གཟའ་སྤེན་པའི་མཚན་མོ།
དང་པོ།
མུན་པ་ནག་པོ་སྒེའུ་ཁུང་ནང་ནས་འཚང་ཡོང་དུས། ཚེ་རིང་གིས་ད་རུང་མལ་ཁང་ནང་དུ་གསར་དུ་བསྒྲིགས་པའི་མཛའ་མོ་ལྷ་མཚོའི་ཁ་པར་ལ་བསྒུགས་ཡོད།
སྔོན་ཏག་ཏག་ལ་ཁོས་དཔེ་སྒྲོམ་སྟེང་གི་དེབ་ཅིག་ལས་དངུལ་འཇོག་བྱང་བུ་ཞིག་བླངས་ཏེ། མལ་ཁང་ནང་གི་ཁྱིམ་སྤྱོད་ཁ་པར་དུ་བྱང་བུའི་སྟེང་གི་ཨང་གྲངས་རེ་རེ་བཞིན་མ་ནོར་བར་མནན་ནས། ལྷ་མཚོའི་མལ་ཁང་ནང་ དུ་ཁ་པར་བཏང་དུས། མོས“ད་རུང་ཅུང་ཙམ་སྒུགས་དང་། ང་ཁྲུས་ཤིག་བྱ་རུ་འགྲོ་དགོས། ཕྱིར་ཐོན་ན་ཁྱོད་ལ་ཁ་པར་གཏོང་ཨང”ཟེར།
“འོ་ཡ། དེས་ན་ངས་ཁྱོད་ཀྱི་ཁ་པར་ལ་བསྒུགས་ནས་འདུག སོང་ནས་གཙང་མ་ཞིག་ཁྲུས་དང་། དོ་དགོང……”
“སྟོང་བསམ་མ་འཆང་། ང་བུ་མོ་དེ་འདྲ་ཞིག་མིན”
ཕལ་ཆེར་ཆུ་ཚོད་གཅིག་ཙམ་འགོར་རྗེས། ལྷ་མཚོས་ཁ་པར་བཏང་ བྱུང་།
“ཁྱོད་ཀྱིས་བསྒུགས་ནས་ཡུན་རིང་འགོར་སོང་ཨང”
“སྐྱོན་མེད་ཀི”
“འུ་གཉིས་གང་ནས་ཐུག་རྒྱུ་ཡིན”
“ཁྱོད་ཀྱིས་གཙང་མ་ཞིག་བཀྲུས་དང་ངམ། མི་རིག་ས་ན་ཚི་དྲེག་འདྲ་ལུས་མེད་དམ”
“ཁྱོད་ཀྱིས་དེ་ལྟར་ཤོད་དང་། ང་ཁྱོད་ལ་ཐུག་རྒྱུ་མིན”
“ཀུ་རེ་ཡིན། རྒྱུན་དུ་ཐུག་ས་ནས་ཐུག”
ཁོ་གཉིས་རྩལ་སྦྱོང་ར་བའི་གཡས་ཟུར་གྱི་སྡོང་རྒན་དེའི་འོག་ནས་ངོ་ཐུག་དུས། ས་ཡོངས་སུ་རུབ་འདུག བར་སྐབས་དེ་ནི་སློབ་གྲྭའི་ར་སྐོར་ནང་ཆེས་ཟང་ཟིང་གི་དུས་ཡིན་ལ། སློབ་གྲོགས་རྣམས་ཆེས་སྐྱིད་པའི་སྐབས་ཀྱང་ཡིན།
རྩལ་སྦྱོང་ར་བའི་རྒྱུགས་ལམ་དུ་སློབ་གྲོགས་རེ་འགས་ཆ་དང་ཆ་བྱས་ནས་འཆམ་འཆམ་བྱེད་ཀྱིན་འདུག ཁོ་གཉིས་ཀྱང་མ་གྲོས་རང་མཐུན་གྱིས་སློབ་གྲོགས་དེ་དག་གི་བར་ལ་བཙངས་ནས་སྐོར་བ་ཐེངས་གཉིས་བརྒྱབ་པ་ན། ལྷ་མཚོས་མོའི་རྐང་བ་ན་བས་ངལ་གསོ་ན་འདོད་ཚུལ་བཤད་བྱུང་། དེ་ལ་ཚེ་རིང་ཡང་ཡིད་འཐད་བྱུང་ནས་ཁོ་གཉིས་ལོབས་ཕྱོགས་ལྟར་སྡོང་བོའི་འོག་གི་རྡོ་ཐེམ་གྱི་ཕྱོགས་སུ་སོང་བ་ན། ནམ་རྒྱུན་ཁོ་གཉིས་སྡོད་སའི་གྲུ་ག་དེ་རུ་སློབ་གྲོགས་གཉིས་ཕན་ཚུན་ལ་འཐམ་ཞིང་འཁྱུད་ཀྱིན་འདུག
“འུ་གཉིས་སྒོར་འགྲོ་རྒྱུ་ན”ཚེ་རིང་གིས་གློ་བུར་དེ་ལྟར་བཤད།
ལྷ་མཚོས་ཁོའི་གདོང་ལ་བལྟས་ནས་སྡོད་པ་ལས་ཚིག་གཅིག་ཀྱང་མ་བཤད།
ལྷ་མཚོར་མཚོན་ན་སྐད་ཆ་དེ་ནི་གློ་བུར་བ་ཞིག་ཡིན་དུ་སྲིད་ཀྱང་། ཚེ་རིང་ལ་མཚོན་ན་དེ་ནི་འཆར་སྒོ་གློ་བུར་བ་ཞིག་གཏན་ནས་མིན་ཏེ། ཁོའི་སེམས་ལ་འཆར་གཞི་དེ་འདྲ་ཞིག་སྔོན་ནས་ཉར་ཡོད་ཅིང་། ཁོ་མཚན་མོ་དེར་ལྷ་མཚོར་ངོ་འཕྲད་པའི་དམིགས་ཡུལ་ཡང་དེ་ཡིན།
“གང་ལ” ཡུད་ཙམ་འགོར་རྗེས་ལྷ་མཚོ་ཁ་གྲགས་བྱུང་།
“ཁྱོད་ཀྱིས་ལྟོས། དྲ་ཁང་དུ་འགྲོ་རྒྱུ་ཡིན་ནམ། ཡང་ན་མགྲོན་ཁང་ དུ……”
“ཁྱོད་ཀྱིས་སྐད་ཆ་ཡག་པ་ཞིག་བཤད་ན་མི་ཆོག་གམ”
“ངས་ངོ་མ་བཤད་ཀྱིན་ཡོད”
“ཚེ་རིང་། ངས་ཁྱོད་ལ་དྲང་མོར་བཤད། ང་ཁྱོད་ལ་མ་དགའ་ནི་ མིན། ཡིན་ཡང་འུ་གཉིས་ད་རུང་འགྲོགས་ནས་ཅང་འགོར་མེད། སྔ་དྲགས་ སོང་། རྗེས་མར་ང་ཁྱོད་ཀྱི་འགྲོ་རོགས་བྱ” ལྷ་མཚོས་དེ་ལྟར་བཤད་ཅིང་ ཚེ་རིང་གི་འགྲམ་པར་འོ་ཞིག་བྱས་རྗེས“དོ་དགོང་འདི་ཙམ་གྱིས་ཆོག་ནི་བྱོས། ང་ཕྱིར་མལ་ཁང་དུ་སོང་ནས་ཨ་མར་ཁ་པར་ཅིག་གཏང་དགོས” ཟེར།
མཚན་མོ་དེར། ཚེ་རིང་གི་འདོད་ཐོག་ལ་རྟ་རྒྱུག་མ་ཐུབ།
ཁོས་ལྷ་མཚོ་ཕྱིར་མལ་ཁང་དུ་བསྐྱལ་རྗེས། གཅིག་པུར་སློབ་གྲྭའི་ར་ སྐོར་ནང་ནས་ཆུ་ཚོ་ཕྱེད་ཙམ་ལ་འཆམ་འཆམ་བྱས་ཤིང་། དེ་ནས་མི་འདོད་ཐབས་ཟད་ཀྱིས་ཕྱིར་མལ་ཁང་དུ་ལོག
ཁོ་མལ་ཁང་གི་རྡོ་སྐས་ཐོག་ནས་ཡར་ཡོང་དུས་སྙིང་ཆུང་ལུ་གུ་ལྡིང་ལྡིང་བྱས་ཤིང་། བརླ་ཤ་དང་སྒྱིད་པ་གཉིས་ཀྱང་སྲ་གྱི་ལེར་ལྗིག་ཏིག་གེར་ ཕྱིན་ནས་རང་ལྕོགས་ཀྱང་མི་ཐུབ་པ་འདྲ་ཞིག་ཏུ་གྱུར།
སུམ་ཐོག་གི་བར་ཁྱམས་སུ་ཐོན་དུས། གློ་བུར་ཁོག་སྨད་ནས་གཟེར་ཅིག་ལངས་ནས་གཅིན་པ་གཏང་དགོས་བྱུང་བས། ཁོ་མྱུར་དུ་སྤྱོད་ཁང་དུ་ཕྱིན་པ་ན། དེ་གར་ཁོས་ཆེས་མཐོང་མི་འདོད་པའི་སློབ་གྲོགས་དེས་གཅིན་པ་གཏོང་གིན་འདུག
སློབ་གྲོགས་ཚང་མས་ཁོར་རྒྱལ་བོ་ཆེན་མོ་ཞེས་འབོད་ཀྱིན་འདུག་པ་མ་གཏོགས་ཚེ་རིང་གིས་ཁོའི་མིང་དངོས་ལ་ཅི་ཟེར་བ་མི་ཤེས། ཁོས་ཤེས་པ་ནི་རྒྱལ་བོ་ཆེན་མོ་ནི་ལོ་རིམ་གསུམ་པའི་སློབ་མ་ཞིག་ཡིན་པ་དེ་ཙམ་རེད། ཡིན་ན་ཡང་། སློབ་གྲོགས་དེ་ནི་སློབ་ཆེན་ལོ་རིམ་གསུམ་པའི་སློབ་མ་ཞིག་དང་གཏན་ནས་མི་འདྲ་སྟེ། ཁོའི་འགྲམ་པ་གཡས་གཡོན་ལ་ཚང་ཚིང་དུ་སྐྱེས་པའི་ཁ་སྤུ་དང་། སྤྱི་ཐེད་དུ་འགྱུར་བཞིན་པའི་མགོ་སྐྲ་རིང་མོ། རིང་ཞིང་ཆེ་ལ་ཕྲག་ཞེང་ཡངས་པའི་གཟུགས་གཞི། ད་དུང་། མདུན་དུ་འབུར་ ཞིང་ཐུར་དུ་དཔྱངས་པའི་ཕོ་བ་སོགས་ཀྱིས་ཁོ་ནི་སློབ་ཆེན་ལོ་རིམ་གསུམ་པའི་སློབ་མ་ཞིག་རེད་ཟེར་ན་སུས་ཀྱང་རྣར་འགྲོ་དཀའ་བ་ཞིག་ཏུ་སྣང་།
དེ་བས། ཁོ་ཚོས་སློབ་གྲོགས་དེ་ལ་གསང་བའི་སྒོ་ནས་མི་དྲེལ་རྒྱལ་བོ་ཞེས་པའི་མཚང་མིང་ཞིག་བཏགས་ཡོད།
མི་དྲེལ་རྒྱལ་བོ་མཐོང་བ་ན་ཚེ་རིང་གི་སྙིང་གི་འཕར་ལྡིང་སྔར་ལས་ཀྱང་ཇེ་མགྱོགས་སུ་གྱུར།
དྲང་མོར་བཤད་ན། མི་དྲེལ་རྒྱལ་བོ་མཐོང་ན་སྙིང་གི་ལྡིང་ཚད་ཇེ་མགྱོགས་སུ་འགྲོ་མཁན་ཚེ་རིང་གཅིག་པུ་ག་ལ་ཡིན།
