ཀླད་ཀོར་གྱི་བརྩམས་སྒྲུང་། མི་དགེ་མེ་ཏོག་མ།
དཔྱིད་ཀྱི་མེ་ཏོག་ཚོང་ཁང་ཟེར་བའི་མེ་ཏོག་ཚོང་སར་མེ་ཏོག་སྣ་ཚོགས་སྤུངས་པའི་དཀྱིལ་ནས་མེ་ཏོག་དཀར་ལ་ཆེན་པོ་དེ་ཡར་བླངས་ཏེ། ང་རང་ཚོང་ཁང་དེའི་ཟུར་གང་དུ་འགྲོ་ཡང་རྗེས་སུ་འདེད་བཞིན་པའི་ལྷ་སའི་ཨ་ཅག་དེ་ལ“ཨ་ཅག་ལགས། མེ་ཏོག་འདིའི་མིང་ལ་ཅི་ཟེར”ཞེས་དྲིས་པ་ན་མོའི་དོགས་ཟོན་གྱི་མིག་འོད་དེ་རིམ་གྱིས་འཇམ་དུ་སོང་བ་དང“འདི་ནི་ས་པད་མ་རེད”ཅེས་བཤད་བྱུང་། ངས་མེ་ཏོག་དེ་ལ་ལྟ་སྐབས་ཨ་ཅག་ཁོ་རང་མེ་ཏོག་འདི་ཉོ་བར་སྒུག་པའི་ཚུགས་ཀ་དང་བཅས་ངའི་མདུན་དུ་འགྲེང་ཡོད།
མོས་ང་ལ་དོགས་ཟོན་ཆེན་པོ་བྱེད་པ་དེའང་ཁག་མི་འདུག ངའི་སྐྲ་ལོ་རིང་པོ་དེ་མགོ་ཐོག་ཏུ་ཡར་བསྡམས་ཡོད་ཅིང་ལས་ཀ་གང་ཡང་མེད་པར་ལྷ་སའི་སྲང་ལམ་ན་ཡར་འཁྱམས་མར་འཁྱམས་བྱས་ནས་ཟླ་གཅིག་ཙམ་སོང་བས་ངོ་གདོང་ཉི་འོད་ཀྱིས་ཚིག་ནས་དམར་སྨུག་ཏུ་འགྱུར་ཡོད། ཕྱི་ཚུལ་ནས་བལྟས་ན་སུས་ཀྱང་ང་རང་ནི་རྐུ་དང་གཡོ་རྒྱུའི་ལས་ཀ་གཞོལ་མཁན་ཞིག་ཏུ་ངོས་འཛིན་སྲིད། དེ་རིང་ཡང་ལས་ཀ་ཅི་ཡང་མེད་པར་ལྷ་སའི་སྲང་ལམ་ག་གེ་མོ་ཞིག་ཏུ་འགྲོ་སྐབས། གཡས་ཕྱོགས་ནས་མེ་ཏོག་གི་དྲི་ཞིམ་ཞིག་ལྡང་འོང་བས་ངས་ཉི་འོད་ཀྱི་ཀློང་དུ་མིག་རུབ་རུབ་བྱེད་བཞིན་ལྟ་དུས་དྲི་མས་ཁེངས་པའི་སྒོ་བྱང་ཞིག་གི་ཐོག་ཏུ ‘དཔྱིད་ཀྱི་མེ་ཏོག་ཚོང་ཁང’ཞེས་བྲིས་ཡོད་པ་མཐོང་བྱུང་། ངས་སྒོ་བྱང་དེ་མཐོང་བ་དང་དབྱར་ཁ་ཡང་དཔྱིད་ཀྱི་མེ་ཏོག་ཚོང་མཁན་ཞིག་ཡོད་དམ་སྙམ་གྱིན་གོམ་པ་ཡང་དེའི་ཕྱོགས་སུ་སྤོས། ང་རང་ཚོང་ཁང་དེའི་ནང་དུ་འཛུལ་དུས་མེ་ཏོག་ཅིག་ཉོ་བའི་བསམ་པ་ཡེ་ནས་མེད།
ངས་ལྷ་སའི་ཨ་ཅག་དེས་ས་པད་མ་ཡིན་ཟེར་བའི་མེ་ཏོག་དེ་ལ་ཞིབ་ལྟ་ཞིག་བྱས་ཚེ་རྒྱུས་ཡོད་ཡོད་ཀྱི་ཚོར་བ་ཞིག་གིས་ང་རང་ན་ཆུང་བྱིས་པ་ཡིན་དུས་ཀྱི་དོན་དག་མང་པོ་ཞིག་དྲན་དུ་བཅུག ངེད་ཚང་གི་མུ་ཁ་དག་ཏུ་ས་པད་མ་དཀར་པོ་མང་པོ་བཙུགས་ཡོད། དཔྱིད་ཀར་མེ་ཏོག་བཞད་ཡོང་དུས་ཐག་རིང་ནས་བལྟས་ན་མུ་ཁར་རྩྭས་བད་པའི་ལུག་ཁྱུ་གཅིག་ཉལ་ཡོད་པ་དང་འདྲ། ས་པད་མ་དེ་དག་ཀྱང་མེ་ཏོག་དང་ཤིང་སྡོང་འཛུགས་རྒྱུ་ལ་ཤིན་ཏུ་དགའ་བའི་ངའི་ཨ་མྱེས་ཀྱིས་བཙུགས་པ་ཡིན་ལ་ང་རང་ཡང་མུ་ཁར་སྐྱེས་པའི་མེ་ཏོག་དཀར་ལ་ཆུན་པོའི་འགྲམ་དུ་ཙོག་བཞིན། མེ་ཏོག་གྱི་འདབ་བར་མར་འཛུལ་ཞིང་ཡར་ཐོན་པའི་རོལ་རྩེད་ཀྱི་ཀློང་དུ་མྱོས་པའི་སྦྲང་བུ་སྣ་ཚོགས་ལ་ཞིབ་ལྟ་ཡུན་རིང་བྱེད་མྱོང་། ཉིན་ཞིག་ཨ་མྱེས་ང་སར་འོང་ནས “མེ་ཏོག་པད་མའི་ནང་དུ་པད་མ་འབྱུང་གནས་ཞེས་པའི་བླ་མ་ཞིག་འཁྲུངས་མྱོང”ཟེར། སྐབས་དེར་ངའི་དྲན་སྣང་དུ་ཕྲུ་གུ་ཆུང་ཆུང་འོད་དང་ལྡན་པ་ཞིག་སྦྲང་བུ་བཞིན་མེ་ཏོག་གི་འདབ་མའི་བར་ནས་ཡར་ཐོན་ཡོང་བའི་རྣམ་པ་ཡང་ཡང་དུ་ཤར། ང་རང་ཆེན་པོ་ཅུང་ཙམ་ཆགས་རྗེས་བླ་མ་ཞིག་གིས་ང་ལ་ཐང་ག་ཞིག་བསྟན་ཏེ“འདི་ནི་སློབ་དཔོན་པད་མ་འབྱུང་གནས་རེད”ཅེས་ངོ་སྤྲོད་བྱུང་། ཞིབ་པར་བལྟས་དུས་སློབ་དཔོན་ཁོང་ཉིད་འཁྲུངས་ཡུལ་ནི་ས་པད་མ་དཀར་པོའི་ནང་དུ་མིན་པར་མཚོ་པད་མ་དམར་པོའི་ནང་དུ་ཡིན་པ་ཤེས་བྱུང་། དེའི་རྗེས་ནས་ཕ་ཡུལ་དུ་འཇིག་རྟེན་ནུབ་པའི་དུས་ཤར་ཚུལ་གྱི་བཤད་སྲོལ་ཞིག་དར། བཤད་སྲོལ་དེ་ལྟར་ན་འཇིག་རྟེན་འདིའི་དངོས་པོ་དང་སྲོག་ཆགས་ཡོས་ཚད་མུན་དུ་ལྷུང་ནས་རྡུལ་ལ་འགྱུར་འགྲོ་ཟེར། དེ་ནས་བཟུང་ཉལ་ཁར་ངས་ང་རང་དགའ་པོ་ཡོད་པའི་ས་པད་མ་དཀར་པོ་དེ་ལག་ཏུ་འཛིོན་བཞིན་མུན་དུང་ལྷུང་བཞིན་པ་ཡང་ཡང་ཤར་མྱོང་། སད་དུས་དེ་ནི་དྲན་པ་ཡིན་ནམ་རྨི་ལམ་ཡིན་པ་ད་ལྟའང་གསལ་པོ་ཞིག་རྟོགས་ཐབས་མི་འདུག
ལྷ་སའི་ཉི་འོད་དམ་པོའི་འོག་གི་མེ་ཏོག་ཚོང་ཁང་དུ་རལ་གྲིས་བཅད་པའི་ས་པད་མ་དཀར་ཆེན་ཞིག་མཐོང་བས་ངའི་དྲན་སྣང་ཡང་བགྲང་བྱ་དུ་མ་བརྒལ་དེ་ཐག་རིང་དུ་ཤོར་སོང་། ངས་མེ་ཏོག་དེ་ལག་ཏུ་བཟུང་ནས་དུས་ཡུན་རིང་པོ་ཞིག་འདས་པས་ངའི་གཡས་སུ་གཅིག་ལག་གཅིག་ཐོག་ཏུ་བཞག་ཏེ་བསྡད་པའི་ལྷ་སའི་ཨ་ཅག་དེའི་གདོང་ལ་སུན་སྣང་གྱི་ཉམས་གསལ་པོ་མངོན་འདུག་པ་མཐོང་བས་ང་རང་ཤིན་ཏུ་དོགས་མི་བདེ་བ་གྱུར། ང་རང་མེ་ཏོག་ཚོང་ཁང་འདི་ལས་འབྲོ་ཆེད“ཨ་ཅག་ལགས། མེ་ཏོག་འདི་ལ་སྒོར་མོ་ག་ཚོད་རེད”ཅེས་དྲིས། “སྒོར་མོ་ཅོ་ལྔ་རེད”མེ་ཏོག་འདི་དང་མཉམ་དུ་སྒོར་མོ་ཅོ་ལྔ་ཡར་སྐྱེས་ཡོང་བ་བཞིན་ཨ་ཅག་དེས་བདེན་ཅོག་ཅོག་གིས་འདི་ལྟར་བཤད་བྱུང་། ངས་པར་ཁུག་ཡོད་ཚད་བསློགས་པས་སྒོ་མོ་ཉི་ཤུ་རྩ་གཅིག་ལས་ལྷག་མི་འདུག དེའི་ནང་ནས་སྒོར་མོ་ཅོ་ལྔ་བླངས་ཏེ་ཁོ་མོའི་ལག་ཏུ་བཞག་པ་དང་མེ་ཏོག་དཀར་ཆེན་དེ་ཁུར་ནས་སྒོའི་ཕྱོགས་སུ་ཕྱིན།
ངའི་གོམ་པ་སྒོའི་ཕྱི་ལ་སྤོ་མ་ཐག་འབུགས་རིང་ཞིག་ཤོར་ཞིང་ད་ནི་ང་ལ་སྒོར་མོ་དྲུག་ལས་མེད་པས་ཕྱི་དྲོར་ཟ་མ་ཅི་ཞིག་ཟ་དགོས་ཨང་སྙམ་བཞིན་པའི་སྐབས་དེར་ངའི་རྒྱབ་ནས་བུ་མོ་ཞིག་གིས“བཀྲ་ཤེས་ཟླ་བ”ཞེས་འབོད་བྱུང་། ངས་ཁ་ཕྱིོར་བསྐོར་བ་དང་ལག་ཏུ་མེ་ཏོག་གི་བུམ་པ་བཟུང་བའི་བུ་མོ་ཞིག་སྒོ་ནས་མར་ཐོན་བྱུང་ལ“ངོ་མ་ཁྱོད་རང་རེད་བཞག”ཅེས་ཤིན་ཏུ་དགའ་བའི་འཛུམ་དང་བཅས་ལག་པ་ངའི་ཕྱོགས་སུ་བསྐྱངས་འོང་པ་ལ་བལྟས་ན་ངོ་ཤེས་རྙིང་པ་ཞིག་དང་འདྲ་ནའང་ངས་མོ་རང་སུ་ཡིན་རྩ་བ་ནས་དྲན་མ་ཐུབ། ཡིན་ཡང་བདག་ཕྱོགས་བསྐྱངས་འོང་བའི་མོའི་ལག་པ་དེས་ངས་ཀྱང་མོའི་ལག་པ་དེ་ཡིན་གཅིག་མིན་གཉིས་འཇུ་དགོས་པའི་བརྡ་ཞིག་སྟོན་བཞིན་འདུག
ངས་མོའི་ལག་པ་ཆུང་དེ་དམ་ལྷོད་རན་པའི་སྒོ་ནས་ཕར་འཇུ་ཙམ་བྱེད་ཚེ་མོས་ཀྱང་ཚུར་འཇུས་ནས་ངའི་ལག་པ་ཕར་གཡུག་ཚུར་གཡུག་བྱེད་བཞིན“མ་མཇལ་ཟླ་གསུམ་གྱི་རིམ་ཁྱོད་ཀྱི་རྣམ་པ་རྩ་བ་ནས་འགྱུར་འདུག སྔོན་མ་ང་རང་དང་པོ་ཁྱོིད་དང་འཕྲད་དུས། ངའི་རོགས་པ་བུ་མོ་ཚོས“ཁྱོད་རང་བོད་མི་དང་མི་འདྲ་བ་ཁོ་རེ་ཡའི་གསར་བུ་ཞིག་དང་འདྲ་པོ་འདུག”ཅེས་འཆད་ཀྱིན་འདུག ད་ནི་རང་གིས་རང་ལ་གཅིག་ལྟོས་དང་། རྩམ་དྲི་ཁ་བའི་བོད་མི་ཞིག་ནས་ཧྥེ་གླེང་མི་ནག་གི་ཕྱོགས་སུ་འགྱུར་བཞིན་འདུག”ཅེས་བཤད་རྗེས་རང་ཉིད་ཀྱི་ལག་པས་རང་ཉིད་ཀྱི་མཆུ་ཏོ་བཀབ་ཏེ་དགོད་བྱུང་། ང་རང་ཡང་མོ་རང་དང་མཉམ་དུ་དགོད་ཁུལ་བྱེད་ཀྱང་སེམས་ནང་དུ་མོ་རང་ནི་སུ་ཡིན་ནམ་སྙམ། མོས་ང་ལ་ཞིབ་ལྟ་བྱེད་རྗེས་ངའི་ལག་ནང་གི་མེ་ཏོག་ལ་ཞིབ་ལྟ་བྱེད་བྱུང་། མོས“ཁྱོད་རང་སྙན་ངག་པ་ཏའོ་ལྦེན་གྱི་འདས་མཆོད་ལ་འགྲོ་བསམ་པ་ཡིན་ནམ”ཞེས་འདྲི། ངས“སྙན་ངག་པ་ཏའོ་ལྦེན་ཟེར་བ་དེ་སུ་རེད། ངས་ངུ་མི་ཤེས”ཅེས་བཤད་པ་ན་མོས“སྙན་ངག་པ་ཏའོ་ལྦེན་ནི་ལྷ་ས་རུ་གྲགས་པ་འབར་བའི་རྒྱ་སྐད་སྙན་ངག་པ་ཞིག་རེད། ཉིན་འགའ་ཡི་སྔོན་དུ་གྱི་མཚན་མོར་ལྕེབས་པས་ད་ལྟ་སྐད་འཕྲིན་དང་པོད་འཕྲིན་གང་སར་ཁོའི་སྙན་ངག་གི་ཁེངས་འདུག དེ་རིང་རྒྱའི་ལུགས་ཀྱི་འདས་མཆོད་རྒྱ་ཆེ་ཞིག་བསྒྲུབ་རྒྱུ་རེད་ཟེར། མི་མང་པོ་ཞིག་གིས་མེ་ཏོག་དཀར་པོ་བཟུང་བཞིན་འགྲོ་བཞིན་འདུག”ཅེས་གསལ་བཤད་བྱེད་བྱུང་། ངས་“སྐད་འཕྲིན་དང་པོད་འཕྲིན་ཁ་མ་ཕྱེ་བར་ཟླ་གཅིག་ཙམ་འགོར་སོང”ཞེས་དག་སེལ་བྱེད་པར་མོས “ཁྱོད་རང་ཡིན་ན། དེ་ན་རྟེན་འབྲེལ་ངན་པ། མེ་ཏོག་དཀར་པོ་ཞོག་ཉོས་ནས་ཅི་བྱེད”ཟེར།
“ང་ཚོ་བོད་ཀྱིས་འདས་མཆོད་ཀྱི་སྐབས་སུ་མེ་ཏོག་དཀར་པོ་འབུལ་སྲོལ་མེད་པས་མེ་ཏོག་དཀར་པོ་ནི་རྟེན་འབྲེལ་ངན་པའི་མཚོན་བྱེད་མེད”ཅེས་བཤད་པ་དང་མོས“ངས་གང་དེ་བོད་གི་ཡིན་པ་དང་གང་དེ་རྒྱའི་ཡིན་པ་སྔ་མོ་ཞིག་ནས་བརྗེད་ཟིན་འདུག་ཨང”ཞེས་རང་ལ་ལེ་འདའ་བྱེད་བྱུང་།
