ཁྱོད་ལ་ཉལ་ས་ཞིག་བཟོས་ཡོད།    དེ་ནང་ཉལ་དུ་སོང་ཅེས་བཤད་སོང་བས་སྙན་བཟང་གིས་དེར་འཐད་དང་མི་འཐད་པའི་ལན་ཅི་ཡང་མ་རྒྱབ་པར་ཨ་མྱེས་ཀྱི་སྔས་མགོའི་གློག་སྒྲོན་ཆུང་ཆུང་དེ་བླངས་རྗེས་མི་ཆེན་ཞིག་བུད་སོང་བ་ལྟར་མར་ཕྱིན་སོང་།     སྐབས་དེར་ཀླད་ཀོར་ཟེར་བའི་ལས་བྱེད་པ་དེས་བགད་རྒྱུ་ཞིག་བཤད་རྗེས་ཁོ་རང་ཧ་ཧ་དགོད་སོང་ནའང་ཁྱིམ་མིའི་ནང་དུ་སུས་ཀྱང་ཁོ་དང་མཉམ་དགོད་མ་བྱས་པས་ཁོའི་དགོད་སྒྲ་དེའང་གློ་བུར་གྲག་ཅིང་གློ་བུར་ཆད།

      ང་ཡང་ཀླད་ཀོར་གྱི་སྙིང་པོ་མེད་པའི་སྐད་ཆ་དག་ལ་ཉན་སྙིང་མི་འདོད་པས་སྙན་བཟང་དེད་ནས་ཕྱིན་པ་ན་ཀླད་ཀོར་གྱིས་ལྟོས་དང་།   ཁོ་གཉིས་ཀྱི་རྒྱབ་གཟུགས་དེ་འདྲའི་འདྲ་བ་ལ་ཨང་ཞེས་བཤད་པ་དང་ཁྱིམ་མི་ཀུན་ང་གཉིས་ཀྱི་རྒྱབ་གཟུགས་ལ་ལྟ་བཞིན་ཧ་ཧ་ཞེས་བགད་བྱུང་།   ང་གཉིས་ཀྱིས་ཁོ་ཚོ་ལ་ཁ་ཡ་ཅི་ཡང་མ་བྱེད་པར་མདུན་ལམ་གློག་སྒྲོན་གྱིས་གསལ་བཞིན་མཆོད་ཁང་དུ་སོང་།

       ཁང་སྟེང་གི་མཆོད་ཁང་དེ་ཡང་ཤིན་ཏུ་ཆེན་པོ་རེད། ཨ་ཁུ་བླ་མ་དུས་རྒྱུན་དགོན་པ་ནང་བསྡད་དགོས་པས་སྟོང་ལྷང་ལྷང་དུ་ལུས།    གྱང་ངོས་སུ་ཡོད་པའི་ལྷ་དང་ལྷ་མོ་རྣམས་ནི་ཅི་ཞིག་ལ་ཡུན་རིང་ཧད་བཞིན་འདུག

    སྙན་བཟང་མལ་སའི་ནང་ཉལ་རྗེས་ང་རང་སྔས་མགོ་རུ་ཉལ།   སྐབས་དེར་སྒེའུ་ཁུང་ནང་ནས་ཅི་ཡིན་མི་ཤེས་པ་ཞིག་གིས་ནང་དུ་གབ་ལྟ་བྱེད་བཞིན་པ་མཐོང་།    ངས་ཅི་ཡིན་ནམ་སྙམ་བཞིན་གབ་ལྟ་ཞིག་བྱས་པ་ན་དེ་ནི་སྲིན་འབུ་ཆུང་ཆུང་ཞིག་རེད།  ང་ནི་ཞི་མི་ཞིག་ཡིན་པས་མུན་པའི་ནང་དུའང་དངོས་པོ་ཀུན་གསལ་བར་མཐོང་བ་མ་ཟད་སྲིན་འབུ་ཞིག་གིས་འདབ་སྒྲོ་རྡབ་བཞིན་ཚུར་འཕུར་བའི་ཚུལ་ཡང་གསལ་པོར་མཐོང་བྱུང་།  སྲིན་འབུ་དེས་སྔས་འགྲམ་གྱི་གློག་སྒྲོན་གྱི་འོད་སྣང་དུ་ལྡིང་སྐོར་ཡང་ཡང་བརྒྱབ་རྗེས་སྙན་བཟང་གི་སྐེ་སྡོང་དུ་བབས་ནས་ངལ་གསོས། ཁབ་ལས་རྣོ་བའི་མཆུ་ཏོས་སྐེ་སྡོང་དུ་བཙུགས་པ་དང་ཤུགས་ཀྱིས་ཁྲག་འཐུང་བྱུང་།     ཁྲག་འཐུང་ཞོར་དུ་འདབ་སྒྲོ་བར་མེད་གཡོ་བ་བྱེད།   དེའི་རྐྱེན་གྱིས་སྙན་བཟང་གི་སྐེ་སྡོང་ལ་ཟ་འཕྲུག་རྒྱུག་ཡོང་བ་འདྲ།  རང་གིས་ཐལ་ལྕག་ཅིག་གཞུས་རྗེས་ཡར་བརྡར་མར་བརྡར་ལན་འགའ་བྱས་ཀྱང་འབུ་དེ་ལ་ཅི་ཡང་གནོད་མ་སོང་། འབུ་དེ་ཡར་ཇི་ལྟར་འོང་བ་བཞིན་མར་དེ་ལྟར་རང་དབང་གིས་འཕུར།

