ཀླད་ཀོར་གྱི་བརྩམས་སྒྲུང་གསར་བ། དུ་བ།

   ང་རང་པེ་ཅིང་གི་འགྲོན་ཁང་ཞིག་ནས་མར་ཐོན་ཏེ་དུ་བ་ལ་ཁ་པར་བཏང་། ཁོས་ཕ་རོལ་ནས་ཁོའི་སར་ཤོག་ཟེར།     ང་རང་ཁོ་འཚོལ་བར་འགྲོ་དུས་ཁོ་རང་ང་ཚོའི་སློབ་གྲྭའི་ལུས་རྩལ་ཐང་ཐོག་ཏུ་དུ་བ་འཐེན་བཞིན་འཐེན་བཞིན་སྒང་ལིའི་སྤོ་ལོ་རྒྱག་སྒང་རེད། ང་རང་སློབ་གྲྭའི་ཤར་སྒོ་ཆུང་བ་ནས་ཡར་ཐོན་མ་ཐག་སྙན་ངག་པ་དུ་བས་མི་གཅིག་ཀྱང་མེད་པའི་ལུས་རྩལ་ཐང་དུ་སྒང་ལིའི་སྤོ་ལོ་རྒྱག་བཞིན་འདུག ཁོས་སྤོ་ལོ་ལག་གཡས་ཀྱིས་རྐང་པའི་འོག་ཏུ་བརྒྱབ་པ་དང་གཡོན་པས་ཡར་བླངས་ནས་འཕག  ཁོའི་འགུལ་སྟངས་དེ་བདེ་བདེ་འདྲ་པོ་ཞིག་མངོན་ཡང་མཐར་ནམ་མཁའ་རུ་འཕུར་བའི་སྤོ་ལོ་དེ་ཁུང་ནང་འཛུལ་བ་ཕར་ཞོག་སྤོ་ལོ་རྒྱག་སའི་ཤིང་ལེབ་ལའང་ཕོག་མ་སོང་། ཁོས་ཚུལ་དེ་མཐོང་མ་ཐག་ཁ་ནང་གི་དུ་རྐང་ཕྱེད་ཙམ་དེ་ཕར་གཡུགས་ཅིང་ལག་པས་མིག་ཕུར་ཕུར་གཏོང་བའི་ཚུལ་ལ་བལྟས་ན་སྤོ་ལོ་ཁུང་ནང་མ་འཛུལ་པ་དེ་དུ་བ་དང་ཡང་ན་དུ་རྐང་གི་སྣེའི་རྡུལ་ཕྲན་གང་རུང་ཞིག་མིག་ནང་འཛུལ་བར་ཁ་གཡར་བཞིན་པ་ངས་ལོས་ཤེས། ཁོས་དུས་རྒྱུན་སྐད་ཆ་བཤད་ནོར་ཐེབས་པ་དང་བསམ་བློ་ཞིབ་པར་བཏང་ནས་ནོར་བ་ཤེས་རྗེས་ཁོའི་ཀླད་པར་ཤར་ཡོང་བའི་ཡང་དག་པའི་སྐད་ཆ་དེ་ཐེངས་གསུམ་ཙམ་ཞིག་ཟློས་ཀྱི་ཡོད། རབས་ན་སྐར་མ་གསུམ་གྱི་རྗེས་སུ་ནོར་བའི་སྐད་ཆ་དེ་ལ་ཡོ་བསྲང་བྱེད་ཐུབ་ཅིང་། གཅིག་བྱེད་དུས་ཆུ་ཚོད་གསུམ་ཙམ་འདས་རྗེས་སུ་གློ་བུར་སྔོན་མ་བཤད་པའི་སྐད་དེ་ནོར་བ་ཤེས་ནས་ང་ཚོས་ད་ལྟ་འཆད་བཞིན་པའི་སྐད་ཆ་དེའི་མཚམས་བཅད་དེ“འོ་རེད། འོ་རེད”ཟེར་ཡོང་གི་ཡོད། ཐབས་རྡུགས་ན་ཉིན་གསུམ་གྱི་རྗེས་སུ་གློ་བུར་དྲན་ཡོང་བས་སྐད་ཆ་ནོར་བ་བཤད་མྱོང་བའི་མི་དེ་བཙལ་ནས“འོ། ཉིན་གསུམ་གྱི་སྔོན་དུ་ངས་ཁྱོད་ལ་སྐད་ཆ་ཞིག་བཤད་མྱོང།  དེ་འདི་འདྲ་རེད་ཨ”ཞེས་བཤད་ཡོང་བས་ཉན་མཁན་གང་དེའི་བློ་ཤིན་ཏུ་མི་བདེ་བར་བཟོ་སྲིད།   ངས་ཁོའི་སྤོ་ལོ་རྒྱག་པའི་ཚུགས་ཀ་དེ་མཐོང་མ་ཐག་གད་མོ་དབང་མེད་དུ་ཤོར། ཁོས་ངའི་ཕྱོགས་སུ་བལྟས་པ་དང་ང་ཡིན་པ་ཤེས་ནས“ཅི་ཞིག་དགོད་རྒྱུ་ཡོད་དམ”ཟེར་བཞིན་སྤོ་ལོ་ངའི་ཕྱོགས་སུ་གཡུགས་བྱུང་། ང་རང་འགུལ་ཙམ་ཡང་མ་བྱས་པར་འགྲེང་བསྡད། སྤོ་ལོ་དེ་ཐག་སྒྲ་དང་བཅས་ངའི་གདོང་ཐད་ཀྱི་ལྕགས་ཀྱི་དྲ་བར་ཕོག་ནས་སླར་སྤོ་ལོ་ཐང་དུ་ལྷུང་པ་ལས་ང་ལ་གནོད་པ་བཟོ་མ་ཐུབ།  ཡིན་ཡང་སྤོ་ལོའི་འགུལ་ཤུགས་ཀྱིས་ངའི་སྐྲ་ལོ་སྒུལ་ཙམ་སྒུལ་ཙམ་བྱེད།

   ང་རང་གཡས་ཕྱོགས་སུ་བསྐོར་ནས་སྤོ་ལོ་ཐང་གི་སྒོ་ནས་ཡར་འཛུལ་དགོས་བསམས་མོད། སྒོ་ཁར་བསླེབས་དུས་སྒོ་སྲུང་དེས་མི་རེ་རེའི་རྣམ་འགྱུར་ལ་ལྟ་བཞིན་འདུག་པས་འཛུལ་བདེན་ནི་འཛུལ་ཕོད་མ་སོང་། སྒོ་སྲུང་དེས་སློབ་ཚན་འཚོག་དུས་ང་ཚོ་ལུས་རྩལ་ཐང་གི་སྒོ་ནས་ཡར་མི་གཏོང་ལ་སློབ་ཚན་གྲོལ་དུས་ཀྱང་གཏོང་བཞིན་མི་འདུག་པས།  སྒང་ལི་སྤོ་ལོ་ཐང་ནི་དུས་ནམ་ཡང་སྐྱ་སེང་ངེར་གནས་ཤིང་རྩྭ་ལྗང་སྐྱེས་པའི་རྐང་རྩེད་སྤོ་ལོ་ཐང་དེ་དུས་ནམ་ཡང་སྔོ་ལྗང་ལྗང་དུ་གནས། རྩྭ་ལྗང་དེའི་ཁྲོད་དུ་མིས་རྐང་པ་མ་སྤོས་པར་ལོ་ངོ་མང་པོ་འདས་པ་དང་འདྲ། སྔོན་མ་ང་དང་དུ་བ། གཞན་ངའི་སློབ་གྲོགས་ཁ་ཤས་སྤོ་ལོ་ཁུར་ནས་སྒོ་ནས་ཡར་འཛུལ་དུས་སྒོ་སྲུང་གིས་མར་བདས། དུ་བས“ཨ་ཁུ་ལོ་ལོ། སྐར་མ་ལྔ་ལས་མི་རྒྱག”ཟེར་ཡང་སྒོ་སྲུང་ཁྲོས་ནས“མར་སོང”ཞེས་བདས་བྱུང་། ཉིན་དེའི་མཚན་མོར་ང་དང་དུ་བས་ལག་ཆ་མང་པོ་ཁུར་ཏེ་སྒོ་སྲུང་གི་མི་རིག་སའི་ཟུར་ཞིག་ཏུ་ལྕགས་ཀྱི་དྲ་བར་མི་འཛུལ་ཆོག་པའི་ཁུང་ཆེན་པོ་ཞིག་ཕུག་པ་ཡིན། དེ་རིང་ང་ཡང་ཁུང་དེ་ནས་ཡར་འཛུལ་རྗེས་དུ་བ་ཡོད་སར་སོང་། 

   དུ་བས་ལག་མཐིལ་དུ་མཆི་མ་བཏབ་ནས་རྡར་རྡར་བྱེད་བཞིན“སྤོབས་པ་ཡོད་ན་ཤོག་ཡ”ཟེར། ཉིན་འོད་དྭངས་མོའི་འོག་ཏུ་ང་གཉིས་སྤོ་ལོ་འགྲན་པ་ཡིན། སྤོ་ལོ་ཐེངས་མང་འགྲན་པས་སུ་རྒྱལ་སུ་ཕམ་ཡང་རྩི་ཁོམ་མ་བྱུང་། མཐར་ངའི་དབུགས་ལེན་དཀའ་མོར་གྱུར་སོང་ལ་རྐང་པ་བྲིད་ནས་ཤིང་ལྟར་གྱུར་ཏེ་གོམ་པ་གང་ཡང་སྤོ་དཀའ། ཁོ་ཡང་སྐད་ངན་ཤོར་བཞིན་འདུག ང་རང་མར་ཙོག་མ་ཐག་ཁོ་རང་ཡང་བཙོག་སོང་། ང་གཉིས་ཙོག་ས་དེ་སྤོ་ལོ་ཐང་གི་དཀྱིལ་དུ་ཡིན་པས་བསིལ་གྲིབ་ཅི་ཡང་མི་འདུག སར་ཐུག་པའི་ལུས་ཀྱི་ཆ་ཤས་དག་མེས་ཚིག་པ་ལྟར་བྱེད། ཡིན་ཡང་ངེད་གཉིས་གྲིབ་མ་ཞིག་གི་ཕྱོགས་སུ་འགྲོ་བའི་ཤུགས་རྟ་རྔ་ཙམ་ཡང་ལྷག་མེད།  གལ་སྲིད་གྲིབ་མ་ཞིག་གི་འོག་ཏུ་ཐོན་ཐུབ་ནའང་པེ་ཅིང་གི་གྲིབ་མ་ནི་གྲིབ་མ་ཙམ་སྟེ་བསིལ་གྲིབ་ཀྱི་ནུས་པ་ཡོད་མི་སྲིད། རྒྱུ་མཚན་ནི་པེ་ཅིང་གི་དབྱར་ཁའི་ཉི་མ་ནི་ནམ་མཁའ་ནས་ཐོན་ཡོང་བ་ཞིག་མ་ཡིན་པར་ས་འོག་ནས་ཡར་ཤར་ཡོང་བ་བཞིན་ས་ངོས་ཀྱི་དངོས་པ་ཅི་ལ་རེག་ན་ཚ་མོ་མེ་ལྟར་ཡིན།

   ལུས་པོ་ལ་ཤུགས་ཅུང་ཙམ་རྒྱས་དུས་ངེད་གཉིས་མཉམ་པོ་གསར་དུ་བཏོད་པའི་ཁུང་བུ་ནས་མར་ཐོན་ཏེ་སློབ་ཁང་གི་ཕྱོགས་སུ་སོང་། དེ་ནི་སློབ་ཚན་ཚོགས་པར་སོང་བ་མ་ཡིན་ཏེ་སློབ་ཁང་གི་གསང་སྤྱོད་དུ་ལག་པ་བཀྲུ་རུ་སོང་བ་ཡིན། ང་རང་སློབ་ཁང་ནང་དུ་མ་འཛུལ་བར་ཟླ་གཅིག་ལྷག་ཅམ་འགོར་སོང་། སློབ་ཚན་ཚོགས་སུ་མ་སོང་བར་དུས་ཅི་ཙམ་འདས་པར་རང་ཉིད་ལའང་གསལ་ཆ་མི་འདུག

   ལོ་གཅིག་གི་སྔོན་གྱི་ཞོགས་པའི་ཆུ་ཚོད་བཅུ་པ་ཙམ་ལ་དངུལ་ཆད་སོང་བའི་ང་རང་པེ་ཅིང་དུ་བསྡད་ཡོད་པའི་ཨ་ཁུའི་སར་སོང་།  ཨ་ཁུའི་ཁྱིམ་དུ་འཛུལ་མ་ཐག མི་གཟུགས་རིང་པོ་གདོང་མདོག་སྨུག་པོ་ཞིག་ཁྱིམ་ཕུག་ཏུ་སྒམ་ཚུགས་ཀྱི་ཙོག་འདུག ངས་ཁོ་རང་ད་སོ་མར་མཐོ་སྒང་གི་རྩྭ་ཐང་ཞིག་ནས་འདིར་ཐོན་ཡོང་བ་ཡིན་ནམ་སྙམ་སྐབས་ཨ་ཁུས“སྙན་ངག་པ་དུ་བ”ཞེས་ངོ་སྤྲོད་བྱས་བྱུང་། ངས‘སྙན་ངག་པ’ཞེས་པ་དེ་ཐོས་མ་ཐག་ཁོ་ལ་མཚམས་བདེ་ཞུ་བ་དང་ལག་པ་ཕར་བརྐྱངས་ཀྱང་ཁོ་རང་སྔར་ལྟར་སྒམ་པོར་ཙོག་བསྡད་པ་ལས་ང་དང་ལག་འཇུ་བྱས་མ་བྱུང་། 

  ཨ་ཁུས“དེ་རིང་གཟའ་ཟླ་བ་རེད། ཁྱོད་ལ་ཁོམ་པ་ཅི་འདྲ་ཡོད”ཅེས་དྲིས་བྱུང་། ངས་རྫུན་ཅི་འདྲ་ཞིག་བཤད་པ་མི་ཤེས་མོད། ཨ་ཁུ་ལ་དེ་རིང་སློབ་ཚན་མེད་པར་བདེ་བཟུང་དུ་བཅུག ངས་རྫུན་བཤད་པའི་སྐབས་སུ་སྙན་ངག་པ་དུ་བ་ཁོང་དགོད་ཤོར་བ་དྲན་རྒྱུ་འདུག གཞན་ང་ལ་སྐད་ཆ་ཅི་ཡང་བཤད་མ་བྱུང་། ཟ་མ་ཟོས་ཚར་རྗེས་དུ་བས“ལས་ཀ་ཡོད”ཟེར་ནས་འགྲོ་གྲབས་བྱེད་སྐབས་ཨ་ཁུས“ཁྱོད་གཉིས་མཉམ་དུ་སོང་ན་དགའ”ཟེར་བས་ངེད་གཉིས་མཉམ་པོར་འགྲོ་རྒྱུ་བྱས། འགྲོ་ཁར་ཨ་ཁུས་ང་ལ་སྒོར་ཉིས་སྟོང་སྦྱིན་བྱུང་། ངས་སྒོར་ཉིས་སྟོང་དེ་པར་ཁུག་ནང་བཅུག་རྗེས་ལྗིད་ཏིག་ཏིག་ཏུ་གྱུར་བ་ཚོར་བ་དང་ཨ་ཁུ་ལ་བཀའ་དྲིན་ཞུས། དེ་ནས་སྒོར་མོ་དེ་ཚོས་པེ་ཅིང་གི་སྲང་ལམ་དུ་ཟླ་ཕྱེད་འཁྱམས་བར་ཆོག་ངེས་རེད་སྙམ་བཞིན་དུ་བ་དང་མཉམ་པོར་སྒོར་ཐོན།

  ཨ་ཁུ་དང་དུ་བ་གཉིས་ཇི་ལྟར་ངོ་ཤེས་པ་མི་ཤེས། དེའི་སྐོར་ངས་དུ་བར་ཐེངས་མང་དྲིས་མྱོང་མོད། ཁོས་ང་ལ་ལན་གསལ་པོ་ཞིག་མ་བཏབ་པའང་ཡང་ན་དྲི་བ་དང་འབྲེལ་བ་མེད་པའི་སྐད་ཆ་མང་པོ་ཞིག་བཤད་པ་ཡིན་ནམ། གང་ལྟར་མི་ཞིག་གིས་ང་ལ“ཁྱོད་ཀྱི་ཨ་ཁུ་ནི་དཔོན་རྒན་ཞིག་རེད། སྙན་ངག་པ་དུ་བ་ནི་འཁྱམས་པོ་ཞིག་རེད། ལས་ཀ་དང་གཤིས་ཀ་ལྡོག་ཕྱོགས་ཡིན་པའི་མི་དེ་གཉིས་ཇི་ལྟར་ངོ་ཤེས་སུ་གྱུར་བ་ཡིན་ནམ”ཞེས་འདྲི་ཡོང་དུས་ངས་ཀྱང་ལན་གསལ་པོ་ཞིག་འདེབས་དཀའ་མོ་རེད། ངས་ཁོ་གཉིས་ཀྱི་འདྲ་ཕྱོགས་དང་བློ་མཐུན་ཕྱོགས་ལ་བསམ་བློ་མང་པོ་བཏང་མྱོང་།  ཁོ་གཉིས་ལ་འདྲ་ཕྱོགས་ཤིག་ངེས་པར་དུ་བགྲང་དགོས་ཚེ་དེ་ནི་གཉིས་ཀས་དུ་བ་འཐེན་ཤེས་པ་ཙམ་ལས་གཞན་འདྲ་པོ་གང་ཡང་མི་འདུག དུ་བ་འཐེན་ཤེས་པའི་མི་གཉིས་དུ་བའི་རྐྱེན་གྱིས་མཉམ་དུ་འཕྲད་ཅིང་གྲོགས་པོར་འགྱུར་བའང་སྲིད་དེ་ང་རང་དངུལ་རྫོགས་ནས་སླར་ཡང་ཨ་ཁུའི་ཁྱིམ་དུ་འཛུལ་དུས་སྙན་ངག་པ་དུ་བ་ཁྱིམ་ཕུག་ཏུ་དུ་བ་འཐེན་བཞིན་ཙོག་འདུག དེ་ནི་ཨ་ཁུའི་ཁྱིམ་དུ་ཐེངས་གཉིས་པར་དུ་བ་དང་འཕྲད་པ་ཡིན་མོད། ཐེངས་གཉིས་པའི་སྐབས་ངེད་གཉིས་པེ་ཅིང་གི་སྲང་ལམ་ནས་ལན་མང་འཕྲད་ཅིང་ལན་མང་འཁྱམ་དུ་སོང་མྱོང་། དེ་སྐབས་ང་ནི་དུ་བའི་འཁྱམ་རོགས་སུ་གྱུར་ཟིན་ལ་དུ་བ་ནི་ངའི་འཁྱམ་རོགས་ཡིན། ཐེངས་གཉིས་པར་འཕྲད་དུས་ཀྱང་ཁོ་རང་ཁྱིམ་ཕུག་ཏུ་སྒམ་ཚུལ་གྱིས་ཙོག་འདུག ཐེངས་དང་པོ་དང་མི་འདྲ་བ་ནི་ང་རང་ཁོའི་འགྲམ་དུ་ཙོག་མ་ཐག་ཁོས་དུ་རྐང་ཞིག་བླངས་ནས་ངའི་པང་དུ་འཕངས་བྱུང་། དེ་ནི་དུ་བ་འཐེན་ཤེས་པའི་གྲོགས་པོ་ཞིག་གིས་དུ་བ་འཐེན་ཤེས་པའི་རང་གི་གྲོགས་ལ་དུ་རྐང་སྦྱིན་པ་རེད། ཡིན་ཡང་ང་ལ་ཨ་ཁུའི་ཁྱིམ་དུ་དུ་བ་འཐེན་པའི་སྤོབས་པ་ཞིག་ག་ན་ཡོད། “ཁ་དྲོ། ངས་དུ་བ་འཐེན་ཤེས་ཀྱི་མེད”དུ་རྐང་ཕར་སྤྲད།   ཨ་ཁུས་དེ་མུར་ང་རང་ཁང་པ་གཞན་ཞིག་ཏུ་བོས་སོང་། ཁང་པ་དེ་ནི་ཨ་ཁུའི་དཔེ་ཁང་ཡིན། ཁང་པའི་གང་སར་སྲ་ལ་འཁྲིགས་པའི་ཆབ་སྲིད་ཀྱི་དཔེ་ཆས་ཁེངས་ཡོད། ཆབ་སྲིད་ཀྱི་དཔེ་ཆ་མང་པོའི་ཁྲོད་དུ་ཨ་ཁུ་འགྲེང་ནས“ཁྱོས་དུ་བ་འཐེན་བཞིན་ཡོད་དམ”ཞེས་མིག་འབུར་ཚུགས་ཀྱིས་ང་ལ་བལྟས་བྱུང་། “ཨ་ཁུ། ཁྱོད་ཀྱི་ཤེས་གསལ་རེད། ངས་དུ་བ་ག་ལ་འཐེན”ཞེས་བཤད་པ་ཡིན། “སློབ་མས་དུ་བ་འཐེན་ཉན་ནི་མ་རེད”སྔོན་དགེ་རྒན་མང་པོས་ང་ལ་བཤད་མྱོང་བའི་སྐད་ཆ་དེ་བཟླས་བྱུང་། ངེད་གཉིས་ཀྱི་འདྲི་གཅོད་འཇུག་རྫོགས་རྗེས་སླར་དུ་བ་བསྡད་ཡོད་པའི་ཁང་པའི་ནང་ལོག དུ་བ་སྙན་དེབ་ཅིག་ལ་མགོ་འཁོར་ཡོད་པས་ང་གཉིས་འདི་བསླེབས་པའང་གོ་མ་སོང་། ངས་ཁོའི་ལག་ཏུ་ཡོད་པའི་ཧྥ་རན་སེའི་ཡི་གེ་ཆེན་པོ་ཁ་ཤས་བྲིས་ཡོད་པའི་དེབ་ཀྱི་རྒྱབ་ཤ་ལ་ལྟ་བཞིན་གལ་སྲིད་སྙན་ངག་པ་དུ་བ་ལ་དཔེ་ཁང་ཞིག་ཡོད་ན་དེའི་ནང་དུ་སྙན་དེབ་རྐྱང་རྐྱང་ལས་གཞན་ཡོད་མི་སྲིད་སྙམ། ཆབ་སྲིད་ཀྱི་དཔེ་དེབ་དང་སྙན་དེབ་གཉིས་མཉམ་དུ་བཞག་པ་དཀོན་ཡང་དཔེ་དེབ་ཁ་ཕྱོགས་མི་འདྲ་བ་གཉིས་ཀྱི་བདག་པོ་གཉིས་གྲོགས་པོར་ཇི་ལྟར་གྱུར་བ་ཡིན་ནམ་སྙམ།  ཉིན་དེར་ངེད་གཉིས་མཉམ་པོར་ཨ་ཁུའི་ཁྱིམ་ནས་ཐོན་མ་ཐག་ངས་ཨ་ཁུའི་ཁྱིམ་ནང་དུ་ང་ལ་དུ་རྐང་སྟེར་བའི་ཁོའི་བྱ་སྤྱོད་ལ་དམའ་འབེབས་ཡང་ཡང་བྱས་ཀྱང་ཁོས་སྣང་འཇོག་བྱེད་ཀྱིན་མི་འདུག ཕྱི་རོལ་གྱི་སྲང་ལམ་དུ་བསླེབས་མ་ཐག་སླར་ཡང་ང་ལ་དུ་རྐང་ཞིག་སྟེར། སྲང་ལམ་ནི་ཨ་ཁུའི་ཁྱིམ་མིན་པས་ངས་ཁོའི་དུ་རྐང་དེ་ཚུར་བླངས་ནས་མེ་སྒྲོན་པ་ཡིན། ཁོས“ད་སང་ཨ་ཁུའི་ཁྱིམ་ནས་ཁྱོས་དུ་བ་འཐེན་མི་ཤེས་ཟེར། སྲང་ལམ་དུ་ཐོན་དུས་འཐེན་ཡོང་གི་འདུག་གཱ”ཞེས་བཤད་བྱུང་། ཁོའི་སྐད་ཆ་དེ་ཁ་ནས་ཐོན་མ་ཐག་ཁས་ཁུ་ཚུར་ཞིག་ཤུགས་ཀྱིས་ཁོའི་སྣ་ལ་གཏད་ནས་བརྒྱབ་པ་ཡིན། ཁུ་ཚུར་དེ་ཁོའི་སྣ་ལ་རེག་རན་ཁར་ཁོའི་མགོ་བོ་མེད་སོང་ལ་རྒྱབ་ཏུ་ཤིང་སྡོང་ཞིག་ཐོན་བྱུང་བ་དེ་ལ་ཁུ་ཚུར་ཕོག་སོང་། ངའི་ལག་པ་གཟེར་ནས་སྐད་ངན་ཤོར་དུས་སྙན་ངག་པ་དུ་བ་ཤིང་སྡོང་དེའི་འགྲམ་དུ་མར་ཙོག་ཟིན་པ་རིག ཁོ་རང་མིག་ཆུ་ཤོར་བཞིན་དགོད་འདུག 

