ཚེ་རིང་སྒྲོལ་མ།
༡
ཕྱི་དྲོ་ཞིག་ལ། ཆར་བ་ཤག་ཤག་ཏུ་བབས་བྱུང་། མི་ཚོགས་ལང་ལོང་ཁྲོད་ཀྱི་ཁོ་ཚོས་ཆར་གདུགས་མགོ་རུ་ཀེར་ནས་བྱ་བ་གང་ཞིག་གི་ཆེད་དུ་བྲེལ་འཚུབ་ཀྱིས་རྒྱུག་གིན་འདུག མི་ཚོགས་ཀྱི་ཁྲོད་དུ་མི་རེ་རེ་ནི་ཁུ་སིམ་དང་ཁེར་རྐྱང་གིས་འདུར་གྱིན་པ་འདྲ། ཡིན་ཡང་ཀྲུའུ་ཅང་གཙང་བོའི་འགྲམ་གྱི་ཀོང་ཀྲུའུ་མཆོད་རྟེན་དེ་སྔར་བཞིན་སེམས་བག་ཕེབས་སུ་གནས་འདུག་པ་ལྟར་ཁེར་རྐྱང་དུ་ཀྲོང་ངེར་འགྱིང་འདུག ཆར་ཤོད་ཇི་ལྟར་རྒོད་ཀྱང་ཁོ་རང་ཡིད་འཚིམ་པ་ལྟར་གནས་འདུག་པ་དེས་ཤེལ་ཁང་ན་རྒྱང་བལྟར་གཡེང་བའི་ང་ལ་སེམས་ཤུགས་ཤིག་བསྩལ་བྱུང་།
མཚོ་བོད་མཐོ་སྒང་ནས་ཐོན་པའི་འབྲོག་ཕྲུག་ང་ལྟ་བུ་ཞིག་ལ་མཚོན་ན་ཀོང་ཀྲུའུ་གྲོང་ཁྱེར་ནས་མི་ལོ་བཞི་ལྷག་ལ་འཚོ་བ་བཅའ་བ་ནི་བཙོན་མ་ལས་ཀྱང་སྡུག་ཏུ་མཐོང་བར་སྙམ་སོང་། འདི་ལྟར་མི་རིགས་མི་གཅིག་ཅིང་། གོམས་སྲོལ་ཡང་མི་གཅིག་པའི་རྒྱུས་མེད་ཀྱི་མི་བུ་དེ་ཚོ་དང་ཐོག་མར་སློབ་གྲོགས་སུ་གྱུར་ཅིང་། སློབ་གྲོགས་ནས་གྲོགས་པོ་རུ་ཇི་ལྟར་འགྱུར་རྒྱུ་ནི་གྲོང་ཁྱེར་འདིར་ཐོན་མ་ཐག་ངའི་ཆེས་ཐོག་མའི་སེམས་ཚེགས་སུ་གྱུར་སོང་། ཕ་མ་དང་བྲལ་ཞིང་གཉེན་ཉེ་ཚོ་དང་ཡང་གྱེས་ནས་ས་མཐར་འགྲིམས་པའི་ཁེར་རྐྱང་གི་མི་བུ་ང་རང་། ཡང་ན་རྒྱའི་སྤྱི་སྐད་ཏ་མ་ཏིག་ཙམ་ཞིག་ལས་བཤད་མི་ཤེས་པའི་ངས་ཀོང་ཀྲོའུ་ཡི་ཡུལ་སྐད་ལ་འདྲིས་པའི་གྲོགས་པོ་དག་ལ་གདོང་ཇི་ལྟར་གཏོད། སྐབས་དེར་ངས་དྲན་འོང་བ་ནི་མཐོ་འབྲིང་གི་སློབ་གྲོགས་དག་ཡིན་ལ། སློབ་གྲོགས་ཟེར་བའི་ཡང་སྙིང་དེ་ཡང་འདི་ནས་བཟུང་ཧ་གོ་བྱུང་། རྒྱ་མི་ཚོའི་འགྲོ་འདུག་སྤྱོད་གསུམ་དང་ཟས་གོས་ཉལ་སྟངས་ལ་སོགས་གང་གི་འཐད་ནས་ཀྱང་རང་རེའི་བོད་རིགས་དང་འདྲ་བོར་མི་ཆགས་པས། རང་ཉིད་འཇིག་རྟེན་གཞན་ཞིག་ན་ཡོད་པའི་སྣང་བ་ཞིག་སྟེར་འོང་།