བཤད་ཚུལ་ལ། ལོ་འགའི་སྔོན་ལ་ཁོས་དཔའ་ལ་འགྲན་ཟླ་མེད་པའི་སློབ་གྲོགས་རྒན་གྲས་ཤིག་ལ་ཁེར་ཐུག་བྱས་ནས་བཏུལ་བས། ཚང་མས་ཁོར་རྒྱལ་བོ་ཆེན་པོ་ཞེས་འབོད་མགོ་བརྩམས་ཤིང་། སུས་ཀྱང་ཁོའི་ཁ་སློང་གིན་ཐུབ་ཀྱིན་མེད་ཟེར། དེའི་རྗེས་ནས། ཁོ་སུ་ཞིག་ལ་ཁེར་ཐུག་བྱས་པའི་ལོ་རྒྱུས་མེད་ཀྱང་། སློབ་མ་གསར་བ་རྣམས་ཕར་ཞོག སློབ་མ་རྙིང་བ་རྣམས་ཀྱིས་ཀྱང་ཁོ་རིག་ན་མགོ་སྒུར་སྒུར་བྱས་ནས་འགྲོ་བས། ཚང་མའི་ སེམས་ནས་ཁོ་ནི་དགྲ་རུ་ལངས་མི་རུང་བའི་གླང་ཆེན་སྨྱོན་པ་ཞིག་ཏུ་བསམ་ཡོད། ཞོགས་པར་སློབ་གྲོགས་མང་པོ་ཁྲུས་ཁང་ནང་གི་མེ་ལོང་མདུན་དུ་ བསྟར་མར་ལངས་ནས་གླུ་དབྱངས་ལེན་ཞོར་དུ་ཁ་ལག་བཀྲུ་དུས། མི་དྲེལ་ རྒྱལ་བོ་ནང་དུ་ཐོན་ཙ་ན། ནང་མ་ཁང་ཞིག་དང་འདྲ་བའི་ཁྲུས་ཁང་ནི་དེ་ མ་ཐག་དབུགས་སྨག་གེར་བུད་འགྲོ་བར་མ་ཟད། སློབ་གྲོགས་ཚང་མ་རང་ རང་ས་ནས་ཕྱིར་འཐེན་བྱས་འགྲོ། ཉིན་གུང་ཟ་ཁང་ནང་ནས་གྲལ་བསྒྲིགས་ ཏེ་ཟ་མ་ཉོ་དུས། མི་དྲེལ་རྒྱལ་བོ་ཐོན་ཙ་ན། ཚང་མས་ལམ་ཕྱེ་ནས་ཁོ་སྔུན་ ལ་བཙང་དུ་བཅུག་འགྲོ། ལྷག་པར། མཚན་མོར་མལ་ཁང་སོ་སོ་ནས་ཁ་ བརྡ་བྱེད་པ་དང་། གླུ་དབྱངས་ལེན་པ། པི་ཝང་དཀྲོལ་བ་ལ་སོགས་པའི་ འཛེར་སྒྲ་སྣ་ཚོགས་བཟོ་དུས། མི་དྲེལ་རྒྱལ་བོས་བར་ཁྱམས་ནས་ཁ་རོག་ གེར་སྡོད་ཅེས་སྐད་བརྒྱབ་ཙ་ན། སློབ་གྲོགས་ཚང་མ་རང་རང་ས་ནས་མལ་ དུ་ཞུགས་ནས་དབུགས་སྨག་གེར་བུད་འགྲོ། དེར་མ་ཟད། རྩལ་སྦྱོང་ར་བའི་ ནང་ནས་གཟེབ་གྲུག་དང་རྐང་གྲུག་རྩེ་དུས། མི་དྲེལ་རྒྱལ་བོ་ཐོན་ཙ་ན་ཚང་ མ་རང་རང་ས་ནས་བྲོས་འགྲོ།
དེ་བས། མི་དྲེལ་རྒྱལ་བོར་ཁོའི་གྲོགས་པོ་དེ་དག་མ་གཏོགས། མཉམ་ དུ་སྡོད་མཁན་གཅིག་ཀྱང་མེད་ལ། ཉེ་སར་བཅར་ཕོད་མཁན་ཡང་མེད།
ཚེ་རིང་གིས་འོག་མིག་གིས་མི་དྲེལ་རྒྱལ་བོའི་རྐང་བར་བལྟས་ནས་ཁོ་སོང་ཡོད་མེད་ལ་ལྟ་བཞིན། དོར་མའི་སྒྲོག་གུ་གྲོལ་ཏེ་གཅིན་པ་གཏང་རྩིས་ བྱེད་དུས། མི་དྲེལ་རྒྱལ་བོས་གན་ནས་གློ་ལུ་ཞིག་བརྒྱབ་པས། ཚེ་རིང་གི་ གཅིན་པ་གློ་བུར་ག་ཤེད་ཅིག་ནས་འགག་སོང་བ་ལྟར། ཁོ་ཡུན་རིང་དེ་གར་ འགྲེང་ནས་བསྡད་ཀྱང་། མི་དྲེལ་རྒྱལ་བོ་འགྲོ་རག་བར་དུ། ཐིགས་པ་གཅིག་ ཀྱང་དབབ་རྒྱུ་མ་བྱུང་།
ཚེ་རིང་མལ་ཁང་དུ་ཐོན་དུས། དེ་གར་རིན་ཁོ་དང་ཚེ་འབུམ་གཉིས་ ཀྱིས་ཁོར་བསྒུགས་ནས་འདུག
རིན་ཁོས་ཁོ་མཐོང་བ་དང“རེམ། མལ་ཁང་གི་སྒོ་ཆེན་རྒྱག་ལ་ཉེ། ཁྱོད་རང་དེ་འདྲ་ཞིག་འགོར་དུ་བཅུག་ནས་ཅི་བྱ། ལྷ་མཚོའི་ཐོག་ན་དེ་འདྲ་ མི་ལོན་རྒྱུ་ཞིག་ཡོད་དམ། རེམ། རེམ”ཟེར།
“མ་རེད། དགོང་རྒྱུན་དུ་འདི་ལྟར་བྲོས་ནས…… ”
“ཁྱོད་མལ་ཁང་ནས་འདུག་རྒྱུ་ཡིན་ནམ” ཚེ་འབུམ་གྱིས་ཚེ་རིང་གི་ ཚིག་མཚམས་བཅད་ནས་དེ་ལྟར་དྲིས།
“འོ་ལེ། ཁྱོད་ཀྱིས་མལ་ཁང་ནས་བསྒུགས་ནས་འདུག་རྒྱུ་ཡིན་ནམ” རིན་ཁོས་ཀྱང་དེ་ལྟར་དྲིས།
“མིན། ང་ཡང་ཁྱོད་གཉིས་ལ་འགྲོགས་ནས་འགྲོ་རྒྱུ་ཡིན”
“དེས་ན་རེམ་མ་འགྲོ། དེ་མིན་མལ་ཁང་གི་སྒོ་བརྒྱག་རྒྱུ་རེད”
དེ་དུས་མཚན་མོའི་ཆུ་ཚོད་བཅུ་དང་ཕྱེད་ཀར་ཐོན་ལ་ཉེ། ཁོ་གསུམ་ པོ་མལ་ཁང་གི་སྒོར་འབུད་དུས། ཏག་ཏག་སྒོ་སྲུང་གིས་སྒོ་ཆེན་ལ་ཟྭ་བརྒྱབ་ ནས་ཁ་ཕྱིར་འཁོར་བ་དང་འཕྲད།
ཚེ་རིང་གིས་མྱུར་དུ་སྒོ་སྲུང་ལ“ཨ་ཁུ་སྒོ་སྲུང་ལོ་ལོ། ཁྱོད་ཀྱིས་སྒོ་ ཕྱེས་དང་། ང་ཚོ་སྒོར་འགྲོ་དགོས”ཞེས་བཤད།
སྒོ་སྲུང་གིས་ཁོ་ཚོར་ལྟ་ཡག་ཅིག་བྱས་རྗེས་གསར་ཞུགས་སློབ་མ་སྟེ་ལོ་རིམ་དང་པོའི་སློབ་མ་ཡིན་པ་ཤེས་ནས“སྒོར་ཟྭ་བརྒྱབ་ཟིན། ཕྱིར་མལ་ཁང་ དུ་སོང་ནས་གཉིད”ཟེར་བཞིན། གན་དུ་ཡོད་པའི་མལ་ཁང་དོ་དམ་ཁང་དུ་ ལོག
“ཨ་ཁུ་སྒོ་སྲུང་ལོ་ལོ། ང་ཚོའི་སློབ་གྲོགས་ཤིག་ལ་དོན་དག་བྱུང་ནས་ སྨན་ཁང་དུ་ཕྱིན་སོང་། ང་ཚོ་ཁོ་བསྲུང་དུ་འགྲོ་དགོས”རིན་ཁོས་མྱུར་དུ་ དོ་དམ་ཁང་གི་སྒོ་ཕྱེ་ནས་སྒོ་སྲུང་ལ་ཞུ་བ་བྱས།
“རྫུན་མ་བཤད། ངོ་མ་ཡིན་ན་ཁྱོད་ཚོའི་འཛིན་བདག་ལ་ཁ་པར་ བཏང་ནས་ཁོ་འདིར་ཡོང་དུ་ཆུགས་དང་། ངས་ཁྱོད་ཚོ་འགྲོ་རུ་འཇུག”
སྒོ་སྲུང་དེ་ནི་རྒད་པོ་ཨུ་ཚུགས་ཅན་ཞིག་རེད།
སྐབས་དེར། མལ་ཁང་ཐོག་བརྩེགས་ནང་གི་བར་ཁྱམས་དང་སྤྱོད་ ཁང་། ཁྲུས་ཁང་བཅས་ཀྱི་གློག་ཟ་ཟི་དེ་དག་མ་གཏོགས། མལ་ཁང་སོ་སོའི་ གློག་གསལ་མོ་རྣམས་གཟིམས་ནས་མཐོང་ལམ་ཀུན་དེ་མ་ཐག་མག་མོག་ཅིག་ཏུ་གྱུར།
ཁོ་གསུམ་པོས་མུ་མཐུད་དུ་སྒོ་སྲུང་ལ་ཞུ་བ་ཡང་ཡང་བྱས་ཀྱང་། ཁོས་ ཕྱི་རུ་སོང་ན་བདེ་འཇགས་མིན་ཚུལ་བཤད་ནས་སྒོ་ཕྱེ་མ་བྱུང་།
“ནང་ནས་བསྡད་ན་ལྷག་ཏུ་བདེ་འཇགས་མ་རེད་ཡ”
“ཁྱོད་ཀྱི་ལག་ལ་འདིའི་ཡན་གྱི་དབང་ཞིག་ཤོར་ཉན་རྒྱུ་མ་རེད”
མཇུག་མཐར་ཁོ་ཚོས་དེ་ལྟར་ཚིག་ལན་སྤྲོད་ཀྱིན་ཐབས་ཟད་ནས་ཕྱིར་མལ་ཁང་དུ་ལོག
ཁོ་ཚོ་ཕྱིར་མལ་ཁང་དུ་ཐོན་པ་དང་། མྱུར་དུ་རང་རང་ས་ནས་མལ་ ཐུལ་གྱི་ཁུད་དུ་འཛུལ་ནས་གཉིད་དུ་ཞུགས།
ཡིན་ན་ཡང་། ཚེ་རིང་གཉིད་མ་ཁུགས།
རིན་ཁོ་དང་ཚེ་འབུམ་གཉིས་ཀྱང་གཉིད་ཁུག་གིན་མེད་པ་འདྲ་ཡང་། དབུགས་སྨག་གེར་སྡོད་པ་ལས། ཕན་ཚུན་ལ་ཚིག་གཅིག་ཀྱང་བཤད་མ་བྱུང་།
ཕལ་ཆེར་ཆུ་ཚོད་བཅུ་གཅིག་པར་ཐོན་ཙམ་ལ། ཁོ་ཚོས་སྔོན་དཔག་ བྱས་པ་ནང་བཞིན། མལ་ཁང་གི་བར་ཁྱམས་ནས་ཆང་འཐུང་འགའི་སྐད་ གྲགས་བྱུང་།
“ཨ་བ་ཨ་མ། ངར་ཁོག་ལ་མི་ཆུད་ནི་ཡོད་ན་སྒོར་ཤོག”
“ཕ་རོ་ཟོ། ངའི་རལ་གྲི་དེ་སུས་ཁྱེར་སོང”
“སློབ་གྲོགས་ཚོ། དེ་རིང་སྔར་བཞིན་སློབ་གྲོགས་གསར་བ་བསུ་བའི་ དགོང་ཚོགས་ཀྱི་རྒྱུན་བསྐྱང་རྒྱུ་ཡིན། ང་ལ་སྒུགས་དང་། དེ་རིང་ངས་སློབ་ གྲོགས་འགའ་ལ་བསུ་མ་རྒྱ་ཆེན……”
ཚེ་རིང་གིས་རྣ་བ་བླགས་ནས་མཉན་པ་ན། མི་སེམས་མཚོ་མོའི་རླབས་ བཞིན་སྐྱོམ་པར་བྱེད་པའི་སྐད་སྒྲ་དེ་དང་མཉམ་དུ། སྒོ་ཕྱེ་བའམ་གཏན་པའི་ ཁྲོག་སྒྲ་ཞིག་ཀྱང་གྲགས་ཡོང་།