  ངའི་ལག་པའི་ན་ཟུག་ཅུང་འཇགས་དུས་ཁོ་རང་ཡར་ལངས་ཏེ“དེ་རིང་མཚན་མོར་ཆང་ཁང་གང་དུ་འགྲོ”ཞེས་དྲིས་བྱུང་། ངས“གང་ཉེ་ན་དེར་འགྲོ”ཞེས་བཤད་པ་ཡིན། ཁོས་ཁ་པར་གྱི་ས་ཁྲ་ནས་ཆང་ཁང་འཚོལ། ངེད་གཉིས་ས་ཁྲ་ལ་ལྟ་བཞིན་ཆེས་ཉེ་བའི་ཆང་ཁང་དེའི་ནང་དུ་འཛུལ། ཆང་ཁང་དེའི་ནང་དུ་རོལ་དབྱངས་ཀྱི་དབྱངས་རྟ་དང་བསྟུན་ནས་ལུས་པོ་ཕར་འགུལ་ཚུར་འགུལ་བྱེད་བཞིན་པའི་རྒྱ་མི་མང་པོ་འདུག ཁོས་ངའི་ཁྲག་གིས་ཁེངས་པའི་ལག་པ་དེ་རྒྱ་མི་དེ་ཚོར་སྟོན་བཞིན། དེ་རིང་ས་སྲོད་ལ་ངེད་གཉིས་ཀྱིས་སྲང་ལམ་ན་མི་གཉིས་རོ་རྡུང་རྡུང་བྱས་པའི་གཏམ་རྒྱུད་ཅིག་བཤད་སོང་། རྒྱ་མི་དེ་ཚོས་རང་གི་ལུས་པོ་ཡང་ཡང་འགུལ་བཞིན་གཏམ་རྒྱུད་དེ་ནི་དོན་དངོས་སུ་བྱུང་མྱོང་བ་ལྟ་བུའི་རྣམ་འགྱུར་ཞིག་ཤར་འདུག 

   ཡིན་ཡང་། ངེད་གཉིས་ཐེངས་དང་པོ་ཨ་ཁུའི་ཁྱིམ་ནང་འཕྲད་དུས་ངེད་གཉིས་ཕན་ཚུན་ངོ་ཤེས་ཀྱི་མེད། ངས་ཁོའི་སྒམ་ཚུལ་བལྟས་ན་དགེ་རྒན་ཞིག་ཡིན་ནའང་ཐང་སྙམ། དེ་ཉིན་ཨ་ཁུས“ཁོ་ནི་སྙན་ངག་པ་དུ་བ་རེད”ཅེས་ངོ་སྤྲོད་བྱས་ཟིན་རྗེས་ངེད་གཉིས་ཐེངས་དང་པོར་ཨ་ཁུའི་ཁྱིམ་དང་བྲལ་ནས་ཕྱི་རོལ་དུ་ཐོན་པ་དང་ཉེ་འགྲམ་གྱི་ས་འོག་གི་མེ་འཁོར་བབས་ཚུགས་ཀྱི་ཕྱོགས་སུ་ཕྱིན། སྐབས་དེར་སྙན་ངག་པ་ཡང་དགེ་རྒན་ནམ་དཔོན་ཆེན་ཞིག་ལྟར་དུས་ནམ་ཡང་སྒམ་ཚུལ་བསྟན་ནས་བསྡད་པ་ལས་རྩེད་དགའ་དང་པྲ་ཆལ་བྱེད་མཁན་ཞིག་རེད་མི་འདུག་སྙམ། ཉིན་དེར་ས་འོག་གི་མེ་འཁོར་ནས་ང་གཉིས་མཉམ་གཤིབ་ཀྱིས་བསྡད་ཀྱང་སྐད་ཆ་ཚིག་གཅིག་ཀྱང་མ་བཤད། ཉིན་དེར་ས་འོག་གི་མེ་འཁོར་དེའི་ནང་དུ་མི་ཉུང་ཉུང་ལས་མི་འདུག མེ་འཁོར་ཤག་སྒྲ་དང་བཅས་རྒྱུགས་པའི་ཐོག་མཐའ་བར་གསུམ་དུ་ངེད་གཉིས་པོ་མེ་འཁོར་ནང་གི་གློག་འོད་སྔོན་པོ་ཅན་གྱི་ས་ཁྲ་དེ་ལ་ཧད་ནས་བསྡད་པ་ཡིན། 

  ངེད་གཉིས་མེ་འཁོར་ལས་བབས་རྗེས་སླར་ཡང་རྐང་ཐང་གིས་སློབ་གྲྭའི་ཤར་སྒོའི་ཕྱོགས་སུ་སོང་། ཕྱི་རོལ་གྲོང་ཁྱེར་གྱི་ཡོད་ཚད་དུ་སྨུག་གི་མུན་དོང་དུ་ལྷུང་འདུག ངེད་གཉིས་མཉམ་པོ་མུན་དོང་གི་སྲང་ལམ་བཅད་ནས་ཕྱིན། སྐབས་དེར་ཁོས་ཁ་གྲགས་བྱུང་།

  “ཁྱོས་སློབ་ཆེན་ནང་ཡང་སྙིང་ཅི་ཞིག་སྦྱོང་བཞིན་ཡོད”ཟེར།

  ངས“རྩོམ་རིག་སྦྱོང་བཞིན་ཡོད”ཅེས་ལན་བཏབ།

  “རྩོམ་རིག་སྦྱངས་ནས་ཕན་ཐོགས་དཀའ་མོ་རེད། དེ་བས་སློབ་ཆེན་གྱི་སྐབས་སུ་ལག་རྩལ་ཞིག་སྦྱངས་ན་བཟང”

  ངས་སྙན་ངག་པ་ཞིག་གི་ཞལ་ནས་སྐད་ཆ་འདི་འདྲ་ཞིག་ཐོན་པར་ཧ་ལས་སོང་། 

  སྐད་ཆ་རྫོགས་པ་དང་ངེད་གཉིས་ངེད་སློབ་གྲྭ་ཤར་སྒོའི་འགྲམ་དུ་བསླེབས། 

  ཕར“བདེ་མོ”ཟེར་བ་དང་ཚུར“རྗེས་སུ་མཇལ”ཞེས་ཟེར་བྱུང་།

  དེའི་རྗེས་སུ་ཡུན་རིང་མ་འགོར་བར་ཁོ་ཧྥེ་ཁང་ཞིག་གི་ནང་དུ་སླར་ཡང་ཁོ་རང་དང་མཇལ་ཐུབ་སོང་།

   སྤོ་ལོ་བརྒྱབ་རྗེས་གསང་སྤྱོད་ནས་ལག་པ་དང་ཁ་ངོ་བཀྲུས། སྐྲ་ལོ་ཆུས་རློན་པ་བཟོས་ཏེ་གཅིན་བཏང་བ་ཡིན། གཅིན་པ་ཚ་མོ་ལ་མཐོ་སྒང་གི་རྩྭ་ཐང་ཐོག་ཏུ་གཅིན་བཏང་བ་བཞིན་གྱི་རླངས་པ་མི་འདུག ང་རང་སྒོ་ནས་ཐོན་གྲབས་ཡོད་སྐབས། དུ་བས“ཅུང་ཙམ་སྒུགས་དང་། ངེད་གཉིས་ཀྱིས་གོ་རིམ་ནོར་སོང”ཟེར་ནས་སླར་ཡང་ལག་པ་བཀྲུས་བྱུང་། དུ་བར་མཚོན་ན་གཅིན་བཏང་རྗེས་ལག་པ་བཀྲུས་པ་ནི་གོ་རིམ་དང་ལྡན་པ་ཡིན་ལ་ལག་པ་བཀྲུས་རྗེས་གཅིན་གཏོང་བ་ནི་གོ་རིམ་ནོར་བ་ཡིན། སྔོན་མར་ངེད་གཉིས་ང་ཚོ་སློབ་གྲྭའི་རྒྱབ་ཏུ་ཡོད་པའི་སྨྱུག་གླིང་གི་ནང་འཁྱམ་བར་འགྲོ་དུས་བྲག་ནས་འབབ་བཞིན་པའི་ཆུ་ཕྲན་ཞིག་གི་ནང་དུ་རྐང་ལག་བཀྲུ་བར་གོམས་ཡོད། ཁོས་བྲག་དེའི་འོག་ཏུ་རྐང་པ་བཀྲུ་བཞིན“རྐང་པ་བཀྲུས་རྗེས་ཁ་ངོ་དང་ལག་པ་འཁྲུད་པ་ནི་གོ་རིམ་དང་ལྡན་པ་ཡིན་ལ་ཁྱོད་བཞིན་ཁ་ངོ་བཀྲུས་རྗེས་རྐང་པ་འཁྲུད་པ་ནི་གོ་རིམ་ནོར་བ་ཡིན”ཟེར། ཡིན་ཡང་ངས་འཚོ་བའི་ཁྲོད་དུ་དངོས་པོ་དག་གི་གོ་རིམ་ལ་ཡིད་གཟབ་བྱས་མ་མྱོང་། ངའི་མིག་ནང་གི་འཚོ་བ་ནི་གོ་རིམ་མེད་པའི་དངོས་པོ་ཙག་ཙོག་མང་པོ་ཞིག་སྤུངས་པ་དང་འདྲ། དུ་བས་ཟེར་ན“དེ་ནི་གོ་རིམ་མེད་པའི་མི་ཞིག་གིས་མིག་ནང་མཐོང་བའི་འཚོ་བ་རེད། གོ་རིམ་ཅན་གྱིས་མིས་དེ་འདྲ་མཐོང་མི་སྲིད”ཟེར། གང་ལྟར་ང་ལ་མཚོན་ན་སྨྱུག་གླིང་གི་སྨྱུག་མ་དག་ལ་གོ་རིམ་མི་འདུག་ལ་རི་བོ་དང་རི་བོའི་རྒྱབ་ཀྱི་མཚོ་མོ་ལའང་གོ་རིམ་མི་འདུག 

  ཁོས་གོ་རིམ་དང་ལྡན་པའི་ངང་ནས་ལག་པ་བཀྲུས་རྗེས་ངེད་གཉིས་སློབ་ཁང་ནས་ཐོན། ང་རང་ཟླ་གཅིག་ལྷག་ཙམ་སློབ་ཁང་འདིའི་ནང་དུ་འཛུལ་རྒྱུ་མ་བྱུང་ནའང་། ད་ལྟ་སློབ་ཁང་ནང་འཛུལ་བ་ནི་སློབ་ཚན་ཚོགས་སུ་སོང་བར་མ་ཡིན་བར་གསང་སྤྱོད་དུ་གཅིན་གཏོང་དུ་སོང་བ་ཙམ་ཡིན། གཅིན་ཤག་སེར་བཏང་ཚར་རྗེས་སླར་ཡང་སློབ་ཁང་དང་བྲལ། བར་ཁྱམས་སུ་ལྷང་ལྷང་དུ་གྲག་ཡོང་བའི་དགེ་རྒན་མིག་ཤེལ་ཅན་དེ་ཚོས་སློབ་ཁྲིད་བྱེད་པའི་སྐད་སྒྲ་ཡ་མཚན་དག་ང་དང་འབྲེལ་བ་གང་ཡང་མི་འདུག

  ང་གཉིས་དལ་བྲེལ་མེད་པར་སློབ་ར་ནས་ཕར་བསྐྱོད། ལམ་འགྲམ་གྱི་ཚོང་ཁང་ནས་གླང་དམར་རྟགས་ཅན་གྱི་བཏུང་བྱ་བཞི་ཉོས་ཤིང་གཅིག་ངས་འཐུང་བ་ཡིན་ལ་གཞན་གསུམ་པོར་ཁོས་བསྟུད་མར་མགྲིན་པའི་ནང་དུ་བླུགས་སོང་། “དེ་མང་པོ་མ་འཐུང་མ་གཏོགས། མཚན་མོར་གཉིད་ཁུག་གི་མ་རེད”ངས་བཤད། “ཁྱོས་ཁོ་ཧྥེ་ཡང་མང་པོ་འཐུང་མི་ཉན་ཟེར། གཉིད་མི་ཁུག་ཟེར”ཁོས་བཤད། “ངེད་གཉིས་ཀྱིས་པེ་ཅིང་དུ་འགྲོན་ཁང་མང་པོ་ཞིག་བརྗེས་ཀྱང་གཉིད་སྐྱིད་པོ་ཐེངས་གཅིག་ཀྱང་ཁུག་མ་མྱོང”ཟེར། ངེད་གཉིས་དུས་རྒྱུན་གཉིད་མི་ཁུག་པ་དེ་དབྱར་གྱི་ཚ་བ་ལ་ཁ་གཡར་བཞིན་ཡོད་མོད་དགུན་ཁ་ཤར་དུས་ཀྱང་སྔར་བཞིན་གཉིད་ཁུག་གི་མི་འདུག ངས་དེའི་སྐོར་ལ་བསམ་བློ་མང་པོ་གཏོང་མྱོང་། མཐར་གཉིད་མི་ཁུག་པའི་རྒྱུ་མཚན་ནི་དུས་ཚོད་དང་ཁོ་ཧྥེ། གླང་དམར་རྟགས་ཅན་གྱི་བཏུང་བྱ་དང་འབྲེལ་བ་གང་ཡང་མེད་པར་གཙོ་བོ་ངེད་གཉིས་རྩ་བ་ནས་གཉིད་ཀྱིན་མེད་པའི་རྐྱེན་ཡིན་པ་རྟོགས། ངེད་གཉིས་མཚན་མོའི་མུན་པ་རབ་རིབ་བརྒྱུད་དེ་གློག་འོད་རབ་རིབ་ཅན་གྱི་ཆང་ཁང་ནང་དུ་འཛུལ་དགོས་ལ་མཚན་མོའི་མུན་པ་དང་བསྟུན་ནས་རྙིད་ཤོར་བའི་མེ་ཏོག རུས་པ། རོ་ལངས། རྨས་ཀྱིས་ཁེངས་པའི་ནག་མོའི་གསང་གནས་བཅས་ཞིབ་འབྲི་བྱེད་པའི་སྙན་ངག་མང་པོ་ཚོད་ཚོད་ཀྱིས་གྱེར་དགོས། སྐབས་ལན་རེར་དུ་བ་ཁོ་རང་གློ་བུར་ངོ་ཤེས་པའི་བུ་མོ་རྣམས་ཀྱི་བར་དུ་ལས་ཀ་བྱེད་རྒྱུ་ཡོད་པས་སྙན་ངག་པ་ཁོ་རང་གཉིད་པའི་ཁོམ་པའང་མེད།