ཚེ་རིང་སྒྲོལ་མ་ནི་ངའི་མཐོ་འབྲིང་སྐབས་ཀྱི་མཛའ་མོ་གཅིག་པུ་དེ་ཡིན། ང་རང་སྐབས་སྐབས་སུ་ཟ་ཆད་འདྲ་བྱུང་དུས་མོས་ང་ལ་ཟས་བྱང་སྟེར་སྲིད་ལ། གཟའ་མཇུག་ཏུ་ངའི་གོན་པ་ཚང་མ་གྲ་དག་གིས་བཀྲུ་སྲིད་པས། ང་རང་ཕག་ལྟར་ཉལ་བས་ཆོག ང་ཚོའི་སློབ་གྲྭ་ནི་རྫོང་ཐོག་གི་གྲོང་མཐའ་ཞིག་ཏུ་ཆགས་ཡོད་པས་མཚམས་མཚམས་སུ་སློབ་གྲོགས་ཚོའི་གྱེར་ཀློག་གི་སྒྲ་དབྱངས་ཤིག་གང་སར་ཁྱབ་འགྲོ་བ་མ་གཏོགས་ཧ་ཅང་ལྷིང་འཇགས་ཀྱི་འཇིག་རྟེན་ཆུང་ཆུང་ཞིག་ཏུ་བསམ་ཆོག སློབ་གྲྭ་ལ་སློབ་མ་སྟོང་ཕྲག་གཅིག་ལྷག་ཡོད་ལ། ང་རང་གིས་མཐོ་འབྲིང་གི་ལོ་གསུམ་པོར་སློབ་གྲྭ་འདི་ནས་སློབ་སྦྱོར་བྱས་པ་ཡིན། ལོ་གསུམ་གྱི་རིང་ལ་ཚེ་རིང་སྒྲོལ་མ་ནི་ངའི་སྐྱིད་སྡུག་བཤད་ས་ཡིན་ལ། ང་ནི་མོའི་སྙིང་གཏམ་གླེང་ས་ཞིག་ཏུ་གྱུར་སོང་བར་ཕྱིར་དྲན་རེ་བྱས་ཚེ་ཧ་ཅང་བཟོད་གླགས་མེད་པ་ཞིག་རེད་འདུག
ལྷག་པར་དུ་མཐོ་རྒྱུགས་ཀྱི་སྐར་མ་ཐོན་པ་ནས་བཟུང་ངེད་གཉིས་ཀྱི་བར་ཐག་ཇེ་རིང་དུ་བུད་སོང་བའི་ཚོར་བ་ཞིག་བདག་ལ་སྐྱེས། དང་ཐོག་ངས་མོ་རང་བསུ་བའི་དམིགས་ཡུལ་དེའང་གཞན་དག་དང་འདྲ་བར་རང་ཉིད་ཀྱི་མཚན་ལམ་གཅིག་གི་འདོད་པ་སྐོང་བར་རེ་ནས་མོ་ལ་རྫུན་དང་སྒྱུ་ཡིས་མགོ་བསྐོར་འོང་བ་ཞིག་ཡིན་ལ། འདོད་པའི་གར་ལ་རོལ་བའི་མཚན་ལམ་རིང་མོ་དེ་ནི་ངའི་མི་ཚེ་འདི་ཡི་བདེ་སྐྱིད་ཐོག་མ་རུ་བསམ་གྱིན་ཡོད་མོད། དེའི་རྗེས་སུ་ལས་བསམ་སར་མ་སོང་བསགས་སར་སོང་བས་ངེད་གཉིས་ཀྱི་རུམ་ཁར་བརྩེ་བའི་དྲོད་ཁོལ་ཞིག་འཁྱིལ་བྱུང་། ད་ལྟ་ཞིབ་འདང་རེ་རྒྱབ་ཚེ་དེ་ལ་དོན་བཟང་ཟེར་རམ་དོན་ངན་ཟེར་དགོས་པ་གང་ཡིན་ཤེས་མ་སོང་། གང་ལྟར་ངེད་གཉིས་ཀྱི་འཚོ་བའི་དབུ་ཁྱུད་འདོད་ཁམས་ཀྱིས་བསུས་ཤིང་། བར་དུ་བརྩེ་བའི་འཇའ་རིས་ཀྱིས་ཁྲིད་སོང་།