“སྒོ་གཅིག སྒོ་གཉིས། སྒོ་གསུམ”ཚེ་རིང་གིས་ཁྲོག་སྒྲར་གཞིགས་ཏེ་ སྒོ་རེ་རེ་བཞིན་བརྩི་དུས། སེམས་སུ་འདི་ལྟར་སྙམ། “སྒོའི་ཁྲོག་སྒྲ་ལ་ཉན་ ན་ཤར་མཐའི་མལ་ཁང་དེ་ཡིན་པ་འདྲ། དེས་ན་རང་ཉིད་ཀྱི་མལ་ཁང་ནི་ ནུབ་མཐའི་མལ་ཁང་གཉིས་པ་ཡིན་པས། ད་རུང་ཐག་ཅུང་ཙམ་རིང་། སུམ་ ཐོག་འདི་རུ་ལོ་རིམ་དང་པོའི་མལ་ཁང་བཅུ་ཐམ་པ་ཡོད། དེ་དག་ནི་སྲིབ་ ངོས་སུ་ལོ་རིམ་གཉིས་པའི་མལ་ཁང་འགས་བར་བཅད་ཡོད་པ་མ་གཏོགས། བསྟར་མར་ཡོད། ཡིན་ཡང་ད་ནི…… སྒོ་བཞི། སྒོ་ལྔ། ཐོན་ཐལ། དོ་ནུབ་ནམ་རྒྱུན་ལས་ཀྱང་མགྱོགས་པ་འདི་ཅི་ཡིན་ནམ། ཚང་མ་བྲོས་སོང་ བ་ཡིན་ནམ། ད་ནི་མ་འགྲིག དོ་ནུབ་ཀྱང་རང་མགོར་ལྷུང་རྒྱུ་རེད། ཐེངས་ སྔོན་མར་རྐང་བཅག་འགའ་ལས་ཆེན་པོ་ཞིག་མ་བྱས་ཀྱང་། དོ་ནུབ། གཟའ་ འཁོར་སྔོན་མའི་གཟའ་སྤེན་པའི་མཚན་མོར་འཛིན་གྲྭ་དང་པོའི་སློབ་གྲོགས་ཤིག་ལ་གཅར་ནས་སྨན་ཁང་དུ་སྐྱེལ་སོང་ཟེར་བ་མིན་ནམ། དེའི་སྔོན་མའི་ གཟའ་སྤེན་པར་མལ་ཁང་ཞིག་གི་སློབ་གྲོགས་ཚོས་སྒོ་མ་ཕྱེ་བར་མི་དྲེལ་རྒྱལ་བོ་སོགས་ཀྱིས་སྒོར་རྡོག་ཐོ་དང་ཤང་ལང་། མགོ་སྐོར། ལྕག་དབྱུག་སོགས་ ཀྱིས་བརྒྱབ་སྟེ་སྒོ་ངོས་ཀྱི་ཤིང་ལེབ་གཉི་ཀ་བཅག་ནས་ནང་ལ་འཕང་སོང་ བར་མ་ཟད། མལ་ཁང་དེའི་ནང་དུ་སློབ་གྲོགས་ལྔ་ཡོད་པ་རྣམས་ལ་ཡུན་ རིང་གཅར་རྡུང་བྱས་ནས་གཅིག་གི་མིག་ཀོང་སྔོ་ནག་ཏུ་བཏང་སྟེ་ད་ལྟ་ད་ རུང་མིག་ཤེལ་ནག་པོ་ཞིག་གྱོན་འདུག གཞན་ཞིག་གིས་ཚིག་ལན་ཞིག་ བཏབ་པས་མི་དྲེལ་རྒྱལ་བོས་སློབ་གྲོགས་དེ་མལ་ཁྲི་སྟེང་མ་ནས་མར་དྲུད་དེ་ཐང་ལ་བརྒྱབ་ཅིང་རྡོག་ཐོས་གཞུས་ནས་ལས་ཡོངས་རྨ་ཁས་གང་བར་བྱས་ འདུག་ཟེར། དེར་མ་ཟད། སྒོ་དྲུག་པ། ད་མ་འགྲིག་ཐལ། ཐོན་དང་ཐལ། མལ་ཁྲིའི་འོག་ཏུ་འཛུལ་དགོས་པ་མིན་ནམ། ཡང་ན་སྒོའི་ལྟག་གར། སྒོའི་ ལྟག་གར་འཛུལ་ན་ཤེས་རྒྱུ་རེད། མལ་ཁྲིའི་འོག་ཏུ་འཛུལ་ན་ངོ་རེ་ཚ། ད་ནི་ ཅི་བྱུང་ན་བྱུང་། གཉོམ་ཆུང་འདུག་ཤེས་ན། བཙན་པོས་མགོ་མི་གནོན། མགོ་ལག་པས་སྐྱོར་ན་རྒྱག་ནི་མེད་ཟེར་བ་མིན་ནམ། ཡིན་ན་ཡང་། གཏམ་ དཔེ་དེ་གཉིས་ནི་དངོས་ནས…… ཧུ་ཧུ། སྲིད་པའི་གཏམ་དཔེ་ལ་ཡང་ མི་བདེན་པ་ཡོད་འདུག ཤུ་རེ་ཁོ། གོ་ཐོས་ལ་སློབ་གྲོགས་གསར་བ་བསུ་ བའི་དགོང་ཚོགས་ཟེར་བ་འདི་ལོ་རིམ་གཉིས་པར་འབུད་རག་བར་དུ་མགོར་ཡོང་དགོས་ཟེར། གཞུག་མའི་སློབ་གྲོགས་གསར་བ་ཐོན་རག་བར་དུ་ད་རུང་ སློབ་སྐབས་གཅིག་དང་ཕྱེད་ཀ་ཡོད་པས། ད་ནི་ཅི་ཞིག་བྱ་ཨང་། སློབ་གྲྭ་མ་ བཏོན་པར་ཡུལ་ལ་ལོག་ན་དངོས་ནས་ཕངས་སེམས་ཆེ། ཤུ…… ང་འདི་ སྙིང་ཆུང་བ་ལ། སློབ་གྲྭ་མ་བཏོན་ན་ཕ་མའི་རེ་བ་ཆུད་ཟོས་སུ་བཏང་བ་ མིན་ནམ། དོ་ནུབ་ལྷ་མཚོས་རང་ལ་ཁས་ལེན་བྱས་ཡོད་རྒྱུ་ན་མགོར་འདི་ ཡོང་མ་དགོས་པ་རེད། ཡང་སྒོ་ཞིག་བརྒྱབ་ཐལ། སྒོ་དུ་བ་ཡིན་ནམ། དྲུག་ པ་རེད། མལ་ཁང་ཞིག་ནས་དོན་དག་བྱུང་དང་རྒྱུ་ན་ཅི་མ་རུང་། དཀོན་ མཆོག་གསུམ་པོས་མཁྱེན། ཨ་མྱེས་ལྷ་རི་མཁྱེན། ཡུལ་ལྷ་གཞི་བདག་མཁྱེན། དཔའ་ལྡན་ལྷ་མོ་མཁྱེན། དོ་ནུབ་ང་ཚོའི་མལ་ཁང་དུ་མི་ཡོང་བའི་སྨོན་ལམ། མལ་ཁང་དྲུག་པའི་སྒོ་ཡང་བརྒྱབ་དང་ཐལ། གནའ་ཤི་བོ། འོ། མ་རེད། རྡུང་ རེས་བརྒྱབ་དང་ཐལ། ཨ…… ཧ་ཧ། ད་འགྲིག་ཐལ། དཔའ་རྒོད་ཀན་ སུ་ཡིན་ནམ…… མལ་ཁང་དྲུག་པའི་ནང་དུ་སུ་ཡོད་དམ། ཨ་སུ་ཡིན་ན་ ཡིན། དོ་ནུབ་རང་ཉིད་ཐར་སོང་ནི་རེད……”
“ཤུ་རེ་བྱས་ནས་རྡུང་རེས་རྒྱོབས། མི་དྲེལ་རྒྱལ་བོ་སོད་ལ་ཐོངས། ཆར་རླུང་དྲག་པོ་སྔར་ལས་ཀྱང་ཤུགས་ཀྱིས་གཡུག་རོགས”
སྐབས་དེར་ཚེ་རིང་གིས་རིན་ཁོས་སྐད་དམའ་མོས་དེ་ལྟར་བཤད་པ་ ཐོས།
“ཁྱོད་ཀྱང་གཉིད་མེད་དམ” ཚེ་རིང་གིས་མྱུར་དུ་དེ་ལྟར་དྲིས།
“སུ་ཞིག་གཉིད་ཐུབ” རིན་ཁོས་དེ་ལྟར་ལན་བཏབ།
“སློབ་གྲོགས་ལས་ངན་ཀན་སུ་ཡིན་ནམ”
“སུ་ཡིན་ན་ཡིན། སྟབས་ལེགས་ནས་དོ་ནུབ་བསུ་མ་བྱ་མ་དགོས་ནི་ རེད། ཤུ…… ད་གཉིད། གཟའ་འཁོར་རྗེས་མར་སྔ་མོ་ནས་འབྲོ་དགོས་ རྒྱུ་རེད”
“……”
ཁོ་གཉིས་ཀྱིས་ཁ་བརྡ་བྱེད་དུས། ཚེ་འབུམ་གྱིས་ཚིག་གཅིག་ཀྱང་མ་ བཤད། ཡིན་ན་ཡང་། ཚེ་རིང་གིས་ཡར་སྔོན་རྣ་བ་བླགས་ཏེ་ཉན་དུས་ཁོའི་ སྔུར་སྒྲ་ཐོས་མ་བྱུང་། ཚེ་འབུམ་གྱི་སྔུར་སྒྲ་ནི་མིང་ལ་གྲགས་ཡོད་པ་ཞིག་ཡིན། ནམ་རྒྱུན་ཡིན་ན་མལ་ཁང་གཅིག་པའི་སློབ་གྲོགས་རྣམས་ཀྱིས་ཚེ་འབུམ་གྱི་ སྔུར་སྒྲ་གྲགས་ན་གཉིད་མ་ཁུགས་པར། ཁོ་ཆེས་རྗེས་མ་བྱས་ནས་གཉིད་དུ་ འཇུག་ཅིང་། ཁོ་སྔོན་ལ་གཉིད་ན་དཔེ་དེབ་དང་སྔས་མགོ་སོགས་ཀྱིས་བརྒྱབ་ ནས་གཉིད་ལས་སློང་གིན་ཡོད།
ཡིན་ན་ཡང་། ཚེ་འབུམ་གྱིས་ཚིག་གཅིག་ཀྱང་མ་བཤད།
ཚེ་རིང་གིས་སླར་ཡང་རིན་ཁོར་ཅི་ཞིག་བཤད་བསམས་ཀྱང་དོན་དག་བཟོ་ན་ཐང་སྙམ་ནས། ཁ་རོག་གེར་ཕྱི་རོལ་གྱི་ཆོམ་སྒྲ་དང་ཀུ་ཅོ་སོགས་ལ་ ཉན་ནས་བསྡད།
བར་སྐབས་ཤིག་ལ། ཕྱི་རོལ་དུ་ལྷིང་འཇགས་སེར་གྱུར་བ་ན། ཚེ་ འབུམ་གྱི་སྔུར་སྒྲ་ཡང་ནམ་རྒྱུན་བཞིན་ཤང་ཤང་དུ་གྲགས་ཤིང་། ཚེ་རིང་ ཡང་ཅི་ཡིན་འདི་ཡིན་མ་ཤེས་ པར་རྨི་ལམ་གྱི་ཞིང་དུ་མྱུལ།
གཉིས་པ།
སྐབས་དེར། ཚེ་རིང་གིས་ནམ་རྒྱུན་བཞིན་རྩལ་སྦྱོང་ར་བའི་ཤར་ མཐའི་གྲུ་གའི་ནང་གི་སྡོང་བོ་དེའི་འོག་གི་རྡོ་ཐེམ་སྟེང་ནས་ལྷ་མཚོ་པང་སྟེ་བསྡད་ཡོད་པ་ལ། ཁོས་གློ་བུར་མཁྲིག་མའི་ཆུ་ཚོད་འཁོར་ལོར་ཐེངས་ཤིག་ བལྟས།
“ཅི་རེད། ཆུ་ཚོད་འཁོར་ལོར་ཡང་དང་བསྐྱར་དུ་བལྟས་ནས་ཅི་ཞིག་ བྱ་འདོད། གོ་ཐོས་ལྟར་ན་ཁྱོད་ཚོ་སློབ་གྲོགས་ཕོ་རྣམས་ཀྱིས་བུ་མོ་ཚོ་སྒོར་ བོས་ཏེ། བསམ་གཟས་ནས་མལ་ཁང་གི་སྒོ་རྒྱག་རག་བར་དུ་བཀག་རྗེས། མགྲོན་ཁང་ནང་དུ་ཁྲིད་ཐབས་བྱེད་ཀྱིན་འདུག་ཟེར་བ་ཨེ་བདེན”
“ངས་གོ་མ་མྱོང”
“ཁྱོད་ཀྱི་སེམས་ལ་ན་གེ་ནོག་གེ་དེ་འདྲ་དྲན་གྱིན་མེད་དམ། ཆུ་ཚོད་དུ་རེད”
“དགུ་དང་བཞི་བཅུར་ཐོན་འདུག”
“འོ་ན་རེམ་མ་ཕྱིར་མལ་ཁང་དུ་འགྲོ། ངས་ད་རུང་ངའི་ཨ་མར་ཁ་ པར་ཅིག་གཏང་དགོས”
“ཁྱོད་ཀྱིས་དགོང་རྒྱུན་དུ་ཨ་མར་ཁ་པར་གཏོང་གིན་ཡོད་པར་བལྟས་ན། མོས་ཁྱོད་རང་མལ་ཁང་དུ་ཡོད་མིན་བརྟག་གིན་ཡོད་ནི་མིན་ནམ”
“འོ་ལེ། མོ་གཟའ་འཁོར་སྔོན་མར་ཡོང་ནས་ང་ལ་ལག་ཁྱེར་ཁ་པར་ འདི་ཉོས་བྱུང་ཡང་། ཉིན་དཀར་འདིའི་སྟེང་ལ་འབྲེལ་གཏུག་བྱེད་པ་མ་ གཏོགས། མཚན་མོའི་ཆུ་ཚོད་བཅུ་དང་ཕྱེད་ཀ་བརྒལ་རྗེས། མལ་ཁང་གི་ ཁ་པར་སྟེང་ནས་འབྲེལ་གཏུག་བྱེད་ཀྱིན་ཡོད། ཞག་མ་གཅིག་ལ་ཁ་པར་ ཐེངས་རེ་ཆག་མེད་དུ་གཏོང་གིན་ཡོད། རེམ་མ་འགྲོ། དེ་མིན་མལ་ཁང་གི་ སྒོ་རྒྱག་པའི་རྗེས་ཆོད་རྒྱུ་མ་རེད”