  སློབ་རའི་ནང་གི་སློབ་མ་དང་ཕྱིའི་སྲང་ལམ་ཐོག་གི་ལམ་འགྲོ་བ་ཀུན་པོས་ཅི་ཞིག་འདེད་བཞིན་པ་ལྟར་ནམ་ཡང་མགྱོགས་ཤིག་ཤིག་གིས་མདུན་དུ་བཞུད་འགྲོ་ཞིང་། ཁོ་ཚོས་དུས་ཚོད་འདེད་བཞིན་པ་ཡིན་ནམ། ཡིན་ན་དུས་ཚོད་ནི་ཅི་ལྟར་དེད་ཀྱང་དེ་ལྟར་འགྲོ་བ་མགྱོགས་པས་སུས་ཀྱང་རྗེས་ཟིན་མི་སྲིད། དེ་ལས་ལྡོག་ནས་སྙན་ངག་པ་དུ་བ་ངེད་གཉིས་ཀྱིས་དུས་ཚོད་ལ་ཁ་གཡར་བྱེད་ཀྱིན་མེད་ལ་དུས་ཚོད་ཀྱིས་ཀྱང་ང་གཉིས་བརྗེད་སོང་བ་འདྲ་སྟེ་ངེད་གཉིས་ཀྱི་འཚོ་བ་ནི་མུ་མཐའ་མེད་པའི་བོད་ཡུལ་གྱི་རྩྭ་ཐང་ངམ་ནམ་མཁའ་དང་འདྲ་བར་ནམ་ཡང་ལྷོད་ལྷོད་ཡིན། ངེད་གཉིས་ཀྱིས་སྐད་ཆ་ལྷོད་ལྷོད་འཆད་ཀྱིན། གོམ་པ་ལྷོད་ལྷོད་སྤོ་བཞིན་སྲམ་ལམ་བརྒལ་དུས་ལག་གིས་རེག་མི་ཐུབ་ལ་མིག་གིས་མཐོང་མི་ཐུབ་པའི་དུས་ཚོད་ཟེར་བ་དེ་ནི་སྲང་ལམ་གྱི་ཐོག་ཏུ་ཡར་རྒྱུག་མར་རྒྱུག་བྱེད་བཞིན་པའི་པེ་ཅིང་གི་མི་ཚོགས་ཀྱིས་བློ་བཟོ་བྱས་པའི་དངོས་པོ་ཞིག་ཡིན་པ་ལས་དུ་བ་ངེད་གཉིས་ཀྱི་མིག་ལམ་དུ་བྲེལ་བྲེལ་འཚུབ་འཚུབ་ཀྱི་མི་ཚོགས་ལས་དུས་ཚོད་ཀྱི་གྲིབ་མ་ཙམ་ཡང་མཐོང་མ་བྱུང་། དུས་ཚོད་ནི་པེ་ཅིང་གི་དུ་སྨུག་གིས་བསྒྲིབས་པ་ཡིན་ནམ་བསམས་ན་ཡིན་ཡང་སྲིད་དོ་སྙམ།

  ངེད་གཉིས་དུ་སྨུག་གི་ཁྲོད་དུ་ཡུན་རིང་ཞིག་ལ་བསྐྱོད་ཀྱང་ངེད་གཉིས་ཀྱིས་མཐོང་འདོད་པའི་དངོས་པོ་གང་ཡང་མཐོང་མ་བྱུང་། ངེད་གཉིས་ཀྱི་མཐོང་འདོད་པ་ནི་སྲང་ལམ་གྱི་བཞི་མདོ་རུ་མོ་ཊ་དང་མོ་ཊ་བརྡུངས་པའི་ཟློས་གར་དག་ཡིན་ནམ། ངས་ཀྱང་ཤེས་མ་སོང་། ངེད་གཉིས་ལོ་གཉིས་གསུམ་ཞིག་སྲང་ལམ་གང་སར་བསྐྱོད་ཀྱང་མོ་ཊ་དང་མོ་ཊ་བརྡུངས་པའི་ལྟད་མོ་མཐོང་མ་མྱོང་། ངའི་ཀླད་པའི་ནང་གི་མོ་ཊ་དང་མོ་ཊ་བརྡུངས་ནས་མི་མང་པོ་འཆི་བའི་མཛེས་སྡུག་ལ་ལྟད་མོ་བལྟ་བའི་ཡིད་བརྙན་དག་ནི་ཕལ་ཆེར་ཆུང་དུས་སུ་ལྟ་མྱོང་བའི་བརྙན་འཕྲིན་གྱི་ཟློས་གར་ཞིག་ལས་གཡར་བ་འདྲ། མངོན་སུམ་ཁྲོད་ཀྱི་མོ་ཊ་དག་ནམ་ཡང་གྲལ་དག་པོས་ཡར་འགྲོ་སའི་ལམ་དུ་ཡར་འགྲོ་བ་དང་མར་ཡོང་སའི་ལམ་དུ་མར་ཡོང་བཞིན་མཆིས། དེ་རིང་ཡང་འདས་ཟིན་པའི་དེ་རིང་ཞེས་པའི་ཉིན་མང་པོ་དང་འདྲ་བར་སྲང་ལམ་ཐོག་ཏུ་ངེད་གཉིས་ཀྱིས་སྨད་གཡོག་ཐུང་ཐུང་གྱོན་པའི་བུ་མོ་མང་པོ་ལས་གཞན་ལྟ་འདོད་པའི་ལྟད་མོ་གང་ཡང་མཐོང་མ་སོང་།     མཐར་དུ་བས“ལམ་ནོར་ཤོར་སོང”ཟེར་ཞིང་གཡས་ལྟ་གཡོན་ལྟ་ཙམ་ཡང་མ་བྱས་པར་སྲང་འགྲམ་གྱི་ཁོ་ཧྥེ་ཁང་ཞིག་ཏུ་འཛུལ། ཁང་པའི་ནང་དུ་གསལ་ཆ་དོད་པོ་འདུག་ལ་སྒེའུ་ཁུང་ནས་ཕྱི་རོལ་དུ་བལྟས་ན་ཁང་པའི་ནང་ནི་མངོན་སུམ་གྱི་འཚོ་བ་དང་ཕྱི་རོལ་ནི་སེམས་ཀྱི་ཚོར་སྣང་ཙམ་ལས་མ་འདས་པའི་སྣང་བ་ཤར།  ལམ་བར་དུ་སྙན་ངག་པ་དུ་བས་ང་ལ་སྙན་ངག་འདྲ་བའི་སྐད་ཆ་མང་པོ་ཞིག་བཤད་སོང་མོད། ངས་གསལ་ཆ་དོད་བའི་གློག་འོད་འོག་ནས་རྗེས་དྲན་ཅི་ལྟར་བྱས་ཀྱང“ལམ་ནོར་ཤོར་སོང”ཟེར་བ་དེས་ལས་གཞན་ཅི་ཡང་དྲན་རྒྱུ་མི་འདུག དུ་བས“ལམ་ནོར་ཤོར་སོང”ཟེར། ངེད་གཉིས་སྲང་ལམ་དུ་ཉུལ་སྐབས་དམིགས་པའི་ཡུལ་གང་ཡང་མེད་པས་ལམ་ནོར་ཅི་ལ་ཤོར། ཡིན་ཡང་དུ་བས་ཁ་པར་wifiསྦྲེལ་རྗེས་ས་ཁྲ་ཁ་ཕྱེས་ནས་ཅི་ཞིག་འཚོལ་བཞིན་འདུག ཁོས་ལམ་འཚོལ་གྱིན་མེད་པར་དམིགས་བྱ་ཡུལ་ཞིག་འཚོལ་བཞིན་འདུག རྒྱུ་མཚན་ངེད་གཉིས་ལམ་ནོར་ཤོར་བ་ནི་མི་གཞན་དང་འདྲ་བར་ལམ་ནོར་སོང་བ་མ་ཡིན་པར་ལམ་དུ་འགྲོ་བར་དམིགས་ཡུལ་གང་ཡང་མེད་པས་ཡིན། མཐར་ཁོས ‘རྨི་ལམ་དུ་གཉིད་ཤོར་བ’ཟེར་བའི་ཆང་ཁང་ཞིག་བསྟན་ནས“ངེད་གཉིས་དེ་རུ་འགྲོ”ཟེར། ས་ཁྲའི་ནང་དུ་དུ་སྨུག་འཁྲིགས་མེད་པས ‘རྨི་ལམ་དུ་གཉིད་ཤོར་བ’ཞེས་པ་དེ་གང་དུ་ཡོད་པ། ཅི་ལྟར་འགྲོ་བ། དུས་ཅི་ཙམ་འགོར་བ་སོགས་གསལ་པོར་བྲིས་འདུག 

  “zero zero”

  སྒོ་ནས་ཐོན་མ་ཐག་མི་ཞིག་གིས་ངའི་མིང་ནས་བོས་བྱུང་། ངས་ཅི་ཞིག་ལུས་པ་ཡིན་ནམ་སྙམ་བཞིན་ཕྱིར་ལྟ་བྱེད་དུས་ཁྲ་ཙི་མུ་རེད་འདུག ཁོའི་མཆུ་ཏོ་ཁོ་ཧྥེའི་ལྦུ་བས་ཁེངས་འདུག་ལ“zero”ཞེས་པའི་སྒྲ་དེ་ལྦུ་བས་ནང་ནས་ཐོན་ཡོང་བ་ཤེས། “འོ། ཁྲ་ཙི་མུ་ལགས”ང་རང་སླར་ཡང་ཁང་ནང་སོང་ནས་ཁོ་ལ་ལག་ཇུས་བྱས། ངས་ཁོའི་རོགས་པ་རྒྱའི་གཞོན་ནུ་དང་གཞོན་ནུ་མ་མང་པོ་ཞིག་ཁོ་ཧྥེ་འཐུང་བཞིན་པ་མཐོང་བྱུང་། ངས་ཁོ་ཚོ་ལ་བལྟས་མ་ཐག་ཁོ་ཚོས་ཀྱང་ང་ལ་ལག་གཡུགས་བྱས་བྱུང་། 

  “པེ་ཅིང་གི་རྒྱ་ཆུང་བ་ལ་ཨང་། ང་གཉིས་འདི་ལྟར་ཐུགས་སོང”

  “སང་ཉིན་ཁྱོད་རང་ཁོམ་པ་ཡོད་དམ”ཁོས་བཤད།

  “ཁོམ་ཡོད”

  “དེ་ན་སྨྱུག་མའི་གླིང་གར་འཕྲད་ན་ཅི་འདྲ་རེད”

  “ཆོག་ག”

  སྐབས་དེར“ཨ་རོགས། ཅི་བྱེད་བཞིན་ཡོད། མགྱོགས་པོ་ཤོག”ཅེས་དུ་བས་ང་བོས་བྱུང་བས་ངའང་སྒོར་བུད་པ་ཡིན། ཁྲ་ཙི་མུས་རྗེས་ནས“སང་ཉིན་ཕྱི་དྲོའི་ཆུ་ཚོད་ལྔ་པ་ལ་ཡིན་དྭ”ཞེས་བོས་བྱུང་།

  ངེད་གཉིས་སླར་ཡང་སྲལ་ལམ་ཐོག་ཏུ་ཉུལ་དུས་དུ་བས“ཁྲ་ཙི་མུས་ཁྱོད་ལ་ཅི་ཟེར”ཞེས་དྲིས་བྱུང་། 

  “ཁོས་སང་ཉིན་འཕྲད་དགོས་ཟེར”

  “འཕྲད་མི་དགོས”

  དུ་བས་དུས་རྒྱུན་དུ་ང་ལ་ཁྲ་ཙི་མུས་དང་འཕྲད་མི་དགོས་ཅེས་ཡང་ཡང་དུ་ལབ་མྱོང་། ཁྲ་ཙི་མུ་ཡང་དུ་བ་དང་འདྲ་བ་དངུལ་མང་པོ་ཡོད་ལ་དུས་ཚོད་ཀྱང་མང་པོ་ཡོད་ཅིང་དུས་ནམ་ཡང་ལས་ཀ་མེད་པར་ཁོམ་ཡོད། ངས་ཁྲ་ཙི་མུ་ལ“ཁྱོད་ལ་དངུལ་མང་པོ་དེ་འདྲ་མང་པོ་ཞིག་གང་ནས་བྱུང”ཞེས་དྲིས་དུས“ལོ་གསུམ་གྱི་སྔོན་དུ་དཔར་དུ་བསྐྲུན་པའི་སྒྲུང་དེབ《མེ་ཏོག་མ་བཞད་གོང་དུ་དགུན་ཁ་ཚེས་པ》ཞེས་པ་དེ་ལས་བྱུང”ཞེས་ལན་བཏབ་སོང་། ཡིན་ཡང་ངས་ཁོའི་དངུལ་ལོ་དག་གི་འབྱུང་ཁུངས་ལ་ཐེ་ཚོམ་ཟ་བཞིན་ཡོད། དེ་བཞིན་ངས་དུ་བ་ལ“ཁྱོད་ལ་དངུལ་མང་པོ་ཞིག་གང་ནས་བྱུང”ཞེས་དྲིས་དུས་སྙན་ངག་པ་དུ་བས་སྙན་དེབ་གཅིག་ཀྱང་དཔར་དུ་བསྐྲུན་མྱོང་མེད་པས་ཁྲ་ཙི་མུ་བཞིན་ཁ་གཡར་ས་ཞིག་མ་རྙེད་པས་ས་བཤད་རྡོ་བཤད་མང་པོ་བྱས་ཀྱང་དངུལ་ལོ་དམར་པོ་དག་གི་འབྱུང་ཁུངས་གསལ་པོ་ཞིག་ང་ལ་བཤད་མ་བྱུང་། ཁོས་ནམ་ཡང་ང་ལ“ང་ནི་འཚོ་བ་རོལ་དུ་ཡོང་བ་ཡིན”ཞེས་བཤད་ཀྱི་ཡོད་པས་བསམ་བློ་ཞིབ་པར་བཏང་ན་ཁོའི་སྐད་ཆའི་ནང་དོན་ནི་པེ་ཅིང་གི་བྲེལ་བྲེལ་འཚུབ་འཚུབ་ཀྱི་མི་ཚོགས་དེ་དག་འཚོ་བ་རོལ་དུ་ཡོང་བ་མིན་པར་སྡུག་བསྔལ་མྱོང་དུ་ཡོང་བ་རེད་ཅེས་པའི་ཟུར་གཞན་ཞིག་གོ་སོང་། དུ་བ་པེ་ཅིང་དུ་ལོ་མང་པོར་བསྡད་རིང་ལས་ཀ་ཅི་ཡང་མ་བྱས་པ་མིན་ཏེ་ཁོ་ལ་ཉིན་ཞིག་ལས་ཀར་སོང་བའི་གཏམ་བརྒྱུད་ཅིག་བཤད་རྒྱུ་ཡོད། ཉིན་ཞིག་ཁོ་རང་ཀྲུང་ཀང་ཚུན་གྱི་ཆང་ཁང་ཞིག་ཏུ་ར་བཟི་ནས་ཡོད་དུས་བོད་རིགས་མང་པོ་དང་འཕྲད། ཁོ་ཚོས་དུ་བ་ནི་འཛུབ་མོའི་བར་དུ་བཅུག་ནས་བཏུང་རྒྱུའི་ཐ་མག་དེ་མིན་པར་སྙན་ངག་པ་ཞིག་ཡིན་པ་རྟོགས་རྗེས་སྙན་ངག་ཁོ་རང་གདན་འདྲེན་ཞུས་ནས་ཁོ་ཚོའི་ལས་ཁུངས་སུ་ཡིག་སྒྱུར་བྱེད་དུ་ཡོང་དགོས་པའི་ཞུ་བ་ཡང་ཡང་བྱས། སྐབས་དེ་དུས་སྙན་ངག་པ་དུ་བ་ར་བཟི་ཡོད་པས་དེ་མ་ཐག་ཏུ་ཁས་ལེན་བྱས་ཤིང་ལས་ཁུངས་ཀྱི་ས་གནས་ལའང་རྒྱུས་ལོན་བྱས། ཁོ་ཚོས་དུ་བ་ལ་ལས་ཁུངས་ཀྱི་ཁོར་ཡུག་གཙང་རབས་དང་ལས་ཀ་སྐྱིད་རབས། གླ་ཕོགས་མཐོ་རབས་སོགས་མང་པོ་ཞིག་བཤད་སོང་ཟེར། ཉིན་གསུམ་གྱི་རྗེས་སུ་ཁོ་རང་ལས་ཁུངས་དེའི་ནང་དུ་འཛུལ་དུས་བཟི་བོ་དེ་དག་བཤད་པ་དང་གཅིག་པ་གཅིག་རྐྱང་རེད་ཟེར། ཁོ་ཚོས་ཁོ་རང་གཞུང་ལས་ཁང་ཞིག་གི་ནང་གི་འདུག་སྟེགས་རྒྱབ་སྙེས་ཅན་ཞིག་གི་ནང་དུ་ཙོག་ཏུ་བཅུག་ཅིང་ཁོ་རང་འདི་ལྟར་མདུན་གྱི་སྒྲོག་ཙེའི་ཐོག་ཏུ་བཞག་པའི་གློག་ཀླད་ཆེན་པོའི་ལྕོག་ངོས་སྔོ་ལམ་ལམ་དེ་ལ་ཧད་དེ་བསྡད་དུས་ཉིན་གསུམ་སྔོན་གྱི་བཟི་བོ་དག་གི་གདོང་ལ་ད་ནི་དཔོན་ཉམས་ཀྱི་འོད་སྣང་ཞིག་བྱུག་ཡོད་པ་མཐོང་ཞིང་སྙན་ངག་པ་དུ་བ་ཁོ་རང་ནི་ཁོ་ཚོའི་འོག་གི་ལས་བཟོ་བ་ཕལ་བ་ཞིག་ཡིན་པའི་སྣང་བ་སྐྱེས། “དེ་རིང་ལས་ཀ་ཅི་ཞིག་ཡོད་དམ”ཁོས་དཔོན་པོ་དག་ལ་སྐད་ཆ་འདི་ལྟར་ཡང་ཡང་དྲིས་ཀྱང་དཔོན་པོ་ཚོ་དགོད་ཙམ་དགོད་ཙམ་བྱེད་བཞིན་ཕྱིན་སོང་བ་ལས་ཁོ་ལ་ལན་གསལ་པོ་ཞིག་ཀྱང་སྟེར་རོགས་མ་བྱས། ཁོ་རང་ཉིན་གང་བོར་གློག་ཀླད་ཀྱི་ཁ་གཏད་དུ་ཙོག་བཞིན་དཔོན་པོ་དག་ཡར་འགྲོ་མར་འགྲོ་འདྲ་བྱེད་དུས་གློག་ཀླད་ནས་ཅི་ཞིག་བཟོ་ཁུལ་བྱེད་བཞིན་བསྡད་ཅིང་དཔོན་པོ་དག་བུད་སོང་དུས་ཁོས་སྒྲོག་ཙེའི་གཡས་གཡོན་གྱི་ཡིག་ཆ་དག་སློག་ཙམ་སློག་ཙམ་དང་སྒེའུ་ཁུང་གི་ཕྱི་རོལ་དུ་ལྟ་ཙམ་ལྟ་ཙམ་བྱེད་དགོས་བྱུང་། བར་སྐབས་ཞིག་ལ་ལས་ཀ་མེད་ན་སྙན་ངག་ཅིག་འབྲི་དགོས་སྙམ་ནས་གློག་ཀླད་ནང་ཅི་ཞིག་འབྲི་ཁུལ་བྱས་ཀྱང་སེམས་པ་ཟ་བཞིན་ཡོད་པས་ཡིག་འབྲུ་གཅིག་ཀྱང་འབྲི་ཐུབ་མ་སོང་ཟེར། ལས་ཀ་གྲོལ་དུས་སྔོན་གྱི་བཟི་བོ་དང་ད་ལྟའི་དཔོན་པོ་ཞིག་ཁོ་སར་འོང་ནས“སང་ཉིན་ནས་དུས་ལྟར་ལས་ཀ་ཤོག གཞུང་ལས་ཁང་འདི་ད་ནས་བཟུང་ཁྱོད་ཀྱི་ཡིན། སྒོར་སུམ་བརྒྱ་འདི་དེ་རིང་དཀའ་ལས་ཁག་སོང་ཟེར་ས་ཡིན། ཟླ་གཅིག་གི་རྗེས་སུ་ཟླ་ཕོགས་སྤྲད་ཡོང”ཞེས་བཤད་དེ་སྒོར་གསུམ་བརྒྱ་ཁོའི་ལག་ཏུ་བཞག་བྱུང་ཟེར། ཁོས་སྒོར་མོ་གསུམ་བརྒྱ་དེ་ལེན་དུས་ཕ་མས“བུ། སློབ་གྲྭ་སོང་རྗེས་འཁྱམ་མ་བསྡད། ཡི་གེ་ཡག་པོ་ལྟོས་ཤོག”ཅེས་ཟེར་བཞིན་དངུལ་ལོ་ཁ་ཤས་སྤྲད་པ་ལྟ་བུའི་སྣང་བ་ཐབས་རྡུགས་ཤིག་ཤར་བྱུང་ཟེར། ཁོ་རང་ཐོག་བརྩེགས་ཁང་ཆེན་གྱི་སྒོ་ནས་ཐོན་པ་དང་པེ་ཅིང་གི་དུ་སྨུག་ཁྲོད་དབུགས་རིང་ཐེངས་གཅིག་གིས་འཇིབ་མ་ཐག་དམྱལ་ཁམས་ནས་མི་ཡུལ་དུ་བསླེབས་པ་ལྟ་བུའི་སྣང་བ་སྐྱིད་པོ་ཞིག་ཤར། ཁོས་དེ་ནས་བཟུང་རྡོ་བས་བསྐྲུན་པའི་དམྱལ་ཁམས་དེ་རུ་མི་འཛུལ་པའི་དམ་བཅའ་བཞག་པ་ཡིན་ཟེར། ང་གཉིས་སྲང་ལམ་དུ་ཉུལ་ཐེངས་རེར་ཁོས“འཇིག་རྟེན་འདིའི་ཐོག་ཏུ་ཆེས་ཐབས་རྡུགས་པའི་བྱ་བ་ནི་ལས་ཀ་གང་ཡང་མེད་པར་གཞུང་ལས་ཁང་དུ་ཙོག་པོ་བསྡད་རྒྱུ་དེ་ཡིན། རྗེས་མར་མི་གཞན་གྱིས་ཁྱོད་ཀྱི་མགོ་བོ་གཅོད་གྲབས་བྱས་ཀྱང་ལས་ཀ་དེ་བྱེད་མི་ཉན”ཞེས་གདམས་མྱོང་། ཡིན་ཡང་དུ་བ་དང་མི་འདྲ་བ་ཁྲ་ཙི་མུས་ཁོས་ལས་ཀ་ཅི་ཞིག་བྱེད་མྱོང་བ་བཤད་རྒྱུ་མེད། ལས་ཀ་མེད་ལ་དངུལ་ལོ་ཡོད་པའི་ངའི་གྲོགས་པོ་དེ་གཉིས་ནམ་ཡང་འདྲེས་ཀྱིན་མི་འདུག དེ་ནི་སྙན་ངག་དང་སྒྲུང་གཏམ་པ་གཉིས་མ་འདྲེས་པ་ཡིན་ནམ་སྙམ། ངས་སྙན་ངག་པ་དུ་བར“ཁྱོད་རང་ཁྲ་ཙི་མུ་ལ་མི་དགའ་བའི་རྒྱུ་མཚན་ཅི་ཡིན”ཞེས་དྲིས་དུས“མི་དེ་བུ་མོ་མཛེས་མ་ཞིག་ལྟར་མཛེས་པོ་ཡོད་མོད། ཁོའི་ཐོད་པའི་དཀྱིལ་དུ་ཞིབ་ལྟ་བྱས་ན་སྤྲིན་ནག་ལྟས་ངན་ཞིག་འཁྲིགས་ཡོད་པ་མཐོང་ཐུབ།  མི་དེ་རིགས་ལ་ཉེན་ཁ་ཆེན་པོ་ཡོད”ཅེས་བཤད། སྐད་ཆ་དེ་ཉན་རྗེས་ངས་ཁྲ་ཙི་མུའི་ཐོད་པར་ཞིབ་ལྟ་ཡང་ཡང་བྱས་ཀྱང་ཁོའི་འོ་མ་དང་འདྲ་བའི་ཐོད་པར་ཐལ་རྡུལ་ཞིག་ཀྱང་རིག་ས་མི་འདུག 