ང་གཉིས་གཞུང་ལམ་བརྒྱུད་དེ་མདུན་དུ་བསྐྱོད་པ་ན་པོ་ཏ་ལའི་ཟུར་ཞིག་མིག་ལམ་དུ་ཐོན་བྱུང་ལ་མུ་མཐུད་དུ་བསྐྱོད་ཚེ་པོ་ཏ་ལའི་འོག་ཏུ་ཡོད་པའི་མཆོད་རྟེན་གྱི་འགྲམ་དུ་ཐོན། ལམ་བར་དུ་མོས་ང་ལ་སྙན་ངག་པ་ཏའོ་ལྦེན་གྱི་མདས་མཆོད་སོགས་མང་པོ་ཞིག་བཤད་མོད། སྐད་ཆ་ཚིག་གཅིག་ཀྱང་ངའི་སེམས་ནང་དུ་འགྲོ་མ་ཐུབ་རྒྱུ་མཚན་ནི་ལམ་འདིའི་ཐོག་མཐའ་བར་གསུམ་དུ་ངས་མོ་རང་ཡང་སྙིང་སུ་ཡིན་ནམ་སྙམ།
མོ་རང་ནི་སྙན་ངག་དང་འབྲེལ་བ་ཡོད་པའི་བུ་མོ་ཞིག་ཡིན་པ་འདྲ། ཡིན་ཡང་སྙན་ངག་དང་འབྲེལ་བ་ཡོད་ལ་ང་དང་འབྲེལ་བ་ཡོད་པའི་བུ་མོ་ཞིག་ངའི་ཡིད་ལ་དྲན་རྒྱུ་མི་འདུག
མོིས “པོ་ཏ་ལ་བསྐོར་བ་ཐེངས་གཅིག་བརྒྱབ་འགྲོ”ཟེར་བས་ང་གཉིས་མཆོད་རྟེན་ཡོད་ས་ནས་གཞུང་ལམ་ཕྲེད་ཀྱིས་བཅད་དེ་ཕ་རོལ་གྱི་པོ་ཏ་ལའི་ཕྱོགས་སུ་བསྐྱོེད། རླངས་འཁོར་གྱིས་དུང་སྒྲ་ཡང་ཡང་དུ་སྒྲོག་བྱུང་བས་མོས་ངའི་དཔུང་པ་བཟུང་བྱུང་། ཕར་པོ་ཏ་ལའི་བསྐོར་ལམ་དུ་སླེབ་ཚེ་ངས “ཁྱོད་རང་སུ་ཡིན”ཞེས་འདྲི་འདོད་ཀྱང་ཕ་རོལ་དུ་སླེབས་པ་ན་འདྲིི་བ་འདི་དང་པོ་ཉིད་ནས་མི་འདྲི་བ་ད་ལྟ་གློ་བུར་དྲིས་ན་ཅི་འདྲའི་གླེན་རྟགས་ཤིག་རེད་ཨང་སྙམ་ཡོང་བས་ཁ་ནས་ཐོན་མ་ཐུབ།
ལྷ་ས་ནི་ཁ་ཕྱོགས་མེད་པའི་ཞིང་ཁམས་ཤིག་ཡིན་སྣང་ཤར། ང་རང་དུས་རྒྱུན་པོ་ཏ་ལའི་གཡས་ཕྱོགས་ནས་ཁ་བྲལ་ཏེ་སོང་སོང་ན་པོ་ཏ་ལའི་གཡོན་ཕྱོགས་སུ་སླེབས་འགྲོ་ཞིང་དེ་བཞིན་གཡོན་ནས་སོང་སོང་ན་གཡས་ཕྱོགས་སུ་སླེབས་འགྲོ དེ་ནི་ཆུང་དུས་བརྙན་འཕྲིན་ལྟ་དུས་ནུ་བས “བརྙན་འཕྲིན་ནང་དུ་གཅིག་བྱེད་དུས་པོ་ཏ་ལའི་མདུན་དུ་ཐང་ཆེན་ཞིག་ཡོད་པ་དང་ཡང་གཅིག་བྱེད་དུས་མཚོའུ་ཞིག་ཡོད་པ་དེ་ཅི་ཡིན་ནམ”ཞེས་འདྲི་འོང་། ངས་ཁོ་ལ “དེ་ནི་མདུན་རྒྱབ་ཀྱི་ཁྱད་པ་རེད”ཅེས་བཤད་མོད། ཁོ་རང་སྔ་བཞིན་མགོ་ཚུད་པ་དང་གཅིག་པ་རེད། ཡིན་ཡང་ང་རང་ལྷ་སའི་ཕྱོགས་ག་གེ་མོ་ཞིག་ནས་པོ་ཏ་ལའི་འགྲམ་དུ་ཐོན་ཡོང་དུས་ཕྱོགས་བཞི་གང་ཡོད་གསལ་ལྷང་ལྷང་དུ་གྱུར། དེའི་ཕྱིར་ངས་གྲོགས་པོ་ཞིག་ལ “པོ་ཏ་ལ་ནི་ལྷ་སའི་ཕྱོགས་སྟོན་འཁོར་ལོ་རེད་བཞག”ཅེས་བཤད་པ་ཡིན། འོན་ཀྱང་། ངའི་གྲོགས་པོ་ཁོ་རང་པོ་ཏ་ལ་ལོག་བསྐོར་བྱེད་ནས་ཡོང་བཞིན་པའི་ཡུལ་སྐོར་བ་རྒྱ་མོ་ཞིག་ལ་མགོ་འཁོར་སོང་བས་སྙན་ངག་གི་ཚིག་དུམ་ཞིག་དང་འདྲ་བའི་ངའི་སྐད་ཆ་འདི་ཡ་ཁ་ཡ་གང་ཡང་བྱེད་མ་སོང་།
དེ་རིང་ང་ཡང་ངོ་མི་ཤེས་པའི་བུ་མོ་ཞིག་དང་འདི་ལྟར་པོ་ཏ་ལའི་འགྲམ་དུ་སླེབས་མ་ཐག་ལྷ་སའི་ཕྱོགས་བཞི་གསལ་ལྷང་ལྷང་དུ་གྱུར་སོང་བས་རྨོངས་པ་ཐམས་ཅད་གློ་བུར་སེལ་བའི་སྣང་བ་སྐྱེས། སྣང་བ་དེས་ང་ལ་འགྲམ་གྱི་བུ་མོ་དེ་ལ་རྒྱུས་ལོན་བྱེད་པའི་སྤོབས་པ་བསྩལ་བྱུང་།
པོ་ཏ་ལའི་མདུན་གྱི་རྒྱ་སེ་མེ་ཏོག་མང་པོ་བཙུགས་ཡོད་སར་སླེབས་པ་དང་ངས་མོ་ལ “ཁྱོད་རང་ཡང་སྙིང་སུ་ཡིན་ནམ”ཞེས་དྲིས་པ་ཡིན།
ངའི་དྲི་བ་ཡ་མཚན་དེ་ཐོས་མ་ཐག་ཏུ་མོས་ལག་གཡས་པས་མཆུ་ཏོ་བཀབ་ནས་ལྷུག་ལྷུག་ཏུ་དགོད་བྱུང་། ལག་གཡོན་དུ་པང་བའི་མེ་ཏོག་རྫ་མ་དེ་ཨེན་ཙམ་མེད་ན་སར་ཤོར། ངས་མོའི་རྫ་མ་དེ་པང་རོགས་བྱེད་པ་དང་ངའི་ལག་ནང་གི་ས་པད་མ་དཀར་ལ་ཆེ་བ་དེ་མོའི་ལག་ཏུ་བཞག་པ་ཡིན། མོས་ལག་གཡས་པས་ད་ནི་བགད་ནས་གཟེར་བའི་གྲོད་ལ་རེག་རེག་བྱེད་པ་དང་ལག་གཡོན་པས་ངས་སྟེར་བའི་མེ་ཏོག་དེ་ལེན་ཨེ་ཐུབ་མི་ཐུབ་གྱིས་བླངས་སོང་། མེ་ཏོག་དེ་རླུང་བུ་མེད་པའི་ཉི་འོད་འོག་ཏུ་ལྷུག་ལྷུག་འདར།
མོ་རང་ལམ་དཀྱིལ་དུ་མར་ཙོག་པ་དང་དགོད་སྒྲ་ཆད་སོང་མོད། ལག་ནང་གི་མེ་ཏོག་དང་ལུས་པོ་སྔ་བཞིན་འདར་སིག་སིག་བྱས། ང་གཉིས་ཀྱིས་མདུན་ནས་འོང་བའི་ཡུལ་བསྐོར་བ་དང་རྒྱབ་ནས་འོང་བའི་རྩེ་བསྐོར་བ་རྣམས་ཀྱི་བགྲོད་ལམ་བཀག་པས་མི་མང་པོ་ཞིག་གིས་ཅི་འབྱུང་མི་ཤེས་པ་ང་གཉིས་ལ་ལྟ་བཞིན་འདུག ངས་མོའི་རྒྱབ་ཏུ་ལག་པས་བྱིལ་བྱིལ་ཡང་ཡང་བྱེད་རྗེས་མོ་རང་ཡར་བསླངས་པ་ཡིན། མོའི་ངོ་གདོང་དཀར་པོ་དེ་ཡོངས་སུ་དམར་འདུག་ཅིང་མིག་ཆུས་མིག་བརླན་འདུག་ལ་རྔུས་ཆུས་ཀྱང་ཐོད་པ་བརླན་འདུག དེ་ནི་མོ་རང་ཡིད་སྐྱོ་བས་མ་ཡིན་ཏེ་དགོད་དྲག་པས་རྐྱེན་གྱིས་སོ།།
ངས་མོ་རང་ཁྲིད་དེ་གོམ་པ་ཁ་ཤས་སྤོས་རྗེས་མོའི་ལུས་ཀྱི་ན་ཟུག་ཅུང་ཙམ་འཇགས་པ་འདྲ། མེ་ཏོག་བཟུང་བའི་ལག་པ་དེ་ངའི་ཕྲག་པའི་ཐོག་བཞག་འོང་བ་དང་ངག་དར་དིར་གྱིས “ཁྱོས་རང་ཉིད་ཀྱི་དགའ་རོགས་ཀྱང་ངོ་ཤེས་ཀྱི་མི་འདུག་གམ”ཞེས་འདྲི་བྱུང་བས་ཡོད་ཚད་གསལ་པོར་གྱུར།
སློབ་ཚན་ཚོགས་པའི་ཅོང་སྒྲ་སྒྲག་འོང་དུས་ང་རང་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་སློབ་རའི་ནང་གི་རྡུལ་གྱི་ཁེངས་པའི་འདུག་སྟེགས་ཤིག་གི་ཐོག་ཏུ་ཙོག་ནས་ཁ་པར་རྩེད་བཞིན་ཡོད། པོད་འཕྲིན་གྱི་ཁ་ཕྱེ་དུས་མིང་ལ་དུ་བ་ཟེར་བའི་སྙན་ངག་པ་ཞིག་གི་ང་ལ་སྐད་ཅིག་བཞག་འདུག ཁོས “དེ་རིང་མཚན་མོའི་ཆུ་ཚོད་དང་པོར་པེ་ཅིང་གི་རོལ་དབྱངས་ཁོ་ཧྥེ་ཁང་དུ་ངའི་སྙན་དེབ་མུན་པ་ཞེས་པ་དེ་འགྲིམ་སྤེལ་བྱ་རྒྱུ་ཡིན། ཁྱོད་རང་ཁོམ་ན་ཕེབས་རོགས་ཞུའོ”ཟེར། ངས་ལན་དུ “ཡ་ཡ”ཟེར་བ་ཡིན། བསམ་རྒྱུ་ནི་མུན་པ་སླེབས་དུས་འགྲོ་མི་འགྲོ་ལྟ་ཆོག་སྙམ།
མཚན་མོ་ཆུ་ཚོད་བཅུ་པར་སོན་ཡང་ང་རང་གད་སྙིགས་ཀྱི་ཁེངས་པའི་ཉལ་ཁང་ནང་དུ་ཉལ་མི་དྲོ་བས་ཆུ་གྲང་མོ་ངོ་གདོང་ལ་ཕྱོར་ཙམ་ཕྱོར་ཙམ་དང་སྐྲ་ཤད་ཀྱིས་སྐྲ་ལོ་མར་ཤད་ཙམ་ཤད་ཙམ་བྱེད་རྗེས་ཉལ་ཁང་ནས་ཐོན་པ་ཡིན། ཤ་སྲེག་མ་དང་ཐུབ་པའི་དྲི་མའི་ཁེངས་པའི་སློབ་གྲྭའི་ནུབ་སྒོ་བརྒྱུད་དེ་རོལ་དབྱངས་ཁོ་ཧྥེ་ཁང་གི་ཕྱོགས་སུ་སོང་།
རོལ་དབྱངས་ཁོ་ཧྥེ་ཁང་དུ་འཛུལ་དུས་ནམ་རྒྱུན་བཞིན་ཁོ་ཧྥེའི་དྲི་ཞིམ་བྲོ་རྒྱུ་མི་འདུག་པ་དེ་ཅི་ཡིན་ནམ་སྙམ། ང་ནང་དུ་སླེབས་པ་དང་འུར་ཟིང་ངེ་བྱེད་བཞིན་པའི་པེ་ཅིང་གི་བོད་པ་དག་འཇམ་ཐེང་ངེར་གྱུར་སོང་། དེའི་ནང་ནས་གཟུགས་སྟོབས་ཆེ་ལ་སྐྲ་ལོ་དང་ཁ་སྤུ་གཉིས་པོ་རིང་བའི་ཕོ་གསར་ཞིག་ཚུར་འོང་སྟེ་ངའི་ལག་པ་འཇུས་ནས “ང་དུ་བ་ཡིན། ཁྱོད་ཀླད་ཀོར་ཡིན་ནམ” ཟེར། ངས “ཡིན། ང་རང་ཀླད་ཀོར་ཡིན”ཞེས་པ་ན “ལོ་འདི་དག་གི་རིང་ཁྱོས་ཀྲུང་དབྱང་ཚང་ནས་ཀླད་ཀོར་ཟོས་ནས་སྡུག་རེས་སོང”ཞེས་འཆད་ཀྱིན་ང་ལ་ཤ་པོ་ཤ་འགྲིག་བྱེད་བཞིན་མི་མང་གི་དཀྱིལ་དུ་ཕྱིན་པ་དང “ཨ་རོགས་ཚོ་ཉོན་དང་། ངས་ཁོ་རང་ངོ་སྤྲོད་ཅིག་བྱེད་ཀོ”ཞེས་འབོད། དེ་ཡོད་ཚང་མ་ཆང་ཕོད་སར་བཞག་ནས་འཇམ་ཐིང་ཐིང་དུ་གྱུར་སོང་། ཁོས་མུ་མཐུད་དུ “འདི་ནི་ངའི་གྲོགས་པོ་ཡག་ཤོས་དང་བོད་ཀྱི་སྙན་ངག་པ་རྩེ་གྲས་ཀླད་ཀོར་ལགས་རེད”ཅེས་ངོ་སྤྲོད་བྱས་སོང་བ་དང་ངས་“སྙན་ངག་པ་དུ་བ་ང་གཉིས་ད་ཐེངས་འཕྲད་ཐེངས་དང་པོ་ཡིན་པ་དང་ངས་བརྩམས་སྒྲུང་རེ་གཉིས་ཙམ་བྲིས་མྱོང་བ་ལས་སྙན་ངག་གཅིག་ཀྱང་འབྲི་མ་མྱོང”ཞེས་ཁོའི་སྐད་ཆ་ལ་དག་སེལ་བྱེད་བསམ་ནའང་སྐད་ཆ་འགྲིན་པ་ནས་མ་ཐོན་གོང་དུ་དུ་བས“དེ་རིང་གྲོགས་པོ་ཁྱོད་རང་རྗེས་སུ་ལུས་པས་ཆང་ཕོར་གསུམ་ཞབས་དག་ཡིན་དཱ”ཟེར་བཞིན་ངའི་མདུན་གྱིོ་སྒྲོ་ཙེའི་ཐོག་ཏུ་ཆང་ཕོར་ཆེན་པོ་གསུམ་སྒྲིག་བྱུང་། ངས་ཆང་ཕོད་ཅིག་ཡར་བསྐྱགས་ཏེ་དྲིམ་ཞིག་སྣུམ་པ་ན་ནས་ཆང་གི་དྲི་མ་འཐུས་ཡོང་བས་ངས་དྲི་བའི་མིག་ཟུང་གིས་དུ་བ་ལ་བལྟས་པ་ན “ནས་ཆང་འདི་ནི་དེ་རིང་གི་མུན་པའི་ཆེད་དུ་ནམ་མཁའ་ཟི་ལིང་ནས་འདྲེན་ཡོང་བ་ཡིན་དཱ། ཞབས་དག་བྱོས”ཟེར། ངས་ཀྱང་ནས་ཆང་པེ་ཙི་གསུམ་པོ་བསྟུད་མར་ཞབས་དག་བྱས་པ་དང་གཡས་གཡོན་གྱི་མི་རྣམས་ལ་བལྟས་དུས་ཁོ་ཚོས་ད་དུང་ངའི་ཁ་ལ་ཅེར་བཞིན་ཅི་ཞིག་སྒུག་བཞིན་འདུག་པས་ངས“དེ་རིང་སྙན་ངག་པ་དུ་བའི་སྙན་དེབ་མུན་པ་འགྲེམ་སྤེལ་བྱེད་པའི་ཆང་སྟོན་ལ་ཡོང་བར་ཤིན་ཏུ་དགའ་པོ་བྱུང་། སྙན་ངག་པ་དུ་བ་ནི་ང་རང་ཚོ་མུན་པ་ནས་མུན་པར་འདྲེན་མཁན་གྱི་གཤིན་རྗེ་དེ་ཡིན”ཞེས་བཤད་པ་དང་དུ་བའི་གདོང་སྨུག་པོ་དེ་དམར་པོ་དམར་རྐྱང་དུ་གྱུར་སོང་ལ་ཕར་ཙམ་ནས་ཚུར་ཡོང་སྟེ་ང་ལ་འཁྱུད་ཙམ་བྱེད་རྗེས“ཁྱོས་བཤད་པ་བདེན་སོང་། ང་རང་ནི་འོད་སྣང་མེད། ང་རང་འོད་སྣང་བྱེད་མི་འདོད། ང་ལ་འོད་སྣང་མི་མཁོ། ང་རང་ནི་མུན་པའི་དུས་རབས་འདིར་མུན་པ་ནས་མུན་པ་བརྒལ་མཁན་དེ་ཡིན”འབོད་བྱུང་བ་དང་ང་ཚོས་ད་དུང་ཁོའི་ཁ་ལ་བལྟས་ནས་བསྡད་པས་ཁོས“ད་ནི་ང་ཚོས་ཡོད་ཚད་ལ་ནན་ཏན་བྱེད་དགོས་དོན་མི་འདུག མང་པོ་བཤད་དགོས་པ་མི་འདུག ང་ཚོ་ནི་མུན་པ་ལ་དབང་། མུན་པ་ནང་ནས་ཆང་དང་ཐ་མག་མང་པོ་ཡོད”ཅེས་བཤད་བྱུང་བ་དང་དེང་ལཱ་སྤུས་དག་གྱོན་པའི་བོད་པ་གཞོན་ནུ་དང་གཞོན་ནུ་མ་ཁ་ཤས་ཀྱིས་རོལ་ཆས་འདྲ་མིན་སྣ་ཚོགས་ཁུར་ནས་གར་སྟེགས་ཐོག་ཐོན་བྱུང་ལ་འགོ་ཚུགས་མ་ཐག་ནས་ཁོ་ཧྥེ་ཁང་འདི་གས་བ་སྙམ་བྱེད་པའི་རོལ་དབྱངས་འདི་ནི་དུས་རབས་དྲུག་བཅུ་པར་ཨ་རི་ནས་དར་ཁྱབ་ཆེ་བའི་Rock and Rollཡིན་པ་སྣང་། སྐབས་དེ་དུས་ཀྱང་སྙན་ངག་པ་དུ་བས་ཁོའི་སྙན་ངག་དང་འདྲ་བའི་སྐད་ཆ་ཁ་ཤས་བཤད་ཁུལ་བྱེད་ཀྱིན་ཡོད་མོད། ཁོའི་ཁ་ནས་ཐོན་མ་ཐག་པའི་སྐད་ཆ་དག་རོལ་དབྱངས་ཀྱིས་ཡོང་དུ་གཏོར་བས་སུས་ཀྱང་གོ་མ་ནུས། དེ་ནས་ཁོས་རོལ་དབྱངས་ཀྱི་སྟངས་སྟབས་དང་བསྟུན་ནས་ངེས་མེད་ཀྱི་གར་ལ་རོལ་བྱུང་། ཁོ་ཧྥེ་ཁང་གི་ལོ་མང་པོའི་རིང་ནས་བསགས་པའི་ཁོ་ཧྥེའི་དྲི་མ་དེ་ནས་ཆང་གི་དྲི་མས་བསུབས་ཟིན་པ་རྟོགས་བྱུང་།
པེ་ཅིང་གི་དུ་སྤྲིན་གྱི་ཁེངས་པའི་མུན་པ་ནང་དུ་ང་རང་ཆང་གི་བཟི་བ་དང་རོལ་དབྱངས་ཀྱི་མཐོ་རླབས་ལས་ཅུང་ཙམ་སད་དུས་མུན་པ་རིང་པོའི་ནང་དུ་ངས་མཛེས་མ་ཁ་ཤས་ལ་པེ་ཙི་བཀྱགས་ཏེ་ཞབས་དག་རྒྱག་པ་དང་རང་གི་ཚོར་བ་ཟ་ཟིར་ལ་བརྟེན་ནས་བྲོ་ཁྱར་ཁྱོར་རེ་འཁྲབ་པ་མག་མོག་གི་དྲན་རྒྱུ་འདུག ཆུ་ཚོད་ལྔ་པར་ངའི་རིག་པ་ཅུང་ཙམ་གསལ་བར་གྱུར་ཞིང་ཁོ་ཧྥེ་ཁང་གི་ཟུར་ཀུན་དུ་མི་མང་པོ་ཞིག་ཆང་དང་གཉིད་ཀྱི་བཟི་ནས་གཡས་ཉལ་གཡོན་ཉལ་བྱེད་ཡོད་པ་རིག་ལ་སྙན་ངག་པ་དུ་བ་དང་བཅས་པའི་མི་ཁ་ཤས་གར་སྟེགས་འགྲམ་གྱི་སྒྲོག་ཙེ་བསྐོར་ནས“ཡང་བསྐྱར་གླུ་ཞིག་ཡིན་དཱ། ཡང་བསྐྱར་བྲོ་ཞིག་ཡིན་དཱ”ཞེས་གར་སྟེགས་ཐོག་ཏུ་ཡོད་པའི་མི་རྣམས་ལ་སྐུལ་བཞིན་འདུག གར་སྟེགས་ཀྱི་ཐོག་ཏུ་མི་རྒྱགས་པ་ཞིག་གིས་རྒྱ་གླིང་གི་ཁ་མེ་ཏོག་འདྲ་བ་དེ་ཁོ་ཚོ་ལ་བརྟེན་ནས“ཏིང་ཏུང་ཏང་རང་རང་ཏུང་ཏིང་ཏང”ཞེས་ཡང་ཡང་དུ་འབུད་བཞིན་མཆིས། སྙན་ངག་པ་དུ་བས་ཀྱང་ལག་པ་འཛུབ་མོས་མཆུ་ཏོའི་མདུན་དུ་སྟངས་སྟབས་རྩེན་བཞིན་ཁ་ནས་“ཏིང་ཏུང་ཏང་རང་རང་ཏུང་ཏིང་ཏང”ཞེས་སྒྲོག་བཞིན་རྒྱ་གླེང་འབུད་པའི་ཁུལ་བྱེད་བཞིན་འདུག
ཆུ་ཚོད་ལྔ་པ་ཕྱེད་ཀར་ཁོ་ཧྥེ་ཁང་གི་སྒེའུ་ཁུང་ནས་མུན་གསལ་ཡོང་བ་མཐོང་འཕྲལ། སྙན་ངག་པ་དུ་བ་སྔ་ལས་ཚ་བེ་འཚུབ་བེ་དུ་གྱུར་སོང་ལ“མུན་གསལ་བྱུང་། ང་ཚོ་ཉིན་དཀར་གྱི་འཇིག་རྟེན་ལ་མི་དབང”ཞེས་སྐད་ཆེན་པོ་འབོད་བཞིན་ར་བཟི་བ་དང་གཉིད་བཞིན་པ་དག་བསླངས། ཁོས་སྒེའུ་ཁུང་གི་ཕྱི་རོལ་དུ་འཛུབ་མོ་བཙུག་བཞིན“དགོངས་དག དགོངས་དག ངས་ཁྱོད་ཚོ་བསླངས་བ་མེད། ལྟོས་དང་། ཉིན་དཀར་གྱིས་ཁྱོད་ཚོ་སློང་བཞིན་འདུག”ཅེས་འབོད། དེ་སྐབས་རྒྱ་གླིང་གི་སྒྲ་ཡང་ཆད་པས་ཁོ་རང་གར་སྟེགས་སུ་རྒྱུག་སོང་ནས “བླ་ན་འཕགས། བླ་ན་འཕགས”ཟེར་བཞིན་མི་རྒྱགས་པ་དེ་ལ་འཁྱུད་ལ་ཁད་འཁྱུད་ལ་ཁད་བྱེད་ཀྱང་མཇུག་མཐར་འཁྱུད་བདེན་འཁྱུད་མ་སོང་། ལག་ནང་གི་ཆང་འཐུང་འཕྲོ་ལུས་པའི་པེ་ཙེ་དེ་རྒྱགས་པའི་ལག་དུ་བཞག་པ་དང“ཞབས་དག”ཟེར། རྒྱགས་པས་ཆང་འཐུང་བཞིན་གར་སྟེགས་ནས་མར་འབབ་བྱུང་། དུ་བ་ཁོ་རང་གར་སྟེགས་ནས་ཅི་ཞིག་འབོར་བ་བཞིན་ཕར་འགྲོ་ཚུར་འགྲོ་དང་ཡར་འགྲོ་མར་འགྲོ་ཐེངས་ཁ་ཤས་བྱེད་རྗེས་ཡང་ཅི་ཞིག་དྲན་འོང་བ་བཞིན་ང་ཚོའི་ཕྱོགས་སུ་ཁ་བསྐོར་ནས“ཁྱོད་ཚོས་ཚུར་ཉོན་དང་། ང་ལ་སྐད་ཆ་ཡོད”ཅེས་བཤད་འོང་བས་ང་ཚོས་ཁོའི་ཁ་ནས་ཅི་ཞིག་ཐོན་པ་ཡུན་རིང་བསྒུགས་ཀྱང་ཁོའི་ངོ་གདོང་དམར་ལྷང་ལྷང་དུ་གྱུར་ཏེ་མཆུ་ཏོ་ཡང་ཡང་འགུལ་འགུལ་བྱེད་པ་ལས་སྐད་ཆ་ཚིག་གཅིག་ཀྱང་ཐོན་མ་བྱུང་། མཐར“དེ་འདྲ་རེད། རེད་ཨང་། དེ་འདྲ་རེད། རེད་ཨང ”ཞེས་ཡང་ཡང་ཟློས་པ་ལས་སྐད་ཆ་ཚིག་གཅིག་ཀྱང་བཤད་ཐུབ་མ་སོང་། ང་ཚོ་ལ་མཚོན་ན་ཁོས་སྐད་ཆ་ཅི་ཡང་བཤད་དགོས་ཀྱི་མི་འདུག ཁོས་ཅི་ཞིག་བཤད་བསམ་པ་ང་ཚོ་ཚང་མས་ལུས་སེམས་གཉིས་ཀས་ཤེས་ནས་ཡོད་པའི་སྣང་བ་འཆར། ང་ཚོས་རང་ཉིད་ཀྱིས་སྣང་བ་དེ་བཤད་དགོས་བྱུང་ཚེ་ཁོ་བཞིན་ཁ་ངོ་དམར་པོར་འགྱུར་བཞིན“དེ་འདྲ་རེད། རེད་ཨང་། དེ་འདྲ་རེད། རེད་ཨང”ཞེས་ཡང་ཡང་བཟློས་པ་ལས་ཐབས་གཞན་གང་ཡང་ཡོད་མི་སྲིད།
ང་ཚོ་མཁའ་དབུགས་ཀྱིས་ཀྱང་བཟི་བ་ནུས་པའི་ཁོ་ཧྥེ་ཁང་ནས་ཐོན་ཏེ་པེ་ཅིང་གི་སྲང་ལམ་དུ་ཉུལ། ང་ཚོས་རང་ཉིད་ཀྱི་ཀླད་པའི་ངོས་སུ་ཅི་འཆར་ཐམས་ཅད་ཤུགས་ཀྱི་གླུ་རུ་བླངས་པ་དང་རོལ་ཆ་འཁུར་རྒྱུ་ཡོད་པ་རྣམས་ཀྱིས་ཀྱང་ང་ཚོའི་ཟང་ཟིང་གི་གླུ་དབྱངས་ལ་རམ་འདེགས་མཛད་ནས་སླར་ཡང་གས་པ་ལྟར་བུའི་རོལ་ཆ་དཀྲོལ་བྱུང་། སྲང་ལམ་གཡས་གཡོན་གྱི་གཉིད་ལས་སད་མ་ཐག་པའི་མི་རྣམས་སྒོ་ནས་ཐོན་པ་དང་རྨི་ལམ་ཡིན་ནམ་སྙམ་པ་འདྲ། ཅི་ཡིན་ཆ་མི་འཚལ་བར་ང་ཚོ་ལ་ལྟ་བཞིན་འདུག ང་ཚོས་ཁོ་ཚོ་ལ་ཁ་ཡ་ཅི་ཡང་མི་བྱེད་པ་སྲང་ལམ་འདི་སྔར་ལས་ཟང་ཟིང་དུ་བཟོས། སྐབས་དེར་ཉིན་རྟོག་པའི་རླངས་འཁོར་གསུམ་ང་ཚོའི་འགྲམ་དུ་སླེབས་བྱུང་ལ་དེ་དག་གི་ནང་དུ་མེ་མདའ་ཁུར་ཡོད་པའི་ཉེན་རྟོག་པ་བཅུ་གྲངས་ཤིག་འབབ་བྱུང་། སྙན་ངག་པ་དུ་བ་ཉེན་རྟོག་པ་རྣམས་ཀྱི་ཕྱོགས་སུ་འགྲོ་ནས“གཅིག་ལྟོས་དང་མི་ཡ་མཚན་འདི་ཚོ་ངས་ཁྱོད་ཚོ་ལ་ངོ་སྤྲོད་བྱེད་དགོས་པ་མི་འདུག ཁྱོད་ཚོས་གཅིག་ལྟོས་དང་། ཁོ་ཚོའི་མགོ་ནས་རྐང་པའི་བར་གཅིག་ལྟོས་དང་། ངོ་མ་དགོད་བྲོ་བ་ལའང་ཀླད་རུལ་ཁོ་ཚོས་མིའི་རང་དབང་ལ་མ་གཏོགས་ཇུས་རྟོགས་བྱེད་ཤེས་ནི་མ་རེད”ཅེས་འཆད་བཞིན་ཉེན་རྟོག་པ་དག་ལ་མིག་རུབ་རུབ་ཀྱིས་བལྟས། ཉེན་རྟོག་པ་འགོ་དཔོན་འདྲ་བ་དེས་རྫིག་རྫིག་ངང“ཉི་ཙའེ་ཧྲུའུ་ཧྲེ་མེ”ཟེར། ཁོས་ཉེན་རྟོག་པ་དེ་ཚོར་ཁ་ཡ་མི་བྱེད་པ་ཚུར་འོང་བཞིན་པའི་གླ་གཏོང་རླངས་འཁོར་གྱི་ཁ་བཙན་གྱིས་བཀག་རྗེས་ཉེན་རྟོག་པ་ཚོས་ཁོའི་རྒྱབ་ནས་ཅི་འདྲ་འཐེན་ཡང་ཁོ་རང་བདེ་ལྕག་ཆེན་པོས་ནང་དུ་འཛུལ་སོང་ལ་སྒེའུ་ཁུང་ནས“ཨ་ཁ་ཁ། ངའི་སྙན་དེབ་མུན་པ་རོལ་དབྱངས་ཁོ་ཧྥེ་ཁང་དུ་ལུས་འདུག ཨ་ཁ་ཁ། ཁྱོད་ཚོ་ལ་རེ་རེ་བགོ་དགོས་བསམ་བྱུང་། ད་ཚར་སོང་། སྐྱོན་མི་འདུག དེ་རིང་ང་རང་ཟི་ལེང་དུ་ལོག་དགོས་་་་་་་་” ད་དུང་ཁོས་མང་པོ་ཞིག་ཞེས་བཤད་སོང་ནའང་གླ་གཏོང་རླངས་འཁོར་དེ་མདུན་ཕྱོགས་སུ་རྒྱུག་སོང་བས་ཁོའི་སྐད་ཆ་དག་ཇེ་ཆུང་ནས་ཇེ་ཆུང་། ཇེ་ཆུང་ནས་མེད་པར་གྱུར་བ་དང་ཁོ་རང་བསྡད་པའི་གླ་གཏོང་རླངས་འཁོར་ཡང་པེ་ཅིང་གི་དུ་སྤྲིན་དུ་ཡལ་སོང་། ངས་ཁོ་རང་ཡལ་ཕྱོགས་སུ་ལྟ་བཞིན་ཁོ་རང་འདི་ལྟར་པེ་ཅིང་གི་གླ་གཏོང་རླངས་འཁོར་ཞིག་ལ་བསྡད་ནས་ནམ་མཁའ་ཟི་ལིང་དུ་འགྲོ་བསམ་པ་ཡིན་ནམ་སྙམ། ཁོ་རང་འདི་ལྟར་བུད་སོང་བས་ང་ཚོ་ཉེན་རྟོག་པ་དང་ཁ་བྲལ་བ་ཡིན་ལ་སྨྲ་བ་མེད་པར་རང་རང་སར་ལོག་འགྲོ་བ་ཡིན།