ངས་དེ་ལྟར་བསམ་ཞོར་མདང་དགོང་ཁ་པར་མ་བླངས་པའི་དོན་དེ་ལ་མགོ་འཐོམས་ནས་ཡུད་ཙམ་ལུས། ངའི་མཛུབ་གུའི་འཇོར་བ་ལག་ཏུ་ཐོགས་ནས་སྙིང་ཉེ་བའི་མི་དེ་དང་སེམས་གཏམ་བརྐོས་ཏེ་བསྐུར་བར་རྩོམ།
“ཚེ་རིང་སྒྲོལ་མ། ཁྱེད་རང་ང་ལ་སྙིང་ཉེ་བས་ཡིན་ནམ་སུན་དྲགས་པས་ཡིན། གང་ལྟར། བར་ཐག་རིང་རུང་། སེམས་ཐག་ཉེ་དགོས། རྒྱུ་མཚན་འུ་གཉིས་ལྷན་དུ་འགྲོགས་ཤིང་ཡུན་གྱིས་འདྲིས་པའི་བརྩེ་དུང་དེ་སུས་ཀྱང་ཚབ་མར་བྱ་ཐབས་བྲལ། ཚེ་རིང་སྒྲོལ་མ། ཁྱེད་ནི་ངའི་ན་ཟུག་ཁྲོད་བཞད་པའི་མེ་ཏོག་རྐང་གཅིག་སྟེ། ཁྱེད་ཀྱི་དགོད་འཛུམ་ཁྲོད་ནས་ངའི་མི་ཚེ་བསྐྱལ་དགོས། ནམ་རྒྱུན་ཁྱེད་ཀྱིས་བརྩེ་དུང་གི་དར་ལྕག་འཕྱར་ནས་ང་ལ་འགྲམ་ལྕག་ཡང་ཡང་བཞུས་ཚེ། སྐྱིད་ལ་སྡུག་པའི་ངའི་གྲོང་ཁྱེར་གྱི་འཚོ་བ་དེ་ཡང་ལྷིང་འཇགས་ཤིག་ཏུ་གྱུར་ཡོད་པ་གཞི་ནས་རྟོགས་འོང་། སྙིང་ཉེ་ལགས། དེ་ལྟར་མི་བྱ་རོགས། ་་་་་་་་་་”
བསྐུར་ཟིན་པའི་བརྩེ་འཕྲིན་དེ་དག་ལ་ཡང་ཡང་བལྟས་ཤིང་། ཕྱིར་ལན་སློག་པར་རེ་ནས་ཇ་ཕོར་དུ་མིང་མི་ཤེས་པའི་ཇ་དེ་སྦངས་རྗེས་འཐུང་ནས་སྒུག
༢
དེ་ནི་དབྱར་ཁའི་ཉིན་ཞིག་སྟེ། རྩ་ཁྲིམས་དགེ་རྒན་གྱིས་ང་ཚོའི་མི་རེ་རེ་ལ་རང་ཚོའི་ཕ་ཡུལ་ཕྱོགས་ཀྱི་གྱོད་དོན་གསར་བ་མང་པོ་ཞིག་སྔོག་འདོན་བྱེད་རྒྱུའི་ལས་བྱ་ཞིག་བཀོད་སྒྲིག་བྱས་པ་ལ། དེ་རིང་སོ་མ་བྲིས་ཚར་བས་དགེ་རྒན་གྱི་གཞུང་སྒྲུབ་ཁང་ལ་སྤྲོད་དུ་སོང་ཡང་། དགེ་རྒན་གྱི་མིང་མི་ཤེས་པས་མྱུར་མོར་རྙེད་ཐབས་མ་བྱུང་བས། བར་ཁྱམས་ཀྱི་རྐུབ་སྟེགས་ཤིག་གི་སྟེང་དུ་བསྡད་དེ་ངལ་གསོ་ཙམ་བྱས་མ་ཐག གསལ་ལ་མི་གསལ་བའི་འཕྲིན་ཐུང་གི་བརྡ་གཏོང་ཞིག་གྲགས་བྱུང་།དེ་ནི་མོས་ང་ལ་འཕྲིན་ཐུང་ཞིག་ཏུ་འཚམས་འདྲི་དང་བཅས་མོ་རང་དབྱར་གནང་གི་དུས་ཚོད་དེ་བེད་སྤྱད་ནས་ནང་ལོག་གི་གྲོང་ཁྱེར་ཞིག་ཏུ་ཞོར་ལས་སུ་འགྲོ་རབས་ཀྱི་གནས་ཚུལ་བསྐུར་འདུག