“ཁྱོད་དངོས་ནས་ང་དང་མཉམ་དུ་སྒོར་མི་འགྲོའམ”
“ངའི་ཨ་མས་ཁ་པར་བཏང་ནས་ང་མལ་ཁང་དུ་མེད་པ་ཤེས་སོང་ན་ཅི་བྱ། མོ་སང་ཉིན་ཐོན་ནས་ངའི་རྐང་གཅོག་རྒྱུ་རེད”
“ངོ་མ་མི་འགྲོའམ”
“དགོངས་པ་མ་ཚོམ” ལྷ་མཚོས་ཚེ་རིང་གི་མཆུ་ལ་འོ་ཞིག་བྱས།
ཚེ་རིང་གིས་ལྷ་མཚོ་མལ་ཁང་དུ་བསྐྱལ་རྗེས། མྱུར་དུ་མལ་ཁང་དུ་ ལོག་སྟེ་རིན་ཁོ་དང་ཚེ་འབུམ་གཉིས་ལ་འགྲོགས་ནས་སློབ་གྲྭའི་ཉེ་འཁོར་གྱི་དྲ་ཁང་དེ་དག་གི་ནང་དུ་བརྒྱུགས།
ཡིན་ན་ཡང་། ཁོ་ཚོས་སློབ་གྲྭའི་ཉེ་འཁོར་དུ་དྲ་ཁང་བཞི་ཡོད་པ་དེ་ དག་གི་ནང་དུ་སྐོར་ཅིག་བརྒྱབ་ཀྱང་། འདུག་ས་གཅིག་ཀྱང་ལག་ཏུ་མ་ ཡོང་། དྲ་ཁང་བཞི་བོའི་འདུག་ས་ཐམས་ཅད་མིས་ཁེངས་འདུག་པར་མ་ཟད། ལངས་ཏེ་འདུག་ས་རེག་མིན་ལ་རེ་བ་བྱེད་ མཁན་ཡང་མང་པོ་འདུག
“ཕལ་ཆེར་འདུག་ས་ཞིག་རེག་དཀའ་རྒྱུ་རེད། ཚེ་རིང་ལན་ནི་ཡིན། ཁྱོད་ལ་བསྒུགས་པ་མིན་ན་ངེད་གཉིས་སྔ་མོ་ནས་ཐོན་ཏེ་འདུག་ས་རེག་ཡོད” ཚེ་འབུམ་གྱིས་ཚེ་ རིང་ལ་དེ་ལྟར་ལེ་བདའ་བྱས།
“ངོ་མ་ཡིན། ཚང་མ་ང་ལན་ནི་ཡིན”
“འུ་ཚོའི་སློབ་གྲོགས་དེ་རྣམས་གང་དུ་སོང་བ་ཡིན་ནམ། གཅིག་ ཀྱང་རིག་རྒྱུ་མེད་ པ་ཅི་རེད”
“སུས་ཤེས”
ཏག་ཏག་སྐབས་དེར། ཁོ་ཚོ་ལངས་ཏེ་སྡོད་སའི་སྔུན་ནས་གསར་ བུ་གསར་མོ་གཉིས་ཀྱིས་གློག་ཀླད་ཀྱི་གཙོ་འཕྲུལ་སྟེང་ནས་བྱང་བུ་བླངས་ཏེ་ཡར་ལངས། དེ་མ་ཐག ཚེ་རིང་དང་ཚེ་འབུམ་གཉིས་ཀྱིས་འདུག་ས་དེ་ གཉིས་ལ་བདག་པོ་བརྒྱབ་ཅིང་ལག་གི་བྱང་བུ་གློག་ཀླད་ཀྱི་གཙོ་འཕྲུལ་སྟེང་དུ་གསེབ།
ཚེ་རིང་གིས་གློག་ཀླད་ཀྱི་ཁ་ཕྱེ་རྗེས། རིན་ཁོའི་ཕྱོགས་སུ་བལྟས་པ་ན། རིན་ཁོས་ཁོ་གཉིས་ལ་བལྟས་ནས་སྡོད་ཅིང་། ཚེ་རིང་ལ་མིག་འཕྲུལ་བྱུང་བ་ མིན་ན། རིན་ཁོའི་མིག་ཀོང་ལ་མཆི་མ་ལྟེམ་མེ་བ་ཞིག་འཁྱིལ་འདུག
“རིན་ཁོ། ཁྱོད་འདིར་ཤོག ངས་བསྒུགས་ནས་འདུག”
“ཁྱོད་སྡོད། ངས་སྒུག”
ཚེ་རིང་མྱུར་དུ་ཕར་སོང་ནས་རིན་ཁོའི་ལག་གི་བྱང་བུ་བླངས་ནས་ཁོ་རང་ཉིད་ཀྱི་འདུག་སའི་ཕྱོགས་སུ་གཏད།
“བཀའ་དྲིན་ཆེ་ཨ”
“ངས་ཁྱོད་ལ་བཀའ་དྲིན་ཞུས་ན་འགྲིག ང་མིན་རྒྱུ་ན་ཁྱོད་གཉིས་ སྔོན་ནས་ཡོང་ན་ཆོག་ནི་རེད། འདི་ནས་ལངས་ཏེ་སྡོད་དགོས་རུང་མལ་ ཁང་དུ་ལུས་པ་ལས་བཟང”
ཚེ་འབུམ་གྱིས་ཚུར་མིག་གིས་ལྟ་ཙམ་བྱེད་པ་ལས་ཚིག་གཅིག་ཀྱང་ བཤད་མ་བྱུང་། ཁོའི་རྣ་ཅོག་སྟེང་དུ་རྣ་ཉན་གོན་འདུག་པས་མ་ཐོས་ཀྱང་ སྲིད།
རིན་ཁོ་ཚེ་རིང་གི་ཁ་མལ་དུ་བསྡད་རྗེས། མྱུར་དུ་ཁེའུ་ཁེའུ་གླེང་མོལ་ གྱི་ཁ་ཕྱེ། ཚེ་རིང་གིས་བལྟས་ནས་བསྡད་པ་ལ། རིན་ཁོས་ཁེའུ་ཁེའུ་ལས་ གྲོགས་པོ་ཞིག་ཁ་བརྡ་བྱེད་མགོ་བརྩམས། ཚེ་འབུམ་གྱིས་གན་དུ་གློག་བརྙན་ ཞིག་ལ་ལྟ་བཞིན་འདུག
ཚེ་རིང་ནི་ལངས་ནས་འདུག་ས་རེག་པར་རེ་བ་བྱེད་མཁན་དེ་དག་གི་གྲལ་ནས་ཕར་འགྲོ་ཚུར་ཡོང་ཡང་ཡང་བྱས་མཐར། ཕལ་ཆེར་ཆུ་ཚོད་བཅུ་ གཉིས་པའི་སྐབས་སུ། མདུན་ཕྱོགས་ནས་བུ་མོ་གཉིས་ཡར་ལངས་ཏེ་ལམ་ དུ་ཆས་ཀྱང་། འདུག་ས་དེ་གཉིས་བུ་མོ་གཞན་གཉིས་ཀྱིས་སྔུན་ལ་འཕྲོག་ སོང་བས། ཁོ་སྔར་བཞིན་ལངས་ནས་མི་འདུག་ཀ་མེད་བྱུང་། ཁོ་ཕྱིར་ ཁོའི་སློབ་གྲོགས་གཉིས་ཀྱི་གན་དུ་བསླེབས་དུས། ཚེ་འབུམ་གྱིས་སྔར་བཞིན་ གློག་བརྙན་ཞིག་ལ་ལྟ་བཞིན་འདུག་ལ། རིན་ཁོས་ཁེའུ་ཁེའུ་གླེང་མོལ་ལས་ དྲ་གྲོགས་འགའ་ལ་ཁ་བརྡ་བྱེད་ཞོར། འཇིགས་སྐུལ་ངོ་རྒོལ་རོལ་རྩེད་རྩེ་ བཞིན་འདུག
“ད་རུང་ལག་ཏུ་མི་རེག་གམ”རིན་ཁོས་ཚེ་རིང་མཐོང་བ་དང་དེ་ལྟར་དྲིས།
“འོ་ལེ། སྐྱོན་མེད་ཀི ད་རུང་ཅུང་ཙམ་སྒུགས་དང་འགྲོ་མཁན་ཡོད་ ནི་རེད”
“ཁྱོད་ཀྱིས་ཅུང་ཙམ་སྒུགས་དང་། ངས་འདི་ནས་ཁེའུ་ཁེའུ་གླེང་མོལ་ ལས་གྲོགས་མོ་ཞིག་ལ་དུས་ཆད་བྱེད་ཀྱིན་ཡོད། མོ་ཡང་གན་གྱི་དྲ་ཁང་ནང་ ན་ཡོད་ཟེར། མོ་འཐད་དང་ན་ངེད་གཉིས་མགྲོན་ཁང་ནང་ལ་བུད་འགྲོ། ཁྱོད་ངའི་ཁ་མལ་ནས་སྡོད”
“འོ་ཡ། ཤུ་རེ་བྱོས”
ཚེ་འབུམ་གྱིས་སྔར་བཞིན་ཚིག་གཅིག་ཀྱང་མ་བཤད།
ཡིན་ན་ཡང་། ཚེ་རིང་གིས་ནམ་གུང་གི་ཆུ་ཚོད་གཉིས་པའི་བར་དུ་ བསྒུགས་རུང་། ཚེ་འབུམ་གྱིས་ཅུང་ཙམ་སྒུགས་དང་ཟེར་བ་མ་གཏོགས་ལམ་ ལ་ཆས་རྩིས་བྱས་མ་བྱུང་ལ། དྲ་ཁང་དེའི་ཐོག་བརྩེགས་གཉིས་ཀྱི་ཁང་བ་ གྱན་གསུམ་ནང་གི་འདུག་ས་ཉིས་བརྒྱ་ལྔ་བཅུ་ཙམ་ཞིག་ཡོད་པ་ལས། མི་ གཅིག་ཀྱང་ལངས་ནས་མ་སོང་།
ཁོ་དང་མཉམ་དུ་འདུག་ས་རེག་པར་སྒུག་མཁན་དེ་དག་ཀྱང་གཅིག་ཀྱང་ལྷག་མི་འདུག ཕལ་ཆེར་བ་ཕྱིར་ལོག་སོང་བ་ཡིན་རྒྱུ་རེད།
ཚེ་རིང་ལང་རྒྱུ་མང་དྲགས་པའི་སྟེང་ལ་ནམ་གུང་ཐོན་པས་རྐང་བ་ གཉི་ཀ་སྐྲངས་ཏེ་ལྷམ་གྱི་ནང་དུ་མ་ཆུད་པར་ཟུག་གཟེར་རུས་རྐང་དུ་ཟུག་པ་ཞིག་ལང་གིན་འདུག
ཁོས་སླར་ཡང་ལོབས་ཕྱོགས་ལྟར་སྐོར་ལྟ་ཞིག་བྱས་པ་ན། དུ་སྨུག་ ལང་ལོང་གི་ཁྲོད་ན་རོལ་རྩེད་རྩེ་མཁན་རྣམས་ཀྱིས་སྡིགས་དམོད་ལ་སོགས་ པའི་ཀུ་ཅོ་སྣ་ཚོགས་ཅི་དགར་འདོན་གྱིན་འདུག་ཅིང་། གནམ་གཅལ་ངོས་ ཀྱི་གློག་རྡོ་མིག་རྡོ་འདྲ་བ་གསལ་ལ་མི་གསལ་བ་དེ་དག་གི་འོག་ན། ལ་ལས་ གློག་བརྙན་ལ་ལྟ་ཞིང་། ལ་ལས་ཁེའུ་ཁེའུ་གླེང་མོལ་ལས་དྲ་གྲོགས་ལ་ཁ་བརྡ་ བྱེད་ཀྱིན་འདུག་ལ། ལ་ལས་རོལ་རྩེད་སྣ་ཚོགས་རྩེ་བཞིན་འདུག
“རིན་ཁོ། ཁྱོད་ཀྱིས་བྱང་བུ་དེ་ང་ལ་བྱིན་དང་། བྱང་བུ་དེ་ངའི་ ཐོབ་ཐང་ལག་ ཁྱེར་བཀོལ་ནས་བླངས་པ་རེད། ཁྱོད་ཀྱི་བྱང་བུ་འདི་རེད”
“འོ་ཡ་ཡ། བུ་མོ་འདི་ད་རུང་སྒོར་ཡོང་རྒྱུ་མ་རེད། དེ་མིན་ང་མགྲོན་ ཁང་དུ་སོང་ནས་ཁྱོད་ངའི་ཁ་མལ་ནས་བསྡད་ཆོག”
“སྐྱོན་མེད་ཀི”
ཚེ་འབུམ་གྱིས་རྣ་ཅོག་སྟེང་གི་རྣ་ཉན་བླངས་ཏེ་ཚེ་རིང་གི་རྗེས་སུ་ལྟ་ཙམ་བྱས་ཀྱང་། ཁ་ནས་ཚིག་གཅིག་ཀྱང་མ་བཤད།