སློབ་ཚན་གྲོལ་བ་དང་ང་རང་གཉིད་ལས་སད། སྒེའུ་ཁུང་གི་ཕྱི་རོལ་དུ་སླར་ཡང་མུན་པ་སླེབས་འདུག ང་རང་མུན་པ་ལ་ཧད་ཀྱིན་སྙན་ངག་པ་དུ་བ་དྲན་ཞིང་ངས་མཐོང་མྱོང་མེད་པའི་ཁོའི་སྙན་དེབ་མུན་པ་ཡང་དྲན་བྱུང་། ཁོས་ཁ་སང་མཚན་མོར་མུན་པའི་སྐོར་གྱི་གཏམ་གླེང་དེ་ད་ལྟའང་ངའི་རྣ་ལམ་བུ་ལྷང་ལྷང་གྲག་འོང་མོད། སྣང་བ་ཞིག་ལ་རོལ་དབྱངས་ཁོ་ཧྥེ་ཁང་གི་མུན་གྱི་སྨྱོ་སྤྱོད་ཐ་དག་དྲན་མི་ཐུབ་པའི་དེ་རིང་ཉིན་དཀར་གྱི་རྨི་ལམ་དང་ཅི་འདྲའི་འདྲ་བ་ལ་ཨང་སྙམ་སྐབས། ང་ཚོ་འཛིན་གྲྭའི་མིང་ལ་འགྱུར་མེད་ཟེར་བའི་སློབ་གྲོགས་བྲེལ་བྲེལ་འཚུབ་འཚུབ་ཅན་དེ་གློ་བུར་ཉལ་ཁང་གི་སྒོ་ནས་ཐོན་བྱུང་། ཁོས་ང་རང་ད་དུང་ཡང་ཉལ་བཞིན་ཡོད་པ་མཐོང་མ་ཐག “ཀི ཀླད་ཀོར། སློབ་ཚན་འཚོགས་སྐབས་དགེ་རྒན་གྱི་ཁྱོད་རང་དེ་རིང་ཡང་སླེབས་མི་འདུག་ཅེས་སྤོ་ལངས་འདུག ལང་སང་ཁ་པར་ཞིག་གཏོང་མ་གཏོགས། རྙོག་དྲ་འོང་ས་རེད་ཀོ”ཞེས་ངའི་མལ་གོས་ཡར་འཐེན་ཙམ་འཐེན་ཙམ་བྱེད་ནའང་ངས་ཁོར་ཁ་ཡ་མི་བྱེད་པར་སྔས་འོག་གི་ཁ་པར་ཡར་བསླངས་ནས་སྐད་འཕྲིན་དུ་ཉུལ་པ་ཡིན།
དེ་རིང་སྐད་འཕྲིན་གྱི་ནང་དུ་“དང་ལེན་བྱེད་རོགས་”ཟེར་བའི་མི་གསར་པ་བཅུ་གྲངས་ཤིག་འཛུལ་འདུག ཁོ་ཚོ་སུ་ཡིན་ནམ་སྙམ་གྱིན་རེ་རེ་བཞིན་ཞིབ་ལྟ་ཞིག་བྱས་མོད། ངོ་ཤེས་པ་ནི་གཅིག་ཀྱང་མི་འདུག་པས་དེའི་ནང་དུ་བུ་མོ་གསུམ་འདུག་པ་དེ་རྣམས་དང་ལེན་བྱེད་རྗེས་གཞན་རྣམས་བསྐྱུར་བཞག་པ་ཡིན།དེའི་ནང་ནས་མིང་ལ་མི་དགེ་མེ་ཏོག་མ་ཟེར་བའི་བུ་མོ་དེས “སྐུ་ཁམས་བཟང”ཟེར་བྱུང་། ངས་ཀྱང་དེའི་ལན་དུ་བྱི་ལ་ཞིག་གིས་དགའ་སྤྲོ་ཆེན་པོས་ཙི་ཙི་ཞིག་གི་ལག་པ་འཇུ་བའི་འགུལ་བརྙན་རྣམ་འགྱུར་ཞིག་བསྐུར་བ་ཡིན།
“ཁྱོིད་ཀྱི་མགོ་པར་མགོ་མཇུག་ཐུར་ལོག་ཁ་བཞག་པའི་རྒྱུ་མཚན་ཅི་ཡིན”
“མགོ་མཇུག་ཐུར་ལོག་ཁས་འཇིག་རྟེན་འདི་ལ་བལྟས་ན་འཇིག་རྟེན་འདི་ནི་དུས་རྒྱུན་གྱི་འཇིག་རྟེན་དང་འདྲ་པོ་མི་འདུག”
“རབ་ཡིན་ན་ཁྱོད་ཀྱི་མགོ་པར་དེ་དྲང་པོར་འཇོག་རོགས།”
“རྒྱུ་མཚན་གང་ཡིན་ནམ”
“མགོ་པར་ལོག་པའི་རྐྱེན་གྱིས་ཁྱོད་དང་མཉམ་དུ་ཁ་བརྡ་བྱེད་སྐབས། ངས་ཁྱོད་ཀྱིས་སྐེ་ལ་བལྟས་ནས་ཁ་བརྡ་བྱེད་བཞིན་པའི་སྣང་བ་སྐྱེས”
“བདེན་པ་རེད། ངས་ཁྱོད་དང་མཉམ་དུ་ཁ་བརྡ་བྱེད་སྐབས་ལུས་པོ་མེད་པའི་བུ་མོ་ཞིག་གི་མགོ་བོ་ཞིག་ལ་ཁ་བརྡ་བྱེད་བཞིན་པའི་སྣང་བ་ཤར”ངས་མོའི་སྐེ་ཡན་ཆད་ལས་མེད་པའི་མགོ་པར་དེ་ཆེར་ཆེར་བཏང་རྗེས་འདི་ལྟར་བཤད་པ་ཡིན།
མོས་དངངས་སྐྲག་སྐྱེས་པའི་རྣམ་འགྱུར་ཞིག་དང་ཁོང་ཁྲོ་ལངས་པའི་རྣམ་འགྱུར་གཉིས་མཉམ་དུ་བསྐུར་བྱུང་།
ངས“ང་གཉིས་ངོ་ཤེས་སམ”ཟེར་དུས་མོས“ང་གཉིས་ངོ་ཤེས་དང་མི་ཤེས་པ་དེ་གཙོ་བོ་མ་རེད། གཙོ་བོ་ནི་ཁ་སང་མཚན་མོར་ཁྱོས་སྙིང་རྗེ་མོས་དབུལ་གཙང་གི་སྐད་ཀྱི་གཏམ་བཤད་བྱེད་ཚུལ་དང་ར་བཟི་ནས་ཞབས་བྲོ་འཁྲབ་པའི་རྣམ་པ་དག་རེད”ཟེར། ངས་མོ་རང་ནི་ཁ་སང་མཚན་མོར་ནས་ཆང་ཞབས་དག་རྒྱག་མྱོང་བའི་བུ་མོ་ནང་གི་གཅིག་ཡིན་པ་ཤེས་སོང་།
“ངའི་མིང་ལ་བཀྲ་ཤེས་ཟླ་བ་ཞེས་འབོད། ཁྱོད་ཀྱི་མིང་ལ་ཅི་ཟེར”དྲིས་དུས་མོས “ངའི་མིང་ལ་ཅི་ཟེར་བ་དེ་གཙོ་བོ་མ་རེད། རྗེས་མ་ང་གཉིས་འཕྲད་པའི་སྐབས་སུ་ཁྱོད་ལ་བཤད་ཆོག ད་སྐབས་ཁྱོས་ང་ལ་མི་དགེ་བ་མེ་ཏོག་མ་ཅེས་འབོད་ན་འགྲིག”ཅེས་ཟེར་བྱུང་།
དེ་ནས་མུན་པ་རེ་རེ་སླེབས་དུས་མོས་ང་ལ་སྙན་དེབ་གྲགས་ཅན་མེ་དགེའི་མེ་ཏོག་ནང་གི་སྙན་ངག་རེ་དབྱངས་ལ་གྱེར་ནས་བསྐུར་ཡོང་ཞིང་སྙན་ངག་དེ་དག་བཀླགས་པའི་མྱོང་ཚོར་རྣམས་ལྷུག་པོར་བརྗོད་པ་བྱེད། ཉིན་ཞིག་མོས་ང་ལ་རང་ཉིད་ངོ་སྤྲོད་ཀྱི་ཚུལ་གྱིས་མོ་རང་ནི་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་ཞབས་བྲོ་གླིང་ནས་ཡིན་པ་དང་ཕ་ཡུལ་ཉིང་ཁྲི་ནས་ཡིན་ཞེས་ངོ་སྤྲོད་ཀྱང་རང་ཉིད་ཀྱི་མིང་ངོ་མ་ང་ལ་བཤད་མ་བྱུང་། མོས་སྙན་ངག་པ་དུ་བའི་སྙན་དེབ་མུན་པའི་ཆང་སྟོན་མ་རོལ་བའི་སྔོན་ནས་ང་རང་མཐོང་མྱོང་ཟེར། སྐབས་དེར་ཁྱོས་ཐ་མག་རིང་པོ་ཞིག་འཐེན་བཞིན་གཏིང་རིང་བའི་བསམ་གཞིབས་ལ་བཞུགས་འདུག་ཟེར། བསྡད་ས་ནི་ང་ཚོ་སློབ་གྲྭའི་དྲི་མའི་ཁེངས་པའི་འདུག་སྟེགས་ཤིག་གི་ཐོག་ཏུ་རེད་ཅེས་འབོད།
ཉིན་ཞིག་མོས་ང་ལ་པར་གསུམ་བསྐུར་བྱུང་། ངས་པར་རེ་རེར་འཛུབ་མོས་མནན་ཏེ་ཁ་ཕྱེ་བ་ན་ང་རང་ཧ་ལས་སོང་། པར་དང་པོའི་ནང་དུ་ངས་ལག་ཏུ་ཆང་ཕོར་ཆེན་པོ་ཞིག་བཟུང་ནས་སྙན་ངག་པ་དུ་བ་དང་མཉམ་དུ་གཏམ་གླེང་བྱེད་བཞིན་འདུག་ལ་པར་གཉིས་པའི་ནང་གི་ངས་སྐྲ་ལོ་ཡང་འཛིང་བཞིན་གློག་འོད་སྔོ་པོའི་འོག་ཏུ་བྲོ་འཁྲབ་བཞིན་མཆིས། པར་གསུམ་པའི་ནང་དུ་ང་རང་པེ་ཅིང་གི་སྲང་ལམ་དུ་འགྲོ་བཞིན་འདུག་ལ་ཅི་ཞིག་བརྗེད་པ་དང་ཅི་ཞིག་བོར་བ་ལྟ་བུའི་རྒྱག་གཟུགས་ཉམས་ཆུང་ཞིག་པར་འདུག པར་དེ་ནི་སྔོན་གྱི་པར་གཉིས་ལས་ཅུང་གསལ་བས་ང་ཚོས་ཆང་སྟོན་རོལ་རྗེས་རང་རང་སོ་སོ་ཉལ་ཁང་དུ་ལོག་དུས་ཀྱི་རྣམ་པ་ཡིན་པ་གསལ་པོ་རེད།
མོས་དུས་རྒྱུན་དུ “མི་ཞེས་པ་དེ་ཡར་མཚན་རེ་ཡ”ཟེར་ཞིང“ང་ཚོ་མིས་ཅིའི་ཕྱིར་ཟ་མ་བཟའ་དགོས་པ་ཡིན་ནམ། གལ་སྲིལ་མིས་ཟ་མ་བཟའ་མི་དགོས་ན་འཇིག་རྟེན་འདིའི་ནང་དུ་སྲོག་ཆགས་མང་པོའི་ཁེངས་ཡོད་ངེས། མིའི་གྲོད་པ་ནི་རྒྱ་མཚོ་ལས་ཆེ་བའི་རྒྱུ་མཚན་ཅི་ཡིན་ནམ། མིས་ཟ་མ་བཟའ་དོན་ནི་འཆི་བ་ལ་སྐྲག་པ་ཙམ་གྱིས་འགྲེལ་ནུས་སམ”ཟེར། དེ་ནས་མོེས་ཚེ་སྲོག་ལ་གོ་བ་ཅི་ལྟར་ལོན་གྱིན་ཡོད་པ་ང་ལ་གསལ་བཤད་བྱས། མོའི་བསམ་བློ་ནི་རྒྱ་མཚོ་ཆེན་མོ་དང་འདྲ་བས་སྐབས་རེར་ང་ལ་ཡིག་འབྲུ་ཆིག་སྟོང་ཙམ་ཡོད་པའི་སྐད་ཆ་བསྐུར་ཡོང་། མོའི་སྐད་ཆ་དག་ངས་ལན་མ་རྒྱག་པ་བཞག་དུས་མོས“ངས་ཉིན་གང་བོ་ཁྱོད་ལ་སྨྱོ་བཤད་བྱེད་པར་སུན་གི་འདུག་གམ”ཞེས་འདྲི་འོང་།
“ང་རང་སུན་དོན་མེད། ཁྱོས་ཅི་ཞིག་བཤད་བསམ་པ་དེ་ཁྱོད་རང་ཉིད་ཀྱི་རང་དབང་རེད”
“ཁྱོད་ཀྱི་སྐད་ཆ་འདི་དྲང་གཏམ་ཡིན་ནམ”
“དྲང་གཏམ་ཡན”
“དེ་ན་ངས་མུ་མཐུད་དུ་བཤད་པའི་སྐད་ཆ་དེ་དག་ང་ལ་བཤད་པའི་རང་དབང་ཡོད་ཙམ། ཁྱོས་ཇུས་གཏོགས་བྱེད་མི་ཆོག”
“ཇུས་གཏོགས་བྱེད་མི་སྲིད”
མོས་མུ་མཐུད་དུ “ང་རང་ཁྱོད་ལ་སུན་གི ཁྱོད་ལ་མི་དགའ་གི”ཟེར།
ངས་ “རྒྱུ་མཚན་གང་ཡིན་ནམ”ཞེས་དྲིས།
མོས “རྒྱུ་མཚན་ནི་ངའི་བརྩེ་བ་ཁྱོད་ལ་ཤོར་བས་ཡིན”ཟེར།
“ཡིན་ཡང་ང་རང་ཟླ་གཅིག་གི་རྗེས་སུ་སློབ་གྲྭ་ནས་ཐོན་འགྲོ་གི་རེད”ཅེས་པ་ན་མོས“དེ་ནི་ཁྱོད་ཀྱི་གནད་དོན་རེད། ཁྱོས་ང་ལ་ངའི་རང་དབང་ཡོད་ཟེར་བ་མ་ཡིན་ནམ། ང་རང་ཁྱོད་ལ་དགའ་བ་དེ་ངའི་རང་དབང་རེད། ཁྱོད་ཀྱིས་དེ་ལ་ཇུས་གཏོགས་བྱེད་དོན་མེད”ཟེར་བྱུང་བས་ངས་ཅི་ཞིག་བཤད་དགོས་པའང་ཤེས་མ་སོང་།
མོས་དུས་རྒྱུན་དུ་ང་ལ་དེ་རིང་ངའི་བྲང་གར་གཟེར་གྱིན་འདུག་པས་སྙིང་དམར་བོར་སོང་བ་འདྲ་དང་དེ་རིང་ངའི་ཁོག་མན་དུ་ཟུག་གཟེར་ཞིག་རྒྱུག་གིན་འདུག་པས་མཆིན་པར་སྐྱོན་ཞིག་ཕོག་པ་མིན་འགྲོ ངའི་སྐེད་པ་ན་གིན་འདུག་པས་མཁལ་མ་ལ་སྐྱོན་ཕོག་པ་མིན་འགྲོ་ཞེས་བཤད་འོང་བས་ངས་ཁོ་མོ་ལ “མིའི་ཚེ་སྲོག་ནི་རབ་ཏུ་སྲ་བ་ཡིན”ཞེས་བཤད་ཀྱང་མོས “ངའི་ལུས་པོ་འདི་ཤ་དང་རུས་པ་ལས་གྲུབ་པས་ནམ་ཞིག་གློ་བུར་འཇིག་སྲིད”ཅེས་བཤད་བྱུང་།