      འབུ་དེས་སོ་བཏབ་པས་སྙན་བཟང་གཉིད་ཀྱི་བདེ་བ་ལས་ཡོངས་སུ་དཀྲོགས་པ་འདྲ།    ཁོས་རང་ཉིད་ཀྱི་མགོ་འཕུར་འཕུར་ལན་འགའ་བྱས་རྗེས་ལག་པ་བརྐྱངས་ཐེངས་གཅིག་གིས་སྔས་འགྲམ་གྱི་གློག་སྒྲོན་བསད་སོང་།    མཱ་མཱ་ཟེར་ནས་ང་ལ་བྱིལ་བྱིལ་ཡང་ཡང་བྱེད།   ཧ་ལང་ཁོ་རང་ཞི་མི་ཞིག་ཡིན་པ་དང་ཨ་ན་མ་ན་རེད།   མཱ་མཱ་ངས་ཀྱང་འདི་ལྟར་ཟེར་བ་ན་ཁོས་ང་ལ་གཏམ་རྒྱུད་སྙན་པོ་ཞིག་བཤད་བྱུང་།   གཏམ་རྒྱུད་དེ་ནི་ཨ་ཁུ་སྟོན་པས་ནག་མོ་བསླུ་བའི་གཏམ་རྒྱུད་དག་རེད།  ང་རང་ཡིད་དབང་རབ་ཏུ་འཕྲོག་ནས་དུས་གང་ཙམ་ཞིག་འདས་པ་མི་ཤེས།    བར་སྐབས་ཤིག་ལ་ངས་མཱ་མཱ།    དེ་ནས་དེ་ནས་ཅེས་བཤད་ཀྱང་ཨ་ལན་མི་འདུག་ལ་གཏམ་རྒྱུད་ཀྱང་བཤད་རྒྱུ་མི་འདུག   

   མ་གཞི་ཁོ་རང་སྔ་མོ་ནས་རྨི་ལམ་གྱི་ཞིང་དུ་ལྷུང་ཟིན་འདུག  རྨི་ལམ་ནང་ཞིང་ཐང་དུ་རབ་ཏུ་འབར་བའི་རྒྱ་མེན་དམར་པོ་དེ་རྨི་བཞིན་འདུག   རྒྱ་མེན་དེ་ནི་བུ་མོ་ཞིག་རེད།  བུ་མོ་དེ་བུ་མོ་ཕལ་བ་ཞིག་ཡིན་པ་བཞིན་སྙན་བཟང་དང་མཉམ་དུ་བསྡད་ནས་སྲན་མ་ཟ་བཞིན་འདུག  བུ་མོ་དེས་པྲ་ཆལ་གྱི་ངང་ནས་བྱ་ཞིག་གིས་འབྲུ་འཐུ་བ་བཞིན་འཛུབ་མོས་སྲན་མ་རེ་རེ་བཞིན་བཏུས་ནས་ཟོས་པ་དང་བྱ་མི་སྲན་ཞེས་པའི་བཤད་སྲོལ་དེ་བདེན་པ་ཡིན་ནམ་ཞེས་འདྲི་བྱུང་།  