ཚེ་རིང་གིས་རིན་ཁོའི་ལག་ནས་རང་ཉིད་ཀྱི་བྱང་བུ་བླངས་རྗེས། ཉིས་ ཐོག་ནས་མར་བབས་ཏེ་སྒྲོམ་སྟེགས་སྟེང་གི་དྲ་ཁང་དོ་དམ་པར་བྱང་བུའི་ ནང་གི་སྒོར་མོ་ཕྱིར་བསློག་དགོས་པའི་རེ་བ་བཏོན།
“ད་ནི་ནམ་གུང་གི་ཆུ་ཚོད་གཉིས་པ་ཡོལ་ཟིན་པས་གཏའ་མའི་སྒོར་གཉིས་པོ་ལས་མེད”
“ངས་གློག་ཀླད་ལག་ལ་མ་རེག་པས་སྐར་མ་གཅིག་ལ་ཡང་རྩེ་མ་ཐུབ་ཐལ་ཡ”
“དེར་བཀོད་པ་མེད”
“ཡ་ཡ། རེམ་མ་ཕྱིར་སློགས” དྲ་ཁང་དོ་དམ་པ་དེ་ཡང་ཁོ་ཚོའི་མལ་ ཁང་དོ་དམ་པ་དང་འདྲ་བའི་མི་ཨུ་ཚུགས་ཅན་ཞིག་ཡིན་པ་འདྲ།
“འོ་ཡ། ཁྱོད་ཀྱིས་རེམ་མ་སྒོ་ཆེན་ཕྱེས་དང་། ང་སྒོར་འགྲོ་དགོས”
“ནངས་མོའི་ཆུ་ཚོད་ལྔ་བར་མ་ཐོན་ན་སྒོ་འབྱེད་ཆོག་ནི་མ་རེད། ད་ ལྟ་ཆུ་ཚོད་གཉིས་དང་ཕྱེད་ཀ་རེད། ཁྱོད་ལ་འདུག་ས་མེད་ན་ཕ་གིའི་རྐུབ་ སྟེགས་སྟོང་བ་དེའི་སྟེང་ནས་གཉིད་དང་། སྒོ་ཕྱེ་དུས་ངས་ཁྱོད་གཉིད་ལས་ སློང”
དྲ་ཁང་དོ་དམ་པ་དེ་ནི་དངོས་ནས་ཁོ་ཚོའི་མལ་ཁང་གི་དོ་དམ་པ་ དང་ཨ་ན་མ་ན་རེད། ཚེ་རིང་གིས་ཁོའི་གདོང་གི་རྣམ་འགྱུར་དེ་མཐོང་བ་ དང་ཡིད་ལ་རང་ཉིད་ཀྱི་མལ་ཁང་གི་དོ་དམ་པ་དེ་འཁོར་ནས། ཁ་ནས་ ཁྱོད་ཀྱི་ལག་ལ་ཡང་འདིའི་ཡན་གྱི་དབང་ཞིག་ཤོར་ཉན་རྒྱུ་མ་རེད་ཟེར་གྱིན། དོ་དམ་པས་བཤད་པའི་རྐུབ་སྟེགས་དེའི་སྟེང་ལ་བསྡད་ནས་རྐང་མགོའི་ལྷམ་གཉི་ཀ་ཕུད་དེ་གཉིད་རྩིས་བྱས་པ་ན། གཉིད་ནི་སུ་ཞིག་གིས་བརྐུས་སོང་བ་ ཅི་བཞིན་ཕྱིར་འགུག་ཐབས་མ་བྱུང་བས། ཆུ་ཚོད་ཕྱེད་ཙམ་འགོར་རྗེས་ཡར་ ལངས་ཏེ་ཕྱིར་ཉིས་ཐོག་གི་རིན་ཁོ་དང་ཚེ་འབུམ་གཉིས་ཡོད་སར་ཕྱིན།
ཁོ་གཉིས་ཀྱིས་སྔར་བཞིན་གཅིག་གིས་གློག་བརྙན་ལ་ལྟ་བཞིན་འདུག་ཅིང་གཅིག་གིས་ཁེའུ་ཁེའུ་ལས་དྲ་གྲོགས་བུ་མོ་དེར་ཁ་བརྡ་བྱེད་ཀྱིན་འདུག
ད་ནི་ནམ་གུང་གི་ཆུ་ཚོད་བཞི་བར་ཐོན་འདུག དྲ་ཁང་ནང་གི་མི་ ཕལ་ཆེ་བས་དྲ་འཇུག་བྱེད་མཚམས་བཞག་སྟེ། སོ་སོའི་རྐུབ་སྟེགས་སྟེང་ནས་ ཕར་ལོག་ཚུར་ལོག་བྱས་ཏེ་གཉིད་ཅིང་སྔུར་བ་ཤང་ཤང་འཐེན་གྱིན་འདུག
རྐང་རུལ་གྱི་དྲི་མ་ཇེ་ཁ་རུ་གྱུར་འདུག་པ་མ་གཏོགས། དུ་སྨུག་ནི་ མངོན་སུམ་གྱིས་ཇེ་ཉུང་དུ་ཕྱིན་འདུག
ཚེ་རིང་ཆུ་ཚོད་ཕྱེད་ཙམ་ལ་ངལ་གསོས་པས། ད་ནི་རྐང་བ་གཉི་ཀ་ བདེ་མོར་གྱུར་འདུག ཁོས་མཁྲིག་མའི་ཆུ་ཚོད་འཁོར་ལོར་སླར་ཡང་ལན་ གཅིག་བལྟས་རྗེས། “ད་ནི་ང་ལ་བདེ་མོའི་མལ་ཁྲི་ཞིག་ཡོད་ན་ཅི་མ་རུང” སྙམ་ཞིང་། ཡིད་ལ་རང་ཉིད་ཀྱི་མལ་ཁང་ནང་གི་མལ་ཁྲི་ཆུང་ཆུང་དེ་དྲན་ ནས“ནམ་རྒྱུན་ཡིན་ན་མལ་ཁྲི་དེ་མི་ལེགས་པར་འདོད་ཀྱང་། ད་ལྟ་བསམ་ ན། མལ་ཁྲི་དེ་ལས་ཉལ་ས་སྐྱིད་པོ་ཞིག་མི་འདུག མལ་ཁྲི་ཅུང་ཙམ་ཆུང་ ན་ཡང་། མལ་ཐུལ་དང་མལ་གདན་སོགས་དེ་འདྲ་གཙང་རྒྱུ་མེད་ན་ཡང་། མལ་ཁང་ནང་དུ་དྲི་མ་ཁ་མོ་ཞིག་ཀྱང་ཡོད་ན་ཡང་། རང་ཉིད་གཅིག་པུ་ རང་ཉིད་ཀྱི་མལ་ཁྲིའི་སྟེང་ནས་གང་འདོད་འདོད་ཅིག་བྱས་ནས་གཉིད་ཆོག་པ་མིན་ནམ”སྙམ།
མཐུད་ནས་ཁོའི་སེམས་ལ་མི་དྲེལ་རྒྱལ་བོ་སོགས་དྲན་ནས། ཁ་ནས “ནམ་ཞིག་མི་དྲེལ་རྒྱལ་བོའི་སྐེ་ལོ་ཅིག་གིས་གཅུས་ངེས་ཡིན”ཞེས་ཤོར།
ཚེ་རིང་གིས་དེ་ལྟར་བསམས་ཤིང་ཕར་འགྲོ་ཚུར་ཡོང་བྱས་ཏེ་ཆུ་ཚོད་ཕྱེད་ཙམ་འདས་སོང་། ད་ནི་ཆུ་ཚོད་ཕྱེད་ཙམ་ལས་མེད་པས། ཁོ་སླར་ ཡང་ཉིས་ཐོག་ནས་བབས་ཏེ་ཁེར་ཐོག་ལ་ཡོང་དུས། དེ་གར་མི་འགས་སྒྲོམ་ སྟེགས་སྟེང་གི་དོ་དམ་པར་སྒོ་ཕྱེས་ཟེར་གྱིན་འདུག
ཁོ་ཡང་མི་དེ་དག་གི་གྲལ་དུ་ལངས་ནས་དོ་དམ་པར་ཨུ་ཚུགས་མཐའ་འཁྱོལ་བྱས་པ་ན། དོ་དམ་པ་ཡང་ཐབས་ཟད་ནས་སྒོ་ཕྱེ་བྱུང་།
ཚེ་རིང་སྒོར་ཐོན་པ་དང་། འཁྱག་རླུང་བསིལ་མོ་ཞིག་ཁོའི་གདོང་ ལ་གཏད་ནས་གཡུགས་ཡོང་། མི་དེ་དག་སྒོར་ཐོན་པ་དང་ནུབ་ཀྱི་ཕྱོགས་ སུ་ཆས་སོང་། ཚེ་རིང་གིས་མཁྲིག་མའི་ཆུ་ཚོད་འཁོར་ལོར་བལྟས་རྗེས་ཤར་ གྱི་ཕྱོགས་སུ་ཆས།
དེ་དུས་ནམ་གུང་གི་ཆུ་ཚོད་བཞི་དང་སྐར་མ་བཞི་བཅུ་ཞེ་གཉིས་རེད།
ཚེ་རིང་སློབ་གྲྭའི་སྒོ་ཆེན་གྱི་ནང་རོལ་དུ་བུད་དུས། ཁོར་ཡུག་ཀུན་ ལྷིང་འཇགས་སེར་གནས་ཤིང་། ཡར་སྔོན་གྱི་འཁྱག་རླུང་བསིལ་མོ་དེ་ཡང་ ཁོའི་ལུས་དྲོད་ཉམས་པ་དང་བསྟུན་ནས་ཇེ་འཁྱག་ཏུ་ཕྱིན་ནས། རུས་རྐང་ ཡང་གཟེར་བྲང་བྲེང་བྱེད་པ་ཞིག་ཏུ་གྱུར།
མལ་ཁང་གི་སྒོ་ཆེན་ཆུ་ཚོད་དྲུག་པའི་སྟེང་ནས་མ་གཏོགས་མི་འབྱེད་པས་ཚེ་རིང་གིས་ད་ནི་རང་ཉིད་གང་དུ་འགྲོ་ཨང་སྙམ།
ཁོ་ཐོག་མར་རང་ཉིད་ཀྱི་མལ་ཁང་ཐོག་བརྩེགས་ཀྱི་སྒོ་ཁར་ཡོང་སྟེ་ དམ་པོར་བརྒྱབ་པའི་ལྕགས་ཀྱི་སྒོ་ཆེན་དེ་ལ་ཡུན་རིང་ཅེར་ནས་བསྡད་རྗེས། ལྟག་རྒྱབ་ཏུ་སོང་ནས་ནམ་རྒྱུན་སློབ་གྲོགས་ཚོ་ཉིས་ཐོག་ཏུ་འགོས་སའི་སྒེའུ་ཁུང་དེ་དང་། དེའི་སྟེང་གི་གློག་སྐུད་འགྱིག་གིས་བཏུམས་པ་དེ་དག་ལ་ བལྟས་རྗེས་ཁོ་ཚོ་འདི་ནས་ཅི་ལྟར་ཡར་འགོས་པ་ཡིན་ནམ་སྙམ་ཞིང་འུ་ཐུག་ཐབས་ཟད་ཀྱིས་ཕྱིར་མལ་ཁང་གི་སྒོ་ཆེན་ཁར་ལོག
ཁོས་ཡུན་རིང་ཞིག་ལ་དེ་གར་འགྲེང་ནས་མལ་ཁང་དོ་དམ་པས་སྒོ་ ཆེན་འབྱེད་པར་རེ་བ་བྱས་ཀྱང་། མལ་ཁང་གི་སྒོ་ཆེན་དེ་ནི་བཙོན་ཁང་གི་ སྒོ་ཆེན་ཞིག་འདྲ་བར་དམར་ལམ་མེར་འདུག་པ་ལས་འབྱེད་རྒྱུ་མ་བྱུང་།
དེ་དུས་ཆུ་ཚོད་ལྔ་དང་སྐར་མ་བཅུ་ལ་ཐོན་འདུག
ཚེ་རིང་གིས་ད་ནི་ཡུན་རིང་འགོར་རྒྱུ་མ་རེད་བསམ་གྱིན་རྩ་སྦྱོང་ར་ བའི་ནང་དུ་ཐོན་ཞིང་། ཁོ་དང་ལྷ་མཚོ་གཉིས་ཀྱིས་དུས་ཆད་བྱ་སའི་ནུབ་ མཐའི་སྡོང་རྒན་དེའི་འོག་ནས་མགོ་བརྩམས་ཏེ། ནམ་རྒྱུན་བཞིན་རྒྱུགས་ ལམ་སྐོར་ནས་སྐོར་བ་ཐེངས་གཉིས་བརྒྱབ་རྗེས། ཤར་མཐའི་སྡོང་རྒན་དེའི་ འོག་གི་རྡོ་ཐེམ་སྟེང་ལ་བསྡད་ནས་ངལ་གསོས། ཁོ་རང་ནམ་རྒྱུན་བཞིན་ རྒྱུགས་ལམ་དལ་བུར་འཆམ་འཆམ་བྱས་པ་མིན་པར། བརྒྱུགས་ནས་ཕྱིན་པ་ ཡིན་པས། ལུས་ལ་དྲོད་ཅུང་ཙམ་རྒྱས་འདུག ཡིན་ན་ཡང་། ཁོ་རང་རྡོ་ ཐེམ་སྟེང་དུ་བསྡད་ཙ་ན། འཕོང་ཚོས་སྟེང་དུ་ཙག་ཤེད་གཟེར་བྲང་ངེ་བ་ ཞིག་བརྒྱུགས།