དེ་བཞིན་མོས་བུ་མོ་གཞན་དང་འདྲ་བར་རང་ཉིད་ཀྱིས་རང་ལ་པར་ཞིག་བརྒྱབ་རྗེས་ང་ལ་བསྐུར་ཡོང་། མོའི་པར་དེ་དག་ནི་མེ་ཏོག་བཞིན་འཛུམ་མདངས་ཀྱིས་རབ་ཏུ་བརྒྱན་མོད་ཀྱང་། མོའི་བཤད་པའི་སྐད་ཆ་དག་ལས་ཁོ་མོའི་ལུས་སེམས་གཉིས་ཀར་སྐྱོ་བས་བཏུམས་ཡོད་པ་ཤེས་ཡོང་།
ཉིན་ཞིག་ངས་སྐད་འཕྲིན་སྒང་གི་བུ་མོ་གཉིས་ལ་ཁ་བརྡ་བྱེད་བཞིན་པའི་སྐབས་དེ་མེ་དགེ་མེ་ཏོག་མས་ང་ལ་སྐད་ཅིག་བསྐུར་ཡོང་བས་ངས་བུ་མོ་ཀ་པ་ལ་བཤད་འདོད་པའི་སྐད་ཆ་དེ་མོར་བསྐུར་ཤོར། མོས་ཀྱང་གནས་ཚུལ་དེ་གློ་བུར་རྟོགས་པ་འདྲ། མོས་ང་ལ “ང་རང་ནི་ཁྱོད་ཀྱི་དགའ་རོགས་ག་པ་ཡིན་ནམ་ཁ་པ་ཡིན”ཞེས་དྲིས་བྱུང་བས་ངས་ལན་ཅི་ཞིག་རྒྱག་དགོས་པ་མི་ཤེས་པའི་སྐབས་དེར “ཁྱོད་ལ་དགའ་རོགས་ཅི་ཙམ་ཡོད་པ་ང་རང་འབྲེལ་བ་གང་ཡང་མེད། ཡིན་ཡང་ང་རང་ཁྱོད་ལ་དུང་བའི་སྐྱིན་པར་ཁྱོད་རང་སློབ་གྲྭ་མ་ཐོན་གོང་དུ་ང་དང་ཐེངས་གཅིག་འཕྲད་དགོས”ཟེར། ཕྱི་ཉིན་མཚན་མོར་མོས་རོལ་དབྱངས་ཁོ་ཧྥེ་ཁང་དུ་ང་རང་སྒུག་གིན་ཡོད་ཅེས་བརྡ་བསྐུར་བྱུང་ཡང་ང་རང་མ་སོང་། ཉིན་དེའི་ཕྱི་ཉིན “མཚན་གང་པོ་ངས་ཐ་མག་འཐེན་བཞིན་ཁྱོད་ལ་བསྒུགས་བསྡད་པས་ང་རང་ཤིན་ཏུ་ངལ་བྱུང”ཞེས་སྐད་འཕྲིན་ནང་བསྐུར་འདུག མོས་ཡང “ངས་ཐ་མག་འཐེན་པ་དེ་ཁྱོད་ཀྱི་ཆེད་དུ་ཡིན། དེ་རང་མི་རྣམས་ཀྱིས་བཤད་པ་བལྟས་ན་བུ་མོས་ཐ་མག་འཐེན་ན་sexyཡིན་ནི་རེད་ཅེས་བཤད་ཀྱིན་འདུག ཁྱོད་རང་ཡང་བུ་མོ་sexyཅན་པོར་དགའ་པོ་ཡོད་དམ”ཞེས་བཤད་འདུག ངས་དེ་དག་ལ་ལན་ཅི་ཡང་མི་བརྒྱབ་པས་ཉིན་དེར་མུན་པ་སླེབས་དུས “ཁ་སང་མཚན་མོར་ང་རང་ཤིན་ཏུ་ངལ་བྱུང་ཞེས་བཤད་ནའང་ཁྱོས་ང་ལ་སྙིང་རྗེ་བྱེད་དོན་མེད། རྒྱུ་མཚན་ནི་ཁྱོད་རང་འོང་དང་མི་འོང་དེ་ཁྱོད་ལ་བརྒྱ་ཆ་བརྒྱའི་རང་དབང་ཡོད་པས་རེད”ཟེར་ལ་མོས “སླར་ཡང་བཤད་དགོས་པ་ཞིག་ལ་ང་ལ་གློ་བའི་ནད་ཡོད་པས་སྨན་པའི་བཤད་རྒྱུར་ཐ་མག་འཐེན་ན་ཤི་གི་རེད་ཟེར་མོད། ང་རང་ནི་ཤི་རྒྱུར་སྐྲག་མཁན་ཞིག་མིན”ཅེས་བཤད་བྱུང་། གང་ལྟར་སྐད་འཕྲིན་གྱི་ཅོག་ངོས་སུ་སྙན་ངག་དང་སྐད་ཆའི་བར་ནས་མིང་མེད་པའི་བུ་མོ་མི་དགེ་བའི་མེ་ཏོག་མ་ཁོ་རང་ང་ལ་ཆ་རྒྱུས་ཡོད་པའི་བུ་མོ་ཉག་གཅིག་ཏུ་གྱུར། ཉིན་ཁ་ཤས་ཀྱི་རྗེས་སུ་ང་རང་སློབ་གྲྭ་ནས་ཐོན་སོང་། མུན་ན་ཁྲིན་ཏུའུའི་ཕྱོགས་སུ་རྒྱུགས་བཞིན་པའི་མེ་འཁོར་རུ་ངས་མོ་ལ་གྱེས་བརྡ་འབུལ་བས་མོས “སྐྱོན་གང་ཡང་མི་འདུག ངའི་སེམས་པར་གློ་བུར་ན་ཟུག་ཆེནཔོ་ཞིག་བྱུང་བ་ལས། ཡིན་ཡང་སྐྱོན་ཡོད་པ་མ་རེད། ན་ཟུག་དེ་ཕར་ཙམ་ནས་དྲག་འགྲོ་གི་རེད”ཅེས་བཤད་བྱུང་བས་ང་རང་ཡང་སྒེའུ་ཁུང་ཕྱི་རོལ་གྱི་མུན་ཁྲོད་དུ་འགུལ་བཞིན་པའི་རི་ཚོགས་ལ་ཅེར་བཞིན་སེམས་ཉིད་སྐྱོ་བས་མྱོས་སོང་། དེའི་རྗེས་སུ་ང་གཉིས་སུས་ཀྱང་སུ་ལའང་སྐད་བསྐུར་མ་མྱོང་།
“ངས་ཁྱོད་ལ་པར་མང་པོི་ཞིག་བསྐུར་མྱོང་ཨང་། ཁྱོས་ཅིའི་ཕྱིར་ང་རང་ངོ་མ་ཤེས་པ་རེད”མི་དགེ་མེ་ཏོག་མ་ང་གཉིས་པོ་ཏ་ལའི་མདུན་གྱི་རྒྱ་སེ་དམར་པོ་མང་པོི་ཡོད་སར་བརྒྱུད་ནས་ཀླུ་ཁང་གི་ཕྱོགས་སུ་བསྐྱོད་དུས། མོས་ང་ལ་འདི་ལྟར་དྲིས་པས“པར་ནང་གི་ཁྱོད་རང་དང་མངོན་སུམ་ཁྲོད་ཀྱི་ཁྱོད་གཉིས་བར་ཁྱད་པ་ཆེན་པོ་འདུག ཁྱོད་ཀྱི་པར་ལ་བལྟས་ནས་མངོན་སུམ་ཁྲོད་ཀྱི་ཁྱོད་རང་ངོ་ཤེས་ཐབས་མི་འདུག”ཅེས་བཤད་པས་མོ་རང་ཡིད་མི་རངས་བའི་སྒོ་ནས “ཁྱོས་བཤད་པ་བལྟས་ནས་ངའི་པར་དག་PSབཟོས་འདུག་ཟེར་བ་ཡིན་ནམ” ཟེར། ངས་“དེ་ལྟར་ཟེར་བ་མིན། ང་ཚོ་མི་སུ་ཡིན་ཡང་མེ་ལོང་ནང་དུ་ཤར་བའི་རང་ཉིད་དང་པར་ནང་གསལ་བའི་རང་ཉིད་ཀྱི་བར་དུ་ཁྱད་པ་ཆེན་པོ་ཡོད་པ་བཞིན། པར་ནང་གི་རང་ཉིད་དང་མངོན་སུམ་ཁྲོད་ཀྱི་རང་ཉིད་ཀྱི་བར་དུའང་ཁྱད་པ་ཆེན་པོ་ཡོད། དེ་ན་ངས་ཁྱོད་ཀྱི་པར་མང་པོ་མཐོང་མྱོང་ཡང་ཁྱོད་རང་དངོས་སུ་མཐོང་མྱོང་མེད་པས་གལ་སྲིད་དེ་རིང་བཞིན་ཅི་བསམ་འདི་དྲན་མེད་པར་ང་གཉིས་འདི་ལྟར་གློ་བུར་འཕྲད་ཚེ་མངོན་སུམ་ཁྲོད་ཀྱི་ཁྱོད་རང་ལ་ལྟ་བཞིན་པར་ནང་གི་ཁྱོད་རང་དྲན་ཁག་པོ་རེད”ཅེས་གསལ་བཤད་བྱས་ཀྱང་མོེས“ཁྱོད་རང་ངོ་མ་ཁ་བདེ་བ་ལ་ཨང”ཟེར་ནས་ལག་པས་ང་རང་འཕུལ་ཙམ་བྱེད་བྱུང་བ་དང་པོ་ཏ་ལ་ལོག་བསྐོར་བྱེད་བཞིན་ཡོང་བའི་རྒྱ་མི་ལྗོངས་རྒྱུ་བ་ཞིག་དང་ཕྲག་པ་བརྒྱབ་སོང་བས་མོས་ངའི་ཚབ་ཏུ་རྒྱ་སྐད་ཀྱིས “ཏུའེ་པུའུ་ཆི། ཏུའེ་པུའུ་ཆི། ”ཡང་ཡང་ཟེར་སོང་། རྒྱ་མི་དེ་རྒྱབ་ཕྱོགས་སུ་ཡལ་རྗེས་ཁོ་མོའི་སྙིང་ལ་ཉེ་བའི་རྣམ་འགྱུར་དེ་དྲན་བཞིན་ང་རང་བགད་པ་ཡིན།
ངས་མོའི་ཕྲག་པའི་ཐོག་ཏུ་ལག་གཡས་པ་འཇོག་བཞིན་མདུན་དུ་བསྐྱོད་ཀྱིན“དེ་རིང་གི་ཉི་མ་འདི་ཚ་བ་ལ་ཨང”ཞེས་ཟེར་བ་དུས་ལམ་འགྲམ་དུ་ཀུ་ཤུ་དམར་ལ་ཆེ་བ་མང་པོ་བཤམས་ཡོད་པ་མཐོང་བ་དང་སྒོར་དོག་དྲུག་ཡོད་པ་དེ་ཡར་བླངས་ཏེ“ཀུ་ཤུ་དེ་འདྲའི་དམར་བ་ལ་ཨང”ཟེར་བཞིན་ཀུ་ཤུ་ཆེས་ཆེ་བ་གཉིས་ཉོ་གྲབས་བྱས་དུས་མོས “ཀུ་ཤུ་འདི་དག་ཉོ་མི་ཉན། ཀུ་ཤུ་འདི་དག་ནི་པོ་ཏ་ལ་ལ་ཕུལ་བའི་འབུལ་བ་རེད”ཅེས་བཤད་བྱུང་བས་ཀུ་ཤུ་འཚོང་མཁན་གྱི་རྒན་མོས་ང་ལ་བལྟ་བའི་མིག་གི་འོད་སྣང་དེ་གློ་བུར་ཉམས་སོང་། “བུ། མོའི་ཁ་ལ་མ་ཉན། ཀུ་ཤུ་འདི་དག་ནི་ངའི་བཙོང་རྒྱུ་ལས་པོ་ཏ་ལའི་མཆོད་པ་མ་རེད”ལྷ་སའི་རྒན་མོ་དེས་རྒྱབ་ནས་ང་རང་ཡང་ཡང་འབོད་ཀྱིན་པ་ཚོར།
ང་གཉིས་ཀླུ་ཁང་དུ་སླེབས་དུས་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་འགྲམ་དུ་ཡོད་པའི་སྨྱུག་མའི་གླིང་ག་དེ་ཡང་ཡང་གླེང་བ་ཡིན། ང་གཉིས་ཀླུ་ཁང་གི་རྒྱ་ལྕང་སྡོང་པོ་ཞིག་གི་གྲིབ་མ་ནང་ཙོག་པ་དང་མོའི་ཐོད་པར་རྔུལ་ཆུས་བརླན་ཡོད་པ་མཐོང་། ངས “ཁྱོད་ཀྱི་ཐོད་པར་རྔུལ་ཆུས་བརླན་འདུག”ཅེས་བཤད་པ་ན་མོས་པར་ཁུག་ནས་འགྱིག་ཀོ་ཞིག་ཡར་བླངས་པ་དང་སྐྲ་ལོ་དཀྱིལ་གཙུག་ཏུ་ཡར་བསྡམས་སོང་། དེ་ནས་ཤོག་བུ་དཀར་པོ་ཞིག་བཟུང་ནས་ཐོད་པར་རེག་ཙམ་རེག་ཙམ་བྱས། མོའི་ངོ་གདོང་ནི་ཆར་བ་བབས་རྗེས་གློ་བུར་ཐོན་འོང་བའི་ཉི་མ་བཞིན་གསལ་བྱུང་། དེ་ནི་ལོ་གསུམ་བཞི་ཙམ་གྱི་བུ་མོ་ཞིག་གི་ངོ་གདོང་ལྡབ་ཁ་ཤས་ཆེ་རུ་བཏང་བ་ཡང་རྣམ་པ་རང་བཞིན་དུ་བཞག་པ་ལྟ་བུ་རེད།
“ངས་ཁྱོད་ཀྱི་སྐྲ་ལོ་འདི་ལྟར་ཡར་བསྡམས་ནས་བརྒྱབ་པའི་པར་ཞིག་མཐོང་མ་མྱོང”
“ཁྱོད་རང་ངའི་སྐྲ་ལོ་ཡར་བསྡམས་པའི་ཚུལ་ལ་དགའ་པོ་ཡོད་དམ”
“ཁྱོས་སྐྲ་ལོ་ཡར་བསྡམས་དུས། ཞབས་བྲོ་འཁྲབ་མཁན་གྱི་རང་སྣང་ཡོངས་སུ་གསལ་ཡོང་གི་འདུག”
“ཡིན་ཡང་ང་རང་ངའི་ཆེད་ལས་ཞབས་བྲོ་ལ་དགའ་པོ་མེད། ང་རང་དགའ་པོ་ཡོད་པ་ནི་རྩོམ་རིག་ཡིན། ཡིན་ཡང་རྩོམ་རིག་ཅེས་པ་དེ་སྦྱང་རྒྱུ་ཞིག་ཡིན་པ་རྩ་བ་ནས་མི་འདོད། ང་རང་དུས་རྒྱུན་ཉི་མ་དྲོ་ས་ཞིག་ཏུ་ཆུ་ཁོལ་འཐུང་གིན་དཔེ་ཆ་ཞིག་མིོག་མི་གཟེར་བར་དུ་ལྟ་གིན་ཡོད། ངས་དེ་ནི་རྩོམ་རིག་རེད་འདོད”ཅེས་བཤད་བྱུང་།
