ཟླ་བ་ནག་ནག

             ཉིན་དེར་ཉི་མ་ཤིན་ཏུ་ཚ་ལ་རླུང་བུ་ཕྲན་ཙམ་ཡང་མེད་པས་རི་བོ་སྟག་མ་རྒྱས་པའི་ནགས་ཁྲོད་དུ་འབུ་ཆ་ག་བས་སྒྲ་སིག་སིག་ཅེས་སྒྲོག་པ་ལས་གཞན་རྣམས་ནི་གཡོ་འགུལ་མེད་པ་འཇམ་ཐིང་ཐིང་རེད།  ཉིན་དེར་རི་བོ་སྟག་མ་རྒྱས་པའི་བདག་པོ་གཞི་བདག་སྟག་རྒྱས་ཀྱང་ལས་ཀ་ཅི་ཡང་མེད་པར་རི་རྩེའི་བྲག་ཐོག་ཏུ་བཞུགས་ཏེ་མི་ཡུལ་གྱི་མཛེས་སྡུག་ལ་ལྟད་མོ་ལྟ་བཞིན་ཨག་ཚོམ་དཀར་ལ་རིང་བ་དེ་ཡང་ཡང་དུ་བྱིལ། ཡིན་ཡང་འོག་གི་འབུ་ཚ་སྡེ་བའི་མི་རྣམས་ཀྱང་ཁང་པའི་ནང་དུ་ཇ་འཐུང་ནས་བསྡད་པ་ལས་ཚ་བ་ཆེ་བའི་ཕྱི་རོལ་དུ་ཐོན་མ་ནུས་པས་གཞི་བདག་སྟག་རྒྱས་ཀྱི་མིག་ལམ་དུ་མི་ཡུལ་གྱི་ཟློས་གར་ཅི་ཡང་མཐོང་མ་ཐུབ། ཁོ་རང་ཡིད་ཐང་ཆད་དེ་རང་ཉིད་སྡོད་སའི་བྲག་ཕུག་ཏུ་ལོག་གྲབས་བྱེད་སྐབས་གློ་བུར་རྟའི་དྲིལ་སྒྲ་ཞིག་རྣ་བར་འཛུལ་བྱུང་།  ཁོས་དྲིལ་སྒྲ་དེ་དེད་ནས་མར་ལྟ་སྐབས་མིག་འཕྲུལ་བྱུང་བ་མིན་ནམ་སྙམ། དུས་ནམ་ཞིག་ལ་སླེབ་པ་མི་ཤེས་པའི་གྲྭ་རྐྱང་ཞིག་གིས་རྟ་དཀར་ཞིག་ཞོན་ནས་རི་བོ་སྟག་མ་རྒྱས་པའི་འོག་གི་ལུང་ཆུའི་ཁར་འགྲོ་བཞིན་འདུག གཞི་བདག་སྟག་རྒྱས་ཀྱི་འདི་ལྟར་མར་བལྟ་དུས་མེ་ཏོག་དཀར་པོ་ཞིག་གི་ཐོག་ཏུ་ཟེའུ་འབྲུ་དམར་པོ་བཞད་པ་ལྟ་བུའི་མཛེས་སྡུག་ཅིག་ཡོད་པ་མཐོང་། ཁོ་རང་ཡང་ལངས་རྗེས་ངས་གྲྭ་རྐྱང་དེ་ལ་དུག་ཅིག་བཏབ་དགོས་སྙམ་ནས་ལག་པ་གཉིས་བརྡར་བརྡར་བྱས།

གྲྭ་རྐྱང་དེ་ནི་དེ་དུས་སྨར་ཁམས་ཀྱི་ཕྱོགས་སུ་གྲགས་པ་འབར་བའི་གངས་དཀར་སྤྲུལ་སྐུ་སྐུ་ཕྲེང་དང་པོ་ཉིད་ཡིན་པ་གཞི་བདག་སྟག་རྒྱས་ཀྱི་ཡིད་ལའང་འཁོར་མི་སྲིད། ཁག་ཅི་ཡོད། དུས་རྒྱུན་གངས་དཀར་སྤྲུལ་སྐུ་ཡུལ་གང་དུ་ཕེབས་ཀྱང་བསང་མཆོད་ཀྱི་དྲི་མས་ཁེངས་པར་བྱས་པ་ལས་དེ་རིང་བཞིན་གྲྭ་རྐྱང་གི་ཆས་སུ་བྱས་ནས་རང་ཁེར་བོ་འགྲོ་སྲོལ་ཞིག་ག་ལ་ཡོད།

དེ་ཉིན་གངས་དཀར་སྤྲུལ་སྐུ་ལ་བྱ་བ་ཅི་ཞིག་ཡོད་པ་མི་ཤེས་མོད།  གྲྭ་རྐྱང་གི་ཆས་སུ་སྤྲས་ཀྱིན་མ་ཎི་ཡིག་དྲུག་ལྷུག་ལྷུག་འདོན་བཞིན་རྟ་དཀར་པོར་ལྕག་གིས་ཀྱང་མི་སྐུལ་བར་ལུང་ཆུ་ཕར་བརྒལ་སྐབས་གློ་བུར་ཅི་བསམ་འདི་དྲན་མེད་པར་རླུང་ཆེན་པོ་ཞིག་ལྡང་བྱུང་བས་རྟ་དཀར་གློ་བུར་འདྲོགས་བྱུང་བ་དང་བླ་མ་ཁོང་ཉིད་ཀྱང་ལུང་ཆུ་ནང་དུ་ལྷུང་།

གངས་དཀར་སྤྲུལ་སྐུ་ལུང་ཆུའི་ཕ་རོལ་དུ་ཐོན་རྗེས་རྟ་དཀར་དེ་རྒྱ་ལྕང་གི་ཡལ་གར་བཏགས་པ་དང་རང་ཉིད་ཕ་བོང་ཚ་མོ་ཞིག་གི་ཐོག་ཏུ་བཞུགས་ནས་གཟན་རློན་པ་དག་བརྐམ་པར་བསྒུགས།  ཕྱོགས་བཞི་རུ་རླུང་བུ་ཕྲན་ཙམ་ཡང་མེད་པ་འཇམ་ཐིང་རེད་འདུག  ད་ལྟ་གློ་བུར་གྱི་འཚུབ་མ་དེ་གང་ནས་བྱུང་བ་ཡིན་ནམ་སྙམ་སྐབས་རང་ཉིད་ཀྱི་ལག་ནང་གི་ཕྲེང་བའང་ཆུས་ཁུར་འདུག་པས་ང་གྲྭ་རྐྱང་ཞིག་གིས་སེམས་ཅན་གྱི་དོན་དུ་མ་ཎི་བགྲང་བར་བར་ཆད་འདི་འདྲ་འོང་བ་འདུག་སྙམ་གྱིན་ཡིད་གདུང་པར་གྱུར་བ་དང་ནམ་མཁའ་རུ་སྤྱན་གྱིས་ཐེངས་གཅིག་གཟིགས་པའི་ཚེ་ན་རི་བོའི་སྟག་མ་རྒྱས་པའི་རྩེ་རུ་གཞི་བདག་སྐྲ་དཀར་པོ་དང་གྱོན་པ་དཀར་པོ། ཤ་མདོག་དཀར་པོ་ཅན་ཞིག་འགྲེང་ནས་ཧ་ཧ་དགོད་ཀྱིན་པ་མཐོང་བྱུང་བ་དང་བླ་མའི་བྱང་ཆུབ་སེམས་དཔའི་སྐྱོ་བ་དེ་གློ་བུར་པད་འབྱུང་གི་ཁྲོས་བར་གྱུར་ནས་མཐུ་ཧུཾ་འཕགས་བརྒྱབ་ཏེ་རི་བོ་སྟག་མ་རྒྱས་པའི་ཕྱོགས་བཞིའི་ནགས་ཚལ་མེ་ལ་བསྲེགས་པས་གཞི་བདག་སྟག་རྒྱས་ཀྱིས་ད་མ་བཟང་ཐལ་སྙམ་གྱིན་རང་ཉིད་སྡོད་གནས་ཀྱི་བྲག་ཕུག་ཏུ་བྲོས།  བྲག་ཕུག་ཏུ་རང་ཉིད་ཀྱི་སྨ་རར་བྱིལ་བྱིལ་བྱེད་སྐབས་ཤིང་སྤགས་ལ་བྱིལ་བྱིལ་བྱས་པ་ལྟར་རྩུབ་པས་ཅི་ཡིན་ནམ་སྙམ་སྐབས་དྲི་ངན་སྣས་མི་བཟོད་པ་ཞིག་བྲོ་བྱུང་། རང་གིས་གཞན་ལ་ངོམ་བྱེད་ཀྱི་སྨ་ར་དཀར་ལ་རིང་བ་དེ་མེས་ཚིག་ཟིན་པ་རྟོགས་ཏེ་ཁོང་ཁྲོ་གཏིང་ནས་ལངས་ཤིང་གངས་དཀར་སྤྲུལ་སྐུའི་བཞུགས་གནས་ཏེ་རི་བོ་སྟག་མ་རྒྱས་པའི་ཁ་གཏད་དུ་ཡོད་པའི་དཔལ་ལྡན་ཟེའུ་འབྲུ་དགོན་པའི་ཕྱོགས་སུ་གཟིགས།

མཚན་མོར་ང་རང་ཨ་མྱེ་ཡི་རུམ་དུ་ཉལ་དུས་མི་བདེ་བའི་སྣང་བ་སྐྱེས། ངས་ཨ་མྱེ་ལ་ང་རང་ཁང་སྟེང་དུ་ཉལ་ཡོད་པའི་ཨ་ཅག་ཆེ་བའི་རུམ་དུ་ཉལ་དགོས་ཅེས་ཞུ་བ་ཡང་ཡང་བྱས་པ་ཡིན། ཨ་མྱེ་ཡིས་རྨི་ལམ་དུ་ཡོད་པའི་ཨ་ནེ་གཉིད་ལས་བསླངས་རྗེས་ང་རང་ཁང་སྟེང་དུ་བསྐྱལ་བར་མངག  ང་རང་ཨ་ཅག་ཆེ་བའི་རུམ་དུ་ཉལ་དུས་ཀྱང་གུ་དོག་པའི་སྣང་བ་ཞིག་གིས་ང་རང་ཨ་མྱེ་ཡི་རུམ་དུ་ཉལ་བའི་འདོད་པ་སྐྱེས་བྱུང་།  ངས་ཨ་ཅག་ལ་ཞུ་བ་ཡང་ཡང་བྱས་མོད་མོས་ང་ལ་ཁ་ཡ་མི་བྱེད་པས་མཐར་ང་རང་ངུས་པ་ཡིན།  སྐབས་དེར་ཁང་འོག་ནས་ཨ་ཁུས་སྐད་ཅོར་ཡང་ཡང་བརྒྱབ་བྱུང་། ང་ལ་གཤེ་གཤེ་བཏང་བ་མིན་ནམ་སྙམ་གྱིན་ངུ་མ་ཕོད་པ་ཡོད་དུས་ཁང་པའི་ནང་དུ་མི་མང་པོས་ཟང་ཟིང་བྱས་པ་གོ་བྱུང་། ཨ་ཅག་གིས་ཀྱང་ཅི་བྱུང་མི་ཤེས་པས་བསམ་མི་བསམ་གྱིས་མལ་ལས་ལངས་པ་དང་ང་རང་པང་སྟེ་སྐས་ལས་མར་བབས།  "ཨ་རོགས་ཚང་། མགྱོགས་པོ་ཤོག་མ་གཏོགས།  འདྲེས་སྒེའུ་ཁུང་ནས་ལག་རིང་བརྐྱངས་ཏེ་བུ་བློ་ཆོས་འཁུར་གྲབས་བྱེད་བཞིན་འདུག”ཅེས་ཨ་ཁུས་མཛོད་ཁང་ནས་སྐད་རྒྱག་པ་གོ ང་ཚོ་ནང་མི་ཀུན་གློག་སྒྲོན་ཁུར་ནས་མཛོད་ཁང་དུ་སོང་བ་ན་ཨ་ཁུས་ངའི་ནུ་བོ་བློ་ཆོས་པང་ནས་སྒྲོལ་མ་འདོན་བཞིན་འདུག  ཨ་ཁུས་ཟེར་བར་བལྟས་ན་ཁོ་རང་གཉིད་ལས་སད་མ་ཐག་སྐར་ཁུང་ནས་ལག་པ་རིང་པོ་ཞིག་མར་བརྐྱངས་ནས་ངའི་ནུ་བ་བློ་ཆོས་འཁུར་གྲབས་བྱེད་ཀྱིན་འདུག་ཅེས་ངག་འདར་འདར་གྱིས་བཤད་བྱུང་། དེ་དུས་ཨ་ཁུས་ཆང་འཐུང་གིན་མེད།