  དུ་བས་ཤིན་ཏུ་མཛེས་པའི་རྒྱའི་གཞོན་ནུ་ཁྲ་ཙི་མུ་མཐོང་མ་ཐག་ཏུ་སྐྱག་དྲི་བྲོ་བ་ལྟར་བྱེད་བཞིན་འདུག ངའི་རྗེས་དྲན་གྱི་ཁྲོད་དུ་ཁྲ་ཙི་མུ་དང་མཉམ་དུ་འགྲོགས་པའི་ལོ་ཟླའི་ནང་དུ་ང་དོགས་མི་བདེ་བ་དང་སུན་པའི་སྣང་བ་སྟེར་བའི་བྱ་བ་ཞིག་དྲན་རྒྱུ་མི་འདུག གལ་སྲིད་ངེས་པར་དུ་བྱ་བ་ཞིག་བགྲང་དགོས་ན་ང་གཉིས་པེ་ཅིང་གི་སྒྱུ་རྩལ་ལྟེ་གནས་ཤིག་ལ་ལྟ་མོ་བལྟས་ཟིན་རྗེས་སོང་སོང་ནས་པད་རྫིང་ནུབ་ལམ་དུ་ཐོན་སྐབས་ཁོ་རང་པེ་ཅིང་དང་འབྲལ་འདོད་ཟེར། ངས“དོན་དག་ཅི་ཞིག་བྱུང་སོང”ཞེས་དྲིས་དུས“ངོ་ཤེས་པའི་མི་མང་པོ་ཞིག་དང་བྲལ་ཏེ་འཇིག་རྟེན་ཆ་མེད་ཅིག་ནས་འཚོ་བ་གསར་པ་ཞིག་མགོ་རྩོམ་བསམ་པ་ཙམ་ཡིན”ཟེར། ངས་ད་དུང་དྲི་བ་ཅི་ཞིག་འདྲི་རྩིས་བྱེད་སྐབས་ཁོའི་གདོང་གི་སྐྱོ་སྣང་དེ་གློ་བུར་ནན་ཏན་དུ་གྱུར་ནས“ང་གཉིས་གྲོགས་པོ་རེད། ངས་ངོ་མ་ཟེར་བ་ཡིན། ངེད་གཉིས་གྲོགས་པོ་རེད། ས་ཆ་གང་དུ་བསླེབས་ཀྱང་ཕུན་ཚུན་བརྗེད་ཉན་ནི་མ་རེད། ཡག་པོ་བྱེད་དགོས་རེད”ཅེས་བཤད་བྱུང་། “ངེད་གཉིས་གྲོགས་པོ་རེད”ཟེར་བའི་སྐད་ཆ་དེས་ང་རང་ཤིན་ཏུ་མ་བདེ་བར་བཟོས། ངེད་གཉིས་ངོ་ཤེས་ནས་ལོ་ངོ་གསུམ་ཙམ་འདས་ཅིང་དེའི་རིམ་རྗེས་དྲན་བྱེད་ཆོག་པའི་བྱ་བ་དུ་བ་ཞིག་བརྒྱུད་ལ་མཉམ་དུ་སྒྲུང་གཏམ་མང་པོ་བཀླགས་ནས་སྒྲུང་མཁན་དེ་ཅི་འདྲ་ཅི་འདྲ་ཞིག་ཡིན་མིན་གྱི་སྐད་ཆ་མང་པོ་བཤད་མྱོང་། ང་གཉིས་སྔ་མོ་ནས་གྲོགས་པོ་ཡིན། གཅིག་བྱས་ན་དང་པོ་ངོ་འཕྲད་དུས་ནས་གྲོགས་པོར་གྱུར་བ་ཡིན་ཡང་སྲིད། ལོ་གསུམ་གྱི་རིང་ངས་ནམ་ཡང་ཁྲ་ཙི་མུ་ནི་ངའི་གྲོགས་པོ་ཞིག་ཡིན་པའི་སྣང་བ་དེ་འདོར་མ་མྱོང་། ཡིན་ཡང་ཁོས་ངེད་གཉིས་སྔ་མོ་ནས་གྲོགས་པོ་ཡིན་བཞིན་དུ“ངེད་གཉིས་གྲོགས་ཡིན”ཞེས་གསལ་འདེབས་བྱེད་བྱུང་བས་ངའི་སྣང་བ་ཤིན་ཏུ་མི་བདེ་བ་ཞིག་བཟོས་སོང་། ཁོས་སྐད་ཆ་དེས“རྗེས་མ་ངེད་གཉིས་གྲོགས་པོ་ཡིན་དྭ”ཟེར་བ་དང་འདྲ་བའི་གོ་བ་གཞན་ཞིག་ཞོར་དུ་བྱུང་ཡོང་བས་དེ་ན་ལོ་གསུམ་གྱི་རིང་མཉམ་དུ་བརྒྱུད་པའི་འཚོ་བའི་ཁྲོད་དུ་ངེད་གཉིས་ཀྱི་འབྲེལ་བ་ནི་ཅི་ཞིག་ཡིན་ནམ་སྙམ། ངེད་གཉིས་ནི་པེ་ཅིང་གི་སྲང་ལམ་ཐོག་མཉམ་དུ་འགྲོ་བཞིན་པའི་མི་ཆ་མེད་གཉིས་ཡིན་ནམ། གཞན་ཐམས་ཅད་ནི་ཟློས་གར་ཡིན་ནམ་སྙམ་བཞིན་ངེད་གཉིས་ལ་སྐད་ཆ་གང་ཡང་མེད་སོང་། འཇིགས་སུ་རུང་བའི་འཇམ་ཐིང་ཐིང་གི་འཇིག་རྟེན་འདི་དཀྲོག་ཆེད་ངས་སྐད་ཆ་ཞིག་བཤད་བསམ་ཡང་གང་ནས་མགོ་རྩོམ་དགོས་པ་མ་ཤེས། ཁོས་ཀྱང་ཨུ་ཚུགས་ཀྱིས་སྐད་ཆ་ཁ་ཤས་ཞིག་བཤད་པར་རྩོམ་ཡང་སྔོན་མ་བཞིན་གཏམ་གླེང་ཡུན་རིང་བྱེད་མ་ཐུབ་པར་གློ་བུར་ཆད་སོང་། ཉིན་དེ་ངེད་གཉིས་ཅི་ལྟར་ཁ་བྲལ་བ་ང་ལ་གསལ་པོ་ཞིག་དྲན་རྒྱུ་མི་འདུག གལ་སྲིད་དྲན་རྒྱུ་ཡོད་ན་ད་ལྟའང་ང་རང་ས་འོག་ཏུ་འཛུལ་ཐུབ་ན་ཅི་མ་རུང་སྙམ་པའི་སྣང་བ་ཞིག་སྐྱེ་སྲིད།

   དུ་བ་དང་ངེད་གཉིས་སྲང་ལམ་མང་པོ་ཞིག་བརྒྱུད་དེ་སོང་མཐར ‘རྨི་ལམ་དུ་གཉིད་ཤོར་བ’ཞེས་པའི་ཆང་ཁང་དུ་བསླེབས་སོང་། སྐབས་དེར་ཕྱི་རོལ་དུ་མུན་ཡང་རབ་རིབ་ཅིག་རུབ་ཡོད་པ་དེ་ནི་དུ་སྨུག་གིས་མུན་པ་བསླེབ་མ་རན་གོང་ནས་མུན་པ་གྲོང་ཁྱེར་འདི་རུ་མགྲོན་དུ་འབོད་པ་འདྲ། ད་ལྟ་མུན་རུབ་ཚོད་ལ་བསླེབས་མེད་ཀྱང་མུན་རུབ་ཡོང་། ད་ལྟ་ཆུ་ཚོད་ག་ཚད་ཡིན་པ་དང་མུན་དུས་ཚོད་གང་ཙམ་ལ་རུབ་པ་ངེད་གཉིས་ལ་གསལ་ཆ་མེད། ངེད་གཉིས་ལ་ཆུ་ཚོད་འཁོར་ལོ་མེད་ལ་ཁ་པར་གྱི་ངོས་སུ་ཤར་བའི་ཆུ་ཚོད་ཀྱང་བརྟན་པོ་ཞིག་མ་རེད། སྐབས་སྐབས་ཞོགས་པར་གཉིད་ལས་སད་དུས་ཕྱི་དྲོའི་ཆུ་ཚོད་དྲུག་པ་ཡིན་ལ་སྐབས་རེར་ཉིན་ཕྱེད་ལ་མཚན་མོའི་ཆུ་ཚོད་བཅུ་པ་ཤར་འདུག ཡིན་ཡང་ངེད་གཉིས་ནི་དུས་ཚོད་ལ་ཁ་ཡ་མི་བྱེད་མཁན་ཞིག་ཡིན་པས་ཡོ་བསྲང་བྱེད་ཀྱི་མེད། ཡང་གཅིག་བཤད་ན་ངེད་གཉིས་ཀྱི་དུས་ཚོད་ནི་བརྟན་པོ་ཡིན་པ་དང་མི་གཞན་གྱིས་བརྟན་པོ་ཡིན་ཟེར་བའི་དུས་ཚོད་དེ་ནོར་བ་ཡིན་ཡང་སྲིད། མི་ཁ་ཤས་ལ་མཚོན་ན་ཉིན་དཀར་ནི་མཚན་མོ་རེད་ལ་མཚན་མོ་ནི་ཉིན་དཀར་ཡིན། ཁོ་ཚོ་ལ་མཁོ་བའི་དུས་ཚོད་དེ་དུ་བ་ངེད་གཉིས་ཀྱི་ཁ་པར་གྱི་ནང་དུ་ཤར་ཡོད། ངེད་གཉིས་དུས་ཚོད་ལ་ཁ་ཡ་བྱེད་ཀྱི་མེད་པས་དེ་རིང་གི་མུན་སྔ་རུབ་ཕྱི་རུབ་ལ་བསམ་བློ་དེ་ཙམ་མ་བཏང་བར་ཆང་འཐུང་དུ་སོང་། གློག་འོད་དཀར་པོ་ཤར་དུས་མདོག་མེད་པའི་ཆང་གི་ལྦུ་བ་དག་དཀར་པོར་གྱུར་སོང་ལ་གློག་འོད་དམར་པོ་ཤར་དུས་དམར་པོར་གྱུར་སོང་། གློག་འོད་སྔོན་པོ་ཤར་དུས་སྔོན་པོར་གྱུར་སོང་། གློག་འོད་སེར་པོ་ཤར་མ་ཐག་ངས་ལྦུ་བ་དག་མགྲིན་པའི་ནང་དུ་བླུགས་པ་ཡིན། མཐར་དེ་དག་ཁ་དོག་ཅི་འདྲ་ཞིག་ཏུ་འགྱུར་བ་མ་ཤེས་ལ་ཚོད་བྱས་ན་ངའི་སྙིང་གི་ཁ་དོག་ལྟར་དམར་པོར་འགྱུར་ཡང་སྲིད། ཡིན་ཡང་ངས་རང་གི་སྙིང་མཐོང་མྱོང་མེད་པས་ཁ་དོག་ཅི་འདྲ་ཡིན་པའང་མི་ཤེས། སྔོན་མར་བུ་མོ་མང་པོས་ངའི་སྙིང་གི་ཁ་དོག་ནི་ནག་པོ་རེད་ཟེར་མྱོང་།    ངས་ཚན་རིག་པས་འཇའ་ཚོན་ལ་ཞིབ་འཇུག་བྱེད་པ་བཞིན་གློག་འོད་དང་ལྦུ་བའི་ཁ་དོག་ལ་ཞིབ་འཇུག་བྱེད་འདོད་མེད། གང་ལྟར་ལྦུ་བ་དག་མགྲིན་པའི་ནང་དུ་བླུགས་མ་ཐག་སེམས་ནང་དུ་སྐྱིད་སྣང་ཞིག་འུར་རེ་རྒྱུག་འོང་། ང་ལ་དེ་ཙམ་གྱིས་ཆོག་པ་ཡིན།

  ཆང་གིས་རང་ཉིད་ཀྱི་སྣང་བ་རབ་རིབ་དུ་བཏང་རྗེས། དུ་བ་ངེད་གཉིས་ཆང་ཁང་གི་དཀྱིལ་དུ་ཡོད་པའི་གར་སྟེགས་མཐོན་པོ་དེའི་ཐོག་ཏུ་མགོ་བོ་ཡར་གཡུགས་མར་གཡུགས་ཀྱིས་བྲོ་འཁྲབ་པ་ཡིན། ཆང་ཁང་ནང་གི་མི་མང་པོ་ཞིག་ལ་ངེད་གཉིས་ཀྱི་བྲོ་འཁྲབ་སྟངས་ཀྱི་ནད་ཡངས་འགོས་པ་བཞིན་བསྟུད་མར་གར་སྟེགས་སུ་ཐོན་ཞིང་ལུས་པོ་གཡས་གཡོ་གཡོན་གཡོ་བྱེད་བཞིན་བྲོ་འཁྲབ་བྱུང་། 

  ངེད་གཉིས་གར་སྟེགས་ནས་བུད་མ་ཐག་ངོ་ཤེས་ཞིག་གིས་སྙན་ངག་པ་དུ་བར་སྐད་གཏོང་སོང་། ངེད་གཉིས་དེའི་ཕྱོགས་སུ་ཕྱིན་པ་ན་དེ་ཚོ་ནི་བོད་རིགས་ཀྱི་སློབ་ཆེན་སློབ་མ་སྐོར་ཞིག་རེད།  མི་ཞིག་གིས“ཞབས་དག་ཡིན”ཟེར་ནས་ཆང་ཕོར་སྟོང་པ་གཉིས་ཀྱི་ནང་དུ་ཆང་བླུགས་རྗེས་ངེད་གཉིས་ལ་བཀྱགས་བྱུང་། ངེད་གཉིས་ཀྱིས་ཀྱང་ཞབས་དག་རྒྱག་པར་བརྩམས་པ་ན་ཆང་དེ་གྲོད་པའི་ནང་དུ་མར་མི་འགྲོ་བར་ཡར་མགོའི་ཀླད་པའི་ནང་དུ་སོང་བ་ལྟ་བུའི་མགོ་གཟེར་བ་བྱས།  ཁོ་ཚོའི་ནང་གི་མི་གཟུགས་རིང་པོ་དང་དོར་མ་ཐུང་ཐུང་ཞིག་ལས་གྱོན་མེད་པ་དང་ལུས་ཀྱི་ཤ་རྡོག་དག་ཕྱིར་མངོན་དུ་བཅུག་པ་ཞིག་ཚུར་ཡོང་ནས“ཁྱོད་རང་ཆབ་མདོ་བ་ཡིན་ནམ’ཟེར། 

   “ཡིན”

  “ང་ཡང་ཆབ་མདོ་བ་ཡིན”

  “འོ”

  “ངེད་གཉིས་ཕ་ཡུལ་གཅིག་རེད། གྲོགས་པོ་ཡིན་དྭ”

  ཁོས་ཆང་ཕོར་ཆེན་པོ་ཞིག་ཡར་བཀྱགས་ནས་ངའི་ཆང་ཕོར་ལ་ཏང་སྒྲ་དང་བཅས་གཏུགས་སོང་། ཆང་ཕོར་གཉིས་ཀྱི་ཆག་གྲུམ་ཤོར་བ་དང་འདྲ་བའི་སྒྲ་གྲགས་པ་དང་ཁོས་ཆང་ཕོར་ནང་གི་ཆང་དག་མགྲིན་པའི་ནང་བླུགས་པར་རྩོམ་དུས་བྲང་ངོས་ཀྱི་ཤ་རྡོག་དག་ཁོའི་ལུས་ཀྱི་ཆ་ཤས་ཞིག་མིན་པར་ཙི་ཙི་ཁྱུ་གཅིག་དང་འདྲ་བར་ཡར་འགྲོ་མར་འགྲོ་དང་ཕར་འགྲོ་ཚུར་འོང་བྱེད་བཞིན་འདུག ཁོ་མར་ཙོག་པ་དང་མི་མང་པོ་ཞིག་ཡར་ལངས་ནས“ངའང་ཆབ་མདོ་བ་ཡིན”ཟེར་བྱུང་། ངའི་སེམས་སུ་ཁྱོད་ཆབ་མདོ་བ་ཡིན་ན་ང་དང་འབྲེལ་བ་ཅི་ཞིག་ཡོད་དམ་སྙམ་བཞིན་ཆང་མང་པོ་འཐུང་།

  གཟུགས་རིང་པོ་དེ་ཆང་གིས་བཟི་རྗེས་བྲང་ངོས་ཀྱི་ཤ་རྡོག་མཁྲེགས་པོ་དག་དུ་བ་ངེད་གཉིས་ལ་ངོམས་བྱུང་། “ཁྱོད་གཉིས་ཀྱི་གྲོད་པ་གཅིག་སྟོན་དང་ཤ་རྡོག་འདྲ་ཨེ་ཡོད”ཅེས་དྲིས།

   དུ་བས“ཁྱོད་ཀྱི་ཤ་རྡོག་པོ་དེ་དག་ཀྱང་མི་འགྱང་བར་ཚིལ་དུ་འགྱུར་འགྲོ་གི་རེད”ཟེར་སོང་། 

  ཁོ་ཚོ་དང་བྲལ་ནས་ངེད་གཉིས་ཀྱི་བསྡད་སའི་སྒྲོག་ཙེའི་འགྲམ་དུ་ལོག་པའི་ལམ་བར་སྙན་ངག་པ་དུ་བས་མགོ་ཕུར་བཞིན“ཆང་སྡུག་གྭ”ཟེར