ངས་མོའི་སྐད་ཆ་ལ་ཉན་བཞིན་རྒྱ་ལྕང་གི་གྲིབ་མ་ན་བཞག་པའི་མེ་ཏོག་གཉིས་ལ་ཞིབ་ལྟ་ཞིག་བྱས། ངས་ཁུར་ནས་འོང་བའི་མོའི་མེ་ཏོག་དེ་སྔ་བཞིན་སྔོ་ལྗང་དུ་ཡོད་ཀྱང་མོས་ཁུར་ནས་འོང་བའི་ངའི་ས་པད་མ་དཀར་པོི་དེ་ཡོངས་སུ་རྙིད་ཟིན་འདུག ངས་རྙིད་ཟིན་པའི་མེ་ཏོག་དེ་ལ་ལྟ་བཞིན་ངའི་ཆུང་དུས་ཀྱི་མུ་ཁར་ཡོངས་སུ་ཁེངས་པའི་ས་པད་མ་དཀར་པོ་དག་དྲན་བྱུང་། ཉིན་གཉིས་ཀྱི་སྔོན་དུ་ཨ་མས་ང་ལ་ཁ་པར་བཏང་ནས་ཆུ་ལོག་ཆེན་པོ་ཞིག་གིས་ངའི་ཆུང་དུས་ཀྱི་མུ་ཁ་དག་བྱེ་མར་བཟོས་སོང་ཟེར་བྱུང་། ཨ་མས་ཕ་ཡུལ་གྱི་མིང་མེད་པའི་ལུང་ཆུ་ཆུང་ཆུང་དེ་གློ་བུར་ཁྲོས་ནས་ངའི་ཆུང་དུས་ཀྱི་རྩེད་ར་ལ་བར་ཆད་བཟོ་རབས་གླེང་ཡོང་བ་ན་ངའི་ཁ་ནས“ཨ་མ། འགྲིག་སོང་བ་རེད། ད་ནས་བཟུང་ཁྱོད་ཀྱི་ལས་ཀ་ཇེ་ཉུང་དུ་སོང་བ་རེད”ཅེས་བཤད་མོད། ངའི་སེམས་ནང་དུ་ཕྱོར་བའི་སྐྱོ་བའི་རྦ་རླབས་ཀྱིས་ང་ལ་མགོ་གཡོ་ཡང་ཡང་འཁོར་རུ་བཅུག་བྱུང་། མི་ཡལ་དུ་ཕ་ཡུལ་ལས་ལྷ་ཡུལ་ཟེར་བ་ཞིག་མེད་ཨང་། ཡིན་ཡང་ཕ་ཡུལ་འདི་བྱེ་ཐང་དུ་གྱུར་དུས་ངའི་བྱིས་དུས་ཀྱི་གཏམ་རྒྱུད་ཐ་དག་བྱེ་ཐང་དུ་གྱུར་བ་མ་ཡིན་ནམ། ད་ནི་ང་ལ་ཅི་ཞིག་ལྷག་འདུག་ཨང་སྙམ་སྐབས་ཨ་མས “ཁྱོད་ཀྱིས་ཨ་མ་ལ་ཁ་པར་ཞིག་ཀྱང་བརྒྱབ་འོང་རྒྱུ་མི་འདུག ”ཅེས་ལེ་འདའ་བྱས་བྱུང་།
ལྷ་སའི་ཉིད་འོད་ཁྲོད་དུ་འགྲོ་སྐབས། རྔུལ་ཆུ་བར་མེད་དུ་རྡུལ་འོང་ནའང་ལྷ་སའི་གྲིབ་མ་འོག་ཏུ་སྡོད་སྐབས། གྲང་འདར་ཡང་ཡང་ཤོར། ང་གཉིས་ཡར་ལངས་ཏེ་ཉི་འོད་ཀྱི་ཁེངས་པའི་རྫིང་བུའི་འགྲམ་དུ་ཡར་འགྲོ་མར་འགྲོ་བྱེད། སྐབས་དེར་རྗིང་བུའི་ནང་གི་ཉ་མོ་རྒྱགས་པ་དག་གིས་ང་གཉིས་འདེད་བཞིན་མཚོ་ངོས་ནས་ཁ་ཡང་ཡང་གདང་གིན་འདུག མི་དགེ་མི་ཏོག་མས “རྒྱ་མི་ཚོས་ཉ་མོ་འདི་དག་མཐོང་མ་ཐག བཟའ་བསམས་ནས་ཁ་ཆུ་ཡང་ཤོར་བཞིན་ཡོད་རེད”ཟེར། མོས་སྐད་ཆ་འདི་འཆད་བཞིན་འཆད་བཞིན་མཛུབ་མོས་རང་ཉིད་ཀྱི་མཆུ་འགྲམ་དུ་ཁ་ཆུ་ཤོར་བའི་རྣམ་པ་བྲིས་བྱུང་།
གསེར་ཉ་རྒྱགས་པ་དེ་ཚོས་རྫིང་ཁ་ནས་ང་གཉིས་འདེད་བཞིན་འདུག་པས་མི་དགེ་མེ་ཏོག་མས་མོིའི་ལག་གི་རྙིད་ཟིན་པའི་ས་པད་མ་དཀར་པོ་དེ་ང་ལ་ཆོག་མིན་གྱི་སྐད་ཆ་ཅི་ཡང་མི་འདྲི་བར་རྫིང་བུའི་དཀྱིལ་དུ་གཡུགས་སོང་། གསེར་ཉ་དེ་དག་རུབ་རུབ་ཀྱིས་རྙིད་ཟིན་པའི་མེ་ཏོག་དེའི་གཡས་གཡོན་དུ་ཟང་ཟིང་རྩེད་ཀྱང་མཐར་བཟའ་རྒྱུ་ཞིག་མིན་པ་ཤེས་ནས་སྐྱོ་ཉམས་ཀྱིས་རྔ་མ་ཕར་གཡུག་ཚུར་གཡུག་བྱེད་བཞིན་ཕྱོགས་བཞི་ཐོར་སོང་། ང་གཉིས་ཀྱིས་རྫིང་བུའི་དཀྱིལ་དུ་ཡོད་པའི་རྙིད་ཟིན་པའི་ས་པད་མ་ཁེར་རྐྱང་དེར་ལྟད་མོི་ལྟ་བཞིན་པའི་སྐབས་སུ་གཡོན་ཕྱོགས་ནས་སྟོད་ཐུང་སེར་པོ་གྱིན་པའི་ཁོར་ཡུག་སྲུང་སྐྱོབ་པ་ཞིག་ང་གཉིས་ལ་དམིགས་ནས་འོང་བཞིན་འདུག ངས་ཅི་ཡིན་ནམ་སྙམ་གྱིས་གཡས་ལྟ་གཡོན་ལྟ་ཞིག་བྱེད་པ་ན་སྒོ་བྱང་ཞིག་གི་ཐོག་ཏུ“རྫིང་བུར་གད་སྙིགས་གང་བྱུང་དུ་གཡུགས་མི་ཆོག གལ་སྲིད་གད་སྙིངས་འཕངས་ཚེ་སྒོར་༡༠༠༠དང་༣༠༠༠བར་གྱི་ཆད་པ་ཡོད”ཅེས་བྲིས་ཡོད་པ་མཐོང་མ་ཐག ངས་མི་དགེ་མི་ཏོག་མ་ཡང་ཡང་འཐེན་བཞིན་མི་ཚོགས་ཀྱི་ནང་དུ་འཛུལ་སོང་བ་ཡིན།
པོ་ཏ་ལ་རྒྱབ་ཏུ་བཞག་ནས་སྲང་ལམ་གཞན་ཞིག་ཏུ་འགྲོ་སྐབས“ང་རང་ལྟོགས་བྱུང་། ཟ་མ་བཟའ་བར་འགྲོ”ཟེར་དུས་མོས་ངའི་པང་དུ་ཡོད་པའི་རྫ་མའི་ནང་གི་མེ་ཏོག་གི་འདབ་མ་ལེབ་མོར་ལག་པས་བྱིལ་ཙམ་བྱས་རྗེས “དང་པོ་མེ་ཏོག་འདི་ང་རང་སྡོད་སའི་འགྲོན་ཁང་དུ་བསྐྱལ་འགྲོ”ཟེར་བྱུང་། སྣང་བ་ཞིག་ལ་གྲོད་པ་ལྟོགས་མཁན་དེ་ང་རང་མིན་པ་ངའི་པང་དུ་ཡོད་པའི་རྫ་མ་ནང་གི་མེ་ཏོག་དེ་ཡིན་སྣང་ཤར།
སྲང་ལམ་འདིའི་འགོ་རུ་མིང་ལ‘ལྷ་སའི་ཉིན་འོད་འགྲོན་ཁང’ཟེར་བའི་འགྲོན་ཁང་ཁེར་བུ་བ་ཞིག་འདུག མོས “འདི་ནི་ང་རང་སྡོད་སའི་འགྲོན་ཁང་དེ་རེད”ཟེར། ང་རང་མོའི་རྗེས་དེད་ནས་འགྲོན་ཁང་དུ་འཛུལ་བ་ཡིན། མོ་རང་སྡོད་སའི་འགྲོན་ཁང་དེ་ཤིན་ཏུ་ཆེ་ལ་དང་པོ་ཡར་འཛུལ་དུས་མིག་ལམ་དུ་མངོན་འོང་བ་ནི་དཔེ་སྒྲོམ་ཆེན་པོ་དེ་རེད། ངས་མེ་ཏོག་གི་རྗ་མ་དེ་ཤེལ་གྱི་སྒྲོག་ཙེ་ཐོག་བཞག་རྗེས་དཔེ་སྒྲོམ་ནང་གི་དཔེ་ཆ་དག་ལ་ལག་པས་རེག་ཙམ་རེག་ཙམ་བྱས། དཔེ་ཆ་བམ་རིང་མང་པོའི་ནང་དུ་སྟེང་ཐོག་ཏུ་ཡོད་པ་ནི་སྙན་དེབ་《ཚོན་སྣ་གཅིག་བཏུས》དང་《མི་དགེ་བའི་མེ་ཏོག》སོགས་རེད། དེས་ནས་བརྩམས་སྒྲུང་《ཏུའུ་པ་ལིན་པ》 དང་《ཐེག་དཀའ་བའི་ཚེ་སྲོག་གི་ཡང་མོ》《ཆེ་ལུའུ་མ་བཀྲ་ལོའི་རིའི་ཁ་བ》《རྒད་པོ་དང་རྒྱ་མཚོ》《བྲོས་བྱོལ》《འབྲེལ་བ་མེད་པའི་མི》བཅས་བརྒྱུད་མཇུག་མཐར་ཉིན་ཧོང་གི་《ཧ་ལམ་ཚད་མེད་དྭངས་གསལ་གྱི་སྔོན་པོ》 དང་《ནོར་ལྦེའི་ནགས་ཚལ》《མིའི་ཐོབ་ཐང་བོར་བ》《འདོད་ཁམས》 སོགས་ཀྱིས་མཇུག་བསྒྲིལ་འདུག ངས་དཔེ་ཆ་དེ་དག་རེ་རེའི་མིང་ལ་བལྟ་བའི་སྐབས་དེར་མོས་སྒེའུ་ཁུང་གི་གྲིབ་ཡོལ་ཤང་སྒྲ་དང་བཅས་ཕྱེ་བྱུང་། ཁང་པའི་ཕྱེད་ཀར་ཉི་འོད་ཀྱིས་ཡོངས་སུ་ཁེངས། དེ་ནས་མོས་ང་ལ་རྫ་མའི་ནང་གི་མེ་ཏོག་སྔོ་པོ་འདམ་པ་ལེབ་པོ་ཅན་དེ་ངོ་སྤྲོད་བྱས། “མེ་ཏོག་འདིའིི་མིང་ལ་Aloeཟེར། འདིའི་ལོ་མ་ལ་ཆུ་ཤིན་ཏུ་མང་། ཆུ་དེ་ཁ་ངོ་ལ་བྱུགས་ན་མཛེས་བཟོའི་ནུས་པ་ཐོན་ཐུབ། ངའི་ཁྱིམ་དུ་རྫ་མ་ཆེན་པོ་ཞིག་ཏུ་མེ་ཏོག་འདི་བཙུགས་ཡོད། མེ་ཏོག་འདིའི་འདབ་མ་རབ་ཏུ་རྒྱས་ཡོང་བས་ང་དང་ཨ་ཅག ཨ་མ་ང་ཚོ་གསུམ་པོས་འདབ་མ་ག་ཚོད་གཏོགས་ནའང་དེ་ཚོད་ཀྱིས་སྐྱེས་ཡོང་གི་ཡོད། ཡིན་ནའང་དེ་རིང་ངས་ཉོ་བའི་མེ་ཏོག་འདིའི་རྫ་མ་ཤིན་ཏུ་ཆུང་བས་དེ་ཙམ་གྱིས་རྒྱས་ཐུབ་རྒྱུ་མ་རེད”ཅེས་ནན་ཏན་གྱིས་ཁེངས་པའི་སྒྲ་གདངས་ནི་དགེ་རྒན་ཞིག་གིས་སློབ་མ་ཀུན་གྱིས་མི་ཤེས་པའི་མིང་ཚིག་ཅིག་ལ་འགྲེལ་བཤད་རྒྱག་བཞིན་པ་དང་གཅིག་པ་རེད། ངས་མོས་ང་ལ་མེ་ཏོག་འདི་ངོ་སྤྲོད་བྱེད་པའི་སྐད་ཆ་ལ་ཉན་བཞིན་ཡོད་མོད། ལག་པས་དཔེ་ཆ་དག་ཁ་ཕྱེ་ནས་བལྟས་ཙམ་བལྟས་ཙམ་བྱེད་པ་ལས་མོ་དང་མོས་ངོ་སྤྲོད་བྱེད་བཞིན་པའི་མེ་ཏོག་དེ་ལ་བལྟ་ཙམ་ཡང་མ་བྱས། ངས་དཔེ་ཆ་ཞིག་སློག་བཞིན་པའི་སྐབས་དེར་མོས “རྫ་མ་འདི་ཆུང་དྲག་པས་མེ་ཏོག་གི་འདབ་མ་རྒྱས་ཐུབ་རྒྱུ་མ་རེད”ཅེས་ལན་གསུམ་ཟློས་པ་གོ་བྱུང་། དེ་ནི་མེ་ཏོག་དེ་ལ་གོ་ཡངས་བའི་ཁོར་ཡུག་ཅིག་མེད་པར་སྙིང་རྗེ་བ་དང་འདྲ་ལ་ང་ལ་རྫ་མ་ཆེན་པོ་ཞིག་ཉོ་རུ་འགྲོ་དགོས་པའི་སྐུལ་མ་གཏོང་བཞིན་པ་དང་ཡང་འདྲ་བས་ངས་དཔེ་ཆའི་ཁ་བརྒྱབ་རྗེས་རང་སར་བཞག་པ་དང “ང་རྫ་མ་ཆེན་པོ་ཞིག་ཉོ་བར་འགྲོ”ཞེས་བཤད་པ་ཡིན།
ང་རང་སྒོ་ནས་ཐོན་ཁར་མོས“མེ་ཏོག་འདི་བྱེ་ཐང་དུ་སྐྱེས་པ་དགའ། ལུད་མང་བའི་བརླན་སར་སྐྱེས་པ་མི་དགའ”ཞེས་བཤད་བྱུང་། སྟབས་ལེགས་པ་ཞིག་ལ་ཉིན་འོད་འགྲོན་ཁང་གི་གཡས་ཀྱི་སྲང་ལམ་བརྒྱུད་དེ་གོམ་པ་ཁ་ཤས་བསྐྱོད་མ་ཐག་ཅ་ལག་མང་པོ་གོ་རིམ་མེད་པར་སྤུངས་ཡོད་པའི་ཚོང་ཁང་ཞིག་མཐོང་བྱུང་། ངས་སྦྱིན་བདག་ལ“མེ་ཏོག་གི་རྫ་མ་ཡོད་དམ”ཞེས་དྲིས་པས་ཁོས “ཡོད། ཡོད”ཅེས་འཆད་ཀྱིན་ཚོང་ཁང་གི་སྦུབས་སུ་ཐལ་བའི་ཁེངས་པའི་ཅ་ལག་མང་པོ་ཞིག་ཡར་བླངས་པ་དང་ཁ་དོག་མི་འདྲ་བའི་རྫ་མ་ཆེ་ཆུང་མང་པོ་ཞིག་ཐོན་བྱུང“ཁྱོད་ལ་གང་དེ་དགོས”ཟེར། ངས་དེའི་ནང་ནས་རྫ་མ་སྐྱ་བོ་ཞིག་ཡར་བླངས་རྗེས “འདི་དགོས”ཅེས་པ་ན“སྒོར་དྲུག་རེད”ཅེས་བཤད་བྱུང་བས་པར་ཁུག་ནང་ལྷག་པའི་སྒོར་རྡོག་དྲུག་པོ་དེ་རེ་རེ་བཞིན་བརྩིས་རྗེས་ཕར་སྤྲད་པ་ཡིན།
ང་རང་ཚོང་ཁང་གི་སྒོ་ནས་གཡས་ལྟ་གཡོན་ལྟ་ཞིག་བྱས། གཞུང་ལམ་གྱི་ཐོག་ཏུ་མོ་ཊ་ཁ་ཤས་ཡར་འགྲོ་མར་འགྲོ་བྱེད་བཞིན་པ་ལས་སྲང་ལམ་དུ་མི་འགྲོ་མཁན་མེད་པ་ཤེས་རྗེས་ལམ་འགྲམ་གྱི་ཤུགས་པའི་འོག་ཏུ་ལག་ཉུལ་བྱས་ནས་རྫ་མའི་ནང་དུ་རྡོ་དང་བྱེ་མ་འདྲེས་པའི་ས་ཕྱེད་ཙམ་ཞིག་འཆུ་བ་ཡིན།