གངས་དཀར་བླ་མས་རི་བོ་སྟག་མ་རྒྱས་པ་མེར་བསྲེགས་རྗེས་མུ་མཐུད་དུ་མདུན་གྱི་བྱ་བ་ག་གེ་མོ་དེ་བསྒྲུབ་དུ་མ་སོང་བར་རྟ་སྲབ་ཕྱིར་བསྐོར་ཏེ་རང་དགོན་ཕྱོགས་སུ་ཆས། གངས་དཀར་བླ་མ་རང་དགོན་གྱི་ཕྱོགས་སུ་ལོག་པའི་ལམ་དེ་ཏག་ཏག་སྔོན་སྲོང་བཙན་སྒམ་པོའི་དུས་སུ་རྒྱ་གཟའ་བོད་དུ་ཕེབས་སའི་ལམ་དེ་རེད།  ལམ་དེ་ནི་པ་སྐྱ་དང་འབུ་ཚ། ཁ་པོ།  བྱིས་གྲོངས་བཅས་ཀྱི་བརྒྱུད་དུ་འཐེན་ཡོད།  རྒྱ་གཟའ་དང་བློན་པོ་མགར་དང་བཅས་པ་རྒྱ་ནག་གི་རྒྱལ་ས་ཁྲང་ཨན་ནས་ཏཱ་ལེའེ་དང་རིམ་གྱིས་བོད་དུ་བསྐྱོད་པའི་ལམ་ཐག་དེ་རིང་དྲགས་པ་དང་ལམ་བུ་ཀྱག་ཀྱོག་ཆེ་དྲགས་པས་དུས་ཡུན་མང་པོ་ཞིག་འགོར་ཞིང་དེའི་རིང་རྒྱ་གཟའ་དང་བློན་པོ་མགར་བར་དུ་བརྩེ་དུང་རྒྱས་ཏེ་བཟའ་ན་མཉམ་བཟའ་དང་ཉལ་ན་མཉམ་ཉལ་བྱས་པའི་ཚད་དུ་བསླེབས་ཡོད་པར་བཤད།  དེའི་རྐྱེན་གྱིས་ཁོ་གཉིས་ཀ་མགྱོགས་པོར་ལྷ་སར་བསླེབ་མི་འདོད་པས་འཁོར་དང་བཅས་པས་གོམ་པ་དལ་པོར་མདུན་དུ་བསྐྱོད་ཚོད།  མི་རིང་བར་ཁོ་གཉིས་ཀྱི་ལས་ཀྱི་འབྲས་བུར་བུ་ཞིག་བལྟམས་ཤིང་ཉིན་ཞིག་ལ་བུ་དེར་ནད་ཅིག་ཕོག་པས་སྐྱག་པ་བར་མེད་དུ་ཤོར་བ་ན་རྒྱ་གཟས་ཡུལ་དེ་ལ་པ་སྐྱ་ཞེས་བཏགས་པ་དང་དེ་ནས་ཡར་ཙམ་བསྐྱོད་ཚེ་བུ་ལ་ཚ་བ་རྒྱས་ཤིང་ཁ་ནས་འབུ་སྐྱུག་པ་སོགས་བྱས་པས་ཡུལ་དེ་ལ་འབུ་ཚ་ཞེས་བཏགས། སྐྱུག་པ་ཁ་པོ་ཡང་ཡང་དུ་སྐྱུག་པའི་སར་ཁ་པོ་དང་བུ་འདས་གྲོངས་བྱུང་པའི་སར་བྱིས་གྲོངས་བཅས་བཏགས། རྒྱ་གྲོངས་མཆོད་རྟེན་ཞེས་བུ་མིང་མེད་དེའིེ་སྐུ་གདུང་མཆོད་རྟེན་དེ་ད་ལྟའང་བྱིས་གྲོངས་ལུང་པར་ཡོད་པ་རེད།  གངས་དཀར་བླ་མ་པ་སྐྱ་ནས་འབུ་ཚ་དང་འབུ་ཚ་ནས་རི་བོ་ཞིག་ལ་ཡར་འཛེགས་ན་རི་དེ་རྩེའི་ཙན་དན་གྱི་ནགས་ཚལ་དུ་རང་དགོན་ཟེའུ་འབྲུ་དགོན་པ་གནས་ཡོད། གངས་དཀར་བླ་མ་རང་དགོན་དུ་སླེབས་རྗེས་རང་གི་དགོན་པ་དང་སློབ་མ་ཡོད་ཚད་བདེ་བདེ་སེང་སེང་ཡོད་པ་མཐོང་མ་ཐག་སེམས་པ་རྣལ་ལ་ཕབ་ནས་ཇ་གསོལ་བའི་ཚེ་ན་སློབ་མ་ཞིག་ནགས་ཁྲོད་ནས་ཚུར་རྒྱུགས་ཡོང་སྟེ"མ་བཟང་ཐལ། མ་བཟང་ཐལ”ཞེས་འབོད་པ་གོ་བས་ཇ་ཕོར་སྒྲོག་ཙེ་ཐོག་ཏུ་བཞག་རྗེས་སློབ་མ་དེ་ནང་དུ་ཐོན་པར་བསྒུགས།

“རིན་པོ་ཆེ། མ་བཟང་ཐལ།  ཆུ་མིག་ནས་ཁྲག་རྡོལ་ཡོང་བཞིན་འདུག”གངས་དཀར་བླ་མས་སློབ་བུའི་སྐད་དེ་ཐོས་མ་ཐག་གནད་དོན་ཚབ་ཆེན་ཞིག་ཐོན་སོང་བ་མཁྱེན།   དགོན་པ་གནས་སའི་ནགས་ཁྲོད་དུ་ཆུ་མིག་གཅིག་ལས་མེད།   ཆུ་མིག་དེ་ལས་ཁྲག་རྡོལ་ཡོང་ན་ཕྱིན་ཆད་གྲྭ་ཚོགས་ཀྱིས་ཅི་ཞིག་འཐུང་དགོས་སམ།  འདི་ལྟར་བསམ་བཞིན་རང་ཉིད་ཀྱི་ཁ་གཏད་དུ་ཡོད་པའི་དགྲ་བོ་དེ་ལ་བལྟ་དུས་རི་བོ་སྟག་མ་རྒྱས་པ་ལས་ད་དུང་ཡང་དུ་བ་སྔོ་ཐོལ་ཐོལ་དུ་བྱེད་བཞིན་པ་རིག

ལོ་གསར་ཚེས་པ་བཅུའི་མཚན་མོར་ཡུལ་མི་རྣམས་ངེད་ཚང་དུ་འཛོམས་ནས་གཞས་འཆམ། ང་ནི་ལྟད་མོ་ལྟ་བཞིན་ལྟ་བཞིན་གཉིད་ལ་ཤོར་འདུག གཉིད་ལས་སད་དུས་ཁང་པའི་གང་སར་གླུ་དབྱངས་ཀྱིས་ཁེངས་ནའང་ང་རང་མུན་པ་ན་ཉལ་བཞིན་འདུག ངའི་མིག་ལམ་དུ་ཤར་ཡོང་བ་ནི་རྟ་ཕོ་བཞོན་པའི་མི་ཁྱུ་གཅིག་ངེད་ཚང་གི་སྒེར་ཞིང་དང་ཞིང་མའི་བར་གྱི་ལ་ཆུང་ཆུང་དེར་འཛེགས་བཞིན་འདུག  ཞིང་དེ་གཉིས་ཀྱི་བར་དུ་ཡོད་པའི་ལ་དེ་དོན་དངོས་ཐོག་ལ་རུ་རྩི་མི་རུང་། ལ་དེ་ལ་ང་འདྲ་བའི་ཕྲུ་གུ་ཆུང་ཆུང་དག་གི་གོམ་པ་ལྔའི་ཚད་ལས་མེད། ཡིན་ཡང་དེ་རིང་ལ་ཆུང་ཆུང་དེར་མི་མང་པོ་ཞིག་རྟའི་དྲིལ་བུ་སིང་སིང་སྒྲོག་བཞིན་འཛེག་གིན་འདུག  མཐར་ངའི་ལུས་པོ་ཇེ་ཆེ་ནས་ཇེ་ཆེར་འགྱུར་བའི་སྣང་བ་སྐྱེས། ངའི་འཛུབ་མོ་ཡང་ནགས་ཚལ་གྱིས་ཁེངས་པའི་རི་བོར་གྱུར་སོང་།  ང་རང་སྐྲག་ནས་ཇི་ལྟར་ངུས་ཀྱང་མགྲིན་པ་ནས་སྒྲ་ཅི་ཡང་ཐོན་མ་ཐུབ།  ཡུལ་མི་རྣམས་རང་སར་ལོག་རྗེས་ཨ་མས་གཞི་ནས་རྔུལ་ཆུས་ཁེངས་པའི་ང་རང་མཐོང་ཞིང་སྐབས་དེར་ངས་མིག་བགྲད་ནས་འདུག་ཟེར། ཁྱིམ་མི་རྣམས་ཀྱིས་ངའི་ཁ་ནང་མ་ཎི་རིལ་བུ་བཅུག་པ་དང་བདུག་པ་བདུག་པ་སོགས་བྱས་པས་དྲན་པ་སོས་ཙམ་བྱུང་བ་ཡིན་འདུག

གོམ་པ་བཞི་ལྔ་ཙམ་ལས་མེད་པའི་ལ་མོར་རྟ་ཕོ་ཞོན་ནས་འཛེགས་པའི་མི་ཡ་མཚན་དེ་དག་གི་བསྐོར་ངས་མི་སུ་ལའང་བཤད་མ་མྱོང་། རྗེས་ཀྱི་མཚན་མོ་མང་པོ་ཞིག་ལ་ངས་མི་དེ་དག་ཡང་ཡང་དུ་མཐོང་ཞིང་ངའི་ལུས་པོ་འདི་ཡང་ཡང་དུ་རི་བོར་འགྱུར་མྱོང་། ང་རང་རིམ་གྱིས་དེ་དག་ལ་གོམས་པར་གྱུར།  ངས་རྟ་ཕོ་བཞོན་པའི་མི་དེ་དག་གཞི་བདག་རེད་འདོད་ཀྱིན་ཡོད།  ངས་འདོད་ཚུལ་འདི་མི་སུ་ལའང་བཤད་མ་མྱོང་། ཡིན་ཡང་ངའི་ལོ་ན་ཇེ་ཆེར་སོང་བ་དང་དེ་དག་མག་མོག་ཏུ་གྱུར།  དེ་ནི་ངས་ཆང་དང་ཐ་མག་ལ་རོལ་བ་དང་བྱིའུ་ཡི་སྲོག་གཅོད་པ་སོགས་ཉེས་དམིགས་བསགས་པས་ཡིན་པ་ངོས་འཛིན་གྱིན་ཡོད། དེ་ཡང་ཆུང་དུས་ངའི་སྤྱི་གཙུག་ཏུ་སྐྲ་དཀར་བཅུ་ལྔ་ཚོམ་བོར་སྐྱེས་ཡོད་པ་དང་ནར་སོན་བཞིན་སོན་བཞིན་རེ་རེ་བཞིན་ཡལ་འགྲོ་བ་དང་གཅིག་པ་རེད།