  ཕྱི་རྒྱལ་བ་མང་པོ་ཞིག་ངེད་གཉིས་འགྲམ་གྱི་སྒྲོག་ཙེ་ཆེན་པོ་ཞིག་གི་འགྲམ་དུ་རུབ་རུབ་དུ་བསྡད་བཞིན་ཁ་བརྡ་བྱེད་བཞིན་འདུག རྒྱ་རྣམས་ཀྱི་ཁ་བརྡ་བྱེད་ཚུལ་དང་མི་འདྲ་བར་སྐད་ཆ་ལྷོད་ལ་ཆུང་ཚུལ་དེས་མི་རྣམས་ལ་ལྐོག་ཉན་བྱེད་འདོད་པའི་སྤྲོ་བ་ཞིག་ངང་གིས་སྦྱིན། དུ་བ་ཁོ་ཚོའི་ནང་དུ་སོང་ནས་པེ་ཙི་ཡོད་ཚད་ལ་རང་ཉིད་ཀྱི་ལག་ནང་གི་པེ་ཙི་དེ་ཐུགས་ཙམ་ཐུགས་ཙམ་བྱེད་རྗེས་ཁམ་གང་འཐུང་བ་དང་པེ་ཙི་སྒྲོག་ཙེའི་ཐོག་ཏུ་བཞག་ནས་ཁོ་ཚོའི་དཀྱིལ་དུ་ཙོག་སོང་། དུས་ཅུང་ཙམ་འདས་རྗེས་ངའང་ཁོ་སར་སོང་། དེ་དུས་དུ་བས་ཧྥེ་རན་སའི་སྐད་ཀྱིས་ཧྥེ་རན་སེའི་རྩོམ་རིག་གླེང་བཞིན་འདུག “རྩོམ་པ་པོ་པོ་སེ་ཐོའི་བརྩམས་སྒྲུང་རིང་མོ《སྙིང་གི་འཕར་མཚམས་ཆད་པ》[i]ཞེས་པ་དེ་ནི་ཅི་བསམ་གང་དྲན་གྱིས་བྲིས་པའི་སྒྲུང་ཞིག་རེད། དེ་བས་ང་རང་ཅ་མོའི་སྒྲུང་ལ་དགའ་ཆེ་ཁོའི་སྒྲུང་གི་སྐད་ཆ་ཧ་ལས་དགོས་པའི་སྟབས་བདེ་ཡིན།”ཞེས་བཤད་ཅིང་སྙན་ངག་པ་བྷོ་ཏི་ལེར་ཨར་[ii]དང་ལང་བྷོ། ལྦེ་དེ་[iii]སོགས་ཀྱི་སྙན་ངག་གླེང་བྱུང་ལ“འཚོ་བ་ནི་ཐག་རིང་དུ་ཡོད”ཟེར་བའི་སྙན་ངག་པ་ལང་བྷོའི་མི་ཚེ་གང་བོར་ཐག་རིང་དུ་རྒྱུགས་རྒྱུགས་ནས་ནད་ཀྱིས་མནར་ཏེ་འདས་ཁར་ཡང་སྙིང་ཅི་ཞིག་མཐོང་ཡོད་ཚུལ་གླེང་། དུ་བས“ལང་བྷོས་ཤོག་ཐོག་ཏུ་འབྲི་དགོས་དོན་མེད་པའི་སྙན་ངག་མཐོང་ཡོད”ཟེར། ཁོ་ཚོའི་ནང་ནས་མི་མིག་ཤིན་ཏུ་སྔོན་པོ་ཡིན་པ་ཞིག་འདུག ཁོའི་མིག་དེ་ལྦུ་བ་དང་མི་འདྲ་བར་གློག་འོད་ཀྱི་ཁ་དོག་སྣ་ཁ་ཅི་ལྟར་བརྗེས་ཀྱང་ནམ་ཡང་སྔོན་པོ་རེད། ཁོས་ཧྥེ་རན་སེའི་རྩོམ་པ་པོ་ཐོའུ་ལཱ་སེ་[iv]ལོ་བརྒྱད་བཅུ་ལ་སོན་སྐབས་ལོ་ཉི་ཤུ་ཅན་གྱི་གཞོན་ནུ་ཞིག་དང་དགའ་རོགས་འགྲིག་པའི་གཏམ་རྒྱུད་ཡ་མཚན་ཞིག་ལུས་པོ་ཐམས་ཅད་འགུལ་བཞིན་བཤད་བྱུང་། ཁོས་ཐོའུ་ལ་སེ་བཤད་སྐབས་ཁོ་རང་ནི་ཐོའུ་ལ་སེ་ཡིན་པ་ལྟར་བྱེད་ཅིང་ཁོས་ལོ་ཉི་ཤུ་ཅན་གྱི་གཞོན་ནུ་དེ་བཤད་སྐབས་ཁོ་རང་ནི་གཞོན་ནུ་དེ་རང་ཡིན་པ་ལྟར་བྱེད། ཁོས་གཏམ་རྒྱུད་ཅིག་འཆད་ཀྱིན་མིན་པ་འཁྲབ་བཞིན་དང་འདྲ། གཏམ་རྒྱུད་ཚར་སོང་ནའང་དུ་བ་ངེད་གཉིས་ཧ་ལས་ནས་ཁོ་ཅེར་བསྡད། དུ་བས་ད་ནི་ཟློས་གར་ཚར་སོང་བ་ཤེས་རྗེས“རྒད་མོ་ངར་མ་ཞིག”ཟེར་བ་དང་དུ་རྐང་ཤིན་ཏུ་རིང་པོ་ཞིག་ལ་མེ་བསྒྲོན་རྗེས་དུ་རྐང་གི་སྲིན་བལ་ཆང་ནང་བཅུག་ཙམ་བཅུག་ཙམ་བྱས། ཁོས་དེ་ལྟར་བྱས་ན་དུ་བའི་བྲོ་བ་ཁག་ཁག་ཡིན་ཟེར།

   ཕྱི་རྒྱལ་བ་ཚོའི་རེ་བ་ལྟར་དུ་བས་སྙན་ངག《སྒྲ་དབྱངས་དུ་བ་མཇུག་རིང》ཞེས་པ་དེ་གྱེར་བྱུང་། དང་པོར་ཉན་མཁན་ཕྱི་རྒྱལ་བ་རྣམས་ལས་མེད་མོད། དུ་བའི་སྒྲ་གདངས་མཐོ་རུ་སོང་བ་དང་བསྟུན་ནས་གར་སྟེགས་ཐོག་གི་གཞས་རིམ་གྱིས་མཚམས་ཆད་སོང་ལ་མི་རྣམས་ཀྱི་དགོད་སྒྲའང་ཆད་སོང་། སྐད་ཆ་ཡང་ཆད་སོང་། མཐར་རོལ་དབྱངས་ཟང་ཟིང་དག་ཀྱང་ཤི་བ་ན་དུ་བའི་སྙན་ངག་གི་ཚིག་དེ་ཚོ་མདེའུ་བཞིན་ཉན་མཁན་ཚོའི་ཀླད་པ་དང་སྙིང་ག་ཁུང་བུའི་ཁེངས་པ་བྱས། བོད་སྐད་ཤེས་མཁན་ཞིག་ཡིན་ན་ནང་དོན་གོ་བ་ཙམ་གྱིས་ངོ་གདོང་དམར་པོ་གྱུར་འགྲོ་བ་རྐྱང་རྐྱང་རེད་ཡིན་ཡང་ངའི་ཡིད་སེམས་ཧྲིལ་པོ་སྙན་ངག་གི་སྒྲ་དབྱངས་ཀྱིས་དྲངས་བས་ཚིག་རྐང་གཅིག་མ་གཏོགས་ཡིད་ལ་ངེས་མ་ཐུབ། དེ་ནི་མཇུག་རྫོགས་དུས“ལྟོས་དང་། དུས་རབས་འདིའི་ཉི་མ་དམྱལ་ཁམས་ནས་ཡར་ཤར་བྱུང”ཞེས་འབོད་བཞིན་མཛུབ་མོ་སྒེའུ་ཁུང་གི་ཕྱི་རོལ་དུ་གཏད། ངེད་ཚོས་ཁོའི་འཛུབ་མོ་གཏད་ཕྱོགས་སུ་བལྟས་པ་ན་ཉི་མ་ཕར་ཞོག་ཟླ་བའང་རིག་ས་མི་འདུག འཇིག་རྟེན་གྱི་ཁ་ངོ་དུ་སྨུག་དང་མུན་པས་བསྒྲིབས་འདུག

  དུ་བའི་སྙན་ངག་གི་མཇུག་རྫོགས་པ་དང་ཞབས་ཞུ་མ་གསུམ་ང་ཚོའི་སར་འོང་ནས“ད་ལྟ་ཁྱོད་ཀྱི་བླངས་པའི་གཞས་དེ་མི་རིགས་གང་གི་གླུ་དབྱངས་རེད། ཁྱོད་རང་གར་སྟེགས་སུ་སོང་ནས་ཡང་བསྐྱར་ལན་གཅིག་བཏང་ན་འགྲིག་གམ”ཞེས་དྲིས།

  “ང་ངལ་བྱུང”དུ་བས་འདི་ལྟར་བཤད། དུ་བ་ངོ་མ་ངལ་འདུག ངོ་གདོང་རྔུལ་ཆུས་བརླན་ཞིང་ཆང་ཕོར་དག་ལ་ཁ་ཡ་མ་བྱེད་པར་འདུག་སྟེགས་ལ་རྒྱབ་བསྙེས་བྱས་ནས་ཉལ་འདུག ཁོའི་མིག་འབྲས་ཀྱི་མཐའ་འཁོར་རུ་མེ་ལྷང་ངེར་འབར་བ་མཐོང་ལ་མིག་འབྲས་ཀྱི་དཀྱིལ་དུ་འོད་རྣོན་པོ་ཞིག་འཚེར་བཞིན་པ་རིག དེས་ཁོའི་རྣམ་ཤེས་ཆུ་བཞིན་འཁོལ་བཞིན་པའི་བདེན་དཔང་བྱེད་ཀྱིན་འདུག

  ཕྱི་རྒྱལ་རྣམས་ཀྱི་དཀྱིལ་དུ་མི་རྒན་ཞིག་འདུག 

  ངས་ཕྱི་རྒྱལ་རྣམས་ཀྱི་དཀྱིལ་དུ་རྒད་པོ་ཞིག་འདུག་པ་དེ་ལ“དེ་རིང་ཆང་ཁང་འདིའི་ནང་དུ་མི་རྒན་ཁྱོད་རང་ལས་མི་འདུག”ཅེས་གྲ་མི་དག་པའི་ཨེན་སྐད་ཀྱིས་ལབ་པ་ན་ཁོས“ང་རང་ཆང་ཁང་ནང་གི་ལང་ཚོའི་འབར་བའི་སྣང་ཚུལ་ལ་དགའ་པོ་ཡོད། དེས་ང་ལ་འཛད་མཐའ་མེད་པའི་སྟོབས་ཤུགས་སྤྲད་ཡོང་གི”ཞེས་བཤད་རྗེས་སླར་ཡང“ང་རང་རྒས་པོ་འདི་འདྲ་མིན་དུས་ངས་བྲོ་འཁྲབས་ནས་གྲོང་ཁྱེར་ཆེན་པོ་ཕ་རི་སེའི་མཚན་མོ་འཕྲད་ཀྱིས་བཅད་མྱོང”ཟེར།

  “དེ་རིང་བྲོ་མི་འཁྲབ་བམ”

  “དེ་རིང་མགོ་ནག་གཞོན་ནུ་མང་པོའི་དཀྱིལ་དུ་ང་རྒད་པོ་མགོ་སེར་ཞིག་གིས་བྲོ་འཁྲབ་ཚུལ་ཞིག་ག་ལ་ཡོད། ཁྱོད་ཚོས་བོད་མིས ‘མགོ་ནག་མི’ཞེས་བཤད་སྲོལ་ཡོད་པ་མིན་ནམ”

  ངས་མགོ་སེར་ཞིག་གི་བོད་ཀྱི་གཏམ་དཔེ“མགོ་ནག་མི”ཞེས་པ་དེ་ཅི་ལྟར་གོ་བ་ཡིན་ནམ་སྙམ་སྐབས། ཁོའི་འགྲམ་གྱི་མགོ་སེར་གཞོན་ནུ་དེས“ཁོ་རང་ནི་མིང་དུ་གྲགས་པས་ལོ་རྒྱུས་རྟོག་ཞིབ་པ་ཞིག་རེད། ཁྱོད་ཚོ་བོད་མི་རིགས་ཀྱི་ལོ་རྒྱུས་ལའང་རྒྱུས་ཆེན་པོ་ཡོད་རེད”ཟེར།

  ཁོས་བོད་ཀྱི་ལོ་རྒྱུས་སྤྱི་ཁོག་ལ་ལྟ་ཚུལ་ཅི་ལྟར་འཛིན་བཞིན་ཡོད་དམ་སྙམ་བཞིན་ངས་ལོ་རྒྱུས་ཀྱི་དྲི་བ་ཆེན་པོ་ཞིག་དྲིས་པ་ཡིན།

  ཡིན་ཡང་ཏག་ཏག་སྐབས་དེར་ཞབས་ཞུ་མ་གཟུགས་རིང་ཞིང་དོར་མ་དང་སྟོད་ཐུང་ཕལ་ཆེར་གྱོན་མེད་པ་ཞིག་འཕོང་རྐུབ་ཕར་གཡོ་ཚུར་གཡོ་བྱེད་བཞིན་ང་ཚོའི་ས་ནས་མར་ཕྱིན་སོང་། ལོ་རྒྱུས་རྟོག་ཞིབ་པ་དེས་མིག་ཤེལ་ཡར་འདེད་ཙམ་བྱེད་རྗེས་ཞབས་ཞུ་མའི་ཨོང་དོ་ཆེན་པོ་དེ་ལ་ཞིབ་ལྟ་བྱེད་པ་ལས་ང་ལ་ལན་གང་ཡང་བཏབ་མ་བྱུང་། ངས་ཁོ་རང་ནི་མཛེས་མའི་རྟོག་ཞིབ་པ་ཞིག་མིན་ནམ་སྙམ།

  ང་རང་འདུག་གནས་སུ་ཙོག་བཞིན་རྒུན་ཆང་དམར་པོ་ཁམ་གང་འཐུང་། རྒུན་ཆང་མགྲིན་པ་ནས་མར་བཞུར་འགྲོ་བ་དང་ཞིམ་ཉམས་ཁྱད་པར་བ་ཞིག་འདུག ངས་པེ་ཙི་རྐང་རིང་མ་དེ་ཡར་བཀྱགས་ནས་ཆང་འདི་བཟོ་མཁན་གྱིས་ཆང་ནང་དུ་ཡང་སྙིང་ཅི་ཞིག་བསྲེས་པ་ཡིན་ནམ། ཞིམ་པོ་འདི་འདྲ་དཔེ་མི་སྲིད་སྙམ། ཡིན་ཡང་ངས་དེའི་ནང་བསྲེས་པའི་རྫས་ཅི་ཡང་མཐོང་མ་བྱུང་། ཆང་ཁང་ནང་གི་གློག་འོད་སྔོན་པོས་རྒུན་ཆང་དམར་པོ་ཡང་དོག་གཞན་ཞིག་དུ་བཏང་འདུག ངས་རྒུན་ཆང་འདི་ཞིམ་པོ་འདི་འདྲ་ཡིན་པའི་གསང་བ་བརྟོལ་མ་ཐུབ་པས་ངའི་ཆང་གྲོགས་དུ་བ་གང་དུ་ཕྱིན་སོང་ངམ་སྙམ། ད་ལྟ་ང་རང་ཅུང་བཟི་ཡོད་པ་འདྲ། ཆང་ཁང་ནང་གི་ཡོད་ཚད་ནི་སྙན་ངག་པ་དུ་བ་དང་འདྲ་བས་ངའི་གྲོགས་པོ་སྙན་ངག་པ་དུ་བ་ངོ་མ་གང་དེ་ཡིན་ནམ། མིག་གིས་གསལ་པོ་མི་མཐོང་བ་འདི་རྒུན་ཆང་ཞིམ་པོ་འདི་ལ་ཁ་གཡར་བྱས་ག་ལ་རུང་། མ་གཞི་ནས་ང་རང་གི་མིག་ལ་སྐྱོན་ཅུང་ཙམ་ཡོད། ང་རང་སློབ་ཆེན་གྱི་ནང་དུ་ལོ་གཅིག་ཙམ་ཞིག་སློབ་མ་བཟང་པོ་ཞིག་བྱས་ནས་བསྡད་མྱོང་། ལོ་དེའི་ནང་དགེ་རྒན་མིག་ཤེལ་ཅན་དེ་ཚོས་ནག་པང་གི་ངོས་སུpptཆེན་པོ་ཞིག་བཀར་ཡོང་བས་དེའི་ངོས་ཀྱི་ཡི་གེ་ནག་ཆུང་དག་ལ་མིག་བགྲད་ནས་ལྟ་དགོས། pptགྱི་འོད་ནི་ཁ་བའི་ཐོག་ཏུ་ཉི་འོད་ཕོག་པ་དང་འདྲ་བས་ངའི་མིག་ཤེས་ཇེ་རྡུགས་སུ་ཕྱིན་སོང་། དེའི་རྐྱེན་གྱིས་ངས་དགེ་རྒན་མང་པོར་གྱོད་གཏུགས་བྱས་པ་ཡིན། དགེ་རྒན་དེ་ཚོས་ང་ལ་ཁ་ཡ་མི་བྱེད་པ་མ་ཟད། ངའི་མིག་ལ་སྐྱོན་ཕོག་པ་དེ་pptགྱི་སྐྱོན་མེད་པར་པེ་ཅིང་གི་དུག་སྨུག་མིག་ཏུ་འཛུལ་བས་རེད་ཟེར། དེ་ནས་བཟུང་ང་རང་པེ་ཅིང་གི་སྲང་ལམ་ན་ཉུལ་དུས་མིག་བཙུམ་ནས་འགྲོ་བ་ཡིན། དེ་ལས་པེ་ཅིང་གི་དུག་སྨུག་མིག་ནང་མི་འཛུལ་བའི་ཐབས་གཞན་མི་འདུག ངས་སྐྱོན་ཕོག་པའི་མིག་དེ་བེད་སྤྱད་ནས་ཆང་གྲོགས་དུ་བ་བཙལ་བཙལ་མཐར་ངས་ཁོ་རང་རིག་སོང་། ཁོ་རང་ཆང་འཚོང་སའི་སྟེགས་བུར་བསྙལ་ནས་ཁ་གཏད་ཀྱི་ཆང་འཚོང་མཁན་གྱི་བུ་མོ་དེ་ལ་ངོ་ཤེས་འགྲིག་པའི་སྒང་རེད། ང་དང་བར་ཐག་རིང་བས་ཁོ་གཉིས་ཀྱི་ཅི་ཞིག་འཆད་བཞིན་པ་མི་གོ་ནའང་། ཚོད་དཔག་བྱས་ན་སྙན་ངག་པ་དུ་བས་རང་ཉིད་ངོ་སྤྲོད་བྱེད་བཞིན་ཡོད་པ་འདྲ། བུ་མོ་དེས་ཆང་ཤེལ་དམ་ཆེན་པོ་ཞིག་ཕར་གཡུགས་ཚུར་གཡུགས་བྱེད་བཞིན་བཟི་བོ་དག་ལ་འཚོང་བ་ལས་ཁོ་ལ་ཁ་ཡ་བྱེད་ཀྱིན་མི་འདུག ངའི་གྲོགས་པོ་དེ་ཨུ་ཚུགས་ཆེ་བས་དེ་ཙམ་གྱིས་མོ་རང་གློད་ག་ལ་སྲིད། མུ་མཐུད་དུ་ཁོས་སྙན་ངག་པའི་ཁ་དེ་བེད་སྤྱད་ནས་མཚར་གཏམ་བཤད་པ་འདྲ། ཁ་གཏད་ཀྱི་བུ་མོ་དེས་ལག་པས་ཁ་བཀབ་ནས་བགད་སོང་། ངས་རྒུན་ཆང་ཁམ་གང་མིད་རྗེས་སླར་ཁོ་གཉིས་ཀྱི་འབྲེལ་བའི་འཕེལ་འགྱུར་ལ་ལྟད་མོ་བལྟས་བསྡད། དུ་བས་ད་ལྟ་བཤད་པའི་མཚར་གཏམ་དེའི་ཁ་ལོ་འདོད་གཏམ་གྱི་ཕྱོགས་སུ་བསྒྱུར་བ་འདྲ། བུ་མོ་དེས་ངོ་ཚ་མདོག་སྟོན་བཞིན་ཡོད་མོད། མོའི་ལག་ཏུ་ཕར་གཡུགས་ཚུར་གཡུགས་བྱེད་བཞིན་པའི་ཤེལ་དམ་དེ་ནི་སྐྱེས་པ་རྣམས་ལ་བསླུ་བྲིད་གཏོང་བྱེད་ཀྱི་ལག་ཆ་ལྟ་བུར་གྱུར་འདུག ཚུལ་དེ་དང་བསྟུན་ནས་དུ་བའི་སྡིག་སྲིན་གྱི་ལག་པ་ནག་པོ་དེ་མོའི་བྲང་གི་ནུ་མའི་ཕྱོགས་སུ་བསྲིངས་པ་མཐོང་། ངས་བུ་མོ་གང་དེ་མལ་སར་འཐེན་མ་ཐུབ་བར་དུ་ཨུ་ཚུགས་བྱེད་སྲིད་པའི་སྙན་ངག་པ་དུ་བའི་གཤིས་ཀ་ལ་རྒྱུས་ཡོད་པས་ངས་ཞབས་ཞུ་བ་བོས་ནས་ཆང་རིན་སྤྲད་རྗེས་ཕྱི་རོལ་དུ་ཐོན།