ང་རང་སླར་ཡང་འགྲོན་ཁང་དུ་སླེབས་དུས་མི་དགེ་མེ་ཏོག་མས“ད་འགྲིག་སོང་། མེ་ཏོག་འདི་རྫ་མ་འདིའི་ནང་དུ་བཙུགས་ན་ཉིན་ཁ་ཤས་ཀྱིས་རྗེས་སུ་འདབ་མ་རྒྱས་ཡོང་ངེས”ཟེར་བཞིན་རྫ་མ་ཆུང་བའི་ནང་གི་ས་རྣམས་རྫ་མ་ཆེ་བའི་ནང་དུ་བླུགས་བཞིན་མེ་ཏོག་བཙུགས་བྱུང་། ངས་གསང་སྤྱོད་དུ་ལག་པ་བཀྲུས་ནས་ཚུར་འོང་དུས་མོས་པེ་ཙི་ནང་གི་ཆུ་ཁོལ་དེ་མེ་ཏོག་དེའི་ཐོག་ཏུ་འཕྱོ་ཙམ་འཕྱོ་ཙམ་བྱེད་པ་དང་རྫ་མ་དེ་སྒེའུ་ཁུང་ཕྱི་རོལ་གྱི་ཉི་འོད་དུ་བཞག་སོང་། ངས་སྒྲོག་ཙེ་ཐོག་གི་ཆུ་ཁོལ་པེ་ཙིའི་ཁ་རུ་རླངས་པ་འཕྱོ་བཞིན་ཡོད་པ་ཤེས་ཀྱང་མོ་ལ་ཅི་ཡང་མ་བཤད། མོ་རང་དོན་དག་ཆེན་པོ་ཞིག་བསྒྲུབས་ཟིན་པ་བཞིན་ངའི་ཁ་གཏོད་དུ་ཙོག་པ་དང་པེ་ཙི་ནང་གི་ཆུ་ཁོལ་དེ་འཐུང་ཙམ་འཐུང་ཙམ་བྱེད་བཞིན་ང་བལྟས་ནས་དགོད་ཙམ་དགོད་ཙམ་བྱས།
ང་རང་ལྟོགས་བྱུང་། ཡིན་ཡང་ང་ལ་སྒོར་རྡོག་གཅིག་ཀྱང་མེད་པས་མི་དགེ་མེ་ཏོག་མའི་ཁ་ལ་མི་ལྟ་མི་ཆོག་རེད། མི་དགེ་མི་མེ་ཏོག་མས་ཆུ་ཁོལ་ཞིམ་ཉམས་ཀྱིས་འཐུང་བཞིན “དེ་རིང་ང་གཉིས་ཀྱིས་ཉི་འོད་འཐུང་ངོ”ཟེར།
མི་དགེ་མེ་ཏོག་མས་ལྕགས་ཀྱི་མལ་ཁྲི་དེ་ཉི་མའི་ཁྲོད་དུ་འཐེན་རྗེས་ང་རང་དེའི་ཐོག་ཏུ་ཉལ་དུ་བཅུག ང་རང་ལྕགས་ཀྱི་ཉལ་ཁྲི་དེའི་ཐོག་ཏུ་ཉལ་བཞིན་སྒེའུ་ཁུང་གི་ཕྱི་རོལ་དུ་ལྟ་སྐབས་སྒེའུ་ཁུང་ཕྱི་རོལ་ནས་ཚང་ཁ་ཤིག་ཤིག་གིས་འཕྲོས་ཡོང་བའི་ཉི་འོད་ནི་ལྷ་སའི་སྲང་འགྲམ་གྱི་ཟས་ཞིམ་པོ་དག་དང་འདྲ་བར་རླངས་པ་ཐོལ་ཐོལ་གྱིས་ངའི་གྲོད་པ་ནང་ལྷུང་བའི་སྣང་བ་སྐྱེས། སྣང་བ་དེས་སྐད་ཅོ་ཡང་ཡང་སྒྲོག་བཞིན་པའི་ངའི་གྲོད་པ་ཡང་འཇམ་ཐིང་ཐིང་དུ་བཏང་སོང་ལ་ང་རང་ལེ་ལོས་ཉི་འོད་ཀྱི་དྲོད་ཁོལ་མྱོང་བཞིན་འདི་ལྟར་གཡོ་འགུལ་མེད་པར་ཅི་སྲིད་བར་དུ་ཉལ་བསམ་པ་ལས་ཡར་ལངས་ནས་ཕྱི་རོལ་དུ་ཟ་མ་བཟའ་བར་འགྲོ་བའི་སྟོབས་ཤུགས་མེད་སོང་། མི་དགེ་མེ་ཏོག་མ་ཡང་གཉིད་ཀྱི་རྨོངས་པའི་ཞི་མི་ཞིག་ལྟར་མལ་ཁྲི་ནས་ང་རང་ཚུར་འཕུལ་ཙམ་འཕུལ་ཙམ་བྱེད་རྗེས་ངའི་འགྲམ་དུ་ཉལ་བྱུང་། ངས་མོ་ལ་ཁ་ཡ་མ་བྱེད་པར་དང་པོ་ཉིད་ནས་ཅི་ལྟར་ཉལ་ཡོད་ན་དེ་ལྟར་ཉལ་ནས་བསྡད་མོད། ཉི་འོད་ཀྱི་ཀློང་དུ་མོའི་ལུས་ནས་ལྡང་བའི་རུལ་དྲི་དང་འདྲ་བའི་དྲི་ངད་དེས་ང་རང་སྐྱིད་པོ་ཞིག་གཉིད་དུ་མ་བཅུག དེ་ནི་དཔེ་ན་ཐག་རིང་གི་ལ་ལུང་རྒྱབ་ནས་འཕུར་འོང་བའི་བུང་བ་གཞོན་ནུ་ཞིག་ཤིང་ལོ་སྔོ་པོ་ཞིག་གི་ཐོག་ཏུ་ངལ་གསོ་བའི་སྐབས་དེར་ཉེ་འགྲམ་གྱི་འདབ་མ་རྣམ་པར་གྲོལ་བའི་མི་ཏོག་ཅིག་ལས་ཟེའུ་འབྲུའི་དྲི་བསུང་ལྡང་འོང་བ་ལྟ་བུ་རེད།
ལྷ་སའི་ཉི་འོད་ཀྱང་ཁ་རོགས་མ་ནུབ་དུ་རྒྱུ་བཞིན་པ་འདྲ། ང་རང་གཉིད་ལས་སད་དུས་ངའི་ལུས་ཕྱེད་ཉི་འོད་ཁྲོད་དུ་འདུག་ཀྱང་ཕྱེད་ཀ་གྲིབ་མས་ཟིན་འདུག ཉི་འོད་དུ་ཡོད་པའི་ལུས་ཕྱེད་དེ་ཚ་ལྷང་ལྷང་ཡིན་ནའང་གྲིབ་མ་ཕོག་པའི་ལུས་ཕྱེད་དེ་གྲང་ཤིག་ཤིག་ཡིན་པ་ཚོར། དེ་ནས་ངས་མི་དགེ་མེ་ཏོག་མ་ཕར་འཕུལ་རྗེས་ངའི་ལུས་ཡོངས་སུ་ཉི་འོད་ཕོག་ཏུ་བཅུག དེའི་ཕྱིར་མི་དགེ་མི་ཏོག་མའི་རྨི་ལམ་ལ་བར་ཆད་བཟོས་པ་འདྲ། མོའི་སྣ་ནས་ང་ལ་མི་མགུ་བའི་སྒྲ་བར་མེད་དུ་སྒྲོག་པ་བྱེད། དུས་ཅུང་ཙམ་ཞིག་འགོར་རྗེས་ངའི་ལུས་པོ་ཕྱེད་ཀ་སླར་ཡང་གྲིབ་མ་གྲང་མོས་ཟིན་འདུག ང་རང་མོའི་ཕྱོགས་སུ་ནུར་ཙམ་ནུར་ཙམ་བྱེད་པ་ཡིན། ཉི་འོད་མལ་ཁྲི་ལས་བརྒལ་སོང་དུས་ང་རང་སླ་ཡང་ཉི་འོད་ཀྱི་ཕྱོགས་སུ་ནུར་ཙམ་ནུར་ཙམ་བྱེད་པ་ན་རྨི་ལམ་གྱི་ཞིང་དུ་ཡོད་པའི་མི་དགེ་མེ་ཏོག་མ་མལ་ཁྲི་ཐོག་ནས་ཐད་ཀར་མར་ལྷུང་སོང་། མོ་རང་དངངས་སྐྲག་ཆེན་པོས་སྐད་ཅོ་ཞིག་བརྒྱབ་ཅིང་མལ་ཁྲིའི་འགྲམ་ནས་ཡར་ལངས་བྱུང་། སྐབས་དེར་ལྷ་སའི་ཉི་མ་ནུབ་རི་ནས་ཡལ་སོང་བས་ང་གཉིས་ཀྱི་མལ་ཁྲི་དང་སྒེའུ་ཁུང་། ཐ་ན་འགྲོན་ཁང་འདི་ལའང་གྲིབ་མ་གྲང་མོས་ཟིན་པར་གྱུར། ད་ནི་ང་གཉིས་མལ་ཁྲི་ཆུང་ཆུང་འདིའི་ཐོག་ཏུ་ལྷ་སའི་ཉི་འོད་ཀྱི་དྲོད་ཁོལ་གང་ཐོབ་ཀྱི་རྩོད་མི་དགོས་ཀྱང་ངས་འདི་ལྟར་མོ་རང་མི་ཁྲིའི་འོག་དུ་འཕུལ་བས་མི་དགེ་མེ་ཏོག་མ་ཁྲོས་ནས་ངོ་གདོང་ཡང་དམར་པོར་གྱུར་འདུག
སྒེའུ་ཁུང་ཕྱི་རོལ་གྱི་ལྷ་སའི་གྲོང་དུའང་ཉི་འོད་ཉག་གཅིག་ཀྱང་མི་ལྷག་པ་གྱུར་དུས་མོ་རང་མལ་ཁྲིའི་ཐོག་ཏུ་ཐོན་ཏེ་ང་རང་རྟ་བཞིན་བཞོན་བྱུང་། མོའི་ལུས་ལས་ལྡང་བའི་མེ་ཏོག་གི་དྲི་བསུང་སྟུག་པོ་དེས་ངའི་གྲོད་པ་ན་བག་ལ་ཉི་བའི་འདོད་པ་ཐམས་ཅད་ཡར་ལངས་སུ་བཅུག
ང་གཉིས་མལ་ཁྲིའི་ཐོག་ཏུ་ཉི་འོད་རྒྱགས་ཚད་གཅིག་འཐུངས་རྗེས་ད་ནི་ཁོག་ཏུ་བསགས་པའི་ཉི་འོད་དེ་ཚོ་འདོད་པའི་མེ་ལྕེ་རུ་གྱུར་ཏེ་ང་གཉིས་ཀྱི་དོན་ལྔ་སྣོད་དྲུག་མེས་ཚིག ལུས་ཀྱི་གོས་རྣམས་ད་ནས་བཟུང་གྱོན་མི་དགོས་པ་བཞིན་མལ་ཁྲིའི་འོག་ཏུ་དོར་རྗེས་མོ་རང་ནི་དཔའ་མོ་ཞིག་ལྟར་ང་རང་རྟ་བཞིན་བཞོན་བྱུང་། ང་གཉིས་ཀྱི་ཁོག་ཏུ་བླུགས་པའི་ཉི་འོད་ཀྱི་མེ་ལྕེས་དོན་ལྔ་སྣོད་དྲུག་སོལ་བར་བཏང་རྗེས་ང་གཉིས་ཕུན་ཚུན་བརྡར་བཞིན་པའི་པགས་པའང་འཚིག་འགོ་རྩོམ། མེ་ཏོག་གི་དྲི་བསུང་དང་ཉི་འོད་ཀྱི་འཚིག་དྲི་ཁ་བའི་རྔུལ་ཆུས་ང་གཉིས་གཅིག་ཏུ་བརླན། མོའི་ལུས་ནང་དུ་འཛུལ་སོང་དུས་རྡོ་སོལ་ཀྱི་ཁེངས་པའི་ལྕགས་ཐབ་ཏུ་འཛུལ་སོང་བ་བཞིན་ངའི་རྣམ་ཤེས་ཀྱང་འཚིག་ལ་ཁད་བྱེད།
ང་རང་འདི་ལྟར་མཐོ་ནས་མཐོ་རུ་རི་བོའི་ཡང་རྩེར་སླེབས་གྲབས་ཡོད་དུས་ངའི་ལུས་སྟེང་དུ་ཆུ་བོ་བཞིན་བཞུར་བཞིན་པའི་ཁོ་མོའི་ལུས་པོ་དེ་གློ་བུར་དུ་རྡོ་ལྟར་སྲ་མོར་འགྱུར་བ་ཚོར། ངའི་སྐེ་ལ་བྱིལ་བཞིན་པའི་འོ་མ་ལས་འཇམ་པའི་ལག་པ་དེ་ལྕགས་ལྟར་སྲ་མོས་ངའི་སྐེ་བསྡམས་བྱུང་། ངའི་འགྲིན་པ་ནང་ལྕགས་དོག་ཆེན་པོ་ཞིག་ལྷུང་བ་བཞིན་དབུགས་རྟ་རྔ་ཙམ་ཡང་གཏོང་མི་ཐུབ་པ་འདུག ངས་ཁོག་པ་ནས“ལག་པ་ལྷོད་རོགས”ཅེས་ཞུ་བ་ཅི་ལྟར་འབུལ་ཡང་ངའི་འགྲིན་པ་ལས་སྒྲ་ཅི་ཡང་ཐོན་མ་ཐུབ་ལ་ངའི་མཐོང་ལམ་གྱི་ནམ་མཁའ་རུ་མིག་ཀྱང་དཀར་པོར་གྱུར་ཞིང་ངོ་གདོང་རྡོ་ལ་རྐུས་པའི་རི་མོ་བཞིན་སྲ་མོར་གྱུར་ཟིན་པའི་བུ་མོ་ཞིག་གི་ངོ་གདོང་མངོན་ཞིང་དེ་ཡང་ངའི་ན་ཟུག་གི་མིག་ཆུས་རབ་རིབ་ཏུ་བཏང་སོང་། ད་ནི་འཆི་བ་ལས་འོས་མི་འདུག་སྙམ་ཚེ་མོའི་ལུས་པོ་སླར་ཡང་ཆུ་ཤོག་ནང་བླགས་པའི་ཆུ་བཞིན་དུ་གྱུར་ནས་ངའི་ལུས་ཐོག་ནས་མར་ལྷུང་སོང་།
མོའི་ལག་པས་པའི་སྐེ་གློད་ཟིན་ནའང་ངའི་འགྲིན་པ་ནས་དབུགས་ཐོན་ཐུབ་ཀྱི་མི་འདུག་པས་ངས་མོའི་ལུས་འོག་ཏུ་འཕར་འཚག་ཅི་ལྟར་རྒྱབ་ཀྱང་མོ་རང་ནི་ཤི་ཟིན་པའི་བེམ་པོ་ལྟར་གནས་པ་ལས་ངའི་སྲོག་སྐྱོབ་པའི་གཡོ་འགུལ་གྱི་སྟ་གོན་ཅི་ཡང་མི་འདུག ངས་ཆེས་མཐར་འཇུག་གི་ཤེད་རྟ་རྔ་ཙམ་དེ་ལ་བརྟེན་ནས་འཕག་འཚག་ཅིག་བྱས་མ་ཐག་ང་རང་མལ་ཁྲི་ནས་མར་ལྷུང་། ད་ནི་ཞབས་མེད་པའི་དམྱལ་བའི་མུན་དོང་དུ་ལྷུང་སོང་སྙམ།
མིག་ཕྱེ་བ་ན་གྱང་དཀར་དཀར་ཞིག་ལས་ཅི་ཡང་མཐོང་རྒྱུ་མི་འདུག ངའི་སྐེ་དང་བྲང་ཁོག་ཡོད་ཚད་བརླན་པ་ཡིན་པ་ཚོར་བ་དང་དེ་ནི་ཁྲག་ཡིན་ནམ་སྙམ་གྱིན་ལག་པས་རེག་ཙམ་བྱེད་པ་ན་ཡིན་རྒྱུ་ནི་རང་ཉིིད་ཀྱི་ཁ་ཆུ་ཡིན་འདུག ངའི་སེམས་པ་བདེ་ལ་བབས་ནས་ཡར་ལངས་ཨེ་ཐུབ་མི་ཐུབ་བྱས། ཡར་ལངས་པ་ན་རང་ཉིད་ཀྱི་མགོ་གཟེར་བྲེང་ངེར་བྱས་ལ་འགྲིན་པ་ནང་དུའང་ན་ཟུག་ཡང་ཡང་དུ་རྒྱུག་གིིན་པ་ཚོར།
ང་རང་ཡར་ལངས་པ་ན་དང་པོ་ལྷ་སའི་ནམ་མཁའ་མཐོང་བྱུང་། ནམ་མཁའ་མཚམས་སྤྲིན་གྱིས་དམར་ཞིང་འོད་དམར་པོས་སྒེའུ་ཁུང་ཕྱི་རོལ་གྱི་ལྷ་སའི་ཟུར་ཀུན་དུ་ཁྲག་དམར་བྱུགས་ཡོད་པ་མངོན་ལ་མལ་ཁྲིའི་ཐོག་ཏུ་ཁ་སྦུབ་བརྒྱབ་ནས་ཉལ་ཡོད་པའི་བུ་མོ་ཆ་མེད་དེའི་གཅེར་བུའི་རྒྱབ་གཟུགས་ཀྱང་དམར་ལྷང་ལྷང་ངང་འབར་བཞིན་འདུག དེ་ནི་འདོད་པས་ཁོིལ་བའི་ཁྲག་དམར་ཡིན་ནམ།