“ནམ་རྒྱུན་ཡིན་ན། ལྷ་མཚོ་པང་དུ་བཟུང་ཡོད་པས་འཁྱག་པའི་ཚོར་ སྣང་ཕྲན་ཙམ་ལས་བཟོད་ཐབས་བྲལ་བ་ཞིག་མིན་ཡང་། ད་ནི་རང་ཉིད་ གཅིག་པུ་ཡིན་པས། རྡོ་འཁྱག་ཅིག་གི་སྟེང་དུ་སྡོད་པའི་ཚོད་མ་རེད”ཚེ་ རིང་གིས་དེ་ལྟར་བསམ་བཞིན་སླར་ཡང་རྩལ་སྦྱོང་ར་བའི་རྒྱུགས་ལམ་ནས་ སྐོར་གཉིས་བརྒྱབ་རྗེས་དལ་བུར་མལ་ཁང་གི་སྒོ་ཁར་བསླེབས་དུས། འཁྱག་ རླུང་འུར་འུར་ལྡང་བ་དང་མཉམ་དུ། སྒོ་ཆེན་ཁྲོག་ཁྲོག་ཟེར་ནས་ཅུང་ཙམ་ ཕྱེ་བྱུང་།
ཁོ་མདུན་དུ་བརྒྱུགས་ནས་བལྟས་པ་ན། སྒོ་ཆེན་དངོས་ནས་ཕྱེ་འདུག
“ཨ་བ་ཨ་མ། སྒོ་ཕྱེ་ཡོད་པ་ཤེས་རྒྱུ་འདི་འདྲ་ཞིག་གྲང་དུ་འཇུག་ དོན་མེད”ཚེ་རིང་གིས་དེ་ལྟར་བསམ་གྱིན་རྡོ་སྐས་ཐོག་ནས་ཡར་སུམ་ཐོག་ཏུ་བུད་པ་ན། བར་ཁྱམས་ཀྱི་དཀྱིལ་དུ་སྒོ་ཞིག་གཡུགས་ནས་འདུག ཁོས་ དེའི་གན་གྱི་མལ་ཁང་དེར་བལྟས་ཙ་ན། སྒོ་དེ་ནི་མ་གཞི་མལ་ཁང་དེའི་སྒོ་ ཡིན་འདུག
“སུ་ཞིག་གིས་བཀོག་ནི་ཡིན་ནམ། སུ་ཞིག་ཡིན་རྒྱུ། ཡང་མི་དྲེལ་ རྒྱལ་བོ་སོགས་ཡིན་རྒྱུ་རེད”
ཚེ་རིང་གིས་དེ་ལྟར་བསམ་གྱིན་མལ་ཁང་དུ་ཐོན་ནས། མལ་ཁྲིའི་ སྟེང་དུ་ཉལ་ཏེ་མལ་ཐུལ་གོན་ཙ་ན། ལུས་ལ་དྲོད་སྣང་ཞིག་དང་བདེ་སྣང་ ཞིག་མཉམ་དུ་བྱུང་ནས། ཡུན་རིང་མ་འགོར་བར་གཉིད་ཀྱི་ཞིང་དུ་ཞུགས།
ཕྱི་ཉིན། སློབ་གྲོགས་ཚོས་བཤད་པ་ལྟར་ན། མ་གཞིར་སྔ་ཉིན་དགོང་ མོར་སློབ་གྲོགས་གསར་བ་བསུ་བའི་དགོང་ཚོགས་འཚོགས་ནས། མི་དྲེལ་ རྒྱལ་བོ་མེད་པས། ལོ་རིམ་དང་པོའི་སློབ་གྲོགས་འགས་ཁོ་ཚོར་གཅར་རྡུང་ བྱེད་དུ་ཡོང་མཁན་གྱི་ལོ་རིམ་གསུམ་པའི་སློབ་གྲོགས་དེ་ཚོར་རྡུང་རེས་བྱས་ཏེ་གཅིག་སྨན་ཁང་དུ་སྐྱེལ་བས། སྒོ་སྲུང་གིས་ནམ་གུང་ཆུ་ཚོད་གཉིས་པའི་ སྟེང་ནས་སྒོ་ཕྱེ་སོང་བ་ཡིན་འདུག
གསུམ་པ།
དགུ་བཞི་བ་ཟུག་པ་དང་ནམ་ཟླ་མངོན་སུམ་གྱིས་ཇེ་འཁྱག་ཏུ་ཕྱིན་ཏེ། སློབ་གྲོགས་རྣམས་ཀྱིས་ཀྱང་དུས་ཆད་བྱ་ཡུལ་རྩལ་སྦྱོང་ར་བ་ནས་སློབ་ཁང་དུ་སྤར།
ཚེ་རིང་དང་ལྷ་མཚོ་གཉིས་ཀྱིས་ཀྱང་སློབ་གྲོགས་གཞན་རྣམས་དང་ འདྲ་བར་མཆན་དུ་དཔེ་དེབ་རེ་བཙིར་ནས་སློབ་ཁྲིད་ཐོག་བརྩེགས་ནང་དུ་ བསླེབས་དུས། དེ་གར་གླུ་སྐད་དང་ཀི་འབོད། རོལ་དབྱངས། ཧབ་ཆ་ལ་ སོགས་པའི་ཀུ་ཅོ་སྣ་ཚོགས་ལྷང་ལྷང་གྲག་གིན་འདུག
ལྷ་མཚོས་ལག་པ་ཟུང་གིས་ཚེ་རིང་གི་གཡས་ལག་བསྡམས་ནས། ཁོ་ གཉིས་ཀྱིས་བསྟར་མར་ཡོད་པའི་སློབ་ཁང་རེ་རེའི་སྒོ་ཕྱེ་ནས་ནང་དུ་བལྟས་དུས། ལ་ལའི་ནང་དུ་སློབ་གྲོགས་གཉིས་གསུམ་ཞིག་གིས་གླུ་བླངས་ནས་བྲོ་ རྩེ་བཞིན་ཡོད་ཅིང་། ལ་ལའི་ནང་དུ་སློབ་གྲོགས་ཁ་ཤས་ཀྱིས་མགོ་བོ་སྒུར་ སྒུར་གྱིས་དཔེ་ཆར་བལྟས་ནས་སྡོད། ལ་ལའི་ནང་དུ་སློབ་གྲོགས་ཁ་ཤས་ ཀྱིས་ཉི་འབྲུ་ཟ་བཞིན་ལབ་བརྒྱབ་ནས་བསྡད་འདུག་ཅིང་། ཡང་ལ་ལའི་ནང་ དུ་མཛའ་གྲོགས་རེས་གཉིས་ཕན་ཚུན་ལ་འཁྱུད་ནས་འདུག ཐ་ན། སློབ་ ཁང་ཞིག་གི་གྲུ་གའི་ནང་དུ་གསར་བུ་འགས་ཁ་རོག་གེར་ཝུ་ཆང་འཐུང་གིན་འདུག
ཁོ་གཉིས་ཀྱིས་ཁེར་ཐོག་ནས་ལྔ་ཐོག་བར་གྱི་སློབ་ཁང་ཚང་མའི་སྒོ་ཕྱེ་ནས་ནང་ལ་བལྟས་རྗེས། སྡོད་ས་མ་རྙེད་པར། སུམ་ཐོག་གི་སློབ་ཁང་ཕྱི་ རོལ་གྱི་གྲུ་གའི་དྲོད་རླངས་ཤིག་གི་སྟེང་ལ་སྔས་ནས་བསྡད།
“ཁྱོད་ཀྱིས་ཀྱང་ལག་ཁྱེར་ཁ་པར་ཞིག་ཉོས་དང་། རྗེས་ཕྱོགས་འུ་ གཉིས་ཀྱིས་ལག་ ཁྱེར་ཁ་པར་སྟེང་ནས་འབྲེལ་གཏུག་བྱ”
བར་སྐབས་ཤིག་ལ་ལྷ་མཚོས་ཚེ་རིང་ལ་དེ་ལྟར་བཤད།
“ང་ལ་ལག་ཁྱེར་ཁ་པར་ཉོ་བྱེད་ཀྱི་སྒོར་མོ་ཞིག་གང་ན་ཡོད། ཁ་པར་ སླ་མོ་ཞིག་ལ་ཡང་སྒོར་ལྔ་བརྒྱ་དྲུག་བརྒྱ་རེད། དེ་ནི་ངའི་ཟླ་གཅིག་གི་འཚོ་ བའི་འགྲོ་གྲོན་རེད་ཡ། ངས་ལག་ཁྱེར་ཁ་པར་ཉོས་རྗེས་ཁ་རྒྱབ་ཅི་ལྟར་ཐག་ གཅོད་བྱ།”
“ཁྱོད་ཀྱིས་ཡུལ་ལ་སྒོར་མོ་བསླངས་ན་མི་ཆོག་གམ”
“ངའི་ཕ་མ་གཉི་ཀ་ཞིང་ལས་པ་ཡིན་པ་ཁྱོད་ཀྱིས་ཀྱང་མི་ཤེས་པ་མ་ རེད། ཁོ་གཉིས་ཀྱིས་ངའི་སློབ་ཡོན་དང་འཚོ་བའི་འགྲོ་གྲོན་གྱི་སྟེང་ལ་ངའི་ ཨ་ཅེའི་སློབ་ཡོན་ཡང་སྟེར་དགོས་པས། ཁོ་གཉིས་ལ་སྒོར་མོ་དེ་འདྲ་མང་ པོ་ཞིག་གང་ན་ཡོད། དེ་ལས་སང་ལོར་ངའི་ཨ་ཅེ་སློབ་མཐར་ཕྱིན་ནས་ལས་ ཀ་ཞིག་ལག་ཏུ་རེག་ན་ང་ལ་ལག་ཁྱེར་ཁ་པར་ཞིག་ཉོ་རུ་བཅུག་ཆོག”
“དེས་ན་ད་རུང་ལོ་གཅིག་ལ་བསྒུག་དགོས་རྒྱུ་རེད”
“དེར་སྐྱོན་ཅི་ཡོད། ཁྱོད་ཀྱིས་འདང་ཞིག་རྒྱོབས་དང་། ད་ལྟ་ང་ ཚོའི་འཛིན་གྲྭའི་ནང་ན་ཚེ་འབུམ་མ་གཏོགས་ལག་ཁྱེར་ཁ་པར་འཛིན་ཐུབ་ མཁན་གཅིག་ཀྱང་མེད། ཁྱོད་ཚོ་འཛིན་གྲྭའི་ནང་ན་ཡང་ཁྱོད་ལས་ཡོད་ རྒྱུ་མ་རེད་ཨང་། ལག་ཁྱེར་ཁ་པར་ཟེར་བ་འདི་ནི་ཁྱོད་ཚོ་ཕ་མ་ལས་བྱེད་ ཡིན་པའི་སྲས་སྲས་མོ་རྣམས་ཀྱིས་འཛིན་རྒྱུ་ཞིག་མ་གཏོགས། ང་ཚོ་རོང་ འབྲོག་མང་ཚོགས་ཀྱིས་འཛིན་ཐུབ་ནི་ཞིག་མ་རེད”
“དེས་ན་སློབ་སྐབས་རྗེས་མར་ངས་ཁ་པར་འདི་ཁྱོད་ལ་སྟེར། ངས་ ངའི་ཨ་མར་ཁ་ པར་ཆག་སོང་ཟེར་ནས་གསར་བ་ཞིག་ཉོ་རུ་འཇུག”
“དེར་སྐྱོན་མེད་ཀི ཁྱོད་དངོས་ནས་ང་དང་མཉམ་དུ་དགོང་མོར་ སྒོར་མི་འགྲོ་དོན་ཅི་ཡིན”
“……” ལྷ་མཚོའི་ངོ་གདོང་དེ་མ་ཐག་དམར་ཡུག་ཡུག་ཏུ་གྱུར་ ཅིང་། ཚེ་རིང་ གི་བྲང་གཞུང་ལ་འཐམས་ནས་ཡོད་པའི་ལག་ཟུང་ལྷོད་དེ། མགོ་བོ་སྒུར་ཅིང་སྐད་ཆ་ཚིག་གཅིག་ཀྱང་མ་བཤད།
དེ་མ་ཐག ཚེ་རིང་གིས་རང་ཉིད་ཀྱི་སྐད་ཆ་དེ་ཐད་ཀར་ཡིན་རྒྱུ་ ཅུང་མང་སོང་སྙམ་ནས་དོགས་མི་བདེ་བར་གྱུར།
ཆུ་ཚོད་དགུ་དང་ཕྱེད་ཀ་ཡོལ་རྗེས། ཚེ་རིང་གིས་ནམ་རྒྱུན་བཞིན་ ལྷ་མཚོ་མལ་ཁང་དུ་སྐྱེལ་ནས་ཕྱིར་ཐོན་དུས། མལ་ཁང་ནང་དུ་མི་གཅིག་ ཀྱང་མི་འདུག
ཁོས་རིན་ཁོ་དང་ཚེ་འབུམ་གཉིས་ཀྱི་མིང་ནས་བོས་ཀྱང་ཨ་ལན་སྟེར་མཁན་གཅིག་ཀྱང་མ་བྱུང་། སྐབས་དེར། ཁོས་མལ་ཁང་དཀྱིལ་གྱི་མདུན་ ཅོག་སྟེང་དུ་ཁོའི་ཇ་ཕོར་འོག་ལ་ཤོག་ཙེ་ཞིག་མནན་ཡོད་པ་མཐོང་། མྱུར་ དུ་ཡར་བླངས་ནས་བལྟས་དུས། རིན་ཁོས་སྐྱུར་བ་ཡིན་འདུག