  ཕྱི་རོལ་གྱི་གཞུང་ལམ་ཐོག་ཏུ་མི་དང་མོ་ཊ་འགྲོ་མཁན་མི་འདུག མུན་ན་བཀར་ནས་བཞག་པའི་གློག་འོད་ཀྱིས་སུའི་མདུན་ལམ་ཡང་གསལ་བར་མི་བྱེད། གློག་འོད་ནང་འབུ་མེ་ལྕེབས་ཞིག་འདེད་བཞིན་ཞི་ཕྲུག་ཆུང་ཆུང་དེས་ངའི་གོམ་སྒྲ་ཐོས་འཕྲལ་མི་རིག་སའི་མུན་དུ་ཡལ། ངས“མཱ་མཱ”ཞེས་པའི་སྐད་དང་བསྟུན་ནས་གློག་འོད་ནང་དུ་ཡར་འགྲོ་མར་འགྲོ་བྱས་ཏེ་ཞི་ཕྲུག་སྙིང་ལ་རྗེ་མོ་དེ་བཙལ་ཡང་རྙེད་མ་སོང་། མུན་པ་ནི་མིའི་མིག་གི་འཁྲུལ་སྣང་ཡིན་ནམ། མིན་ན་ཞི་མི་དང་འུག་པས་མུན་པ་ནང་དུ་ཅི་ཡང་མཐོང་ཡང་བློ་གྲོས་ཀྱི་རྩེར་ཟོན་པའི་འོ་ཅག་མིས་ཅི་ཡང་མི་མཐོང་བ་འདི་ཅི་ཡིན།

  དཀྱོག་མཚམས་ཞིག་ཏུ་ཐོན་སྐབས་གང་ནས་ཐོན་ཡོང་བ་མི་ཤེས་པའི་མི་ཞིག་གློ་བུར་ངའི་མདུན་དུ་ཐོན་ཡོང་ཞིང་ངའི་ལག་པ་བཟུང་བྱུང་། མི་དེ་ནི་རྨི་ལམ་ནས་ཐོན་པའི་མག་མོག་གི་གཟུགས་བརྙན་ཞིག་དང་འདྲ་ནའང་གཟུགས་བརྙན་དེ་ཕྲ་ལ་རིང་པ་ལ་བལྟས་ན་འཆི་བ་དང་ཉེ་བ་འདྲ། ཡང་ན་ད་སོ་མར་ཤི་དུ་ཁུང་ནས་ཡར་འཛུལ་ཡོང་བ་འདྲ། ངའི་ལག་པ་ལ་རེག་ཡོང་བའི་ལག་པ་དེ་གྲང་མོ་ཆབ་རོམ་དང་འདྲ་བས་ངའི་ལུས་ཀྱི་བ་སྤུ་ཀུན་འུར་རེ་ཟིང་བ་བྱེད། ཁོའི་ཕྲ་བ་དང་ཆུང་བའི་གཟུགས་བརྙན་གྱིས་ངའི་སེམས་ནང་ཉལ་བའི་སྙིང་རྗེ་བསླངས་པ་ལས་སྐྲག་སྣང་གང་ཡང་སྐྱེས་མ་བྱུང་། ངས་གློག་འོད་འོག་ཏུ་རང་ཉིད་ཀྱི་ལག་པ་ལ་བལྟ་དུས་ངའི་ལག་པ་བརླན་པར་གྱུར་འདུག་པ་མཐོང་ཞིང་པེ་ཅིང་གི་དབྱར་ཁའི་མཚན་མོ་འདིར་མི་འདི་ས་འོག་ནས་ཡར་ཐོན་པ་ཡིན་ནམ་སྙམ་བཞིན་ཞིབ་ལྟ་བྱེད་དུས་མི་དེས་ནོར་འཁྲུལ་ཆེན་པོ་ཞིག་བསགས་པ་བཞིན་མགོ་བོ་སྒུར་སྒུར་བྱས་ནས་བསྡད། ཁོའི་ལུས་པོ་ཡོང་བརླན་པ་རེད་འདུག་ལ་པེ་ཅིང་གི་མཚན་མོའི་ཚ་བའི་ཁྲོད་དུ་ཁོའི་ལུས་ལས་ཉ་བྲོ་ལྟ་བུའི་སྣ་ལ་གཟེན་པའི་དྲི་ངན་ཞིག་ལྡང་འོང་། ཁོ་ལ་སྐད་ཆ་ཞིག་འདྲི་རྩིས་བྱེད་སྐབས་ཁོས་ཀྱང་མགོ་བོ་ཡར་བཀྱགས་ནས་ང་ལ་སྐད་ཆ་ཞིག་བཤད་རྩིས་བྱེད་པ་དང་ཁེལ། ཁོས་མིག་ཤེལ་ཞིག་གྱོན་ཡོད་པ་མཐོང་། མིག་ཤེལ་དེ་འདམ་པའི་བརླན་ཡོད་པས་ནང་གི་མིག་གཉིས་མཐོང་རྒྱུ་མི་འདུག མཆན་འོག་ཏུ་གཅུར་ཡོད་པའི་དཔེ་ཆ་སྟུག་པོ་དེའང་བདག་པོ་དང་མཉམ་དུ་བརླན་ཡོད་པས་དེ་ལས་ཆུ་ཐིགས་ནག་པོ་བར་མེད་དུ་ཟག་བཞིན་འདུག

  “རྩོམ་རིག་ནི་གད་སྙིགས་རེད”

  སྐད་ཆ་འདི་ཐོས་མ་ཐག་ང་རང་ཧ་ལས་སོང་། ངས་ཁོས“སྒོར་རྡོག་ཅིག་སྦྱིན་རོགས། སྐུ་མཁྱེན”ཞེས་སློང་མོ་བྱེད་པར་སྒུག་ཡོད། ཁོས་བྲག་ཆ་ལྟ་བུའི་སྐད་ཀྱིས་དགེ་རྒན་དག་གི་ངག་ལས་ཀྱང་ཐོས་མ་མྱོང་བའི་སྐད་ཆ་འདི་འདྲ་ཞིག་བཤད་རྗེས“གད་སྙིགས་ཀྱི་རིན་ཐང་་་”ཞེས་མུ་མཐུད་དུ་རྩོམ་རིག་ནི་ཅིའི་ཕྱིར་གད་སྙིགས་ཡིན་པའི་ལུངས་ཞིག་དྲངས་བསམ་པ་འདྲ་མོད། ཁོའི་ལུས་པོ་སིབ་སིབ་འདར་བཞིན་པས་སྐད་ཆ་གསལ་པོ་ཞིག་བཤད་ཐུབ་མ་སོང་། ང་ལ་མཚོན་ན་སྐད་ཆ་དེ་ཙམ་གྱི་ཐོལ་པས་ཁོ་ལ་སྐད་ཆ་བཤད་མི་དགོས་བརྡ་གཏོང་བ་དང་པར་ཁུག་ནས་དངུལ་ལོ་ལག་པས་ཟིན་ཚད་བླངས་ནས་ཁོ་སྤྲད་རྗེས་སྲང་ལམ་གྱི་དཀྱོག་མཚམས་བརྒལ་ནས་དཀྱོག་མཚམས་བཞིན་ཞིག་གི་ཕྱོགས་སུ་བསྐྱོད། དམིགས་ཡུལ་གང་ཡང་མེད་པར་གཞུང་ལམ་ཆེན་པོ་ཞིག་དེད་ནས་གང་སླེབས་ན་བསླེབས་བསམས་ཏེ་བསྐྱོད། ང་རང་མུན་མ་གསལ་བར་དུ། ཉི་མ་མ་ཤར་བར་དུ། སླར་ཡང་མུན་གཞན་ཞིག་མ་རུབ་བར་དུ་འདི་ལྟར་སྐྱོད་འདོད། མུན་གསལ་བ་དང་ཉི་མ་ཤར་བ། མུན་རུབ་པ་བཅས་དང་ངའི་བར་དུ་འབྲེལ་བ་ཅི་ཞིག་ཡོད་དམ། ང་རང་འགྲོ་མི་བསམ་བར་དུ་འགྲོ་འདོད། 

  ལམ་བར་དུ་ད་ལྟ་ནི་མི་རྣམས་ཀྱིས་དབྱར་ཁ་ཞེས་འབོད་ཀྱང་ཡང་སྙིང་དུས་ཚིགས་གང་ལ་བསླེབས་ཡོད་དམ་སྙམ་བཞིན་ནམ་མཁའ་ལ་ཅེར། ནམ་མཁའ་རུ་སྤྲིན་ནག་སྟུག་པོ་ཞིག་ལས་ཅི་ཡང་མི་འདུག གལ་སྲིད་དེ་རིང་སྐར་ཚོགས་ཁྲ་ཆིལ་དགུ་ཆིལ་དུ་ཤར་ཡོད་པའི་དབང་དུ་བཏང་ནའང་ངས་སྐར་མ་གཅིག་ཀྱང་ངོ་མི་ཤེས་པས་ཅི་ཡང་བརྟག་མི་ཐུབ། དུས་རྒྱུན་ངའི་ཀླད་པར་གནད་དོན་ཡ་མཚན་འདྲ་ཤར་ཡོང་དུས་དེ་རིང་བཞིན་ནམ་མཁའ་ལ་ལྟ་བཞིན་དྲི་བ་ཞིག་སྟོན་པ་གོམས་ཡོད། དེའི་རྒྱུ་མཚན་ནི་སྐྱེ་བ་སྔོན་མར་ང་རང་ནི་སྐར་རྩིས་མཁས་ཅན་ཞིག་ཡིན་ནའང་ཐང་། གང་ལྟར་ང་རང་སྐར་མ་དང་ཆེས་ཉེ་བའི་ཕ་ཡུལ་མཐོ་སྒང་དུ་ཡོད་དུས་ཀྱང་དབྱར་ཁ་ཤར་སོང་ན་དགུན་ཁ་ནི་ཅི་ལྟར་བུ་ཞིག་ཡིན་པ་བརྗེད་འགྲོ་ལ་དགུན་ཁ་ཚེས་དུས་དབྱར་ཁ་ནི་ཅི་ལྟར་བུ་ཞིག་ཡིན་པ་དྲན་རྒྱུ་མེད། པེ་ཅིང་གི་དུས་ཚིགས་ནི་ཕ་ཡུལ་དང་མི་འདྲ་བར་དབྱར་ཁ་རྫོགས་རྗེས་དགུན་གྱི་ནམ་ཟླ་རིང་པོ་རེད་ལ་དགུན་ཁ་རྗོགས་རྗེས་དབྱར་གྱི་ནམ་ཟླ་རིང་པོ་ཤར་འོང་ནའང་ངས་དབྱར་གྱི་དུས་ཚིགས་ཀྱི་ནང་དུ་སྟོན་ཀ་དང་དགུན་ཁ། དཔྱིད་ཀའི་པེ་ཅིང་ནི་ཅི་ལྟར་བུ་ཞིག་ཡིན་པ་དྲན་རྒྱུ་མི་འདུག པེ་ཅིང་གི་དབྱར་དགུན་སྟོན་དཔྱིད་ཀྱི་རྣམ་པ་ནི་གཅིག་འདྲ་ཞིག་ཡིན་ཡང་སྲིད། དེ་རིང་བཞིན་རྡོ་བའི་གྲོང་ཁྱེར་གྱི་ཐོག་ཏུ་སྤྲིན་པ་ཡིན་ནམ་དུག་སྨུག་ཡིན་མི་ཤེས་པ་གང་ལྟར་དངོས་པོ་ནག་པོ་ཞིག་གིས་དབྱར་དགུན་སྟོན་དཔྱིད་ཀྱི་རྣམ་པ་གཅིག་ཏུ་བཀབ་ཡོད།

  བར་སྐབས་ཞིག་ལ་ང་རང་ས་འོག་གི་མེ་འཁོར་འབབ་ཚིགས་ཤིག་ཏུ་བསླེབས་འདུག་ཅིང་བར་སྣང་དུ་གློག་འོད་དམར་པོ་འཚེར་བའི་བྱང་བུ་དག་གིས་ཤར་སྒོ་དང་ནུབ་སྒོ གསང་སྤྱོད་བཅས་ཅི་ལྟར་འགྲོ་དགོས་པ་ལམ་སྟོན། གཡོན་གྱི་ལྕགས་ལམ་ཐོག་གི་མེ་འཁོར་དེའི་ནང་དུ་སོང་ན་ས་ཆ་གང་དང་གང་དུ་སླེབས་འགྲོ་བ་དང་གཡས་ཀྱི་མེ་འཁོར་ནང་སོང་ན་ས་ཆ་གང་གང་དུ་སླེབས་འགྲོ་བ་གསལ་པོ་བྲིས་འདུག ང་རང་ཤར་སྒོ་དང་ནུབ་སྒོ་གང་ནས་ཡར་ཐོན་ཡོང་བ་མི་ཤེས་ལ་ང་རང་ས་ཆ་གང་དུའང་འགྲོ་འདོད་མེད་པས་མེ་འཁོར་གཡས་གཡོན་གཉིས་ཀ་ས་ཆ་གང་དུ་སླེབས་བའང་ང་དང་འབྲེལ་བ་ཅི་ཞིག་འདུག ང་རང་དཀྱིལ་གྱི་སྟོང་སར་ཡོད་པའི་འདུག་སྟེགས་ཆེན་པོ་ཞིག་གི་ཐོག་ཏུ་ཀན་རྐྱལ་དུ་ཉལ་བསྡད། དུས་ཡུན་རིང་པོ་ཞིག་ལ་གཡས་ནས་མེ་འཁོར་སྟོང་པ་ཞིང་ཤང་སྒྲ་དང་བཅས་མར་འཕུར་ཡོང་ཞིང་ཡང་གཡོན་ནས་ཤུང་སྒྲ་དང་བཅས་ཡར་འཕུར་འགྲོ། གཡོན་ནས་ཤང་ཟེར་ནས་སླེབས་ཡོང་ལ་གཡོན་ནས་ཤུང་ཟེར་བཞིན་འཕུར་འགྲོ ངས་ཡར་འགྲོ་མར་འགྲོ་བྱེད་བཞིན་པའི་མེ་འཁོར་གྱི་སྒེའུ་ཁུང་རྣམས་ལ་ཡུན་རིང་ཅེར་ཡང་མི་གཅིག་ཀྱང་མཐོང་མ་བྱུང་། ངས་མཐོང་བ་ནི་མེ་འཁོར་ནང་གི་ལྕགས་གྲང་མོ་རྣམས་དང་མེ་འཁོར་གྱི་ངོས་སུ་གླན་ཡོད་པའི་མཛེས་མའི་པར་ཆེན་པོ་དེ་རེད། མཛེས་མ་དེའི་མཆུ་ཏོ་ནི་ཁ་ཕྱེ་མ་ཐག་པའི་སེའུ་འབྲུ་ལྟར་དམར། ངས་མོའི་མཆུ་ཏོ་ལས་ཁྲག་ཐིགས་གཅིག་མར་ཟགས་པ་ཅི་ལྟར་བསྒུགས་ཀྱང་མོས་མིའི་འདོད་པ་སློང་བ་བྱེད་པའི་ལྐོག་འགྱུར་གྱི་རྣམ་འགྱུར་ཞིག་ངང་ནས་སྟོན་པ་ལས་ཁྲག་ཐིགས་མར་ཟགས་པ་སོགས་ཀྱི་འགྱུར་བ་གང་ཡང་བྱུང་མ་སོང་། འདི་ལྟར་མོའི་འདོད་པ་སློང་བ་བྱེད་པའི་རྣམ་འགྱུར་དེ་མེ་འཁོར་གྱིས་ཡར་ཁུར་ནས་སོང་ལ་མར་ཁུར་ནས་འོང་། མེ་འཁོར་ཡར་འགྲོ་མར་འོང་བྱེད་པའི་སྒྲ་དབྱངས་ནི་རིང་དུ་འཐེན་པའི་རྩྭ་ཐང་གི་རྫི་གླུ་ཞིག་དང་འདྲ་བས་ང་རང་ཅི་བསམ་འདི་དྲན་མེད་པར་རྨི་ལམ་གྱི་ཞིང་དུ་དྲངས། 

   རྨི་ལམ་དུ་ཤིན་ཏུ་སྙན་པའི་གླུ་དབྱངས་རྐྱང་རྐྱང་གོ གཉིད་ལས་སད་དུས་གང་སར་ཅི་ཞིག་བོར་བ་ལྟ་བུའི་མི་ཚོགས་ཀྱིས་ཁེངས་འདུག ང་རང་ཡར་ལངས་བ་དང་གསང་སྤྱོད་དུ་ཅི་ལྟར་འགྲོ་དགོས་པའི་གློག་འོད་ཀྱི་བརྡ་ལ་ལྟ་བཞིན་གསང་སྤྱོད་དུ་སོང་། གསང་སྤྱོད་ནང་གི་གྱང་ངོས་ཐམས་ཅད་མེ་ལོང་རེད། གཅིན་གཏོང་དུས་ཁྱོས་གཅིན་ཅི་ལྟར་གཏོང་བཞིན་པ་དང་གཅིན་པ། ཁྱོད་ཀྱི་གཅིན་པ་གཏོང་ས་བཅས་མི་གཞན་གྱི་གབ་ལྟ་བྱས་མི་དགོས་པར་ཕྱོགས་བཞིའི་མེ་ལོང་ནས་གསལ་པོ་ཤར། གཅིན་ཤག་སེར་བཏང་ཚར་རྗེས་གྱང་ཞིག་གི་ཁ་གཏད་དུ་འགྲེང་ནས་གྱང་ངོས་ཀྱི་ང་རང་ནི་ང་རང་ཉིད་ཡིན་མིན་ལ་བརྟག་དཔྱད་བྱས། ནོར་མི་འདུག གྱང་ངོས་སུ་ཤར་བའི་ང་རང་ནི་ང་རང་ཉིད་རེད་འདུག ངས་དུས་རྒྱུན་ང་རང་གཉིད་ལས་སད་མ་ཐག་ཁ་ཧྥོ་ཁའི་སྒྲུང་གཏམ《གཟུགས་འགྱུར་གྱི་ཟིན་ཐོ》ནང་གི་འབུ་སྐོགས་ཤན་ཆེན་པོ་དེ་འདྲ་ཞིག་ཏུ་འགྱུར་ན་ཅི་རུང་སྙམ། མེ་ལོང་ན་ཤར་བ་དེ་སྙིང་དུ་མི་སྡུག་པའི་འབུ་སྐོགས་ཤན་ཆེན་པོ་དེ་འདྲ་ཞིག་མ་རེད། གཞོན་ནུ་ཞིག་རེད། ཁོའི་བཟོ་བཅོས་གང་ཡང་མ་བྱེད་པའི་སྐྲ་ལོ་དེ་མགོ་ལ་མ་བཅོས་ལྷུན་གྱིས་འགྲུབ་ཅིང་ཁོ་ངོ་གདོང་ནི་ཤ་ཁྲག་གིས་འགྲུབ་པ་མེད་པ་འོ་མ་གསར་བའི་འགྲུབ་དང་འདྲ་བར་དཀར་ལ་འཇམ་བའི་འོད་དང་ལྡན། མིག་ནག་པོའི་ནང་དུ་མེ་ལོང་ནང་གི་རང་ཉིད་ཤར་འདུག ཁོ་རང་ད་དུང་ཡང་འབུ་སྐོགས་ཤན་དེ་འདྲ་ཞིག་ཏུ་འགྱུར་མི་འདུག གལ་སྲིད་ང་རང་ཁ་ཧྥོ་ཁའི་སྒྲུང་གཏམ་ནང་གི་མི་ཀུན་གྱི་སྙིང་རྗེ་བ་བྱེད་པའི་འབུ་སྐོགས་ཤན་ཆེན་པོ་དེ་འདྲ་ཞིག་ཏུ་གྱུར་ན་ཅི་མ་རུང་སྙམ། ང་རང་དེ་འདྲ་ཞིག་ཏུ་འགྱུར་བའི་ཉིན་མོ་དེ་ནི་འཛམ་གླིང་དུ་གསར་འགྱུར་གལ་ཆེ་ཞིག་ཐོན་པའི་ཉིན་མོ་ཡིན་འོས། འཛམ་གླིང་ས་ཆ་གང་སར་ཡོད་པའི་མགོ་སེར་གྱི་མཛེས་མ། རྐང་གདུབ་གྱོན་ཡོད་པའི་རྒྱ་གར་གྱི་མཛེས་མ། མི་ནག་གི་མཛེས་མ་ཡོད་ཚད་ཀྱིས་མིག་ཆེ་ཆེར་བགྲད་ནས་ང་ལ་པར་རྒྱག་སྲིད། ཡིན་དང་ཡིན། འབུ་མི་ལ་འགྱུར་བའི་འགྲོ་བ་མའི་འཕེལ་འགྱུར་གྱི་ལོ་རྒྱུས་ནང་དུ་མི་ཞིག་འབུ་ལ་འགྱུར་བའི་དོན་རྐྱེན་འདི་འདྲ་ཞིག་ཐོན་ན་སུས་ཀྱང་ལོ་རྒྱུས་ཀྱི་དེབ་སྟུག་པོ་རྣམས་མགོ་གཏིང་ལོག་ནས་ལྟ་དགོས་པ་ཡིན། ཡིན་ཡང་མེ་ལོང་ནང་དུ་ཤར་བ་ནི་འབུ་ཞིག་མ་རེད་ང་རང་ཉིད་དེ་འགྲོ་བ་མི་ཞིག་རེད། གསང་སྤྱོད་ནང་གི་ཕྱོགས་བཞི་མཚམས་བརྒྱད་དུ་ང་མང་པོ་ཤར་འདུག དེ་དག་ཐམས་ཅད་ང་རང་རེད། ངས་རང་ཉིད་ལ་རྣམ་ཤེས་ཡོད་མེད་ལ་ཡིད་གཟབ་བྱེད་ཀྱི་མེད། དེ་ནི་ཁ་སྤུ་དཀར་ལ་རིང་བའི་མཚན་ཉིད་རིག་པ་སྨྲ་བ་དག་གི་ལས་ཀ་ཡིན་པས་སོ།།