འཕྲིན་ཐུང་དེར་བལྟས་མ་ཐག་གློ་བུར་དུ་ངའི་ཁོག་ལ་ཆུ་འཁྱག་ཟོ་གང་བླུགས་པ་ལྟར་སེམས་པ་འཁྱགས་ལོག་གེར་གྱུར། ཁྱོད་ལ་འགྲོ་རོགས་ཡོད་དམ་ཞེས་འདྲི་དགོས་བསམ་མོད། གོ་བ་ལོག་པར་དོགས་ནས་མ་དྲིས། མོ་ལ་ཡང་བསྐྱར་གསར་བུ་ཞིག་གིས་མགོ་སྐོར་བཏང་གིན་པ་འདྲ། དེའང་ང་ལན་པ་ཡིན་ཏེ། ངས་མོ་ལ་ཁ་བརྡ་རེ་བྱེད་དུས་གྲོང་ཁྱེར་གྱི་འདུ་འཛི་རྒོད་ཚུལ་དང་། ལྟད་མོ་མང་ཚུལ། མཐོང་ཐོས་མོད་ཚུལ། བཟོ་བཀོད་ཁྱད་མཚར་ཡིན་ཚུལ་སོགས་ལབ་རྒྱུ་མང་སོང་བས་ཡིན། མོ་ཡང་ནང་ལོག་གི་གྲོང་ཁྱེར་ཞིག་ཏུ་འོང་རྒྱུའི་འདོད་ཚུལ་སྐྱེས་ཀྱིན་པ་ངས་སྔུན་ནས་བཟུང་ཤེས་ཡོད་མོད། འོན་ཀྱང་འདི་ལྟར་གསར་བུ་ཞིག་གི་རྗེས་སུ་འབྲང་རྒྱུ་ཞིག་བློ་ལ་ཡང་སྐྱེས་མྱོང་མེད། གལ་ཏེ་ངའི་འདང་བརྒྱབ་པ་འཆུག་པ་མིན་ན་ཕལ་ཆེར་མོ་གསར་བུ་ཞིག་གི་རྗེས་སུ་འབྲངས་ནས་འགྲོ་རྒྱུ་རེད། གལ་ཏེ་དེ་འདྲ་ཞིག་ཡིན་ཚེ་ད་ཅི་བྱ། ངས་མོ་ལ་གྲོང་ཁྱེར་གླེང་དོན་ཡང་དོན་ངོ་མས་བཤད་ན་མོ་ཀོང་ཀྲུའུ་གྲོང་ཁྱེར་དུ་ང་ལ་བལྟ་རུ་འོང་རྒྱུའི་དམིགས་ཡུལ་བཟུང་བ་ཙམ་ཡིན། ད་ཅི་བྱ། ཞེས་རང་གིས་རང་ལ་ལེ་བདའ་དང་འགྱོད་གདུང་དྲགས་པོ་ཞིག་སྐྱེས་པས་མྱུར་དུ་ཅི་བསྐུར་དགོས་པ་ཡང་མི་ཤེས་པར་གྱུར། ངོ་མ་ལས་བསམ་སར་མ་སོང་གསེག་སར་ལ་བུད་སོང་བ་འདྲ།
དོ་ནུབ། སྟོན་མཇུག་གི་ཟླ་བ་ངའི་བར་སྣང་དུ་ཤར་བྱུང་། འཁྱག་སིབ་སིབ་ཀྱི་ཟླ་བ། ངའི་སེམས་ཁོང་བརྒྱུད་ནས། འཇམ་ཐང་ཐིང་གི། དཀར་གཙང་གཙང་གི། ངའི་ཕ་ཡུལ་གྱི་གྲོང་ཚོར་ལྷིང་འཇགས་ཀྱིས་འཕྲོས་བྱུང་། དོ་ནུབ། ཞི་འཇམ་གྱི་ཟླ་བ། ཕ་ཡུལ་གྱི་ཟླ་བ། ངའི་ཁེར་རྐྱང་གི་དྲན་གདུང་ཇི་བཞིན། ངའི་སྟོན་ལྗོངས་སུ་སྡོད་པའི་སྒྲོལ་མ། ངའི་ཕ་ཡུལ་དུ་སྡོད་པའི་སྒྲོལ་མ་དྲན་བྱུང་། ་་་་་་་་་་་