ཕྱི་ཉིན་ཁྱིམ་མི་རྣམས་ཀྱི་ངོ་གདོང་ལ་མུན་པ་ཞིག་འཁྲིགས་འདུག  དེ་ནི་མདང་དགོང་ང་ལ་གནས་ཚུལ་བྱུང་བས་མ་ཡིན་ཏེ་དུས་རྒྱུན་ཨ་རག་མི་འཐུང་བའི་ཨ་ཁུས་མདང་དགོང་ཨ་རག་མང་པོ་འཐུང་ནས་དེ་རིང་ཡང་བཟི་ཡོད་པས་རེད།  ང་རང་ཕྱི་རོལ་དུ་འཁྱམས་འཁྱམས་དུ་སོང་ནས་ནང་དུ་ལོག་དུས་ཞོགས་པར་ཁྱིམ་མི་ཚོའི་གདོང་ལ་མུན་པ་འཁྲིགས་དོན་དེ་ཤེས་སོང་།  ངའི་ཨ་ཁུས་ངག་ནས་ཚིག་མི་མཛེས་པ་ཡང་ཡང་བཟློས་ཤིང་ངའི་རྨོ་བོས་ཁོའི་རྒྱབ་ནས་གང་འདྲ་འཐེན་ཡང་མི་ཐུབ་པར་ངེད་ཚང་གི་ཁང་རྒྱབ་ཏུ་བཞག་ཡོད་པའི་རྫ་མ་ཆེན་པོ་དེའི་ཐོག་ཏུ་ཤོར་བ་དང་རྫ་མ་ཡར་བཀྱགས་ནས་མར་བརྒྱབ་པ་ན་ཁང་པའི་གྱང་ལའང་བྲག་ཆ་འཁོར་བ་དང་རྫ་མ་དེ་ཐོར་བུ་མང་པོར་གྱུར།  དེ་ནས་ཁོས་ཁང་པ་མེར་བསྲེག་རྒྱུ་ཡིན་ཟེར།  དེའི་རྗེས་ཀྱི་ལོ་མང་པོའི་རིང་ལ་ངའི་ཨ་མྱེ་ཡིས"ཨ་ཁ་ཁ། ངའི་རྫ་མ”ཞེས་མ་ཎི་འདོན་ཞོར་དུ་ཡང་ཡང་བཟློས་པ་གོ་མྱོང་།  ངས་ཨ་མྱེ་ལ"རྫ་མ་ཆག་རོ་དེ་ཁྱོད་ཀྱི་ཡིན་ནམ”ཞེས་དྲིས་པ་ན“འུ་ཚང་གི་མེས་པོ་རྣམས་ནི་བླ་མ་ཚང་གི་གསོལ་དཔོན་ཡིན་པས་རྫ་མ་འདི་བླ་མ་ཚང་གི་གནའ་ཟོག་ཡིན་ངེས”ཟེར།  ངེད་ཚང་མེས་པོ་རྣམས་བླ་མ་ཚང་གི་གསོལ་དཔོན་ཡིན་པས་ངའི་ཨ་མེས་དང་ཨ་ཕ། ཨ་ཁུ་བཅས་ཟ་མ་བཟོ་བར་དགའ་ཞིང་ཁོ་ཚོས་བཟོས་པའི་ཟས་རྣམས་བྲོ་བ་ཞིམ་པ་རྐྱང་རྐྱང་ཡིན།  ང་ལའང་ཟ་མ་བཟོ་བའི་ལྷན་སྐྱེས་ཀྱི་ཡོན་ཏན་ཞིག་ཡོད་པ་རེད། དེ་ནི་མྱེས་པོའི་བྱིན་བརླབས་ཡིན་པར་བཤད།

ཨ་ཁུས་མཁའ་འགྲོ་མའི་ས་ནས་ཆང་བཅད་པ་དང་སླར་ཡང་ཆང་འཐུང་།  ཨ་ཁུས་ཆང་མི་འཐུང་དུས་ང་ལ་མ་ཎི་དང་སྐྱབས་འགྲོ་འདོན་དགོས་ཞེས་ཡང་ཡང་བསྐུལ་གྱི་ཡོད། ཁོ་རང་གིས་ཀྱང་སྒྲོལ་མ་ཡང་ཡང་འདོན་པར་བྱས། ནགས་ཁྲོད་དུ་ཤོ་མང་འཐུ་བར་འགྲོ་དུས་ཀྱང་སྒྲོལ་མ་འདོན་སྒྲས་ང་དང་ཨ་ཁུའི་བར་གྱི་བར་ཐག་ཤེས་པས་ངས་ཨ་ཁུ་འབོར་གྱི་མེད།  ཨ་ཁུས་ང་ལ་ཁ་འདོན་བྱོས་ཞེས་ཡང་ཡང་བསྐུལ་ཡང་ངས་ཨ་ཁུ་ཡོད་སར་ཁ་འདོན་བྱེད་མ་མྱོང་།  ཡིན་ཡང་ང་རང་མཚན་མོར་ཉལ་རྗེས་སྐད་ཆུང་ངུས་འདོན་པ་འདོན་གྱིན་ཡོད། སྐབས་ཤིག་ལ་ང་རང་ཨ་ཁུའི་རུམ་དུ་ཉལ་ཡོད་དུས་སྐད་ཆུང་ངུས་མ་ཎི་འདོན་པ་ན་ཨ་ཁུས་ཚོར་འདུག"གཉིད་ཟིན་ནམ། ཁྱོད་ཀྱི་རྨི་གཏམ་བཤད་པ་ཡིན་ནམ”ཟེར། དེ་ནས་བཟུང་ངས་མ་ཎི་འདོན་དུས་སྒྲ་ཅུང་ཙམ་ཡང་བཏོན་ཕོད་ཀྱི་མེད། ཡིན་ཡང་རྗེས་སུ་བླ་མ་ཞིག་གིས་ཉལ་ནས་འདོན་པའི་ཁ་འདོན་གྱིས་ཚེ་འདི་ལ་ཕན་ཡང་ཕྱི་མར་ཕན་པ་མེད་པར་བཤད་པས་ང་རང་ཉལ་ནས་ཁ་འདོན་བྱེད་པའི་གོམས་གཤིས་དེ་ཡང་རིམ་གྱིས་ཡལ་སོང་། ཨ་ཁུ་ཕོ་གསར་ཞིག་ཡིན་བཞིན་དུ་ཆོས་ལ་འདི་ལྟར་དགའ་དོན་ཡང་ཁོའི་མིག་ལམ་དུ་སུས་ཀྱང་མཐོང་མ་མྱོང་བའི་དངོས་པོ་མང་པོ་ཞིག་མཐོང་གིན་ཡོད་པ་ངས་དེ་དུས་ཤེས་ཀྱིན་མེད།

རྫོང་སྣ་ཞེས་པའི་ནགས་ཁྲོད་ཀྱི་ཟེའུ་འབྲུ་དགོན་པའི་ཉེ་འགྲམ་དུ་ཆུ་མིག་ཉག་གཅིག་ཡོད་པ་དེ་ལས་ཁྲག་རྡོལ་བས་གངས་དཀར་བླ་མས་དགོན་པ་དེ་རི་བོ་དེའི་རྒྱབ་ཀྱི་ད་ལྟ་མིང་ལ་བདེ་སྐྱིད་གྲོང་པ་ཟེར་བའི་གྲོང་པ་དེའི་ཕུག་ཏུ་སྤོས་རྗེས་རང་ཉིད་ཀྱིས་ཆིབས་རྟ་དཀར་པོ་དེ་བཞོན་ནས་རི་བོ་སྟག་མ་རྒྱས་པའི་ཁ་སྤྲོད་ཀྱིས་རི་ཞིག་གི་རྩེ་རུ་བྱོན་ཏེ་ཆིབས་རྟ་དཀར་པོ་དང་ཁ་བཏགས་དཀར་པོ་ཆབ་གཅིག་རི་བོ་སྟག་མ་རྒྱས་པའི་ཕྱོགས་སུ་རླུང་ལ་བསྐུར་བས་ཁོང་ཉིད་དང་གཞི་བདག་སྟག་རྒྱས་གཉིས་རྗེས་ཕྱོགས་དགྲ་རུ་མི་ལངས་བའི་ཞལ་ཆེམས་བཞག    དེ་ནས་བཟུང་གཞི་བདག་སྟག་རྒྱས་ཀྱིས་རྟ་དཀར་པོ་ཞིག་ལ་བཞོན་ནས་འགྲོ་བར་མི་མང་པོས་མཐོང་ཞིང་ཚིག་ཟིན་པའི་སྨ་ར་དཀར་པོ་དེ་སྔར་བཞིན་རིང་པོར་འགྱུར་འདུག་སྐད།

དུས་དེ་ནས་བཟུང་གངས་དཀར་བླ་མ་སྐུ་ཕྲེང་དང་པོ་ཉིད་ཡུལ་ལུང་གང་སར་ཕེབས་ནས་གཏེར་ལེན་པའི་རྣམ་ཐར་བསྐྱངས།  དེ་དག་ལས་མ་ལུང་བྲག་ལས་གསེར་སྐུ་བླངས་བའི་ཚེ་ཆིབས་རྟ་དང་བཅས་ཉེ་འགྲམ་དུ་འབྲོས་ཆོག་ཆོག་བཞག་རྗེས་གསེར་སྐུ་བླངས་རྗེས་རྟ་ལ་བཞོན་ནས་ཕྱི་བལྟས་མེད་པར་བྲོས། རྗེས་སུ་བླ་རྒན་ཞིག་གིས་ཚུལ་དེ་ནི་མི་ཞིག་གིས་གཞན་གྱི་དངོས་པོ་མ་སྦྱིན་པ་ལེན་པ་དང་གཅིག་པ་གཅིག་རྐྱང་རེད་ཟེར།     བླ་མས་བྱང་གི་ཨ་མ་འབུམ་མཚོའི་ཁར་ཏིང་ངེ་འཛིན་ལ་ཉིན་གཅིག་བཞུགས་པ་དང་ཉི་མ་ནུབ་ཁར་མཚོའི་དཀྱིལ་དུ་རིན་པོ་ཆེའི་ཁྲི་ཆེན་པོ་ཞིག་ཡར་ཐོན་ཡོང་བར་བླ་མས་ཕྱག་གཡོག་སློབ་བུ་གཉིས་ལ"ཁྱེད་གཉིས་ཀྱིས་ཁྲི་འདི་དགོན་པའི་ནང་དུ་འཁུར་ཨེ་ཐུབ”ཅེས་དྲིས་པས་ཕྱག་གཡོག་གཉིས་ཀྱིས"ཁྲི་འདི་འདྲ་ཆེན་པོ་ངེད་གཉིས་ཕར་ཞོག  མི་བཅུ་ཡོད་ཀྱང་འཁུར་ཐུབ་རྒྱུ་མ་རེད”ཅེས་ལན་བཏབ་པ་དང་མཉམ་དུ་ཁྲི་ཆེན་པོ་དེ་སླར་ཡང་མཚོ་མོའི་གཏིང་དུ་ལྷུང་བས་བླ་མས"ཨ་ཁ་ཁ། རྟེན་འབྲེལ་མ་འགྲིག་ཐལ”གསུངས།  བླ་མས་དུས་རྒྱུན་དུ“གལ་སྲིད་ཟེའུ་འབྲུ་དགོན་དུ་གྲྭ་བ་ལྔ་བརྒྱ་ཚང་ཐུབ་ན་ངས་རི་བོ་ཞིག་ལས་གྲྭ་བ་ལྔ་བརྒྱའི་གསོལ་བ་བཟོ་ཆོག་པའི་རྫ་མ་ཞིག་གཏེར་ལ་ལེན་ཆོག”གསུངས།  གངས་དཀར་སྤྲུལ་སྐུ་སྐུ་ཕྲེང་དང་པོས་གཏེར་ལ་བླངས་པའི་དངོས་པོ་དག་ལ་ལ་ནི་རིག་གསར་གྱི་སྐབས་སུ་རྐུ་ལ་ཤོར་བ་དང་ལ་ཤས་ནི་དགོན་མེར་ཤོར་བས་ཚིག་པ་དང་བོར་བ་ཡིན་འདུག  མཚན་མོ་ཞིག་དགོན་མེ་ཤོར་བས་གྲྭ་བ་རྣམས་ཀྱིས་བྱམས་པའི་སྐུ་ཕྱི་རུ་དྲངས་མི་ཐུབ་པས་ཅི་བྱ་གཏོལ་མེད་དུ་ལུས་པའི་དུས་བྱམས་པའི་སྐུ་ལས"ཧྲག” ཅེས་སྒྲ་གྲགས་པས་གྲྭ་བ་རྣམས་ཀྱིས་སྐུ་ཐོར་བུ་ཞིབ་ནས་ཕྱི་རོལ་དུ་དྲངས་པའི་བཤད་སྲོལ་ཞིག་འདུག སྐབས་དེ་དུས་བདེ་སྐྱིད་གྲོང་དུ་རུ་བ་ཕལ་པ་ཞིག་ཡོད་ཅིང་ཁོས་དམིགས་རྩེ་མ་ཚར་དབུམ་ཕྲག་དུ་མ་བསགས།  ཡིན་ཡང་ཁོ་ལ་མགོ་ཡུ་འཁོར་བའི་ནད་ཅིག་ཡོད་པས་ཉིན་ཞིག་ཐབ་ནང་གི་ཆུ་ཁོལ་མར་ཕབ་པའི་ཚེ་ན་གློ་བུར་མགོ་ཡུ་འཁོར་ཏེ་འགྱེལ་བས་མགོ་བོ་ཏག་ཏག་ཐབ་ཀྱི་མེ་ནང་ལྷུང་ནས་ཚིག་པས་ཤི  རྣམ་ཤེས་འཁྲུག་པས་བླ་མས་དམིགས་རྩེ་མ་ལ་ནུས་པ་བསམ་གྱིས་མི་ཁྱབ་པས་ངས་ཐུབ་པ་མེད།  དེ་ལས་མཆོད་ན་དགའ་གསུངས་པས་ད་ལྟ་ཡུལ་དེར་མིང་ལ་རྒྱལ་པོ་ཞེས་བཏགས་ཏེ་གཞི་བདག་བཞིན་མཆོད་ཀྱིན་ཡོད་པ་རེད། 