  ང་རང་སྨྱུག་སྨུག་གླིང་ཁའི་སྒོ་ཁར་བསླེབས་དུས་སྣང་བ་ཤིན་ཏུ་སྐྱིད་ཀྱང་། ངའི་ཕོ་བས་སྣང་བ་སྐྱིད་པོ་དེ་ལ་ཁ་ཡ་མི་བྱེད་པར་གླུ་དབྱངས་བར་མེད་དུ་ལེན་གྱིན་འདུག ངས་པར་ཁུག་ཐམས་ཅད་བསློགས་ཀྱང་སྒོར་མོ་གཅིག་ལོ་རྙིང་པ་ཞིག་ལས་མ་རྙེད། ཁ་སང་ངའི་པར་ཁུག་ནང་དུ་སྒོར་མོ་བརྒྱ་ལོ་མང་པོ་ཞིག་ཡོད་མོད། དེ་དག་མདང་དགོང་གི་ཆང་རིན་ཤོར་བ་ཡིན་ནམ། སྲང་དུ་འཕྲད་མྱོང་བའི“རྩོམ་རིག་ནི་གད་སྙིགས་སོ”ཟེར་མཁན་དེ་ལ་སྦྱིན་པ་གཏོང་བ་ཡིན། ཡང་ན་ང་རང་མཚན་གྱི་རྨི་ལམ་དུ་ཉུལ་དུས་གཞན་གྱིས་བརྐུས་སོང་བ་ཡིན། གང་ལྟར་སྒོར་རྡོག་གཅིག་མ་གཏོགས་ལྷག་མི་འདུག ངས་སྒོར་མོ་གཅིག་ལོ་དེ་སྤྱད་ནས་ཀོའོ་རྩེ་ཉོས་པ་ཡིན། ངས་ཉི་མ་ཀོའོ་རྩེ་ཟ་བཞིན་གླིང་ཁའི་སྒོ་ནས་ཐོན་མ་ཐག་ཁྲ་ཙི་མུས་དུ་རྐང་ཤིན་ཏུ་རིང་པོ་ཞིག་འཐེན་བཞིན་ང་རང་སྒུག་བཞིན་འདུག 

  “ངས་ཁྱོད་རང་ཆུ་ཚོད་གཅིག་ཙམ་བསྒུགས་པ་ཡིན། ལྟོས་དང་ཆུ་ཚོད་དྲུག་པར་ཟོན་འདུག”ཁོས་ཁ་པར་གྱི་ངོས་ང་ལ་བསྟན་ནས་འདི་ལྟར་བཤད། ངས་ཀྱང་པར་ཁུག་ནས་ཁ་པར་ཡར་བླངས་ནས་ལྕོག་ངོས་སུ་ལྟ་སྐབས་ཞོགས་པའི་ཆུ་ཚོད་བཅུ་པ་རེད། ཁོས་ངའི་ཁ་པར་ངོས་ཀྱི་ཆུ་ཚོད་མཐོང་མ་ཐག་ཁོང་དགོད་ཤོར།

  ངས“དེ་རིང་ཁྱོས་ཅིའི་ཕྱིར་ཐ་མག་འཐེན་པ་ཡིན་ནམ”ཞེས་དྲིས་དུས“ཐ་མག་དེ་ཞིམ་པ་ལ་ཚོད་མི་འདུག”ཟེར་བཞིན་ཁ་ནང་གི་དུ་རྐང་ང་ལ་སྤྲད་བྱུང་། ངས་ཐེངས་གཅིག་འཇིབས་པས་ངའི་ལུས་པོ་ཡོངས་རྒྱ་སེའི་དྲི་མས་ཁྱབ་ལ་ཀླད་པའི་ངོས་སུ་དུ་སྤྲིན་མག་མོག་ཡལ་བ་མེད་པར་འཁྲིགས་པའི་སྣང་བ་ཤར། ངས་དུ་རྐང་དེའི་ནང་གོང་ཆེ་བའི་དུག་གམ་བཟི་སྨན་གང་རུང་ཞིག་འདྲེས་ཡོད་པ་རྟོགས་ཀྱང་ངས་ཁོ་ལ་ཅི་ཡང་མ་བཤད། 

  སྒོ་ཁར་ཤ་སྲེག་མ་དང་ཞོག་ཁོག་སྲེག་མ་ཁ་ཤས་ཉོས། ཁོས“ཅི་འཐུང་འདོད་གི”ཟེར། ངས“ནས་ཆང་འཐུང་འདོད”ཟེར་བ་ན“ནས་ཆང་ཞིག་གང་དུ་ཉོ་འགྲོ་དགོས་སམ”ངས“བོད་ཡུལ་དུ”ཟེར་བ་ན་ཁོས་སྦི་རག་ཤེལ་དམ་བཞི་ཉོས་སོང་། སྒོར་མོ་སྤྲད་དུས་ངས་སྒོར་མོ་ཡོད་ཁུལ་བྱས་ནས་པར་ཁུག་གཡས་སློག་གཡོན་སློག་བྱེད་པ་ཡིན། 

   ངེད་གཉིས་སྨྱུག་མ་མང་པོ་ཡོད་པའི་ལམ་ཕྲན་ཞིག་བརྒྱུད་དེ་འགྲོ་སྐབས“ཡང་སྒོར་མོ་ཆད་སོང་བ་ཨེ་རེད”ཅེས་དྲིས་བྱུང་བར་ངས་ཀྱང་མ་གསང་བར“ཆད་སོང”ཞེས་བཤད། ཁོས་དངུལ་ཁུག་ནས་བརྒྱ་ལོ་ཆག་པ་ཞིག་ང་ལ་སྦྱིན་བྱུང་། ངས་དེ་དག་པར་ཁུག་ནང་དུ་བཅུག ལག་ནང་གི་ཀོའོ་རྩེ་བླུགས་ཡོད་པའི་ཆུ་ཤོག་དེ་ལམ་འགྲམ་གྱི་གད་སྙིགས་བླུགས་སྒམ་དུ་འཕངས་པ་ཡིན། 

  ང་རང་སྦི་རག་ལ་དེ་ཙམ་དགའ་པོ་མེད་མོད། ཁོར་ཡུག་འདི་འདྲའི་ནང་དུ་ཤ་སྲེག་མ་ཟ་བཞིན་སྦི་རག་འཐུང་ན་ཞིམ་ཉམས་ཁྱད་པར་བ་ཞིག་འདུག ལམ་བར་དུ་ཁོས་ཉི་ཧོང་གི་རྩོམ་པ་པོ་མུ་ར་ཁ་མི་ཧ་རུ་ཁི་[v]དང་ཏུའུ་པན་ཤང་ཡེ་[vi]ཅིན་ཏའོ་ཞའོ་ཀྲི་[vii]སོགས་ཀྱི་བརྩམས་ཆོས་གླེང་བྱུང་། ཁོས་མུ་ར་ཁ་མི་ཧ་རུ་ཁི་ནི་ཐ་མག་མི་འཐེན་ལ་རྒྱུགས་ཤ་གློད་རྒྱུར་དགའ་བས་ཁོའི་བརྩམས་ཆོས་ནི་ཀློང་རྡོལ་པ་བཞིན་ཡིན་པ་དེ་གཙོ་བོ་ཁོའི་ལུས་པོ་བདེ་ཐང་ཡིན་པར་རགས་ལས་ཡོད་པ་འདོད་ཅིང་ཏུའུ་པན་ཤང་ཡེ་ནི་གོ་བདེ་དང་ཅིན་ཏའོ་ཞའོ་ཀྲི་ནི་མིའི་རྣམ་ཤེས་འབྲི་བ་ལ་ཤིན་ཏུ་མཁས་པ་ཡོད་པ། རྩོམ་པ་པོ་ཞིག་ཏུ་འགྱུར་དགོས་ན་མི་གཞན་དང་མི་འདྲ་བའི་འཚོ་བ་རོལ་ནས་རྒྱུ་ཆ་མཐུན་མོང་མ་ཡིན་པ་མང་པོ་བསགས་དགོས་ཟེར། ཡིན་ཡང་ང་རང་ཁོའི་ལྟ་བ་ཡིད་ཆེས་མ་བྱུང་། “རྩོམ་པ་པོ་སུ་ཞིག་ཡིན་ནའང་རང་གི་བརྩམས་ཆོས་འབྲི་བ་ལས་འཁོར་བའི་རྒྱུ་འབྲས་ལས་ལྡོག་མི་ཐུབ། དཔེ་ན། ཏུའུ་པན་ཤང་ཡེས་ཚེ་གང་འདོད་རྩོམ་རྗེན་པ་མང་པོ་འབྲི་ཞིང་མཐར་རང་ཉིད་ཀྱང་མདུན་ཆགས་གཤེར་རྨེན་ཚ་ནད་ཕོག་ནས་ཚེ་ལས་འདས་པ་རེད། ང་ཚོས་ཤེལ་གསལ་ལྟར་མདུན་ཆགས་གཤེར་རྨེན་ཚ་ནད་ནི་ཕོ་མོའི་འདོད་པ་སྤྱོད་དྲག་པས་འབྱུང་བའི་ཚབ་མཚོན་རང་བཞིན་གྱི་ནད་ཅིག་རེད། ཡང་གཅིག་བཤད་ན་འདོད་རྩོམ་མཁན་པོ་ཏུའུ་པན་ཤང་ཡེ་ནི་རང་ཉིད་ཀྱིས་བྲིས་པའི་འདོད་རྩོམ་གྱིས་བསད་པ་རེད་ལ་སེམས་ནང་གི་མུན་པ་འབྲི་མཁན་གྱི་ཅིན་ཏའོ་ཞའོ་ཀྲི་ཡང་མུན་པས་བསྒྲིབས་པའི་རང་ཉིད་ཀྱི་སེམས་པས་བསད་པ་རེད། ཁྲུན་ཏང་ཁང་ཀྲང་གིས་ཚེ་མཇུག་ལ་ནང་ཆོས་ལ་ཞིབ་འཇུག་བྱེད་པ་རྩོམ་མོད། རང་ཉིད་ཀྱིས་བྲིས་པའི་རྩོམ་རྣམས་ལས་སྨིན་པའི་རྒྱུ་འབྲས་ལས་ལྡོག་མ་ཐུབ་པར་རང་ཤི་རྒྱག་དགོས་བྱུང་བ་རེད། དེ་བཞིན་རྔོན་དང་དྲག་རྩལ་ལ་ཞེན་པའི་ཨ་རེའི་རྩོམ་པ་པོ་ཧའེ་མེ་ལྦེ་འཇིག་རྟེན་གྱི་ཡོད་ཚད་ལས་རྒྱལ་འདོད་པའི་རྟུལ་ཕོད་ཀྱིས་རྩོམ་རིག་དཔའ་རྒོད་ཅེས་པའི་མཚན་ཉིད་ཐོབ་ཀྱང་། མཐར་ཁོ་ལ་འགྲན་ཡ་ཁོ་རང་ཉིད་ལས་ལྷག་མེད་པས་རང་གིས་རང་ལ་མེ་མདའ་བརྒྱབ་ནས ‘དཔའ་རྒོད’དེ་བསད་པ་རེད། རྩོམ་པ་པོ་གང་ཞིག་གིས་རྩོམ་མང་པོ་བྲིས་ཀྱང་ཚེ་གང་རྩོམ་ནང་ཅི་ཞིག་འབྲི་མྱོང་བ་བཞིན་རང་ཉིད་ཀྱི་ལས་དབང་ལ་དེ་བཞིན་གྱི་རྒྱུ་འབྲས་ཞིག་འཁོར་རྒྱུ་མེད་ན་རྩོམ་པ་པོ་དེས་ཚེ་གང་རྩོམ་རྫུན་མ་རྐྱང་རྐྱང་བྲིས་ནས་བསྡད་པ་རེད་ཅེས་བཤད་ཆོག”ཅེས་བཤད་པ་ཡིན།

  ངས་སླར་ཡང་ཁོས་ལོ་གསུམ་སྔོན་དུ་དཔར་དུ་བསྐྲུན་པའི《མེ་ཏོག་མ་བཞད་གོང་དུ་དགུན་ཁ་ཚེས་པ》གླེང་སྐབས་ཁོས་ངའི་སྐད་ཆ་ལ་ཁ་གཡར་ཅི་ཡང་མི་བྱེད་པར་གླིང་ཁའི་ཕ་རོལ་གྱི་བཟོ་གྲྭ་ཆེན་པོ་དང་བཟོ་གྲྭ་དེའི་དུ་ཁུང་ནས་ཕྱོ་བའི་དུ་བ་ནག་པོ་ལ་ཅེར་བཞིན“ལྟོས་དང་། དེའི་ནང་དུ་མེ་མདའ་བཟོ་བཞིན་ཡོད་རེད”ཟེར། 

  “ཁྱོས་ཅི་འདྲ་ཤེས”

  “དེ་ནི་ལྕགས་དང་ལྕགས་རྡར་བའི་སྒྲ་ལས་ཤེས་ཐུབ”ཟེར།

  མེ་མདའ་བཤད་དུས་ངའི་ཞང་པོ་མེ་མདའ་ལ་དགའ་བ་དེ་དྲན་བྱུང་། ཅི་བྱས་ན་ཞང་པོས་མེ་མདའ་ཞིག་ལག་པས་རེག་མྱོང་མེད་པའང་སྲིད། ཡིན་ཡང་ཞང་པོ་དེ་ནི་རྫུན་གྱི་ཕར་རོལ་དུ་ཕྱིན་པ་ཞིག་ཡིན་པས་མེ་མདའ་ཡི་སྒྲ་མང་དུ་ཐོས་མྱོང་། 

  ཞང་པོ་ཆུང་ཆུང་ཡིན་དུས་ཁོའི་ཨ་མ་དང་མཉམ་དུ་རི་མགོ་རུ་བ་བསྡད་ཡོད། 

  ཉིན་ཞིག་ཞང་པོས“ཨ་ལ་ལ། རྒྱ་མདའ་དེའི་སྐད”ཟེར་ནས་གུར་གྱི་སྒོ་ནས་ཡར་ཐོན་ཡོང་བས་ཁོའི་ཨ་མས“བུ། མེ་མདའ་གང་དུ་བརྒྱབ་གྲ”ཞེས་དྲིས། 

  “མི་གཞན་གྱིས་ཟེར་ན་བརྒྱབ་སོང་ཟེར”ཞེས་བཤད་པ་རེད།

  ཆུང་ཆུང་ཡིན་དུས་ཀྱི་ཞང་པོ་དང་ཞང་པོའི་ཨ་མའི་བར་གྱི་གཏམ་གླེང་འདི་ལས་ངའི་ཞང་པོ་མེ་མདའ་ལ་ཤིན་ཏུ་དགའ་པོ་ཡོད་པ་ཤེས་ཐུབ། ཡུལ་མི་རྣམས་ཀྱིས་བཤད་པ་བལྟས་ནས་ངའི་ཞང་པོ་རྫུན་གྱི་ཕ་རོལ་དུ་ཕྱིན་པའི་རྒྱུ་མཚན་ཡང་མེ་མདའ་ལ་དགའ་བའི་རྐྱེན་གྱིས་ཡིན་ཟེར། དེ་ན་ས་བཟུང་ཕ་ཡུལ་དུ‘རྒྱ་མདའ’ནི་རྒྱ་མདའ་མ་ཡིན་པ་རྫུན་བཤད་པའི་མངོན་བརྗོད་དུ་གྱུར། ང་རང་ཆུང་དུས་ནས་ཕ་ཡུལ་དུ་རྒྱ་མདའ་ཞིག་རྩ་བ་ནས་རིག་མ་མྱོང་ཡང་ཡུལ་མི་ཕོ་མོ་སུ་ཡིན་ནའང ‘རྒྱ་མདའ’བརྒྱབ་པ་ལ་ཧ་ཅང་མཁས་པོ་ཡོད། 

  ངས་ཁྲ་ཙི་མུ་ལ་སྐད་ཆ་འདི་དག་བཤད་རྗེས“ཁྱོས ‘རྒྱ་མདའ’རྒྱག་བཞིན་འདུག”ཅེས་བཤད་པ་ཡིན།

  ང་གཉིས་རི་བོ་ཞིག་གི་རྩེ་མོར་བསླེབས་དུས་བཟའ་རྒྱུ་ཡོད་ཚད་རྫོགས་སོང་ལ་སྦི་རག་འཐུང་བཞིན། དུ་རྐང་རིང་པོ་དེ་འཐེན་པ་ཡིན། དུ་རྐང་དེའི་ནང་དུ་བཟི་སྨན་ནམ་དུག་གང་རུང་ཞིག་འདྲེས་ཡོད་པ་ཤེས་བཞིན་དུ་སྦི་རག་འཐུང་འཐུང་བཞིན་ཐ་མག་བག་མེད་དུ་འཐེན། བར་སྐབས་ཞིག་ལ་ཐག་རིང་གི་མཚེའུ་ཡི་ཐོག་གི་གྲུ་ཆུང་དང་བཟོ་གྲྭའི་དུ་ཁུང་ནས་འཕྱུར་བའི་དུ་བ་ནག་པོ་སོགས་མཐོང་ལམ་གྱི་ཡོད་ཚད་སྣང་བ་རབ་རིབ་ལྟ་བུའི་དུ་སྤྲིན་སྲབ་མོ་ཞིག་གིས་བསྒྲིབས་སོང་། དེ་ནི་རྨི་ལམ་དུ་མཐོང་ཡང་རྗེས་དྲན་བྱེད་མི་ཐུབ་པའི་ཡུལ་ལྗོངས་ཤིག་དང་འདྲ། ཉེ་འགྲམ་དུ་ལྟ་དུས་ཁྲ་ཙི་མུ་ངའི་ཁ་གཏད་དུ་ཙོག་འདུག་ལ་ཐ་མག་ཁམ་གང་འཇིབ་རྗེས་དུ་བ་དག་ངའི་གདོང་ལ་ཕུ་བཞིན་འདུག ང་རང་གདོང་ལ་དུ་བ་ཕུ་ཡོང་མཁན་གྱི་མི་རྣམས་ལ་ཤིན་ཏུ་སུན་པས“ཕར་སོང”ཟེར་ནས་ཁོ་ལ་རྡོག་ཐོ་ཞིག་བརྒྱབ་ཀྱང་མ་ཕོག་པ་འདྲ། ཁོ་རང་ངའི་འགྲམ་དུ་ཙོག་ཡོང་ཞིང་ང་ལ་ཤགས་པོ་ཤ་འགྲིག་བྱེད་ཡོང་བ་ཚོར། 