      ཁོས་ངས་ཀྱང་མི་ཤེས་བཤད་པ་ན་མོས་ཁོའི་ལག་པར་འཇུས་ནས་ཡར་འཐེན་པ་དང་ང་གཉིས་ཁྱོད་ཚང་དུ་འགྲོ་ལ་བདེན་པ་ཡིན་མིན་ཚོད་ལྟ་བྱེད་ཆོག་ཟེར།

      ཁོ་གཉིས་ཁོ་ཚང་དུ་སླེབས་རྗེས།  མོས་ཁོ་ཚང་གི་བྱ་ལྟོགས་པ་གོ་གོ་ཟེར་བ་རྣམས་ལ་སྲན་འབྲུ་མང་པོའི་སྦྱིན་པ་གནང་བར་བྱེད།   བྱ་རྣམས་ཀྱིས་འཚང་ཁ་ཤིག་ཤིག་ངང་སྲན་མ་བཏུས་ནས་བཟའ་བ་མཐོང་འཕྲལ།   མོ་རང་དགའ་ནས་ཁོ་ལ་འཁྱུད་ལ་ཁད་བྱེད་ཅིང་དགའ་སྤྲོ་ཆེན་པོས་བྱ་མི་སྲན་ཟེར་བའི་བཤད་སྲོལ་དེ་རྫུན་མ་ཡིན་འདུག་ཅེས་འབོད།    ཁོས་ཚོད་ལྟ་འདི་དོན་སྙིང་ཆེན་པོ་ཡོད་པ་ཞིག་རེད་སྙམ་པའི་སྐབས་དེར་མོས་གློ་བུར་ཅི་ཞིག་དྲན་པ་ལྟར་ཁྱོད་ཀྱིས་ང་བསྒུག་རོགས།   ང་སྐྱག་པ་གཏོང་བར་འགྲོ་དགོས།   མགྱོགས་པོ་སླེབས་འོངས་ཟེར་བཞིན་སྒོ་ནས་བུད་སོང་།   སྐད་ཆ་དེས་ཁོ་ལ་ཁོའི་སེམས་ནང་གི་ལྷ་མོ་དང་འདྲ་བའི་བུ་མོ་དེས་སྐྱག་པ་གཏོང་ཚུལ་དྲན་དུ་བཅུག་པས་མོ་ལ་བསྐྱངས་བའི་བརྩེ་དུང་དང་དད་པ།   ཡིད་སྨོན་ཐམས་ཅད་སྐྱག་པའི་ཐོག་ཏུ་འཁྲིགས་པའི་རླངས་པ་གསར་བ་བཞིན་སྐད་ཅིག་ཏུ་ཡལ་སོང་།

     སྙན་བཟང་གིས་རྨི་ལམ་སྤྲོ་པོ་དེ་འདྲ་རྨི་བཞིན་ཡོད་མོད།  ང་རང་གཉིད་སྤྲོ་པོ་ཞིག་རྩ་བ་ནས་ཁུག་མ་ཐུབ།   དེའི་རྒྱུ་མཚན་ནི་ཙི་ཙི་ཞིག་སྔས་འགྲམ་དུ་ཅི་ཞིག་བོར་བ་བཞིན་ཡར་རྒྱུགས་མར་རྒྱུགས་ཀྱིས་ང་ལ་སྙིང་རྐོ་བ་ལྟར་བྱེད་པའི་རྐྱེན་གྱིས་རེད།   ཁོ་རང་སླར་ཡང་མིག་རུབ་རུབ་དང་སྣ་འགུལ་འགུལ།   ཡར་སོ་རྣོ་པོ་རྩིག་བཞིན་སྔས་འགྲམ་ནས་རྒྱུགས་ཡོང་བས་ང་རང་སྙིང་རླུང་སྟོད་ལ་འཚང་བ་དང་ཁོའི་ཐོག་ཏུ་འཕུར།    ཁོ་རང་བདེ་ལྕག་ཆེན་པོས་ངའི་ལག་པ་གཉིས་ཀྱི་བར་ནས་སླར་ཡང་མདུན་དུ་རྒྱུགས་པ་དང་སྒོ་སྲུབས་ནས་ཡལ་སོང་།  ང་རང་སྒོ་སྲུབས་ནས་ཕྱི་རོལ་ཏུ་ཐོན་པ་ན་ཕྱི་རོལ་དུ་ཅི་དང་གང་ཡང་མི་འདུག   འཇམ་ཐིང་ཐིང་རེད།