ངའི་ཨ་ཁུ་རི་བོ་སྟག་མ་རྒྱས་པའི་འོག་གི་པ་སྐྱ་ཕུག་ཟེར་བའི་ལུང་པ་དེར་རུ་བ་བསྡད་དུས་ཆང་འཐུང་གིན་མེད་པ་འདྲ།    དེ་ནི་ངས་ཚོད་ཀྱིས་བཤད་པ་མིན། ང་རང་ཨ་ཁུ་བླ་མ་དང་མཉམ་དུ་ཨ་ཁུ་ཆང་འཐུང་ཤེས་མཁན་དེ་རུ་བ་ཅི་ལྟར་བསྡད་ཡོད་པ་བལྟ་བར་སོང་མྱོང་། སྐབས་དེར་ངའི་ཨ་ཁུ་བླ་མ་ལོ་ཉི་ཤུ་སོན་ཙམ་ཡིན་པ་འདྲར་ཨ་ཁུས་ཨ་ཁུ་བླ་མ་ཁྲིད་ནས་རི་དགས་ཀྱི་རྙི་ལ་བལྟ་བ་སོང་བའི་དོན་རྐྱེན་དེ་འདས་ནས་ལོ་ཁ་ཤས་ལས་སོང་མེད། ད་སྐབས་མི་རྣམས་ཀྱིས་དོན་རྐྱེན་དེ་ཕྱི་དྲན་བྱེད་དུས“དེ་དུས་ཁྱོད་ཀྱི་ཨ་ཁུ་བླ་མ་བུ་ལུས ་ཡིན་ཨང”ཞེས་བཤད་ངེས། ལོ་ཁ་ཤས་ཀྱི་སྔོན་གྱི་མཚན་མོར་ངའི་ཨ་ཁུས་ཨ་ཁུ་བླ་མ་ཁྲིད་དེ་རྫོང་སྣའི་ནགས་ན་བཞག་ཡོད་པའི་རི་དགས་ཀྱི་རྙི་ལ་བལྟ་རུ་འགྲོ་གྲབས་བྱས་ནས་ཁྱིམ་དུ་ཇ་འཐུང་བཞིན་པའི་སྐབས་སུ་རྨོ་བོའི་མིག་པགས་ཡང་ཡང་འགུལ་ཡོང་བས"དེ་རིང་ངའི་མིག་པགས་འགུལ་གྱིན་འདུག  ཁྱོད་གཉིས་དེ་རིང་མ་འགྲོ”ཅེས་བཤད་མོད།  ཨ་ཁུས་རྨོ་བའི་ཁ་ལ་མ་ཉན་པར་ཨ་ཁུ་བླ་མ་ཁྲིད་ནས་མུན་དུ་རི་དགས་ཀྱི་རྙི་ལ་བལྟ་བར་སོང་། ཁོ་གཉིས་སོང་ནས་དུས་ཡུན་རིང་པོ་ཞིག་འདས་རྗེས་རྨོ་བས"གཉིད་ཁུག་གི་མི་འདུག”མུན་དུ་ཁེར་ལབ་བརྒྱབ་པ་ན་ངའི་ཨ་ཅག་གིས"ངའང་གཉིད་ཁུག་གི་མི་འདུག”ཅེས་བཤད་འོང་ཞིང་ཨ་མྱེས་ཀྱང“ངའི་སྙིང་ག་ལྡིང་བཞིན་འདུག”ཅེས་བཤད།  མཐར་ངེད་ཚང་གི་ཁྱིམ་མི་གང་བོ་གཉིད་ཁུག་མེད་པ་ཤེས་པ་རེད།

སྐབས་དེར་ཨ་ཁུ་ཆེ་བ་དང་ཨ་ཁུ་བླ་མ་གཉིས་རྫོང་སྣའི་ནགས་ཁྲོད་དུ་སླེབས་ཡོད། ཨ་ཁུ་ཆེ་བ་སྔོན་དུ་འགྲོ་བཞིན་ལམ་གྱི་གཡས་ཕྱོགས་སུ་བལྟ་ཙམ་བྱེད་དུས་དགུ་སྟོད་ཀྱི་སྐབས་སུ་སྦག་འཆམ་དུས་སྦག་མགོ་གྱོན་པའི་ཟེའུ་འབྲུ་དགོན་གྱི་སྲུང་མ་དེ་དང་གཅིག་པ་གཅིག་ཀྱང་ཡིན་པ་ཞིག་གིས་ལྕེ་ལེབ་དམར་པོ་མར་བརྐྱངས་ཏེ་ཚུར་ལྟ་བཞིན་འདུག་པ་མཐོང་བ་དང་གཡོན་ཕྱོགས་སུ་ལྟ་དུས་ཤུག་སྡོང་གི་རྒྱབ་ནས་སྲུང་མས་ཚུར་གབ་ལྟ་བྱེད་པ་མཐོང་བས་རྒྱབ་ཏུ་ཡོང་བཞིན་པའི་ཨ་ཁུ་བླ་མ་ལ"ཁྱོས་འདྲ་མི་འདྲ་ཨ་རིག་དོ”ཞེས་དྲིས་པ་ན"ཆི་མ་རིག”ཅེས་ལན་བཏབ་ཡོང་བས་ཨ་ཁུ་ཆེ་བས"ངས་སྲུང་མ་རིག”ཟེར་བ་ན“མིག་འཕྲུལ་ཡིན་ཡང་སྲིད”ཟེར་བ་དང་ད་དུང་ཡར་ཙམ་སོང་བ་ན་སྲུང་མ་སྐུ་གཅིག་པ་ཞལ་གྱི་རྣམ་འགྱུར་གཅིག་པ་ཅན་མང་པོ་ཞིག་གིས་གར་ལ་རོལ་བཞིན་མདུན་ནས་མར་མར་ཡོང་བཞིན་པ་མཐོང་མ་ཐག“མ་བཟང་ཐལ། མིག་འཕྲུལ་རེད་མི་འདུག ཅི་མགྱོགས་གང་མགྱོགས་ཀྱིས་བྲོས་འགྲོ”ཟེར་བས་ཅི་ཡང་མཐོང་གི་མེད་པའི་ཨ་ཁུ་བླ་མ་ཡང་ཕྱི་ལྟས་མེད་པ་བྲོས་སོང་བ་རེད།  ཉིན་དེའི་མཚན་མོར་གཉིད་མི་ཁུག་པའི་ཁྱིམ་མི་གང་བོས་ཅི་ཞིག་ལ་བསྒུགས་བསྒུགས་མཐར་རྔུལ་ཆུས་ཡོངས་སུ་བརླན་པའི་མི་གཉིས་སྒོ་ནས་ཡར་ཐོན་པ་རིག

རྗེས་སུ་ཨ་ཁུས་མངོན་སུམ་ཁྲོད་ཀྱི་སྲུང་མ་ནི་དགུ་སྟོད་ཀྱི་སྐབས་སུ་སྦག་འཆམ་དུས་ཀྱི་སྲུང་མ་དང་གཅིག་པ་གཅིག་རྐྱང་རེད་ཟེར།  ཨ་ཁུ་བླ་མ་ནི་བླ་མ་ཡིན་པས་རྔོན་ལ་ཁྲིད་མི་ཉན་ངས་དེ་དུས་ཡིད་ལའང་མི་འཁོར་བས་རྔོན་ལ་ཁྲིད་པར་སྲུང་མ་འཁྲོས་པ་རེད་ཟེར།

དགུ་སྟོད་ཀྱི་ཉིན་རྗེས་མའི་ཕྱི་དྲོར་རྒྱ་གླིང་བུས་རྔ་རྡུང་བའི་སྒྲ་དབྱངས་ཀྱི་ཁྲོད་དུ་དཔལ་ལྡན་ཟེའུ་འབྲུ་དགོན་གྱི་ཕྱོགས་བཞིར་འཚུབ་མས་ཁེངས།  སྐབས་དེར་ལྟད་མོ་བ་ཀུན་དགོན་པའི་འཆམ་ར་ནས་ཕྱོགས་བཞིར་བྲོས་འགྲོ། དེ་དུས་སྲུང་མ་སྒོ་ནས་སྟངས་སྟབས་རོལ་བཞིན་འཆམ་རའི་ཕྱོགས་སུ་ཡོང་། ཟེའུ་འབྲུ་དགོན་གྱི་དགུ་སྟོད་སྐབས་སུ་འཆམ་བའི་སྲུང་མ་ནི་མིས་འཁྲབ་པའི་སྲུང་མ་མ་ཡིན། ཡང་གཅིག་བཤད་ན་དེ་ནི་སྲུང་མ་ངོ་མ་ཡིན་ཞེས་བཤད་ཆོག དེའི་རྒྱུ་མཚན་ནི་རྔ་རྡུང་དང་གླིང་འབུད་ཀྱི་ཟང་ཟིང་ཁྲོད་དུ་སྲུང་མ་དེ་དངོས་སུ་སྲུང་མ་འཁྲབ་མཁན་ལུས་ལ་ཞུགས་དགོས་པས་རེད། གལ་སྲིད་སྲུང་མ་དེ་འཁྲབ་མཁན་བླ་མའི་ལུས་ལ་བཞུགས་མ་ཐུབ་ན་སྲུང་མ་འཆམ་པའི་ལེའུ་ལེགས་འགྲུབ་ཡོང་མི་ཐུབ། དེ་ནི་སྲུང་མ་འདྲེན་མི་ཐུབ་པས་རྟེན་འབྲེལ་མ་འགྲིག་པ་རེད།  ལོ་ཞིག་ལ་དགུ་སྟོད་ལྟ་བར་ཡོང་བའི་ཤང་ཀྲང་གསར་བ་དེས"སྲུང་མ་ཟེར་བ་ཞིག་མེད།  མིའི་ལུས་ལ་ཞུགས་པ་ཞིག་གང་ཡོང”ཟེར་ནས་གཞན་ཀུན་བྲོས་ཀྱང་རང་ཉིད་སྔ་མལ་དུ་ཙོག་ནས་བསྡད་པས་སྲུང་མས་འཆམ་རའི་དཀྱིལ་དུ་ཡོད་པའི་བདུག་པ་བདུག་སའི་སླ་ང་ཆེན་པོའི་ནང་གི་མེ་དམར་པོའི་ནང་དུ་ལག་པ་བརྒྱབ་ནས་གཡུགས་ཡོང་དུས་ཁོས"བླ་མ་དཀོན་མཆོག”ཟེར་བཞིན་མི་མང་གི་ཕྱོགས་སུ་བྲོས་ཡོང་སྐད།