དོ་དགོང་ཡང་འདི་ལྟར་རྒན་ཞི་བདེའི་སྒྲོལ་མ་དྲན་བྱུང་ཞེས་པའི་སྙན་ངག་དེ་ཡང་བསྐྱར་གྱེར་དགོས་བྱུང་སོང་། ངའི་སློབ་ཆེན་གྱི་འཚོ་བའི་ཁྲོད་དུ་སྒྲོལ་མས་གོ་གནས་གལ་ཆེན་ཞིག་ཟིན་ཡོད་པ་བཞིན་སྒྲོལ་མ་དྲན་བྱུང་ཞེས་པའི་སྙན་ངག་འདིས་ཀྱང་ངའི་འཚོ་བའི་ཁྲོད་ཀྱི་དུས་ཚོད་མང་བོ་ཞིག་ཟིན་ཡོད། ངས་ཉལ་ཁང་ནས་སྙན་ངག་འདི་སྐད་གསེང་མཐོ་ཞིང་བརྩེ་དུང་གིས་ཕྱུག་བཞིན་གྱེར་བའི་ཚེ་ན། ཕ་ཡུལ་ཧོ་ནན་ནས་ཡིན་པའི་སློབ་གྲོགས་ཀྲུའུ་ཧེ་ཡཱང་གིས་རྒྱ་སྐད་དུ། ཡང་ཁྱེད་ཀྱིས་ཁ་འདོན་བྱེད་བཞིན་ཡོད་དམ། ནུས་པ་ཅི་ཡང་མི་ཐོན་བཞིན་དུ་ཁ་འདོན་བྱས་ན་ཁྱོད་རང་སུན་རྒྱུ་མི་འོང་ངམ། ཞེས་ང་ལ་ལེ་བདའ་འམ་སེམས་ཁུར་བྱེད་པའི་སྐད་ཆ་འདིས་མེ་ཐོག་སྣུམ་བླུགས་པ་བཞིན་ང་ལ་སྔར་ལས་སྨྲ་བསམ་བརྗོད་འདས་ཀྱི་སེམས་ཚོར་དྲགས་པོ་ཞིག་སྐྱེས་སུ་བཅུག
ཅི་བཤད་རུང་། སློབ་ཆེན་ལོ་ངོ་གཉིས་ཀྱི་རིང་ལ། ཀྲུའུ་ཧེ་ཡཱང་དང་ངེད་གཉིས་ཀ་གཅིག་གིས་མི་ཟ་ན་གཅིག་གིས་མི་འཐུང་ཞེས་པའི་དཔེ་བཞིན་འགྲོགས་ནས་ཧ་ཅང་འདྲིས་ཡོད་པས། ངའི་དོན་དག་མང་པོ་ཞིག་ཁོས་ཤེས་ལ། ཁོའི་དོན་དག་མང་པོ་ཞིག་ཀྱང་ངས་ཤེས། ལྷག་པར་དུ་སློབ་ཆེན་ནས་ང་བུ་མོ་སུ་དང་འགྲོགས་མིན་གསལ་ཐག་ཆོད་པ་ཞིག་ཁོས་ཤེས་ལ། ངས་ཀྱང་ཁོ་རང་བུ་མོ་གང་ལ་འགྲིག་མིན་གཅིག་གཅིག་གཉིས་གཉིས་སུ་ཤེས་ཡོད། འོན་ཀྱང་ཁོས་ད་དུང་ངའི་སེམས་ཀྱི་ཚེ་རིང་སྒྲོལ་མ་གཏན་ནས་ཤེས་ཀྱིན་མེད། ངའི་ན་ཟུག་ཁྲོད་ཀྱི་ཚེ་རིང་སྒྲོལ་མ་གཏན་ནས་ཤེས་ཀྱིན་མེད། ཁོས་ང་ལ་བུ་མོ་ཏེའུ་ཞུན་ཀྲི་ངོ་སྤྲོད་བྱས་པའི་དགོང་མོ་དེར་ངས་ཁོ་ལ་ཚེ་རིང་སྒྲོལ་མ་གླེང་ལ་ཁད་ཅིག་བྱས་མོད། དགོས་པ་ཆེར་མེད་པར་བསམ་ཏེ་ཚིག་འབྲུ་ཁ་ནས་ཕྱིར་ཁོག་ཏུ་མིད།