སྟེང་དུ“ངེད་གཉིས་སྔུན་ལ་འགྲོ་རྒྱུ་ཡིན། གཟའ་འཁོར་སྔོན་མ་ནང་ བཞིན་རྗེས་སུ་ལུས་ན་འདུག་ས་རེག་མིན་བཤད་དཀའ་རྒྱུ་རེད། གལ་ཏེ་དྲ་ ཁང་གི་བྱང་བུ་དེ་རང་ཉིད་ཀྱིས་རང་ཉིད་ཀྱི་ཐོབ་ཐང་ལག་ཁྱེར་བཟུང་ནས་ཉོ་དགོས་པ་ཞིག་མིན་རྒྱུ་ན། ངེད་གཉིས་ཀྱིས་ཁྱོད་ཀྱི་ཐོབ་ཐང་ལག་ཁྱེར་ བཟུང་ནས་སོང་སྟེ་ཁྱོད་ལ་བྱང་བུ་ཉོས་ཤིང་སྡོད་ས་ཞིག་བླངས་ནས་བསྡད་ ན་ཆོག་མོད། ད་ནི་བྱ་ཐབས་མི་འདུག དགོངས་པ་མ་ཚོམ། གཟའ་འཁོར་ རྗེས་མའི་གཟའ་སྤེན་པའི་དགོང་མོར་རྗེས་སུ་ལུས་ན་མི་འདོད་ན། ཁྱོད་ རང་ཆུ་ཚོད་དགུ་བའམ་དེའི་སྔོན་ལ་ཁྱོད་ཀྱི་མཛའ་མོ་དང་ཁ་བྲལ་ནས་མལ་ཁང་དུ་ལོག་རོགས” ཞེས་བྲིས་འདུག
མཇུག་ཏུ་ད་དུང་རིན་ཁོ་དང་ཚེ་འབུམ་གཉིས་ཀྱིས་རྒྱུགས་བྲིས་ཀྱིས་མིང་རྟགས་རེ་བཀོད་འདུག
ཚེ་རིང་གིས་མྱུར་དུ་མཁྲིག་མའི་ཆུ་ཚོད་འཁོར་ལོར་བལྟས་དུས། ཆུ་ ཚོད་བཅུ་བར་ཐོན་ལ་ཉེ། ཁོ་མྱུར་དུ་མལ་ཁང་གི་སྒོར་བུད་ཅིང་ཟྭ་བརྒྱབ་ རྗེས། སུམ་ཐོག་ནས་སྒོ་ཕྱི་ལ་ཐོན་དུས། ཙག་རླུང་ལྡོམ་པོ་ཤུར་ཤུར་རྒྱུ་ བཞིན་འདུག
ཁོའི་སེམས་སུ་གཟའ་འཁོར་སྔོན་མའི་གཟའ་སྤེན་པའི་མཚན་མོར་ རང་ཉིད་གར་འགྲོ་འདི་འགྲོ་མེད་པར་གྱུར་བའི་སྣང་ཚུལ་དེ་དྲན་ནས་ཕྱིར་མལ་ཁང་དུ་ལོག་ན་སྙམ།
ཡིན་ན་ཡང་། ཁོ་རྡོ་སྐས་སྟེང་ནས་དལ་བུར་ཡར་ཡོང་དུས་ཁོའི་ སེམས་སུ་གཟའ་འཁོར་སྔོན་མའི་གཟའ་ཉི་མའི་ཞོགས་པའི་སུམ་ཐོག་བར་ ཁྱམས་ཀྱི་སྣང་ཚུལ་ཡ་ང་བ་དེ་འཁོར་ནས་མྱུར་དུ་གོམ་པ་འགའ་ཕྱིར་བཀྱེད་བྱས་ཤིང་། ཕྱི་ནས་དཀའ་ལས་ཅི་ཙམ་མྱོང་དགོས་རུང་གཅར་རྡུང་རེག་པ་ ལས་བཟང་སྙམ་ནས་སླར་ཡང་སྒོ་ཆེན་ཁར་ཐོན།
དེ་དུས་ཆུ་ཚོད་བཅུ་དང་སྐར་མ་ཉི་ཤུར་ཐོན་ལ་ཉེ། ཁོམ་པ་མེད་དུས་ དུས་ཚོད་འདི་ནི་ཅི་འདྲའི་མགྱོགས་པ་ལ་ཨང་། ཁོའི་སེམས་སུ་དེ་ལྟར་ བསམ་གྱིན་སྒོ་ཆེན་ཁ་ནས་ཐེ་ཚོམ་བྱས་ཏེ་ཡུད་ཙམ་འགོར་རྗེས། ད་ནི་ཅི་ བྱུང་ན་བྱུང་སྙམ་གྱིན་ཕྱིར་མལ་དུ་ལོག་སྟེ་མལ་ཐུལ་གྱི་ཁུད་དུ་འཛུལ་ཞིང་ གཉིད་རྩིས་བྱས།
ཏག་ཏག་སྐབས་དེར། མལ་ཁང་གི་གློག་ཡང་དམ་སེ་ཆད་སོང་།
མལ་ཁང་དུ་ཁོ་གཅིག་པུ་ལས་མི་འདུག
ཕྱི་རོལ་དུ་སློབ་གྲོགས་ཆང་འཐུང་འགའི་འུར་སྒྲ་བྲག་ཆར་འཁོར་གྱིན་འདུག སྒྲའི་ཡོང་ཁུངས་ལ་ཞིབ་ཏུ་ཉན་ན་ཕལ་ཆེར་མི་དྲེལ་རྒྱལ་བོ་སོགས་ ཀྱི་མལ་ཁང་ཡིན་འདུག དེ་མ་ཐག ཚེ་རིང་གི་སྙིང་ཆུང་ལྟིག་ལྟིག་ལྡིང་ བྱུང་།
དེ་ནི་ལུ་གུ་ཞིག་གནམ་ལྡིང་བྱེད་པ་དང་གཏན་ནས་མི་འདྲ་བར་གྱང་རྡོས་མཁར་ གྱང་རྡུང་བ་དང་ཤིན་ཏུ་མཚུངས།
ཕལ་ཆེར་ཆུ་ཚོད་བཅུ་བ་ཙམ་ལ། མི་དྲེལ་རྒྱལ་བོས་བར་ཁྱམས་ནས་ གཏམ་བཤད་བྱུང་།
“སློབ་གྲོགས་རྣམ་པ། སློབ་གྲོགས་གསར་བ་རྣམ་པ། དེ་རིང་། དོ་ ནུབ། ད་ལོའི་སློབ་གྲོགས་གསར་བུ་བསུ་བའི་དགོང་ཚོགས་སྐབས…… སྐབས་དུ་བ་རེད་དམ” མི་དྲེལ་རྒྱལ་བོས་གན་གྱི་སློབ་གྲོགས་ཚོར་དེ་ལྟར་ དྲིས།
“མ་ཤེས། ཕལ་ཆེར་ཉི་ཤུ་ཡིན་རྒྱུ་རེད” གཅིག་གིས་དེ་ལྟར་ལན་ བཏབ།
“སྐབས་ཉི་ཤུ…… གླེན་བཤད་མ་རྒྱག སྐབས་བཅུ་བར་ཡང་ཐོན་ ཡོད་རྒྱུ་མ་རེད། ཟླ་གཅིག་ལ་གཟའ་འཁོར་བཞི་རེད། དེ་རིང་ཟླ་བཅུ་གཉིས་ པའི་ཚེས་དུ་རེད་དམ། ཚེས་བཅུ་གསུམ་རེད། དགོང་ཚོགས་ཟླ་བཅུ་བ་ནས་ འགོ་བརྩམས་པས། ཟླ་གཉིས་དང་ཕྱེད་ཀའི་རིང་ལ། བཞི་གཉིས་བརྒྱད། ཕྱེད་ཀར་གཟའ་འཁོར་གཉིས། འོ་ལེ། སྐབས་དགུ་བ་བཅུ་བ་ཞིག་རེད། དགུ་བ་ཡིན་རྒྱུ་རེད། རྒྱལ་སྟོན་དུས་ཆེན་གྱི་གནང་བའི་ཉི་མ་འགའ་བོ་ནང་ ནས་འཐེན་ན་དགུ་བ་ཡིན་རྒྱུ་རེད”
གཞན་ཞིག་གིས་རྩིས་གསལ་བོ་བརྒྱབ་བྱུང་།
“རེད། སྐབས་དགུ་བ་རེད། སྐབས་དགུ་བ་ཡིན་ནི་བྱོས”མི་དྲེལ་རྒྱལ་ བོས་མུ་མཐུད་དུ་བཤད་རྒྱུར། “ལོ་རེའི་སློབ་མ་གསར་བ་རྣམ་པ་རང་རེའི་ སློབ་གྲྭའི་ནང་དུ་ཐོན་པར་ལོ་རིམ་གསུམ་པའི་སློབ་གྲོགས་རྒན་པ་ཚོས་བསུ་མ་བྱེད་པ་ནི་གོམ་སྲོལ་ཞིག་ཏུ་གྱུར་ཡོད། ང་ཚོའི་རྒན་རབས་པ་རྣམས་ཀྱིས་ སྲོལ་འདི་འདྲ་ཞིག་བཙུགས་ནས་རྒྱུན་ཆད་དུ་མ་བཅུག་པས། ང་ཚོའི་ མཚམས་ནས་རྒྱུན་ཆད་དུ་འཇུག་ག་ལ་རུང་། གཟའ་འཁོར་སྔོན་མར། སློབ་ གྲོགས་གསར་བ་ཞིག་གིས་ང་མེད་ཤུལ་ནས་ངའི་སྲོག་སྤུན་ཞིག་སྨན་ཁང་དུ་ བརྫངས་སོང་། དེ་བས་ཐོག་མར་སློབ་གྲོགས་དེ་རང་འགུལ་གྱིས་སྒོར་བུད་ དང་། དེ་ནས་འུ་ཚོས་མལ་ཁང་རེ་རེ་བྱས་ནས་བསུ་མ་བྱ”
“ཁོ་མལ་ཁང་ནང་དུ་མི་འདུག”
“ཅི་ཟེར། ཁོ་དོ་ནུབ་ཐར་སོང་རུང་ཚེ་གང་བོར་ཐར་ཐུབ་རྒྱུ་རེད་དམ། ཡ། དེས་ན་གཤམ་ནས་ལོ་རིམ་དང་པོའི་སློབ་གྲོགས་རྣམས་རང་འགུལ་གྱིས་ སོ་སོའི་མལ་ཁང་གི་སྒོར་བུད། ཡ་ཡ། ཚང་མས་གཉིད་ཁུལ་མ་བྱེད། ངས་ ཁྱོད་ཚོ་ཚང་མ་གཉིད་མེད་པ་ཤེས་ཡོད། སྒོར་བུད”
“སྒོར་བུད”
“ཚང་མ་སྒོར་བུད”
ཕལ་ཆེར་སྐར་མ་བཅུ་ཙམ་གྱི་ནང་དུ་མི་དྲེལ་རྒྱལ་བོ་དང་ཁོའི་ལག་ རོགས་ཚོས་ལོ་རིམ་དང་པོའི་སློབ་གྲོགས་རྣམས་སྒོར་འབུད་དུ་བཅུག
ཁོ་ཚོ་མལ་ཁང་དུ་རེ་རེའི་ནང་དུ་ཡོང་ནས་སློབ་གྲོགས་གསར་བ་ལོ་ ཆུང་དེ་རྣམས་རེ་རེ་བཞིན་མལ་སའི་ནང་ནས་ཐང་ལ་དྲུད་པ་ན། ཚེ་རིང་ ཡང་འུ་ཐུག་ནས་སྒོར་མི་འབུད་ཀ་མེད་བྱུང་།
བར་ཁྱམས་ཀྱི་གློག་འོད་ཟ་ཟི་དེའི་འོག་ནས་མི་རྣམས་ཀྱི་ངོ་གདོང་ནི་མག་མོག་ཅིག་ཡིན་ཡང་། ཚེ་རིང་གིས་མགོ་བོ་མདུན་དུ་སྒུར་ནས་གཡས་ལྟ་ གཡོན་ལྟ་ཞིག་བྱས་པ་ན། ཕལ་ཆེར་མི་ཉི་ཤུ་ཙམ་ལས་མི་འདུག
“མ་གཞི་ལོ་རིམ་དང་པོའི་འཛིན་གྲྭ་གསུམ་གྱི་སློབ་གྲོགས་བརྒྱད་ཅུར་ལོངས་ཙམ་ཡོད་པ་ལ། དོ་ནུབ་ཉི་ཤུ་ཙམ་ལས་མེད་པ་ཚང་མ་དྲ་ཁང་དུ་ བྲོས་སོང་བ་ཡིན་ནམ”