བླ་མ་བློ་བཟང་ཞོགས་པ་སྔ་མོ་ནས་ཡར་ལངས་ཏེ་མཆོད་པ་ཆུ་ལེན་བར་དགོན་པའི་ལྕགས་རིའི་ཕྱིར་ཐོན་མ་ཐག་མེ་མདའི་སྒྲ་གྲགས་པ་དང་སར་འགྱེལ། ཁོང་ཉིད་དབུགས་ཆད་ཀྱང་མེ་མདའ་དེ་ཕྱོགས་གང་ཞིག་ནས་འཕངས་ཡོང་བ་ཤེས་མེད་ངེས།  ཡིན་ཡང་ལོ་ངོ་དུ་མར་རྒྱ་བོད་གཉིས་ཀྱི་མཚམས་སུ་ཞི་བདེ་ལོངས་སུ་སྤྱོད་པའི་དགོན་པ་དེ་འདི་ལྟར་གཉིད་ལས་དཀྲོགས་སོང་། ཉིན་དེའི་ཞོགས་པར་གྲྭ་བ་རྣམས་གཉིད་མ་སད་ཀྱིས་ཆོས་དུང་གྲགས་པར་སྒུག་སྐབས་མི་མདའི་ཀག་སྒྲ་རྣ་ལ་གཟན་ཞིག་གིས་ཚ་འཕག་བྱེད་དུ་བཅུག གྲྭ་བ་ཀུན་ཟང་ཟིང་དུ་གྱུར་ཡང་གངས་དཀར་བླ་མ་དུས་རྒྱུན་བཞིན་མལ་ལས་ལངས་ཤིང་དལ་ལྷོད་ལྷོད་ངང་གསོལ་ཇ་བཞེས། གྲྭ་བ་རྣམས་དགོན་པའི་གླིང་ར་ནང་འཛོམས་དགོས་པ་དང་བྲེལ་བ་གང་ཡང་བྱེད་མི་དགོས་པའི་བརྡ་གཏོང་།  མི་རིང་བར་ཁོང་ཉིད་ར་བ་ནང་ཕེབས་ཏེ་གྲྭ་མང་གི་དཀྱིལ་དུ་བཞུགས་ཤིང་ཉེ་འགྲམ་གྱི་གྲྭ་བ་རྣམས་ཀྱིས་བླ་མའི་ཁོང་གི་ན་གཟའ་བཟུང་ནས་བཞུགས་དགོས་པ་དང་དེའི་ཕྱི་རོལ་གྱི་གྲྭ་བ་རྣམས་ཀྱང་ཉེ་འགྲམ་གྱི་གྲྭ་བའི་ན་བཟའ་བཟུང་དགོས་པ།  འདི་ལྟར་དོན་དག་ཅི་ཞིག་བྱུང་ཡང་གྲྭ་བ་ཀུན་སོ་སོའི་ཉེ་འགྲམ་གྱི་གྲྭ་བའི་ན་གཟའ་གློད་མི་ཉན་པའི་བཀའ་སློབ་གནང་སྟེ་ཏིང་ངེ་འཛིན་ལ་རྩེ་གཅིག་ཏུ་བཞུགས། སྐབས་དེར་གོ་མན་དམག་རྣམས་ར་བའི་ནང་དུ་ཐོན་ཏེ་མེ་མདའ་ཆར་འབབ་པ་ལྟར་འཕངས་ཀྱང་ན་གཟའ་གློད་དེ་ཕྱོགས་བཞིར་བྲོས་པའི་གྲྭ་བ་བཅུ་གྲངས་ཤིག་གསོད་པ་ལས་གཞན་བླ་མ་བསྐོར་ནས་རང་སར་བཞུགས་པའི་གྲྭ་བ་ཀུན་ལ་སྐྱོན་ཅི་ཡང་མ་བྱུང་བས་རྒྱའི་འགོ་དཔོན་དེས་རྒྱ་ནག་ཏུ་ཏན་པུའུ་བརྒྱབ་ཏེ"བོད་མའི་རྐོ་བ་སྲ་མོ་རེད་འདུག་པས་མདེའུ་རྣོ་པོར་བཟོ་དགོས་པ་འདུག”ཅེས་བསམ་འཆར་བཏོན་རབས་བཤད།   སྐབས་དེར་བླ་མ་ཡར་བཞེངས་པ་དང་པང་དུ་ཡོད་པའི་མདེའུའི་སྐོགས་པ་་དག་སིང་སིང་གི་སྒྲ་དང་བཅས་གླིང་རིའི་རྡོ་ཐོག་ཏུ་མར་ཟགས།

དུས་དེ་ནས་བཟུང་གངས་དཀར་བླ་མ་འཁོར་དང་བཅས་པ་ནགས་ཁྲོད་དུ་འབྲོས་བའི་རྣམ་མཐར་སྐྱོང་།  དེའི་ནང་ནས་རྒན་འ་འབྲུག་ལ་སོགས་བླ་མ་དཔའ་ངར་ཅན་རྣམས་ལག་གི་ཕྲེང་བ་དོར་ཏེ་མེ་མདའ་བཟུང་བར་རྩོམ།  བཤད་སྲོལ་ལ་རྒན་འ་འབྲུག་ལགས་ཀྱི་མེ་མདའ་དེ་རང་ཉིད་ཀྱིས་བཟོས་པ་རེད་ཟེར། རྒྱ་དམག་རྣམས་བམ་བསྒྲིགས་ནས་རི་བོར་ཡར་འཛེགས་ཡོང་བ་དང་རྒན་འ་འབྲུག་གིས་མེ་མདའ་འཕངས་ཐེངས་རེར་དམག་མི་བཞི་ལྔ་ཙམ་སྦྲེལ་ནས་བསད་པར་བཤད།  རྒྱ་དམག་མང་པོས་གངས་དཀར་བླ་མ་ནགས་ཁྲོད་དུ་དབུ་ལ་རྭ་ཅོ་སྐྱེས་ཏེ་ཕེབས་འགྲོ་བ་མཐོང་བས"བོད་མི་ལ་མདེའུ་མི་ཟུག་པ་ཅི་ཁག་མགོ་ལ་རྭ་ཅོ་ཡང་སྐྱེས་ཡོང་བཞིན་འདུག”ཅེས་བཤད་པར་བོད་མི་ཐུང་སེ་ཞིག་གིས་གོ་བས"རྭ་ཅོ་དངོས་སུ་ཡོད་པ་མ་རེད། དམ་ཅན་ཆོས་རྒྱལ་གྱི་སྤྲུལ་པ་བསྟན་པ་རེད”ཅེས་གསང་བ་བརྟོལ་པས་རྒྱ་རྣམས་ཀྱིས“འོ་ན། བླ་མ་ཀུན་ལ་མདེའུ་མི་ཟུག་པ་དེའང་སྤྲུལ་པ་བསྟན་པ་ཡིན་ནམ”ཞེས་དྲིས་པས་བོད་མི་ཐུང་སེ་དེས“མ་རེད། དེ་ནི་བླ་མ་རྣམས་ལ་གངས་དཀར་བླ་མའི་མཚོན་སྲུང་གྱོན་ཡོད་པས་མདེའུ་དང་གྲིས་མི་ཆོད”ཅེས་པས་རྒྱ་རྣམས་ཀྱིས“འོ་ན། ཅིའི་ཆོད”ཅེས་དྲིས་པས་ཐུང་སེས"ཤིང་གི་མདའ་མོ་རྣོན་པོ་སོགས་ལྕགས་རིཌ་མེད་པའི་མཚོན་ཆས་ཆོད”ཅེས་པས་ཕྱི་ཉིན་ནས་བཟུང་རྒྱ་དམག་རྣམས་ཀྱིས་ལུས་ལ་དེང་རབས་ཅན་གྱི་དམག་ལྭ་གྱོན་པ་དང་ལག་ཏུ་ཧ་ཅང་གདོད་མ་ཡིན་པའི་སྟབས་བདེའི་གཞུ་དང་མདེའུ་མེད་པའི་མདའ་ཁུར་ནས་ཐོན་ཡོང་དུས་མཚོན་གྱི་འཇིགས་པ་ལས་བྲལ་བའི་གྲྭ་བ་རྣམས་མདེའུ་འཕངས་ཡོང་དུས་བྲོས་བ་དང་ཡིབ་པ་སོགས་ཀྱི་གོམས་གཤིས་ཆགས་མེད་པ་ན་ད་ཐེངས་ཀྱང་བྲོས་པ་དང་ཡིབ་པ་གང་ཡང་མ་བྱས་པས་གྲྭ་བ་མང་པོ་ཞིག་མདེའུ་མེད་པའི་མདའ་མོའི་འོག་ཏུ་གྲོངས་པ་རེད།

མཐར་གངས་དཀར་བླ་མ་ཡང་འབྲི་ཆུ་ཕར་ཁའི་ཤུག་སྡོང་ཞིག་གི་འོག་ཏུ་སྐུ་ལ་སྙུང་གཞི་ཕོག་ནས་འདས་ཤིང་སྐུ་སྲུང་པ་བླ་མ་འ་འབྲུག་ཀྱང་རྒྱ་དམག་གིས་ཤིང་གི་མདའ་མོས་བཀྲོངས་པར་བཤད།  འབྲི་ཆུ་ཕར་ཁའི་ཤུག་སྡོང་གི་འོག་ཏུ་འདས་པའི་གངས་དཀར་བླ་མ་ནི་སྐུ་ཕྲེང་གཉིས་པ་དེ་ཡིན་ཁུལ།  གང་ལྟར་སྐུ་ཕྲེང་དང་པོའི་ཚེ་མཇུག་ནས་སྐུ་ཕྲེང་གཉིས་པའི་བར་དམག་འཁྲུག་རྐྱང་རྐྱང་གིས་དུས་འདའ་བ་རེད།

ཨ་ཁུ་བླ་མ་ང་གཉིས་པ་སྐྱ་ཕུག་ཏུ་རུ་བར་བསྡད་ཡོད་པའི་ཨ་ཁུ་ཆང་འཐུང་དེར་ལྟ་བར་འགྲོ་བའི་ལམ་བར་དུ་བྲག་ཅིག་ལས་མར་ཟགས་ཡོང་བའི་རྦབ་ཆུ་ཞིག་མཐོང་བྱུང་།  ཨ་ཁུ་བླ་མས་རྦབ་ཆུ་དེའི་མིང་ལ་ལྦ་ཆུ་ཟེར་ཞེས་བཤད།  ངས"ཆུ་འདི་འཐུང་ན་ལྦ་མི་སྐྱེས་པ་ཨེ་རེད ”ཅེས་དྲིས་པ་ན་ཁོས"མི་ཤེས”ཟེར། "གལ་སྲིད་དེ་ལྟར་ཡིན་ན་ང་གཉིས་ཀྱིས་རྨོ་བོར་ཆུ་འདི་དམ་བེ་གང་ཁུར་སོང་ན་རྨོ་བོའི་ལྦ་དེ་མེད་པར་འགྱུར་ནའང་ཐང”ཞེས་བཤད་འདོད་མོད་བཤད་ཕོད་མ་སོང་།  གལ་སྲིད་ངས་འདི་ལྟར་བཤད་པ་ཡིན་ན་ཨ་ཁུ་བླ་མས་ང་ལ“ཀླ་ཀློ”ཞེས་སྡིགས་ཡོང་ངེས།  ཨ་ཁུ་བླ་མས་བཤད་ན་ཆུ་འདི་དགུན་ཁར་ཚ་མོ་དང་དབྱར་ཁར་གྲང་མོ།  ཞོགས་པར་ཚ་མོ་དང་ཉིན་ཕྱེད་ལ་གྲང་མོ་ཡིན་ཞེས་བཤད་བྱུང་།  ང་གཉིས་ཆུ་དེའི་འགྲམ་དུ་སླེབས་དུས་ཞོགས་པ་ཡིན་པ་འདྲ།  རླངས་པ་ཐོལ་ཐོལ་ངང་བྲག་གསེབ་ནས་མར་བཞུར་འགྲོ་བ་ད་ལྟའང་དྲན་རྒྱུ་འདུག

ང་གཉིས་ཨ་ཁུ་རུ་བ་བསྡད་སའི་པ་སྐྱ་ཕུག་གི་ལུང་པའི་ནང་སླེབས་དུས་ཨ་ཁུས་ཆང་འཐུང་བཞིན་མི་འདུག་ལ་ཁལ་མ་རྣམས་ནགས་སུ་བདར་བ་དང་རང་ཉིད་གུར་གྱི་སྦུབས་སུ་སྒྲོལ་མ་འདྲ་འདོན་བཞིན་ཙོག་འདུག  ང་གཉིས་ནང་དུ་ཐོན་མ་ཐག་སྒྲོལ་མ་འདོན་མཚམས་བཞག་སོང་ལ་ཨ་ཁུ་བླ་མས་མར་ཁུ་མི་འཐུང་ཞེས་ཡང་ཡང་བཤད་ཀྱང་མ་ཁུ་བསྐོལ་བྱུང་། ཉིན་འགའི་སྔོན་དུ་མཆོད་མར་བསྐོལ་བཞིན་པའི་དུས་སུ་གྲོང་རོགས་ཨ་ཁུ་ཆོས་ལྡན་ཐོན་ཚུལ་གླེང་།  ཨ་ཁུ་ཆོས་ལྡན་སྒོ་ནས་ཐོན་མ་ཐག་ཨ་ཁུས་མར་ཁུ་བསྐོལ་བཞིན་པ་མཐོང་བ་དང"ངས་མར་ཁུ་མི་འཐུང”ཞེས་ཡང་ཡང་དུ་བཤད་བྱུང་ཟེར། ཡིན་ཡང་ཨ་ཁུས་མར་ཁུ་དེ་ཁོའི་ཕོར་བ་ནང་མ་བླུགས་པར་མཆོད་རྐོང་ཆེན་པོ་དེའི་ནང་དུ་བླུགས་པ་ན་ཨ་ཁུ་ཆོས་ལྡན་ངོ་ཚ་ནས་ངོ་གདོང་ཡང་དམར་པོར་གྱུར་སོང་ཟེར།