དོན་ངོ་མར་ངས་ཚེ་རིང་སྒྲོལ་མ་དྲན་གི ན་ནིང་ལོར་ཡང་མོ་ཕ་ཡུལ་སི་ཁྲོན་རྔ་བ་ནས་ཡིན་པའི་གསར་བུ་ཞིག་དང་འགྲིག་སོང་ཟེར། འགྲིག་ན་ལོས་ཆོག ང་ལ་མི་དགའ་ན་བཙན་གྱིས་སྒུག་དགོས་དོན་མེད། ཡིན་ཡང་མོ་རང་གསར་བུ་དེ་དང་འགྲིག་ནས་ཡུན་རིང་མ་འགོར་བར་མགྲོན་ཁང་ཞིག་ཏུ་སོང་ནས་འདོད་པའི་དགའ་སྐྱིད་ལ་རོལ་ལ། སྐབས་དེར་མོས་གསར་བུ་དེ་གང་ནས་ཡིན་པའང་ཕལ་ཆེར་ཤེས་མེད་ཚོད་རེད། མ་ཟད་ཁོ་གཉིས་འདོད་པའི་རྩེད་འཇོ་ལ་རོལ་བཞིན་པའི་སྐབས་དེར་མོ་རང་བཟི་སོང་བ་བཞིན་གཞན་གྱིས་བརྙན་ཐུང་དུ་ཕབ་སོང་བའང་མ་ཤེས།
ངས་བརྙན་ཐུང་དེ་འདོད་བརྙན་གླིང་ཞེས་པའི་སྐད་འཕྲིན་ཚོགས་པ་ཞིག་ནས་མཐོང་། ངས་བརྙན་ཐུང་དེ་མཐོང་མ་ཐག་དང་ཐོག་འཇིགས་སྐྲག་ཅིག་དང་ལྷན་དུ་ཡིད་ལ་ཡིན་མིན་གྱི་ཐེ་ཚོམ་ཞིག་སྐྱེས་མོད། མོའི་རྣ་བའི་ཐོག་ཏུ་རྨེན་བུ་ཞིག་ཡོད་པ་དེ་མཐོང་མ་ཐག་ཡིད་སེམས་རབ་ཏུ་སྨྲེང་ཞིང་། འཚིག་པ་ཟོས་ནས་མྱུར་མོར་ཨག་སྐད་ཅིག་བཏབ་པ་ཡིན། སྐབས་དེར་སྡོད་ཁང་དུ་བསྡད་ཡོད་པའི་སློབ་གྲོགས་ལ་ལས་ཉལ་ཁྲིའི་སྟེང་ན་གློག་ཀླད་བཀོལ་གྱིན་འདུག་ལ། ལ་ལས་ཉལ་ཐུལ་མགོ་རུ་འཐེན་ནས་ཕལ་ཆེར་ཁ་པར་རྩེད་ཀྱིན་པ་འདྲ། ངས་ཕེ་བཏབ་མ་ཐག་ཚང་མ་ཀྲོག་སེར་གྱུར་ནས་ང་ལ་བལྟས་ཤིང་ཧད་ནས་བསྡད་འདུག སྐབས་དེར། 喂! 你疯了吗?ཞེས་ཀྲུའུ་ཧེ་ཡཱང་གིས་ང་ལ་ལེ་བདའ་བྱས་སོང་།
དོ་དགོང་ཡང་དོན་དེ་འདྲ་བ་ཞིག་མི་འབྱུང་གི་རེ་བ་འཛིན་པའི་ཉིན་མོ་ཞིག་ཡིན་ལ། གཉིད་མི་འོང་བའི་ཉིན་མོ་གསུམ་པའང་རེད། ང་རང་གཉིད་མི་འོང་བའི་ཉི་མ་དང་པོ་ནི་སློབ་གྲྭ་འདིར་ཐོན་པའི་ཞག་མ་དང་པོ་དེ་ཡིན་ལ། ཉིན་གཉིས་པ་ནི་ཚེ་རིང་སྒྲོལ་མའི་བརྙན་ཐུང་མཐོང་བའི་དགོང་མོ་ཡིན། ཉིན་གསུམ་པ་ནི་དོ་དགོང་སྟེ། ཚེ་རིང་སྒྲོལ་མས་འཕྲིན་ཐུང་ཐོན་པའི་དགོང་མོའོ།
“丹丹! 今晚你怎么了?”
“不知道!”
“ 哈哈。又失恋了?”
“ 没有”
...........
རྩོམ་སྒྲིག་པ། སྐྱ་བོ།
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།