   ང་རང་ཁ་རོག་ངང་ཡར་འགྲོ་མར་འགྲོ་བྱེད་བཞིན་ཙི་ཙི་དེ་བཙལ།  ངས་ཁང་སྟེང་དུ་སྤུངས་པའི་རྩྭའི་ཟུར་ནས་གབ་ལྟ་བྱེད་དུས།   རྩྭའི་ནང་དུ་ཙི་ཙི་གཟུགས་ངའི་ཨ་མ་ལས་ཆེ་བ་ཞིག་ཉལ་ཡོད་པ་མཐོང་མ་ཐག་ང་རང་སྐྲག་ནས་ཚུར་བྲོས་དགོས་བྱུང་། ཙི་ཙི་ཆེན་པོ་དེ་འདྲ་ཞིག་ཡོད་དམ་སྙམ་གྱིན་སླར་ཡང་ཞིབ་ལྟ་ཞིག་བྱེད་དུ་སོང་།  མ་གཞི་དེ་ནི་ཙི་ཙི་མ་རེད། ཡོས་བུ་ཞིག་རེད་བཞག   ཡོས་བུ་དང་ཙི་ཙི་གཉིས་གཟུགས་ཆེ་ཆུང་གི་ཁྱད་པ་ཡོད་པ་ཙམ་ལས་གཞན་རྣམས་ཤིན་ཏུ་འདྲ་པོ་འདུག  ཡང་གཅིག་བཤད་ན་ཡོས་བུ་ནི་ཙི་ཙི་ཞིག་ལྡབ་བརྒྱ་ཙམ་ཆེ་རུ་གཏོང་བ་དང་འདྲ་ལ་ཙི་ཙི་ནི་ཡོས་བུ་ཞིག་རྡབ་བརྒྱ་ཙམ་ཆུང་དུ་བཏང་བ་དང་འདྲ་པོ་འདུག

      ང་རང་ཁོའི་འགྲམ་དུ་ཡར་འགྲོ་མར་འགྲོ་ཅི་ལྟར་བྱེད་ཀྱང་ཡོས་བུ་སྙིང་ལ་རྗེ་བོ་དེས་ཅི་ཡང་ཚོར་མ་སོང་།   ངས་ལག་པ་ཕར་བརྐྱངས་ནས་ཁོའི་ལུས་ལ་རེག་ཙམ་ཞིག་བྱེད་པ་ན་ཁོ་རང་ཚ་འཕག་བྱེད་བྱུང་བས་ང་རང་ཡང་ཅི་བྱུང་མི་ཤེས་པར་ཚ་འཕག་ཐེངས་གཅིག་བྱེད་དགོས་བྱུང་། ཁོ་རང་ནི་རྨི་ལམ་ལས་སད་མེད་པ་དང་འདྲ་བར་རང་སར་འགྲེང་གིན་ང་ལ་ཧད།  ང་རང་སླར་ཡང་ཁོའི་འགྲམ་དུ་ཕྱིན་ནས་ཁོའི་གདོང་ལ་ལག་པས་བྱིལ་ཙམ་བྱིལ་ཙམ་བྱས་མ་ཐག   ཁོའི་རྣ་ཅོག་རིང་པོ་གཉིས་ཀྲོང་ངེར་ཡལ་འགྲེང་བྱུང་ལ་ཡར་སོ་རྣོ་པོ་གཉིས་དེ་གཙིགས་པ་མཐོང་འཕྲལ།   ང་རང་སྐྲག་ཐག་ཆོད་ནས་ཕྱི་ལྟས་མེད་པ་བྲོས།  ཁོས་ཀྱང་ངའི་རྗེས་སུ་ཤུགས་ཀྱིས་འདེད་བཞིན་པ་ཚོར།  ཁང་སྟེང་ནི་ཞིང་ཐང་བཞིན་མུ་མཐའ་མེད་པ་ཞིག་ག་ལ་ཡིན།   མདུན་དུ་མཆོངས་པ་དང་རྐང་འོག་ཏུ་རྐང་པ་བཞག་ཆོག་པའི་ས་ཞིག་མི་འདུག