ཨ་ཁུ་བླ་མས་སྐད་ཆ་ཉན་བཞིན་དགོད་པའི་སྐབས་སུ་ཨ་ཁུས་མར་ཁུ་ཕོར་བ་གཉིས་ཀྱི་ནང་དུ་ལག་པ་འདར་བཞིན་མར་ཁུ་བླུགས་པས་ཨེན་ཙམ་མིན་ན་སར་ཤོར་སོང་།  ཨ་ཁུ་བླ་མས“ཁྱོད་ཀྱི་གདོང་མདོག་ཀྱང་ཤོར་འདུག  དོན་དག་ཅི་ཞིག་བྱུང་སོང”ཞེས་དྲིས་པར་ཉིན་འགའི་སྔོན་དུ་ཨ་ཁུ་ཆོས་ལྡན་ཤིང་གཅོད་པར་ཡོང་དུས་སུ་འབྱུང་བའི་དོན་དག་ཅིག་བཤད་བྱུང་།

མཚན་མོར་ཨ་ཁུ་ཆོས་ལྡན་གྱིས་རྒྱབ་ཁུག་ནས་ཕག་ཤ་རྡོག་གཅིག་བླངས་ཏེ་ཐད་ཀར་མེའི་ནང་འཕངས་བ་མཐོང་མ་ཐག་ཨ་ཁུས“ས་མཐོ་སར་ཤ་སྲེག་མི་ཉན། འདྲ་མི་འདྲ་ལ་གནོད་འགྲོ་གི་རེད”ཅེས་བཤད་ཀྱང་ཞོགས་པར་ཁོ་ལ་མར་ཁུ་མི་ལྡུད་པའི་རྐྱེན་ཡིན་ནམ་ཅི་ཡིན་མི་ཤེས་པ་ཐད་ཀར་ཚིག་ཏུ་བཅུག  གྲིས་ཕག་ཤ་ཚིག་རོ་དེ་ཚུར་བླངས་ཏེ་དུམ་བུ་བཟོས་པ་དང་བག་ལེབ་ཀྱི་སྤོད་དུ་བྱས་ནས་ཟོས།  ཨ་ཁུས་བཟའ་འདོད་སྐྱེས་མོད་ཞོགས་པར་ཁོ་ལ་མར་ཁུ་མ་ལྡུད་པས་ཕག་ཤ་རྡོག་གཅིག་སྟེར་རོགས་ཅེས་བཤད་ཐུབ་མ་སོང་ཟེར།

"ཨ་རོགས། ཨ་རོགས”

       ནམ་ཕྱེད་ཙམ་ལ་ཨ་ཁུ་ཆོས་ལྡན་གྱིས་ཨ་ཁུ་འདི་ལྟར་འབོད་ཡོང་དུས་ངའི་ཨ་ཁུས་གཉིད་སྐྱིད་པོ་དེ་ལས་དཀྲོགས་པར་འཚིག་པ་ཟ་བཞིན"ཅི་བྱུང”ཞེས་འདྲི་དུས"ཉོན་དང་། མཚན་གང་ནགས་རི་ནས་གཅན་གཟན་ཡིན་ནམ་གཅིག་ཡར་འགྲོ་མར་འགྲོ་བྱེད་པའི་སྒྲ་གྲག་གིན་འདུག”ཅེས་བཤད་ཡོང་བར་ཨ་ཁུས་ཀྱང་ཞིབ་པར་ཉན་པ་ན་ངོ་མ་ནགས་རི་ནས་གཅན་གཟན་ཡིན་ནམ་གཅིག་ཡར་འགྲོ་མར་ཡོང་བྱེད་པའི་སྒྲ་ཧྲ་ཧྲ་གྲགས་པ་དང་ལྷས་ནང་གི་ཁལ་མ་རྣམས་ཀྱང་འདྲོགས་ཏེ་དྲིལ་བུ་སིང་སིང་དཀྲོལ་བ་དང་སྒོ་འགྲམ་གྱི་ཁྱི་ཕྲུག་དེའང་བར་མེད་དུ་འབ་པ་ཐོས་པས་མལ་ལས་ལངས་ཏེ་ལྷས་སུ་བལྟ་བར་འགྲོ་དུས་ཁལ་མ་ཐམས་ཅད་མི་ཉལ་བར་རྣ་ཅོག་དཀྲོག་དཀྲོག་བྱས་ནས་འགྲེང་འདུག་ཟེར།  ལུང་པའི་ཕ་རོལ་གྱི་ནགས་ཚལ་དུ་གློག་སྒྲོན་བཀར་ནས་བལྟས་ཀྱང་མཐོང་རྒྱུ་གང་ཡང་མི་འདུག་ཟེར།

ཀི་ལན་གསུམ་བརྒྱབ་རྗེས་སླར་མལ་སར་ལོག་ཏེ་ཉལ་ཡང་ཡུད་ཙམ་ལས་མ་འདས་པར་ནགས་རི་ནས་ཅི་ཞིག་མར་མར་འོང་པའི་སྒྲ་གྲག་ཡོང་བས་ཨ་ཁུས་ཨ་ཁུ་ཆོས་ལྡན་ལ"ད་མ་བཟང་ཐལ།  དེ་རིང་ཁྱོས་ཕག་ཤ་བསྲེགས་པས་ལན”ཞེས་བཤད་བཞིན་ཐབ་དུ་བདུག་པ་སྤར་གང་བསྲེགས་རྗེས་མེ་ཁ་གསོས་པ་དང་ཤིང་མང་པོ་བསྲེགས་ཏེ་མེ་ཐབ་རྟ་ཙམ་ཞིག་བརྒྱབ་ནས་བསྡད།  ཡིན་ཡང་ནགས་ཁྲོད་དུ་མར་འོང་མཁན་དེ་ཡལ་རྒྱུ་ཕར་ཞོག་ལྷས་ར་དང་ཇེ་ཉེར་ཡོང་བ་ཚོར།  སྐྲག་པ་དང་མེའི་དྲོད་ཀྱིས་ཁོ་གཉིས་ཀྱི་ལུས་ཡོངས་སུ་རྔུལ་ཆུས་ཁེངས་པ་དང་སྒོ་ནས་མར་བལྟ་དུས་མིག་གཉིས་གློག་སྒྲོན་ལྟར་གསལ་བའི་སྲོག་ཆགས་ཤིག་དལ་བྲེལ་མེད་པར་ལྷས་ར་ནས་སྒོའི་ཕྱོགས་སུ་འོང་བཞིན་པ་མཐོང་།  དེ་ནས་ཁྱི་ཕྲུག་གི་འབ་སྒྲ་མེད་སོང་བ་དང་སྲོག་ཆགས་སྒོ་ཁར་ཐོན་དུས་དུད་འགྲོ་ཞིག་མིན་པར་ཡར་ལངས་ཏེ་ཡོང་མཁན་ཞིག་ཡིན་འདུག ལུས་པོ་ནི་ན་བུན་དང་འདྲ་བར་མག་མོག་ཡིན་མོད་མིག་གཉིས་ནི་གློག་སྒྲོན་བཞིན་གསལ་པོ་འདུག་ཟེར།  ཁོ་གཉིས་སྐྲག་ཐག་ཆོད་དེ་མེ་འབར་བཞིན་པའི་བུད་ཤིང་ཐད་ཀར་མར་དབྱུག་པར་ཁོའི་ལུས་ལ་ཕོག་ཀྱང་ཁོའི་ལུས་ནི་སྟོང་པ་ན་བུན་དང་གཅིག་པ་གཅིག་ཀྱང་རེད་འདུག་པས་མེ་སྒྲོན་བྲང་ཁོག་ལ་ཕོག་ཀྱང་བརྒྱབ་ཕྱོགས་སུ་ཐོན་དེ་ལྷས་སུ་དམར་ལྷང་ངེར་ལྷུང་བ་ལས་སྐྱོན་གང་ཡང་བཟོས་མ་ཐུབ།   སྲོག་ཆགས་དེ་གུར་ནང་ཐོན་ཡོང་དུས་ཁོ་གཉིས་ཀ་ཉལ་ཐོལ་གྱིས་མགོ་བོ་བཏུམས་ཏེ་བསྡད།  སྲོག་ཆགས་དེས་ཐབ་ནང་དུ་དྲི་མ་ཡུན་རིང་ཞིག་སྣུམ་སྣུམ་མཐར་བྲལ་བ་ཐོས་པ་ན། མགོ་མལ་ཐོལ་ནས་ཡར་ཐོན་ཏེ་བལྟ་དུས་མུན་ཡོངས་སུ་གསལ་ཡོད་པ་ཤེས།  ཕྱི་ཉིན་སྒོ་ཁར་བལྟ་དུས་ཁྱི་ཕྲུག་དེ་སྐྱུག་པ་དང་མཉམ་དུ་བརླན་ཤིག་ཤིག་ངང་ལྷས་རའི་དཀྱིལ་དུ་ལྷུང་ཡོད་པ་མཐོང་ཞིང་དབུགས་ཀྱང་ཆད་འདུག་ཟེར།    གཞན་ལྷས་འདབས་སུ་འཛུབ་མོ་དྲུག་ཡོད་པའི་རྗེས་ཆེན་པོ་གཅིག་ལས་གཞན་ཅི་ཡང་མི་འདུག་ཟེར།   ཨ་ཁུ་བླ་མས་དོན་དག་དེ་ཉན་རྗེས་དེ་ནི་དྲི་མ་ཟས་སུ་ཟ་བའི་གཅིག་གཅིག་ཡིན་རྒྱུ་རེད་ཅེས་བཤད་སོང་མོད་ངས་ནི་དེའི་མིང་རྩ་བ་ནས་བརྗེད་འདུག ཨ་ཁུ་བླ་མ་ང་གཉིས་ཁྱིམ་དུ་ལོག་ཁར"ངས་དགོན་པ་ནས་རིམ་འགྲོ་ཁ་ཤས་བྱེད་བཞག”ཅེས་བཤད་མོད་ཨ་ཁུས"རིམ་འགྲོ་བྱེད་དགོས་དོན་མེད། ངས་སྒྲོལ་མ་བརྒྱ་རྩ་ཁ་ཤས་འདོན་པས་ཆོག”ཅེས་ལན་བཏབ་སོང་། 

དགུན་ཁར་རུ་བ་ཡུལ་དུ་བབས་རྗེས། ཨ་ཁུས་ཆང་ཐེངས་མང་འཐུང་ཞིང་ཐེངས་མང་བཅད་སོང་།  རྒྱུ་མཚན་ནི་ཆང་བཅད་དེ་ཉིན་བཅུ་གྲངས་ལས་མ་འདས་གོང་དུ་བཟི་ནས་རང་ངོ་ཡང་མི་ཤེས་པ་འགྱུར་བས་རེད། ཨ་ཁུ་ཆང་གིས་བཟི་རྗེས་སུ་དུས་རྒྱུན་བཞིན་སྨྱོན་པ་ལྟར་མི་བྱེད་ཀྱང་ཉིན་མཚན་མེད་པར་ཉལ་ནས་སྡོད་ཀྱིན་ཡོད།  ཁོ་རང་བཟི་བའི་དུས་སུ་ནང་མི་ཀུན་གྱི་གདོང་ལ་སྤྲིན་ནག་འཁྲིགས་པས་ཁོ་དང་སྙིང་ཉེ་བ་ནི་ང་རང་ཁོ་ན་ཡིན། དེའི་ཕྱིར་ང་རང་དུས་ལྟར་ཁོ་སར་ཟ་མ་བསྐྱལ་བར་འགྲོ་དགོས། འདྲ་མི་འདྲ་ཅི་ཞིག་མཐོང་མེད་སུ་ལའང་བཤད་གི་མི་འདུག ཁོས་ཟ་མ་བཟའ་བཞིན"ཁྱོད་རང་རྒྱ་གར་དུ་འགྲོ་ཨེ་ཐུབ། རྒྱ་གར་དུ་རྩ་བའི་བླ་མ་སྐུ་ཕྲེང་གསུམ་པ་བཞུགས་ཡོད། ཁྱོད་རང་ཁོའི་སར་གྲྭ་བ་ཞིག་བྱེད་ཨེ་ཐུབ”ཅེས་ཡང་ཡང་དུ་དྲིས་ཡོང་མོད། ང་རང་ལོ་ན་ཆུང་དྲགས་པས་ལན་གང་ཡང་བརྒྱབ་མ་ཐུབ། ཁོས་བཤད་པའི་རྩ་བའི་བླ་མ་དེ་གངས་དཀར་བླ་མ་སྐུ་ཕྲེང་གསུམ་པ་ཡིན་པ་ངས་དེ་དུས་ཀྱང་ཤེས་ཀྱི་ཡོད། ཁོ་རང་ཆང་གིས་བཟི་དུས་མཛོད་ཁང་གི་མུན་པའི་ནང་འདི་ལྟར་ཉལ་ནས་བསྡད་པ་ལས་དུས་རྒྱུན་ལྟར་ཨ་ཁུ་བླ་མ་ལ་འདྲ་མི་འདྲ་མཐོང་ཚུལ་བཤད་ཀྱི་མི་འདུག