ཚེ་རིང་གིས་དེ་ལྟར་བསམས་ཤིང་མགོ་བོ་དགྱེ་མ་ཐག མི་ཞིག་གིས་ ཁོ་ལ་འགྲམ་ལྕག་ཚ་བེར་བ་ཞིག་གཞུས་ནས། ཁོའི་འགྲམ་རུས་ཚ་བེར་བེར་ དུ་བཏང་ཞིང་ན་ཟུག་ཅིག་ཀླད་པའི་ནང་ལ་བརྒྱུགས་ནས་ཅུང་ཙམ་མིན་ན་ས་ལ་འགྱེལ་སོང་།
ཏག་ཏག་སྐབས་དེར། ཁོ་ཚོའི་གྲལ་དུ་ལངས་པའི་སློབ་གྲོགས་གསར་ བ་ཞིག་གིས་བརྒྱབ་ནས་ལྕགས་ཀྱི་དབྱུག་པ་ཞིག་བླངས་ནས། མདུན་དུ་གླང་ ཆེན་སྨྱོན་པ་ཞིག་ལྟར་ཁོ་ཚོར་གཤེ་གཤེ་གཏོང་གིན་པའི་མི་དྲེལ་རྒྱལ་བོའི་ མགོར་གཞུས་པ་ན། མི་དྲེལ་རྒྱལ་བོ་ནི་རི་བོ་ཆེན་པོ་ཞིག་གློ་རྡེག་ལ་ས་ཡོམ་ གྱིས་སྙིལ་བ་ལྟར་དལ་བུར་ས་ལ་འགྱེལ་སོང་།
དེ་མ་ཐག ཚེ་རིང་གིས་ས་རུ་འགྱེལ་བའི་མི་དྲེལ་རྒྱལ་བོར་བལྟས་ དུས། ཁོས་དབུགས་ཧལ་ཧལ་གཏོང་ཞིང་མིག་ཟུང་ལྡེམ་ལྡེམ་བྱེད་པ་ལས། ཡར་ལངས་མ་བྱུང་།
དེ་བས། ཚེ་རིང་གིས་མ་གཞི་ཁོ་ཡང་དེ་འདྲའི་འཇིགས་སུ་རུང་བ་ ཞིག་མ་རེད་ཨང་། འདི་འདྲ་ཞིག་ཡིན་པ་ཤེས་རྒྱུ་ན་སྔོན་ཞིག་ནས་ངོ་རྒོལ་ བྱས་ཡོད་རྒྱུ་ན་རེད་སྙམ།
ཡིན་ན་ཡང་། ཁོའི་སྙིང་ཆུང་སྔར་བཞིན་དུ་ལྟིག་ལྟིག་ལྡིང་ནས་ལྷོད་ ལ་འབབ་མ་ཐུབ། ཁོས་མི་དྲེལ་རྒྱལ་བོའི་གདོང་ལ་རྐང་བཅག་ཅིག་བྱ་ འདོད་ཀྱང་སྤོབས་པས་མ་འདང་།
མི་དྲེལ་རྒྱལ་བོ་འགྱེལ་བ་དང་ཁོའི་ལག་རོགས་རྣམས་དལ་ཅག་གེར་ཕྱིན། གན་གྱི་སློབ་གྲོགས་དེས་ལྕགས་ཀྱི་དབྱུག་པ་དེ་དགུང་ལ་འཕྱར་ནས། “བུ་ངར་བ་ཡོད་ན་ཤོག་ཡ། ད་ཤོག་ཡ”ཟེར་བ་ན། ལོ་རིམ་གསུམ་པའི་ སློབ་གྲོགས་དེ་རྣམས་ཕྱིར་བཀྱེད་པ་ལས། གཅིག་ཀྱང་སྔུན་ལ་བཏུད་མ་ཐུབ།
ཚེ་རིང་སྐྲག་སྐྲག་པའི་ཡ་ང་བའི་མཚན་མོ་དེ་ནི་དེ་ལྟར་གློ་བུར་མཇུག་རྫོགས་སོང་།
ཁོ་སྐྲག་སྐྲག་པའི་མི་དྲེལ་རྒྱལ་བོ་ཡང་དེ་ལྟར་གློ་བུར་ས་རུ་འགྱེལ་ནས་ཁ་རོག་གེར་སྡོད་པ་ལས་ཡར་ལངས་རྒྱུ་མ་བྱུང་།
ཕྱི་ཉིན་གཟའ་ཉི་མའི་ཉིན་ལ་ཚེ་རིང་དང་ལྷ་མཚོ་གཉིས་སྒོ་ཕྱིར་དྲོས་ཇ་འཐུང་དུ་འགྲོ་དུས། ལྷ་མཚོས་ཚེ་རིང་གི་འགྲམ་པ་སྐྲངས་ནས་དམར་ ནག་ཏུ་གྱུར་འདུག་པ་མཐོང་ནས། མྱུར་དུ་ཅི་བྱུང་དྲིས།
“ཁྱོད་ཀྱི་འགྲམ་པར་ཅི་བྱས་སོང་། མདང་དགོང་ཁྱོད་ཚོའི་མལ་ ཁང་ནས་དོན་དག་བྱུང་སོང་ཟེར། ཁྱོད་ལ་ཡང་ལོ་རིམ་གསུམ་པའི་སློབ་ གྲོགས་དེ་དག་གིས་གཅར་ནི་མིན་ནམ”
“ཁྱོད་ཀྱིས་གང་ནས་ཐོས་པ་ཡིན”
“དེ་རིང་ཞོགས་པར་ཁྱོད་གཉིད་ནས་སྡོད་དུས། ང་ཚོའི་མལ་ཁང་ གི་གྲོགས་མོ་རྣམས་སྒོར་ནངས་ཇ་འཐུང་དུ་ཕྱིན་པ་ལ། ང་ཚོའི་མལ་ཁང་ དུ་ལོ་རིམ་གསུམ་པའི་སློབ་གྲོགས་ཤིག་ཡོད་པ་དེ་ཁོ་མོ་ཚོའི་འཛིན་བདག་ལ་ཐུག་ནས། ཁོ་མོ་ཚོའི་འཛིན་བདག་གིས་མདང་དགོང་གི་དོན་དག་དེའི་ སྐོར་བཤད་བྱུང་ཟེར། ཁོས་བཤད་པ་ལྟར་ན། ཁོ་ཚོ་འཛིན་གྲྭའི་ནང་གི་ གཅར་རྡུང་བྱེད་མཁན་གྱི་འགོ་བ་དེ་དང་། དེར་ལྕགས་དབྱུག་གིས་གཞུ་ མཁན་གྱི་ང་ཚོ་འཛིན་གྲྭའི་སློབ་གྲོགས་དེ་གཉིས་སློབ་གྲྭ་ནང་ནས་འཕུད་རྒྱུ་རེད་ཟེར”
“མི་དྲེལ་རྒྱལ་བོར་ལྕགས་དབྱུག་གིས་གཞུ་མཁན་དཔའ་རྒོད་དེ་ནི་ ཁྱོད་ཚོ་འཛིན་ གྲྭའི་ཡིན་ནམ”
“མི་དྲེལ་རྒྱལ་བོ། འོ། ཁྱོད་ཀྱིས་ཁྱོད་ཚོར་གཅར་རྡུང་བྱེད་མཁན་ གྱི་ལོ་རིམ་གསུམ་པའི་འགོ་བ་དེ་ཟེར་བ་ཡིན་ནམ། ཁོར་ལྕགས་དབྱུག་གིས་ གཞུ་མཁན་དེ་ང་ཚོའི་འཛིན་གྲྭའི་རེད”
“ཁོ་བུ་ངར་བ་རེད་ཡ”
“རྡུང་རེས་བྱས་ནས་ངར་ཏེ་ཅི་བྱ། ད་ནི་སློབ་གྲྭ་ནས་འབུད་དགོས་ བྱུང་བ་འདི་མིན་ནམ། དེ་ལས་ཁྱོད་ལྟར་སློབ་སྦྱོང་ལ་བཟང་ན་ལེགས་ནི་ རེད། འོ་རེད་ཡ། ཁྱོད་འདིས་དཔེ་ཆ་མ་གཏོགས་ཅི་ཡང་མི་ཤེས་ནི་མིན་ ནམ། གོ་ཐོས་ལྟར་ན་མདང་དགོང་ཁྱོད་ཚོའི་སློབ་གྲོགས་རྣམས་ཀྱིས་དོན་ དག་འབྱུང་རྒྱུ་ཡིན་པ་ཤེས་ནས་མལ་ཁང་ནས་མ་བསྡད་པར་སྒོར་བྲོས་སོང་ཟེར། ཁྱོད་མ་བྲོས་པར་ཅི་བྱས་ནས་བསྡད་ནི་ཡིན”
“ང་ཡང་འབྲོ་ན་ལོས་འདོད། ངས་ཁྱོད་ལ་ངའི་འགྲོ་རོགས་བྱོས་ཞེས་ བཤད་པ་མིན་ནམ”
“ཁྱོད་ཀྱིས་དེ་བཤད་པ་ཡིན་ནམ། ངས་ད་རུང་ཁྱོད་ཀྱིས་ང་ལ་ཅི་ ཞིག་བྱ་ན་འདོད་ཀྱིན་འདུག་བསམས་བྱུང་། དེས་ན་ཁྱོད་ཀྱིས་སྔོན་ནས་ གསལ་བོར་མི་བཤད་དོན་ཅི་ཡིན། མ་རེད། ཁྱོད་ཀྱིས་ང་ལ་རྫུན་བཤད་ ཀྱིན་འདུག གཟའ་འཁོར་སྔོན་མ་དང་དེའི་སྔོན་མ་རྣམས་ལ་ཡང་ཁྱོད་ ཀྱིས་ང་ཁྱོད་ལ་འགྲོགས་ནས་སྒོར་འགྲོ་ཟེར་བ་མིན་ནམ། ཁྱོད་ཀྱིས་སེམས་ ལ་དགའ་ཞིག་དྲན་མེད་པ་ཁོ་ཐག་རེད”
“གཟའ་སྤེན་པའི་དགོང་མོ་ནི་ལོ་རིམ་གསུམ་པའི་སློབ་མ་རྣམས་ཀྱིས་ལོ་རིམ་དང་པོའི་སློབ་མ་བསུ་མ་བྱེད་པའི་དགོང་མོ་རེད། གསལ་བོར་ བཤད་ན་གཅར་རྡུང་བྱས་ནས་སློབ་གསོ་གཏོང་བའི་དགོང་མོ་རེད”
“ངས་ཧ་གོ་ཐལ། ཁྱོད་ཀྱི་སེམས་ལ་དངོས་ནས་ན་གེ་ནོག་གེ་དྲན་ གྱིན་མེད་དམ”
“དཀོན་མཆོག་གསུམ”
“དེས་ན། རྗེས་ཕྱོགས་གཟའ་སྤེན་པའི་མཚན་མོར་ང་ཁྱོད་ཀྱི་འགྲོ་ རོགས་བྱ”
“ཁྱོད་རང་ཁྱོད་ཀྱི་ཨ་མར་མི་སྐྲག་གམ”
“དེར་ངས་འདང་བརྒྱབ་ཟིན། ཁྱོད་ཀྱིས་ང་ཚོའི་མལ་ཁང་གི་སྒོ་ཁ་ ནས་ང་ལ་བསྒུགས་ནས་བསྡད་ན། ངས་ཆུ་ཚོད་བཅུ་ཐམ་པའི་སྟེང་ནས་ངས་ ངའི་ཨ་མར་ཁ་པར་བཏང་ནས། སྒོ་རྒྱག་ལ་ཉེ་དུས་བྱེད་ཐབས་སྣ་ཚོགས་ བཀོལ་ནས་བཤད་མཚམས་བཞག་རྗེས། མལ་ཁང་གི་ཁ་པར་གྱི་སྐུད་པ་ བཅད་ནས……”
ལྷ་མཚོས་ཁོ་མོའི་འཆར་གཞི་བཤད་ཀྱིན་འདུག ཡིན་ན་ཡང་ཚེ་ རིང་གིས་མོའི་གདོང་ལ་བལྟས་ནས་འཛུམ་ཞིག་བསྟན་འདུག་པ་མ་གཏོགས། རྣ་བའི་ནང་དུ་ཅི་ཡང་འགྲོ་བཞིན་མི་འདུག ཁོའི་སེམས་ནས་དགའ་སྤྲོའི་ མགོ་འཕང་མནོན་མ་ཐུབ་པར། མ་གཞི་མོས་ཀྱང་སྔོན་ནས་འདིའི་སྐོར་ལ་ བསམ་བློ་བཏང་མྱོང་བར་འདུག་ཨང་སྙམ་གྱིན། གཟའ་སྤེན་པའི་མཚན་ མོའི་སློབ་གྲོགས་གསར་བ་བསུ་བའི་དགོང་ཚོགས་དེའི་མཚམས་མི་འཇོག་ པའི་སྨོན་ལམ་ཡང་ཡང་བཏབ།
2014.9.28ཉིན།
རྩོམ་སྒྲིག་པ། ལྷ་སྐྱིད།
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།