   མཱ་མཱ།    ཨ་བ་ཨ་མ།

   ངས་སྐད་ངན་འདི་ལྟར་ཤོར་བ་དང་ཁང་ཐོག་ནས་མར་ལྷུང་སོང་།   དེ་ནི་རྨི་ལམ་རིང་པོ་ཞིག་གི་གཏིང་དུ་ལྷུང་བ་དང་འདྲ།

    རྨི་ལམ་ནས་སད་དུས།  ང་རང་ཞིང་ཐང་གི་ཁྲོད་ནས་ནམ་མཁའ་རུ་ན་བུན་ཞིག་ལྟར་ཡར་འཕགས་བཞིན་འདུག   དང་པོར་མཐོང་ཡོང་བ་ནི་སྐར་ཚོགས་བཀྲ་བའི་ནམ་མཁའ་རེད།    དེ་ནས་སྐར་ཚོགས་ལས་མར་འཛག་བཞིན་པའི་ཁ་བའི་འདབ་མ་མཐོང་བྱུང་།   ཁ་བའི་འདབ་མ་སྟར་གའི་ཡལ་འདབ་དང་རྩྭའི་ལོ་མ།   གཙང་པོའི་དངོས་སུ་འོད་སྣང་དང་བཅས་འབབ།     ཁ་བའི་འདབ་མ་ཞིག་ངའི་མིག་མདུན་ནས་གཡས་གཡོ་གཡོན་གཡོ་བྱས་ནས་མར་ལྷུང་བདང་ངའི་ལག་པ་ཕར་བརྐྱངས་དུས་ཁོ་རང་ངའི་ལག་མཐིལ་སྟེང་འབབ་ཙམ་བྱེད་རྗེས།  འཛུབ་མོའི་བར་ནས་སླར་ཡང་ཐག་རིང་དུ་འཕུར་བར་རྩོམ།

      འོད་སྣང་དཀར་པོས་ཁེངས་པའི་བར་སྣང་གི་ཁམས་སུ་ང་རང་ནི་དབྱར་གྱི་ཁ་བའི་འདབ་མ་ཕལ་བ་ཞིག་ལྟར་གཡོ།  ངས་མར་ལྟ་དུས་ང་རང་སྐྱེས་སའི་ཁང་ཁྱིམ་དེ་ཇེ་ཆུང་ནས་ཇེ་ཆུང་དུ་འགྱུར་བཞིན་མཆིས་ལ་མཐར་ཙི་ཙིའི་ཆེ་ཆུང་ཙམ་ལས་མེད་པར་གྱུར་སོང་།  དེའི་ནང་དུ་ཨ་མའི་བྱམས་བརྩེ་དང་སྙན་བཟང་གི་རྨི་ལམ་ཤོང་ཐུབ་བམ་སྙམ་སྐབས་ཁང་ཁྱིམ་གྲུ་བཞི་དེ་ཁ་བའི་འདབ་མ་མང་པོའི་བར་དུ་ཁད་ཀྱིས་སིམ་སོང་།  དེ་ནི་ངའི་འཇིག་རྟེན་འདིའི་ཐོག་ཏུ་དང་པོ་སླེབ་སའི་ཁང་ཁྱིམ་དྲོན་མོ་དེ་ཁ་བས་བཀབ་པ་ཡིན་ནམ་ཡང་ན་ཁ་བའི་འདབ་མ་ཞིག་ཏུ་འགྱུར་བ་ཡིན་སྙམ་གྱིན་ཕྱིར་ལྟ་ཞིག་བྱས་ཀྱང་ངའི་རྒྱབ་ཏུ་རྐང་རྗེས་མི་འདུག   མདུན་དུའང་ལམ་བུ་མ་མཐོང་།   ཡིན་ཡང་ང་རང་ཉིད་ཀྱི་ལུས་ལས་འཕྲོ་བའི་འོད་སྣང་གིས་ཉེ་འགྲམ་གྱི་བར་སྣང་ཡོངས་སུ་གསལ་འདུག་བ་གསལ་པོར་མཐོང་བྱུང་།

རྩོམ་སྒྲིག་པ། སྐྱ་བོ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཀླད་ཀོར་གྱི་བརྩམས་སྒྲུང་། འབུ་མེ་ཁྱེར།

2016-10-22 ཀླད་ཀོར། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།