ཨ་ཁུས་མཁའ་འགྲོ་མའི་ས་ནས་ཆང་བཅད་རྗེས་སླར་ཡང་འཐུང་བས་མཚན་མོ་མང་པོ་ཞིག་ལ་སྒེའུ་ཁུང་ནས་ཅི་ཞིག་གིས་གབ་ལྟ་བྱེད་བཞིན་འདུག་ཅེས་སྐད་ཅོར་རྒྱག་ཡོང་བས་ཁྱིམ་མི་ཚོ་ཟང་ཟིང་དུ་བཟོས། ཉིན་ཞིག་ཨ་ཁུ་ཆང་གིས་བད་ནས་དྲན་པ་མི་གསལ་བའི་དུས་སུ་རྨོ་བོས་ཁོ་རང་ཁྲིད་དེ་མཁའ་འགྲོ་མའི་སར་བཅར་བ་དང་ཆང་བཅད་དུ་བཅུག ཉིན་དེ་མཁའ་འགྲོ་མས་ཚེ་འདོན་ཚེ་བཟུང་ཐེངས་གསུམ་བཏོན་པ་དང"སླར་ཡང་ཆང་འཐུང་ན་ངས་ཀྱང་ཁྱོད་ཀྱི་ཚེ་སྲོག་སྐྱོབ་མི་ཐུབ”ཅེས་གསུངས། ཨ་ཁུས་སེམས་ཐག་ཆོད་པོས“ད་ནས་བཟུང་ཆང་མི་འཐུང་ཐག་གཅོད་ཡིན”ཞེས་བཤད་པས་ཁྱིམ་མི་རྣམས་ཀྱང་སྐད་ཆ་དེ་ལ་ཡིད་ཆེས་ཏེ་ཁོ་རང་སླར་ཡང་རུ་བ་འགྲོ་རུ་བཅུག ཉིན་བཅུ་ཙམ་ལས་མ་འགོར་བར་ལ་ཁར་རྔོན་པར་སོང་ནས་ལོག་ཡོང་བའི་གྲོང་རོགས་བློ་གསལ་གྱིས་ཨ་ཁུས་ཁལ་མ་ཡང་མ་བཏགས་མ་བཞོས་བར་བཟི་ནས་གུར་ནང་ཉལ་འདུག་ཅེས་པའི་ཆ་ཞིག་བརྒྱབ་བྱུང་བ་དང་ངའི་ཨ་མྱེས་དེ་མ་ཐག་རུ་བ་ཡོད་སར་སོང་ནས་ཁོ་ལ་གཤེ་གཤེ་ཚ་ཐག་གཅོད་ཅིག་བཏང་ལ་རུ་བ་ཐང་ནུབ་དུ་སྤོས་ཏེ་རུ་བ་བཀྲ་ཤིས་དང་མཉམ་དུ་རུ་བ་བསྡད་དུ་བཅུག ཨ་མྱེས་རུ་བ་བཀྲ་ཤིས་ལ་ངའི་ཨ་ཁུ་ཆང་འཐུང་དུ་འཇུག་མི་རུང་བ་དང་ཁྱོད་གཉིས་ཕུན་ཚུན་རོགས་རམ་གྱིས་ཁལ་མ་ལ་བདག་གཅེས་བྱེད་དགོས་ཞེས་ཁ་ཏ་ཡང་ཡང་བྱས་རྗེས་ཁྱིམ་དུ་ལོག ཨ་མྱེ་ལོག་མ་ཐག་ཨ་ཁུས་སྔ་མོ་ནས་སྦས་ཡོད་པའི་ཆང་དམ་བླངས་ཏེ་འཐུང་ནའང་རུ་བ་བཀྲ་ཤིས་ཀྱིས་ཁོ་ལ་ཁ་ཡ་བྱེད་ཀྱི་མི་འདུག་ཟེར།

དེ་དུས་ང་རང་སློབ་འབྲིང་འགྲིམ་མ་ཐག་ཡིན། ཡིན་ཡང་ང་རང་གཅིག་མིན་ན་སློབ་བྱོལ་དུ་ཕྱིན་པས་སློབ་གཙོས་ང་རང་ཐེངས་གསུམ་ལ་བདའ་གྲབས་བྱས། ང་རང་སློབ་གྲྭ་ནས་བདའ་ན་ཅི་མ་རུང་སྙམ་ཡང་བདས་བདེན་ནི་བདས་མ་བྱུང་། ཟླ་བཞི་པར་དབྱར་འབུ་རྐོ་དུས་ང་རང་ཕ་ཡུལ་དུ་བྲོས་ཡོང་བ་ཡིན། ཨ་མྱེ་ཡིས"འུ་ཚང་གི་མི་རྒྱུད་དེ་གྱོང་བོ་ཡིན་པས་སློབ་གྲྭས་དྲང་པོར་བཟོ་ཐུབ་གི་མ་རེད”ཅེས་བཤད་པ་ལས་ང་ལ་དམའ་འབེབས་གང་ཡང་བྱས་མ་བྱུང་།

དབྱར་རྩྭ་ངོ་མ་རྐོ་བར་འགྲོ་དུས་མི་གཞན་གྱི་བཤད་སྲོལ་ནང་བཞིན་སྐྱིད་སྣང་གང་ཡང་མི་ཤར། ངས་མདུན་ཕྱོགས་སུ་འབུ་འཚོལ་དུས་གཞན་གྱིས་ངའི་རྒྱབ་ཕྱོགས་སུ་རྐོས་ཡོང་གིན་འདུག་ལ་ངས་གཡས་སུ་འཚོལ་དུས་གཞན་གྱིས་གཡོན་དུ་རྐོས་ཡོང་གིན་འདུག

མུན་འགོ་རུབ་དང་མ་རུབ་པའི་མཚམས་དེ་འབུ་རྐོ་རྣམས་ལ་མཚོན་ན་ཆེས་སྐྱིད་པའི་དུས་དེ་རེད། ཕ་རྒན་རྣམས་ཀྱིས་གུར་ཕུག་ཏུ་ཇ་འཐུང་བཞིན་གནའ་གཏམ་བཤད་རེས་བྱས་ནས་སྡོད་ལ་གཞོན་པ་རྣམས་ཀྱིས་སྒོར་རྡོག་འགའ་རྒྱན་ལ་བཞག་ནས་ཤོག་སྦག་བརྒྱབ། བྱིས་པ་བསམ་མེད་དག་སྤང་ཐང་དུ་ཡར་རྒྱུག་མར་རྒྱུག་བྱེད། ང་འདྲ་བ་བྱིས་པ་མིན་ལ་གཞོན་པ་ཡང་མིན་པ་རྣམས་ནི་སུས་ཀྱང་མི་འཐོང་བའི་ཟུར་ཞིག་ཏུ་འཛོམས་ཏེ་ཕ་རྒན་དག་གི་པར་ཁུག་ནས་བརྐུས་པའི་ཐ་མག་ལ་རོལ་བཞིན་ཡོད། ཉིན་དེ་ཡང་ན་མཉམ་འགའ་སུས་ཀྱང་མི་འཐོང་བའི་ཟུར་ཞིག་ཏུ་འཛོམས་ནས་གྲོགས་བཀྲ་བཟང་གིས་བརྐུས་ཡོང་བའི་ཨ་རག་དཀར་པོ་ཤེལ་དམ་གང་དེ་ངའི་ལག་ཏུ་བཞག་མ་ཐག་ཁ་ཕྱེ་སྟེ་ཁམ་གང་འཐུང་བས་དོན་ལྔ་སྣོད་དྲུག་འཚིག་ལ་ཁད་བྱས། ངས་ཤེལ་དམ་དེ་ངའི་གཡས་སུ་ཙོག་ཡོད་པའི་སྦྱིན་པའི་ལག་ཏུ་བཞག་རྗེས"འདི་འདྲའི་ངར་བ་ལ་ཨང་།རྒན་པ་ཚོ་ཨ་རག་དཀར་པོ་འཐུང་རྒྱུར་འདི་འདྲའི་དགའ་དོན་ཅི་ཡིན་ནམ”ཞེས་དྲིས་པའི་སྐབས་དེར་ནམ་མཁའ་ནས་ངུ་འབོད་སྙིང་ལ་གཟན་པ་ཞིག་གྲགས་བྱུང་། གཡས་གཡོན་གྱི་རི་བོ་ལས་བྲག་ཆ་ཡུན་རིང་མཆེད། ང་ཚོ་སྐྲག་ཐག་ཆོད་དེ་གུར་ཕབ་ཡོད་སར་བྲོས་ཡོང་བ་ཡིན། གུར་ནང་གི་རྒན་གཞོན་ཐམས་ཅད་དུས་རྒྱུན་དང་མི་འདྲ་བར་གདོང་ལ་གཟབ་ནན་གྱི་རྣམ་འགྱུར་ཞིག་བསྡུས་ནས་སྒྲོལ་མ་འདོན་བཞིན་འདུག སྒྲོལ་མ་འདོན་མཚམས་བཞག་མ་ཐག་ང་ཚོས་ངུ་སྒྲ་ཡ་མཚན་ཞིག་ཐོས་བྱུང་ཞིས་བཤད་པ་ན་ཨ་ཁུ་བློ་ལྡན་གྱིས"དེ་ནི་མི་བླ་ཤོར་བའི་ང་རོ་རེད། ཟླ་བ་ཁ་ཤས་ཀྱི་རྗེས་སུ་ང་ཚོ་སྡེ་བའི་ནང་གི་མི་ཞིག་ཤི་རྒྱུ་རེད”ཅེས་བཤད་བྱུང་། ལ་ཁར་མི་བླ་ཤོར་བའི་ངུ་འབོད་ཐོས་པའི་བཤད་སྲོལ་གང་མང་ཞིག་ཐོས་མྱོང་ནའང་དེ་རིང་དངོས་སུ་ཐོས་པ་ཐེངས་དང་པོ་ཡིན་པས་མཚན་གང་པོ་སྐྲག་ནས་གཉིད་སྐྱིད་པོ་ཞིག་ཀྱང་མ་ཁུག

ཉིན་ཁ་ཤས་ཀྱི་རྗེས་སུ་ངའི་ཨ་ཁུ་མལ་སར་ལྷུང་པའི་གཏམ་ཐོས་བྱུང་ལ་ཉིན་ཁ་ཤས་ཀྱི་སྔོན་དུ་ཨ་ཁུ་རུ་བ་སྡོད་ས་ཐང་ནུབ་ཅེས་པའི་ལུང་པའི་ནང་དུ་བླ་མ་མགོ་དུམ་མང་པོ་ཞིག་མཐོང་རབས་མི་ཀུན་གྱིས་བཤད་བཞིན་འདུག ཨ་ཁུས་ཆང་འཐུང་བ་ནས་བཟུང་ལྷ་འདྲེ་མང་པོ་ཞིག་མཐོང་མྱོང་མོད་ཁྱིམ་མི་རྣམས་ལ་ཟུར་ཙམ་རེ་བཤད་པ་ལས་གཞན་མི་སུ་ལའང་བཤད་མི་སྲིད། ཡིན་ཡང་ད་ཐེངས་ཨ་ཁུ་ལྟ་རུ་ཡོང་མཁན་གྱི་གྲོང་པ་ཁྱིམ་མཚེས་ཀུན་ལ་ཨ་ཁུས་བླ་མ་མགོ་དུམ་མཐོང་ཚུལ་དེ་འཆད་བཞིན་འདུག་ཟེར། ཉིན་གཉིས་གསུམ་ཙམ་ལས་མ་འགོར་བར་ཨ་ཁུས་བླ་མ་མགོ་དུམ་མཐོང་བའི་ཚུལ་དེ་ཞིང་གྲོང་ནས་ལ་ཁར་འབུ་རྐོ་སར་ཁུར་བྱུང་།