ངས་འདི་ལྟར་མལ་ཁྲིའི་ཐོག་ཏུ་གཡོ་བ་མེད་པ་ཉལ་བའི་བུ་མོ་དེ་ལ་ཅི་ལྟར་བལྟས་ཀྱང་མོ་རང་ནི་བུ་མོ་ཞིག་དང་འདྲ་པོ་མི་འདུག ཁྲག་གིས་བཟི་བའི་སྤྱང་ཀི་ཞིག་དང་ཨ་ན་མ་ན་རེད།
ང་རང་འཁྲུད་ཁང་དུ་འཛུལ་ཏེ་ཚོད་ཚོད་ཀྱིས་ཆུ་ཀ་ལའི་ཁ་ཕྱེ་བ་ན་ཆུ་ཚ་མོ་ཤང་སྒྲ་དང་བཅས་ངའི་མགོ་ཐོག་ནས་ལུས་ཀྱི་ཡོངས་སུ་བཞུར། ངའི་མགོ་བོ་དང་ངའི་སྐེ ངའི་ལུས་པོའི་ཡོངས་སུ་ན་ཟུག་གིས་ཁེངས་ནའང་ང་རང་མིག་བཙུམས་ནས་ཆུ་ཚན་གྱི་ཁྲོད་དུ་ཡུན་རིང་འགྲེང་། མགོ་བོའི་ན་ཟུག་རིམ་གྱིས་འཇགས་སོང་ནའང་ངའི་སྐེ་ལས་ཟུག་གཟེར་ཡང་ཡང་རྒྱུག་གིན་འདུག་པས་ཅི་ཡིན་ནམ་སྙམ་གྱིན་ཁ་གཏད་ཀྱི་རླངས་པས་བསྒྲིབས་པའི་མེ་ལོང་ལག་པས་ཕྱེས་པ་ན་སེན་རྗེས་ཀྱིས་ཁེངས་པའི་རང་ཉིད་ཀྱི་སྐེ་དེ་གསལ་པོ་མཐོང་བྱུང་། ཆུ་ཚན་དང་མཉམ་དུ་ཁྲག་སྨུག་པོ་བྲང་གར་ནས་མར་མར་བཞུར་བཞིན་འདུག མགོ་བོ་དང་ལུས་པོ་འཁྲུད་བྱེད་ཀྱི་དག་རྫས་ཀྱི་དྲི་མ་ནི་མེ་ཏོག་དང་བུ་མོའི་དྲི་མ་བཞིན་ངའི་ལུས་པོ་ནས་ཕྱོགས་བཞིའི་ཁོར་ཡུག་ཁེངས། དྲི་མ་དེ་ནི་མི་དགེའི་མེ་ཏོག་གི་དྲི་མ་ཡིན་ནམ། ང་རང་གཅེར་བུ་འཁྲུད་ཁང་ནས་ཐོན་ཏེ་གོས་དག་རེ་རེ་བཞིན་གྱོན་དུས་གཞི་ནས་མི་ཞིག་གི་མིག་ཟུང་གིས་ང་ལ་ཡང་ཡང་བྱིལ་བཞིན་པ་ཚོར་བྱུང་།
ངས་ཕར་བལྟས་དུས་མི་དགེ་མེ་ཏོག་མས་ང་ལ་འཛུམ་དང་བཅས་ལྟ་བཞིན་འདུག
“འཛུམ་རྒྱུ་ཅི་ཡོད་དམ། དེ་རིང་ཁྱོས་ཨེན་ཙམ་མིན་ན་ང་གསོད་སོང”
“དེ་ནི་རྨི་ལམ་ཞིག་རེད”མོ་རང་ལངས་བསམ་མི་བསམ་གྱིས་ལངས་ཏེ་མལ་ཁྲིའི་འོག་ཏུ་སྤུངས་པའི་ང་གཉིས་ཀྱི་གོས་ནང་དུ་ལག་ཉུལ་བྱེད་བཞིན་གསང་ཁེབས་དམར་པོ་ཟུར་གསུམ་མ་དེ་ཡར་གྱོན་པ་དང “འཆི་བ་དངོས་སུ་མཐོང་བ་ལྟ་བུའི་བྲོ་བ་དེ་སྐྱིད་པོ་ཞིག་མ་རེད་དམ”ཞེས་ང་ལ་འདི་ལྟར་འདྲི། ང་རང་བརྒྱུད་དེ་འཁྲུད་ཁང་དུ་འཛུལ་བའི་ཞོར་དུ་ངའི་མགོ་ལ་བྱིལ་བྱིལ་བྱས། འཁྲུད་ཁང་ནས་ཆུའི་ཤང་སྒྲ་གྲགས་བྱུང་།
“ཨ་ཆུ་ཆུ། ཨ་ཆུ་ཆུ”མོ་རང་འཁྲུད་ནས་ཐོན་དུས། ཁང་པའི་ཡོངས་སུ་མེ་ཏོག་གི་དྲི་མ་ཅན་གྱི་རླངས་པའི་ཁེངས།
“དེ་རིང་ང་ཨེན་ཙམ་མིན་ན་ཤི་སོང”
མོས་ངའི་སྐད་ཆ་ལ་ཁ་ཡ་ཅི་ཡང་མི་བྱས་པར་གོས་རྣམས་རེ་རེ་བཞིན་གྱོན་པ་དང་“ད་ལྟོགས་ཨེ་བྱུང”ཟེར།
“ལྟོགས་བྱུང”
“དེ་ན་ང་ཟ་མ་ཉོ་འགྲོ”མོས་རང་གི་སྐྲ་ལོ་བརླན་པ་དག་ལག་པས་ཤད་བཞིན་སྒོ་ནས་ཐོན་གྲབས་བྱེད།
ངས“སྒོར་མོ”ཟེར་བཞིན་རང་ཉིད་ཀྱིས་སྟོད་ཐུང་པར་ཁུག་ཏུ་ཅི་ཡང་མེད་ཀྱང་ལག་པ་བརྒྱབ་ཙམ་བརྒྱབ་བྱས་ཀྱང་མོས་ངའི་བྱ་སྤྱོད་དེ་ལ་ལྟ་ཙམ་ཡང་མ་བྱེད་པ་སྒོ་ནས་ཐོན་སོང་། མོ་རང་ཐོན་རྗེས་ཀྱི་རླངས་པའི་ཁེངས་པའི་ཁང་སྟོང་དུ་ངས་ང་རང་དེ་རིང་ཨེན་ཙམ་མིན་ན་ཤི་སོང་བ་དེ་མོས་བཤད་པ་བཞིན་དེ་ནི་རྨི་ལམ་ཞིག་ཡིན་ནམ་སྙམ།
མོ་རང་ཕྱི་རོལ་དུ་བུད་མ་ཐག ཕྱི་རོལ་དུ་གློ་བུར་ཆར་བ་ཆེན་པོ་ཞིག་འབབ་བྱུང་། ཆར་བས་བརླན་པའི་བྱིའུ་ཞིག་སྒེའུ་ཁུང་འགྲམ་དུ་བབས་ནས་འདམ་སྒྲོ་ཡང་ཡང་བརྡབས། བྱིའུ་དེ་ལ་ལྟད་མོ་ལྟ་ནས་བསྡད་སྐབས་མོ་རང་སྒོ་ཕྱེ་ནས་ནང་དུ་འཛུལ་བྱུང་ལ་དེ་དང་མཉམ་དུ་སྔོ་ཚལ་གྱི་དྲི་མ་ཞིམ་པོ་ཞིག་ཀྱང་ངའི་སྣ་བར་འཛུལ་བྱུང་། མོས་འབྲས་ཀྱི་ཐོག་ཏུ་སོ་པན་བརྔོས་མ་བླུགས་ཡོད་པའི་ཤོག་བུའི་ཕོར་བ་ཞིག་གི་ཁ་ཕྱེ་བྱུང“ཆར་བའི་བརླན་པའི་བྱིའུ་འདི་ཁྱོད་རང་དང་འདྲ་པོ་འདུག”ཟེར་ཡང་མོས་ང་ལ་ཁ་ཡ་མི་བྱེད་པ་ལག་པས་སྐྲ་ལོ་བརླན་པ་བརྡབས། ངའི་མིག་ཏུ་ཆར་ཐིགས་གཅིག་ལྷུང་བར་ཚོར། ཆར་ཐིགས་དེ་ནི་སྒེའུ་ཁུང་ནས་ཚུར་འཕུར་ཡོང་བ་ཡིན་ནམ། ཡང་ན་མོའི་སྐྲ་ལོ་ནས་མར་ཟགས་ཡོང་བ་ཡིན། ཤེས་མ་སོང་། མོས་ང་ལ་ཟ་མ་བསྐྱལ་བའི་ཚུལ་ནི་བྱིའུ་ཡི་ཨ་མས་བྱེའུ་ཕྲུག་ལྟོགས་པ་ཞིག་ལ་ཟ་མ་བསྐྱལ་བ་དང་འདྲའོ་སྙམ་གྱིན་སྒྲོག་ཙེའི་འགྲམ་དུ་ཙོག་ནས་ཟ་མ་ཁམ་གང་ཟ་བ་ན་ངའི་བསམ་འདུན་བཞིན་ཧ་ཅང་ཞིམ་པོ་འདུག
མོས་སྐྲ་ལོ་བརླན་པར་ལག་པས་རེག་བཞིན“ལྷ་སའི་ཆར་བ་ནི་ནམ་ཡང་འདི་ལྟར་ཅི་བསམ་འདི་དྲན་མེད་པར་འབབ་ཡོང”ཞེས་བཤད་བྱུང་།
ང་རང་ལྷ་སའི་གནམ་གཤིས་ལ་རྒྱུས་མངའ་གང་ཡང་མེད་པས“ང་ལ་མ་གཏོགས་ཁྱོས་རང་ཉིད་ལ་བཟའ་རྒྱུ་མི་ཉོ་བ་ཅི་ཡིན”ཞེས་དྲིས་པས“ང་རང་ཟ་མ་ཉོ་བ་འགྲོ་བའི་ལམ་བར་དུ་ངའི་གྲོགས་མོ་ཞིག་འཕྲད་བྱུང་། མོས་དེ་རིང་ང་དང་མཉམ་དུ་ཟ་མ་བཟའ་འགྲོ་ཟེར་ནས་སྒུག་གིན་ཡོད། ང་རང་མགྱོགས་པ་མོའི་སར་འགྲོ་དགོས”ཟེར། ངས་ “མི་འགྲོ་ན་མི་ཆོག་གམ”ཞེས་དྲིས་ཀྱང་མོས་སྣང་དོགས་མེད་པར“གྲོགས་མོས་ང་རང་སྒུག་གིན་ཡོད”ཅེས་ཟློས།
མོས་འདུད་སྒམ་ཞིག་དུ་གོས་མང་པོ་ཞིག་ཡར་བླངས་པ་དང་ཏྰ་ཡི་ཆེན་པོ་ཞིག་གྱོན་སོང་ལ་སྐེ་དཀྲིས་འཇམ་པོ་ཞིག་ངའི་སྐེ་ལ་དཀྲིས་འོང་ནས“ཁྱོད་ཀྱི་སྐེ་སྡོང་ཡོད་ཚད་རྨ་ཁ་རེད་འདུག”ཅེས་བཤད་བྱུང་བས་ངས“རྨ་ཁ་ཡོད་པས་སྐྱོན་མེད། དེ་རིང་ཁྱོས་ཨེན་ཙམ་མིན་ན་ང་གསོད་སོང”ཞེས་བཤད་གྲབས་ཡོད་སྐབས་མོས་སྐེ་སྡོང་ངའི་ཕྱོགས་སུ་བསྲེངས་འོང་ནས་ངའི་ཐོད་པར་འོ་གྲང་ཤིག་ཤིག་ཅིག་བྱེད་བྱུང་བ་ན་ངའི་སྐད་ཆ་དེ་ཟ་མ་དང་མཉམ་དུ་འགྲིན་པ་ན་མིད་དགོས་བྱུང་།
“དེ་རིང་མཚན་མོ་ཁྱོས་ང་ལ་སྒུགས་དང་། ང་མགྱོགས་པོར་སླེབས་འོང”
འགྲོ་ཁར་མོས་ང་ལ་སྐད་ཆ་འདི་འདྲ་ཞིག་བཞག་སོང་། ངས་སླར་ཡང་ཟ་མ་ཁམ་གང་ཟོས་པ་ན་བྲོ་བ་ཡོད་ཚད་ཡལ་འདུག ཕོར་བ་རང་སར་བཞག་ནས་སྒེའུ་ཁུང་གི་འགྲམ་དུ་ཕྱིན་ལ་བྱིའུ་དེ་ལ་ལྟད་མོ་ཞིག་བལྟས་བསམ་ཡང་བྱིའུ་དེའང་ཆར་ཁྲོད་དུ་ཡལ་ཟིན་འདུག ཆར་བ་སྔ་ལས་ཇེ་ཆེར་སོང་། མེ་ཏོག་གི་རྫ་མའི་ནང་དུ་ཆུས་ཁེངས་འདུག་ཅིང་ལྷ་སའི་ཐན་པའི་རྐྱེན་ཡིན་ནམ་མི་དགེ་མེ་ཏོག་མས་མེ་ཏོག་ནང་དུ་ཆུ་ཁོལ་བླུགས་པས་ཡིན་ནམ། ཡང་ན་ལྷ་སའི་དྲག་ཆར་འདི་ཕོག་པས་ཡིན། གང་ལྟར་མེ་ཏོག་སྔོ་པོ་དེ་སེར་པོར་གྱུར་ཟིན་འདུག ངའི་མཐོང་ལམ་མེ་ཏོག་རྙིད་མ་དེ་ལས་བརྒལ་ཏེ་ཆར་ཁྲོད་ཀྱི་སྲང་ལམ་ཕྱོགས་སུ་ལྟ་སྐབས་ཆར་བའི་མག་མོག་གི་རྒྱབ་ལྗོངས་སུ་ངའི་སྙིང་སྡུག་ཏེ་མི་དགེ་མེ་ཏོག་མ་དྲག་ཆར་ལ་སྣང་དོགས་མེད་པར་སྲང་གི་ཆར་བའི་ཁྲོད་དུ་བསྐྱོད་བཞིན་འདུག མོའི་རྒྱབ་གཟུགས་ནི་སྤྱང་ཀི་དམར་པོ་ཞིག་དང་འདྲ་ཨང་། དེ་ནི་མོའི་ཁོག་པ་ན་སྦས་པའི་འདོད་པ་ཞེས་པ་དེ་ཡིན་ནམ་སྙམ།
མོའི་ལུ་གུ་གང་དུ་ཡོད་དམ། མོ་རང་ཆར་ཁྲོད་དུ་བརྒྱ་ལམ་འཕྲད་ཀྱིས་བཅད་ནས་ཕྱིན་གྱིན་འདུག ཁ་གཏད་དུ་ཆར་གདུགས་ནག་པོ་བཟུང་བའི་ཕོ་གསར་གཟུགས་རིང་ཞིག་འགྲེང་འདུག མོ་རང་ཕ་རོལ་དུ་སླེབས་མ་ཐག་ཕོ་གསར་དེར་མཐམས་སོང་། ཆར་ཁྲོད་དུ་ཆར་གདུགས་ནག་པོ་དེ་ཡང་ལང་ལོང་གཡོ་བ་མཐོང་ཞིང་དེ་ལས་ཆར་འབྲུ་རྡོག་པོ་མང་པོ་ཟགས་སོང་།
གློ་བུར་བའི་སྐྱོ་སྣང་ཞིག་གིས་ངའི་ཤ་ཁྲག་ལྷུག་ལྷུག་ཏུ་གདུ་བས་སྒེའུ་ཁུང་ཕྱེ་སྟེ་མར་འཕུར་འདོད་ཀྱི་འདུན་པ་འགོག་མེད་ཅིག་སྐྱེས་འོང་མོད། ལྷ་སའི་ཁང་པ་ཕལ་མོ་ཆེ་དང་འདྲ་བར་མགྲོན་ཁང་འདིའང་ཐོག་བརྩིགས་གཉིས་ལས་མི་འདུག འཆི་བའམ་ལས་སླ་པོ་ཞིག་ག་ལ་ཡོད། ང་རང་ཁང་པའི་ནང་དུ་གྲང་ཟིན་པའི་ཟ་མ་ཕོར་གང་ལྟར་གྱི་ལྷ་སའི་དྲག་ཆར་འདི་ལ་སུན་གི ཆར་གདུགས་ནག་པོ་ཞིག་སྲང་ལམ་སྣེའི་མུན་པ་དང་རླངས་པ་འདྲེས་མཚམས་ན་གཡས་གཡོ་གཡོན་གཡོའི་ངང་གིས་ཡལ་སོང་།
རྩོམ་སྒྲིག་པ། ལྷ་སྐྱིད།
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།