ཨ་ཁུས་བཞུ་མར་རྣམས་བཞུས་རྗེས། གུར་ཕུག་ཏུ་ཇ་འཐུང་བཞིན་ཉིན་དེ་རྔོན་པར་སོང་བའི་རོགས་པ་རུ་བ་བཀྲ་ཤིས་ལ་བསྒུགས། དུས་རྒྱུན་རུ་བ་བཀྲ་ཤིས་རྔོན་ལ་སོང་ནས་མགྱོགས་པོ་ལག་སྟོང་ངང་ལོག་ཡོང་ནའང་ཉིན་དེར་མུན་རུབ་ལ་ཁད་ཀྱང་ད་དུང་ལོག་མ་ཡོང་བས་རི་དྭགས་ཤིག་གསོད་ཐུབ་སོང་བ་མིན་ནམ་སྙམ་སྐབས་ཁ་གཏད་ཀྱི་ནགས་རིའི་རྩེ་ནས"ཀྭི”ཞེས་ཀི་སྒྲ་བརྒྱབ་པ་ཐོས་མ་ཐག་ངའི་རོགས་པ་སླེབ་ཡོང་བ་འདྲ་སྙམ་བཞིན"ཀྭི”ཞེས་ལན་བརྒྱབ་ཏེ་ཡུན་རིང་ལ་བསྒུགས་ཀྱང་ཡོང་རྒྱུ་མི་འདུག་པ་འདི་ཅི་ཡིན་ནམ་སྙམ་བཞིན་ལྷས་ནས་ནགས་རིའི་ཕྱོགས་སུ་ཀི་ཁ་ཤས་བརྒྱབ་པ་ན་ནགས་ཀྱི་དཀྱིལ་ནས་ཀི་ལན་བརྒྱབ་པ་ཐོས་པས"རྒྱུ་མ་རིང་པོ་འདི”ཞེས་ཁེར་ལབ་བྱེད་བཞིན་གུར་ནང་དུ་ལོག ཡིན་ཡང་དུས་ཡུན་རིང་པོ་ཞིག་ལ་བསྒུགས་ཀྱང་ཡོང་རྒྱུ་མེད་པ་འདི་ཅི་ཡིན་ནམ་སྙམ་གྱིན་ཀི་ཞིག་བརྒྱབ་པ་ན་གུར་གྱི་རྒྱབ་ནས་ཀི་ལན་རྣ་བར་སིང་སྒྲ་གྲགས་དགོས་པ་ཞིག་གྲགས་བྱུང་བས་ཨ་ཁུ་ཁྲོས་སྟེ "སྤྲང་རྒན་འདི”ཟེར་བཞིན་ལྷས་སུ་སོང་བ་ན་ལྷས་འདབས་སུ་བླ་མ་མང་པོས་ཤིང་གཅོད་པ་དང་མེ་འབུད་པ། ཇ་བསྐོལ་བ་སོགས་ཀྱིས་ཟང་ཟིང་བྱེད་བཞིན་པ་མཐོང་བ་ན"རྒན་ལགས། ཇ་གུར་ནང་དུ་འཐུང་བར་ཤོག”ཅེས་འབོད་པ་ན་བླ་མ་ཞིག་གིས་ཚུར་ཡོང་དགོས་པའི་གཡབ་མོ་བྱེད་བཞིན་འདུག་པས་ཁོ་ཚོས་མ་གོ་བ་ཡིན་ནམ་སྙམ་གྱིན་ཁོས་ཀྱང་གཡབ་མོ་བྱས་པ་ན་བླ་མ་དེ་གུར་གྱི་ཕྱོགས་སུ་ཡོང་བཞིན་ལག་པ་ཕར་གཡུག་ཚུར་གཡུག་གིསས་སྐད་ཆ་མང་པོ་ཞིག་བཤད་བཞིན་པ་འདྲ་ཡང་སྒྲ་ཅི་ཡང་ཐོན་བཞིན་མི་འདུག་པས་ཅི་ཡིན་ནམ་སྙམ་གྱིན་ཞིབ་པར་བལྟས་པ་ན་མ་གཞི་བླ་མ་དེ་ལ་མགོ་བོ་རྩ་བ་ནས་མེད་པ་རིག མགོ་མེད་པའི་སྐེ་སྡོང་ཆད་འཕྲོ་ལས་ཁྲག་དམར་ལྷུག་ལྷུག་ཏུ་འབབ་བཞིན་པ་རིག་མ་ཐག་གུར་ནང་བྲོས་སོང་བ་དང་མལ་ཐུལ་ཀྱི་མགོ་བོ་བཏུམས་ནས་བསྡད། ཅང་མ་འགོར་བ་གུར་ནང་མི་མང་པོ་ཞིག་འཛུལ་ཡོང་ཞིང་ཤིང་བཅགས་པ་དང་མེ་འབུད་པ་སོགས་ཟང་ཟིང་བྱས་ཀྱང་ཁ་བརྡ་བྱེད་པའི་སྒྲ་ནི་གཅིག་ཀྱང་གྲགས་རྒྱུ་མེད་པས་ཁོས་སྒྲོལ་མ་ཞིག་བཏོན་མོད་སྐྲག་སྟེ་ལྕེ་ལེབ་རྡོ་ལྟར་སྲ་བས་ཁ་ནས་ཚིག་འབྲུ་གཅིག་ཀྱང་ཐོན་མ་ཐུབ།

མཚན་མོར་རུ་བ་བཀྲ་ཤིས་གུར་ནང་ལོག་མ་ཐག་མགོ་བོ་བཏུམས་ནས་ཉལ་ཡོད་པའི་ཨ་ཁུ་མཐོང་མ་ཐག་ཡང་ཆང་འཐུང་བ་འདྲ་སྙམ་གྱིན་མལ་ཐུལ་མར་འཐེན་པ་ན་རྔུལ་ཆུས་ཡོངས་སུ་བརླན་པའི་ཨ་ཁུ་མཐོང་བྱུང་བ་དང"ཁྱོད་ལ་ཅི་བྱུང”ཞེས་ཡང་ཡང་བོས་ཀྱང་ཨ་ཁུས་མིག་བགྲད་ནས་བསྡད་པ་ལས་སྐད་ཆ་ཚིག་གཅིག་ཀྱང་བཤད་མི་ཐུབ་པ་མཐོང་བས་རུ་བ་བཀྲ་ཤིས་ཀྱིས་ཨ་ཁུ་རྒྱབ་ཏུ་ཁུར་ནས་ཡུལ་ཕྱོགས་སུ་རྒྱུགས་སོང་བ་ཡིན་འདུག

ངའི་ཨ་ཁུས་བླ་མ་མགོ་དུམ་མཐོང་བའི་ཚུལ་དེ་འབུ་རྐོ་སའི་ལ་ཁར་མི་རྣམས་ཀྱིས་ཡང་ཡང་ཟློས་པའི་བར་གསེང་དུ་མཐོང་རྒྱ་ཅུང་ཙམ་ཆེ་བའི་ཨ་ཁུ་བློ་ལྡན་གྱིས་དེ་འབྲེལ་གྱི་དོན་དག་གཞན་ཞིག་བཤད་བྱུང་། ཟེའུ་འབྲུ་དགོན་གྱི་བླ་མ་རྣམས་ཀྱིས་གངས་དཀར་བླ་མའི་མཚོན་སྲུང་གྱོན་ཡོད་པས་ནགས་ཁྲོད་དུ་བྲོས་པའི་བགྲང་བྱ་དེ་དག་གི་རིང་རྒྱ་དམག་གི་མདེའུ་ཡིས་མི་ཆོད་པས་དོགས་ཟོན་དང་སྐྲག་སྣང་ཇེ་ཆུང་དུ་སོང་སྟེ་ཐང་ནུབ་ཏུ་ཇ་དུ་བ་སྔོ་ཐོལ་ཐོལ་གྱིས་སྐོལ་བཞིན་ཡོད་ཙ་ན་མདེའུ་མེད་པའི་ཤིང་མདའ་དང་ལྕགས་ཀྱི་སོ་མེད་པའི་ཤིང་མདུང་སོགས་ཆེས་གདོད་མའི་མཚོན་ཆ་འཁུར་བའི་རྒྱ་དམག་གིས་ཕྱོགས་བཞིའི་ནགས་ཚལ་ཡོངས་སུ་བསྐོར་ཟིན་པ་སུས་ཀྱང་ཤེས་མེད། ཐམས་ཅད་དལ་ལྷོད་ལྷོད་ངང་ཇ་འཐུང་གྲབས་ཡོད་དུས་ནམ་མཁའ་ནས་མདའ་མོ་ཆར་འབབ་པ་བཞིན་ལྷུང་ཞིང་ལུས་ལ་ཕོག་ཚད་མཚོན་གྱིས་མ་འཁེགས་པར་ཐད་ཀར་ཟུག་ཡོང་པས་མ་གྲོངས་མ་རྨས་པ་རྣམས་ཕྱོགས་བཞིར་བྲོས་ཀྱང་ཕྱོགས་བཞིའི་ནགས་ཚལ་ནས་ཐོན་ཡོང་བའི་རྒྱ་དམག་གིས་ཤིང་གི་མདུང་མོས་བཀྲོངས་པ་རེད། རྒྱ་དམག་གིས་གང་ཐོབ་ཅི་ཐོབ་ཀྱིས་གྲྭ་བའི་དབུ་རྣམས་བཅད་ནས་དམག་དཔོན་གྱི་སར་བྱ་དགའ་ལེན་དུ་སོང་བ་རེད་ཟེར།

འབུ་མཚམས་ཆད་རྗེས་ང་རང་ཁྱིམ་དུ་ལོག་སོང་དུས་ངའི་ཨ་ཁུ་ཟླ་གཉིས་ཀྱི་སྔོན་ནས་འདས་ཟིན་འདུག་ལ་པུར་སྲེག་ཀྱང་བྱས་ཟིན་འདུག ང་རང་ཁྱིམ་དུ་ལོག་ཉིན་གྱི་མཚན་མོ་དེར་ངུ་འབོད་བྱེད་བཞིན་ཡུན་རིང་ཞིག་ལ་ངུས་པས་ཉིན་ཁ་ཤས་ཀྱི་རྗེས་སུ་ཡུལ་མི་རྣམས་ཀྱིས་ང་ལ་སྨྱོ་ནད་ཅུང་ཙམ་ཡོད་རབས་གླེང་བཞིན་འདུག དེ་ནས་བཟུང་ང་རང་གངས་དཀར་བླ་མ་སྐུ་རབས་གཉིས་རུབ་རྗེས་ངའི་ཨ་ཁུ་ཡང་རུབ་སོང་བའི་མུན་པའི་ཡུལ་དེ་དང་བྲལ་ནས་ཐག་རིང་གི་མི་ཡུལ་དུ་སློབ་གཉེར་བྱེད་དུ་ཕྱིན་པ་ཡིན། ང་རང་མི་ཡུལ་གྱི་མཚན་མོ་མང་པོར་ནམ་མཁའ་ལ་ཧད་དེ་བསྡད། སྣང་བ་ཞིག་ལ་མུན་པ་ནག་པོ་ཞིག་ངའི་ཕྱོགས་སུ་ཚུར་ཚུར་འོང་བཞིན་འདུག  ཉིན་རེ་ནས་ཉིན་རེར་ཇེ་ནག་ཏུ་འགྲོ་བཞིན་པའི་མི་ཡུལ་གྱི་ཟླ་བ་དེའི་རྟགས་དང་ལྟས་ཀྱིས་ང་རང་གང་དུ་བྲོས་ཀྱང་མེས་པོ་ཚོ་རུབ་ནས་ཡོང་བའི་ལོ་རྒྱུས་ཀྱི་མུན་ནག་དེ་ལས་ཐར་ཐབས་མེད་པ་ཤེས་འོང་། ལྟོས་དང་།    མུན་པ་དེ་ཚུར་ཚུར་ཡོང་བཞིན་འདུག

རྩོམ་སྒྲིག་པ། དབང་མོ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཟླ་བ་ནག་ནག

2017-03-13 ཀླད་ཀོར། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།