  “ང་གཉིས་མཉམ་པོ་འདི་ལྟར་བསྡད་ཡོད་པ་མི་གཞན་གྱིས་མཐོང་ན་ཅི་ཞིག་བསམ་རྒྱུ་རེད”

  ངས་ཁོའི་སྐད་ཆ་དེ་ཐོས་མ་ཐག་སྐྲག་སྣང་གློ་བུར་བ་ཞིག་སྐྱེས་ནས་སྙིང་ག་མགྲིན་པའི་ནང་འཚང་ཞིང་ལག་པ་སིབ་སིབ་འདར་བྱུང་བས་ཐ་མག་ཀྱང་ལག་པ་ནས་ཤོར་ཏེ་བོར། ང་རང་ཡར་ལངས་ཏེ་རི་རྩེ་དེ་ནས་ཚུད་ཀྱིས་མར་བྲོས། ང་རང་ཅིའི་ཕྱིར་འདི་ལྟར་འབྲོ་དགོས་པ་མི་ཤེས་ལ་རི་བོ་དེའི་གང་སར་སྨྱུག་མ་སྐྱེས་འདུག་པས་ལམ་ཞིག་མཐོང་ས་མི་འདུག ངའི་རིག་པ་ཅུང་གསལ་བར་གྱུར་དུས་གླིང་ཁའི་སྒོ་ཁར་ཐོན་འདུག རྗེས་འདེད་མཁན་འདྲ་ཨེ་ཡོད་སྙམ་ཡང་ངའི་རྒྱབ་ཏུ་ངོ་མི་ཤེས་མི་ཚོགས་ལས་ཁྲ་ཙི་མུ་རིག་མ་བྱུང་། ངའི་རྐང་པས་ཤུགས་ཅི་ལྟར་བསྒོམས་ནས་མར་སྤོས་ཀྱང་རྫའི་ནང་དུ་འགྲོ་བ་བཞིན་བརྟན་པོ་ཞིག་སྤོ་ཐུབ་ཀྱི་མི་འདུག ལམ་འགྲོ་བ་དག་གིས་ང་རང་མཐོང་མ་ཐག་བཟི་བོ་ཞིག་རེད་སྙམ་ངེས། གང་ལྟར་ང་རང་ངོ་མ་བཟི་སོང་བས་ཤུགས་ཅི་ལྟར་བསྒོམས་ཀྱང་མ་བཟི་བ་ལྟ་བུ་ཞིག་གྱུར་ཐབས་མི་འདུག 

  ང་རང་ཀྲུང་ཀང་ཚུན་ལྷོ་ལམ་བརྒྱད་དེ ‘ཟླ་བདུན་པའི་ཚེས་བདུན’ཞེས་པའི་ཁོ་ཧྥེ་ཁང་རྙིང་པ་དེའི་ཕྱོགས་སུ་ཕྱིན། ང་དང་དུ་བ་གཉིས་དུས་རྒྱུན་ཁོ་ཧྥེ་ཁང་འདིའི་ནང་དུ་ཙོག་ནས་སྙན་ངག་གླེང་གི་ཡོད། ཁོ་ཧྥེ་ཁང་འདི་ནི་པེ་ཅིང་གི་ས་ཆ་གང་དུ་སོང་ཡང་རྙེད་ཐབས་མེད་པའི་ཁང་པ་རྙིང་པ་ཞིག་ཡིན། ང་རང་ཁང་པ་འདིའི་ནང་གི་ཙན་དན་ཤིང་གི་རུལ་དྲི་ལ་ཧ་ཅང་དགའ། ཙན་དན་ཤིང་དང་ཁོ་ཧྥེའི་དྲི་མ་འདྲེས་དུས་སྤོས་དྲི་ཁྱད་པར་བ་ཞིག་ཏུ་འགྱུར་འགྲོ་ཞིང་སྤོས་དྲི་དེ་ངའི་སྣ་ལམ་དུ་འཛུལ་མ་ཐག་ངའི་ཀླད་པའི་ནང་ཐོལ་བྱུང་གི་དྲན་པ་མང་པོ་ཐོན་ཡོང་གི་ཡོད། ངས་ཐོལ་བྱུང་གི་དྲན་པ་དག་དུ་བ་དང་བཅས་པའི་ཉན་མཁན་རྣམས་ལ་ལབ་མ་ཐག ཁོ་ཚོ་ཧ་ལས་ནས་ཁོ་ཧྥེ་བཏུང་རྒྱུ་ཡང་རེ་ཞིག་བརྗེད་འགྲོ 

  ང་རང་ཁོ་ཧྥེ་ཁང་དེའི་ནང་དུ་བསླེབས་རྗེས་དུས་རྒྱུན་བསྡད་སའི་ཟུར་དེ་བསྡད་ནས“ཁོ་ཧྥེ་ཕོར་གང་དགོས”ཞེས་འབོད་པ་ཡིན། སུ་ཡིན་མི་ཤེས་གཅིག་གིས་ཁོ་ཧྥེ་དེ་མ་དག་ཁུར་བྱུང་། གལ་སྲིད་སྦྱིན་བདག་ཁྲིན་ཙང་དང་ཞབས་ཞུ་མ་མོ་རེ་ཏཱ་གཉིས་གང་རུང་ཞིག་ཡིན་ན་ང་ལ་སྐད་ཆ་ཞིག་འདྲི་སྲིད། ང་ལ་ཁོ་ཧྥེ་སྐྱེལ་མཁན་གྱི་མི་དེས་ཁོ་ཧྥེའི་ཕོར་བ་ངའི་སྒྲོག་ཙེ་ཐོག་བཞག་རྗེས་ཁུ་སེམ་མེ་ཕར་ཕྱིན་སོང་། ཁོས་ང་ལ་སྐད་ཆ་ཅི་ཡང་མ་དྲིས་བ་དེ་ཡག་ཐལ། གལ་སྲིད་སྐད་ཆ་ཞིག་དྲིས་བྱུང་ན་ངས་དུག་འཐུང་ཟིན་པས་ལན་ཡག་པོ་ཞིག་མི་འདེབ་ཁོ་ཐག་རེད། 

  ངས་ལྦུ་བ་ལ་ཕུ་བཏབ་རྗེས་ཁམ་མོ་གསུམ་འཐུང་བ་དང་བསམ་བློ་ཡུན་རིང་ཞིང་བཏང་ནས་བསྡད་པ་ཡིན། སླར་ཡང་ཁོ་ཧྥེ་ཁམ་གང་འཐུང་རྗེས་ངའི་རིག་པ་ཅུང་དྭངས་སུ་ཕྱིན་པ་འདྲ། ཁོ་ཧྥེ་ཁང་ནང་དུ་ཐ་རེ་ཐོར་རེ་བསྡད་ཡོད་པའི་མི་རྣམས་ཀྱིས་ཡ་མཚན་པའི་མིག་མདའ་ཡིས་ངའི་ལུས་པོ་ལ་ཁུང་མང་པོ་ཕུག་པ་ཚོར་བས་འདི་ཡོད་ཀྱི་མི་རྣམས་ལ་ཞིབ་ལྟ་བྱེད་དུས་ཁོ་ཚོས་ཀྱང་ང་ལ་ཞིབ་ལྟ་བྱེད་བཞིན་འདུག ངས་ཁོ་ཚོ་ལ་ཁ་ཡ་མ་བྱས་པར་སླར་ཡང་ཁོ་ཧྥེ་བཏུང་གྲབས་ཡོད་དུས་ངའི་ཐོད་པའི་ངོས་ནས་གཤེར་ཁུ་ཞིག་མར་ཕོར་བའི་ནང་ཟགས་སོང་། ངས་དེ་ནི་རྔུལ་ཆུ་ཡིན་ནམ་སྙམ་བཞིན་ལྟ་དུས་ལྦུ་བ་ཡོད་ཚད་དམར་པོར་གྱུར་འདུག ཐོད་པར་ལག་པས་རེག་པ་ན་ངའི་ཐོད་པ་ཡོད་ཚད་ཁྲག་གིས་བརླན་ཡོད་པ་ཚོར། གཞི་ནས་ངས་རང་གི་གྱོན་པ་དག་མཐོང་བྱུང་། ངའི་གྱོན་པ་ཡོད་ཚད་ཐལ་བའི་ཁེངས་འདུག ཐོད་པའི་ངོས་ཀྱི་རྨ་ཁ་དེ་ཆེན་པོ་ཞིག་མ་རེད་ཕལ་ཆེར་སྨྱུག་མའི་འདབ་མས་དྲེད་ཤུལ་ཡིན་པ་འདྲ། གོས་དག་གིས་ང་རང་ལམ་བར་དུ་ཐེངས་མང་འགྱེལ་མྱོང་བ་ར་སྤྲོད་བྱས། ཡིན་ཡང་ང་རང་གང་དུ་སོང་ནས་གོས་བརྗེ་དགོས། ངས་ཐོད་པའི་ངོས་ཀྱི་ཁྲག་དག་ཤོག་བུས་ཕྱིས་རྗེས་དོན་དག་ཅི་ཡང་མ་བྱུང་བ་བཞིན་ཁོ་ཧྥེ་འཐུང་ནས་བསྡད།

  སྒྲོག་ཙེའི་འོག་ཏུ་བྲིས་ཆུ་[viii]ཟད་ལ་རིན་པའི་སྨྱུ་གུ་ཞིག་ལྷུང་ཡོད་པ་དེ་ཡར་བླངས་ནས་ཐོལ་བྱུང་གི་ཚོར་བ་ཞིག་བསྒུག་བསྡད། གལ་སྲིད་ཐོལ་བྱུང་གི་ཚོར་བ་ཞིག་ངའི་ཀླད་པའི་ནང་དུ་ལྷུང་བྱུང་ན་ངས་དེ་ཇི་མ་ཇི་བཞིན་གྱིས་སྣ་ལུད་ཕྱིས་བྱེད་ཀྱི་ཤོག་དཀར་ཐོག་འབྲི་ངེས། ངའི་ཐོལ་བྱུང་གི་ཚོར་བ་དེ་པེ་ཅིང་གི་སྲང་ལམ་ག་གེ་མོ་ཞིག་གི་ཐོག་ཏུ་ལམ་ནོར་ཤོར་བ་འདྲ། ངས་མུན་རུབ་རག་བར་དུ་བསྒུགས་ཀྱང་ཁོ་ཧྥེ་ཁང་འདིའི་སྒོ་ནས་ཡར་འཛུལ་ཡོང་སྟེ་ངའི་ཀླད་པའི་ནང་ལྷུང་མ་བྱུང་བས་ཡིག་འབྲུ་གཅིག་ཀྱང་ཤོག་ཐོག་ཏུ་བཀོད་ཐུབ་མ་སོང་། ཐོལ་བྱུང་གི་ཚོར་བ་འདྲ་འོང་ན་ངས་ཧ་ལས་དགོས་པའི་སྐད་ཆ་མང་པོ་བཤད་སྲིད། སྔོན་མར་ང་དང་ངའི་གྲོགས་པོ་དུ་བ། གྲོགས་པོ་དུ་བའི་གྲོགས་པོ་སྙན་ངག་པ་མང་པོ་འདི་རུ་འཛོམས་ཡོད་སྐབས་ཐོལ་བྱུང་གི་ཚོར་བ་ལམ་མ་ནོར་བར་ངའི་ཀླད་པའི་ནང་འཛུལ་བྱུང་བ་དང“ང་ཚོས་ཡི་གེ་འབྲི་མཁན་ཚང་མ་ལ་དགག ང་ཚོ་རང་ཉིད་ཀྱང་དུས་ནམ་ཡང་ཡི་གེ་འབྲི་མཁན་ཞིག་ཡིན། ང་ཚོས་བྲིས་པའི་ཡི་གེ་ལ་སུས་ཀྱང་དགག་མ་མྱོང་། རྒྱུ་མཚན་ང་ཚོ་ལ་ཀློག་པ་པོ་མི་མཁོ་བས་ཡིན་ཏེ། སྙན་ངག་བྲིས་ཚར་བ་དང་ང་ཚོའི་ལས་འགན་ཡང་ཚར་སོང་བས་ཡིན། དེ་ནས་ང་ཚོ་སྤོབས་པ་ཆེན་པོས་སྲང་ལམ་ཀྱག་ཀྱོག་དག་ཏུ་ཐོན་ཞིང་གཡས་གཡོན་གང་སར་ལྟ་བཞིན་ཆང་རག་དང་ཐ་མག་འཚོལ། ཞོར་དུ་ལམ་ཁའི་བུ་མོ་རྣམས་ལ་ཤོ་འདེབ”ཅེས་ཐོལ་བྱུང་གི་ཚོར་བ་ཇི་བཞིན་དུ་བཤད་མ་ཐག འདི་རུ་འཛོམས་པའི་སྙན་ངག་པ་རྣམས་ཧ་ལས་ནས་ངའི་སྐད་ཆ་འདི་བོད་ཀྱི་སྙན་ངག་པའི་སྡེ ‘རོ་ལངས་རོལ་ཚོགས’ཀྱི་བསྒྲགས་གཏམ་བྱ་རྒྱུ་ཡིན་ཟེར། ཁོ་ཚོའི་ནང་གི་སྙན་ངག་པ་ལག་བདེ་ཞིག་གིས“ད་ལྟར་བཤད་པའི་སྐད་ཆ་འདི་སླར་ཡང་གཅིག་བཤད་རོགས། ངས་ཡིག་ཐོག་ཏུ་ཕབ་འདོད་གི”ཟེར་བཞིན་ཤོག་བུ་དང་སྨྱུ་གུ་བླངས་ནས་ཡི་གེ་འབྲི་ཁུལ་བྱས་བྱུང་། ཡིན་ཡང་ད་ལྟ་ངས་རང་ཉིད་ཀྱིས་ཅི་ཞིག་བཤད་པ་དྲན་སོས་རྒྱུ་མི་འདུག་མོད་ངས་ཁོ་ཚོའི་སེམས་སྐྱོ་རུ་བཅུག་མི་སྲིད། རྒྱུ་མཚན་ངའི་ཐོལ་བྱུང་གི་ཚོར་བ་ལ་རྫོགས་རྒྱུ་ཞིག་མེད་པས་སླར་ཡང་མེ་མདའི་མདེའུ་བརྒྱབ་པ་ལྟ་བུའི་སྐད་ཆ་ཁ་ཤས་བཤད་མྱོང་།  དེ་རིང་ཐོལ་བྱུང་གི་ཚོར་བ་ཡོང་རྒྱུ་མེད་པས་སྙན་ངག་འབྲི་རྒྱུ་དེ་ཕར་ཙམ་བཞག་སྟེ་གྱང་ངོས་སུ་བྲིས་པའི་ཡི་གེ་དང་རི་མོ་དག་ལ་ཞིབ་འཇུག་བྱས། ངའི་མགོ་ཐོག་གི་གྱང་ངོས་སུ་མི་ཞིག་གི་གན་རྐྱལ་དུ་ཉལ་ཏེ་ཁ་གདང་བ་དང་ཁོའི་མཆུ་ཏོ་ཐོག་ཏུ་སྤྲིན་པའམ་དུ་བ་གང་རུང་ཞིག་འཁྲིགས་འདུག ཡང་གཅིག་བསམས་ན་མི་དེ་མལ་ཁྲིའི་ཐོག་ཏུ་ཉལ་བཞིན་ཐ་མག་འཐེན་བཞིན་ཡོད་པ་མིན་ནམ། ངས་དུས་ཡུན་རིང་པོ་ཞིག་ལ་བརྟག་དཔྱད་བྱས་མོད་རི་མོ་དེས་ཡང་སྙིང་ཅི་ཞིག་མཚོན་བཞིན་ཡོད་པ་ཤེས་མ་སོང་། རི་མོ་དེ་ཕར་སྐྱོར་ནས་ཁོ་རེ་ཡའི་ཡི་གེ་ཆེན་པོ་གསུམ་ལ་བརྟག་དཔྱད་བྱས། ཡི་གེའི་ཆ་ཤས་རེ་རེ་དང་བྲིས་ཆུ་གྱང་ངོས་སུ་བསྲན་ཚུལ་ལ་བརྟག་དཔྱད་ཞིབ་མོ་བྱས་མོད། ངས་ཁོ་རེ་ཡའི་ཡི་གེ་མི་ཤེས་པས་ཀློག་མ་ཐུབ་ལ་ཅི་ཞིག་གོ་བའང་ཤེས་མ་ཐལ།  ངས་གྱང་ངོས་སུ་རི་མོའམ་ཡི་གེ་འབྲི་མཁན་དེ་ཚོས་གོ་དཀའ་མོ་འདི་འདྲ་བྲིས་པ་དེ་ལྟ་མཁན་ལ་སྡུག་བསྔལ་བཟོ་བྱེད་ཙམ་ལས་མ་འདས་སྙམ་བཞིན་གྱང་ངོས་སུ་ཕོ་མཚན་ཆེན་པོ་ཞིག་འབྲི་བ་བརྩམས་ནའང་འབྲི་མཚམས་མ་ཆོད་གོང་དུ་བྲིས་ཆུ་རྫོགས་སོང་བས་ངའི་བརྩམས་ཆོས་དེ་ནམ་མཁའ་ལ་ཡར་བསླངས་པའི་གདུང་མ་ལྟ་བུ་ཞིག་ཏུ་ཆགས་སོང་བས་མཐོང་མཁན་སུས་ཀྱང་འདི་ནི་ཡང་སྙིང་ཅི་ཞིག་ཡིན་པ་ཤེས་ཐབས་བྲལ་བས་ངའི་གོ་བདེའི་བརྩམས་ཆོས་འདི་ཡང་ཤིན་ཏུ་གོ་དཀའ་བར་གྱུར། གྱང་ངོས་ཀྱི་རི་མོ་གཞན་དག་དང་ངོ་བོ་གཅིག་ཏུ་འདྲེས།  གདུང་མ་གཅིག་གིས་ཁང་པ་ཞིག་བསྐྲུན་ཐུབ་བམ། རྒྱུ་ཆ་རྫོགས་སོང་བས་ངས་གདུང་མ་གཅིག་གིས་ཁང་པ་ཞིག་མི་བསྐྲུན་མི་ཆོག་རེད་སོང་བསམ་བཞིན་པའི་སྐབས་དེར་ངའི་བསམ་འདུན་བཞིན་དུ་བས་བོད་རིགས་མང་པོ་ཞིག་འཁྲིད་དེ་ཁོ་ཧྥེ་གང་གི་ནང་དུ་འཛུལ་བྱུང་། 

  ངས་ལག་པ་ཡར་བརྐྱངས་བ་ན“ཁོ་རེ། ངས་ཁྱོད་ཉིན་གང་བཙལ་བ་ཡིན”ཟེར་བཞིན་སྙན་ངག་པ་དུ་བ་ང་སར་བསླེབས་བྱུང་། བོད་རིགས་དེ་ཚོས་ཀྱང་རྐུབ་སྟེགས་ཁུར་ཡོང་སྟེ་ངའི་སྒྲོག་ཙེའི་གཡས་གཡོན་དུ་འཚང་ཁ་རྒྱག་བཞིན་ཙོག ཁོ་ཚོས་ཁ་ཕྱེད་ཙམ་གདང་བཞིན་ངའི་ངོ་ལ་བལྟས་འདུག ཚུལ་དེ་མི་ཞིག་གིས་སྒྲུབ་རྟགས་སྟོན་པ་ལ་བསྒུགས་པ་དང་འདྲ། ཡིན་ཡང་དེ་རིང་ཐོལ་བྱུང་གི་ཚོར་བ་གང་ཡང་ངའི་ཀླད་པ་རུ་འགྲོན་དུ་མ་ཡོང་བས་ངའི་ཁ་ནས་སྙན་ངག་ལྟ་བུའི་སྐད་ཆ་གང་ཡང་ཐོན་མ་སོང་། ང་ལ་སྒྲུབ་རྟགས་གང་ཡང་སྟོན་རྒྱུ་མེད་པས་ཁོ་ཚོའི་ནང་གི་མིག་ཤེལ་ཅན་ཞིག་གིས“རྩོམ་པ་པོ་གསོ་སྦྱོང་འཛིན་གྲྭ་ཞིག་སང་ཉིན་ལུའུ་ཞུན་རྩོམ་རིག་གླིང་དུ་སློབ་འགོ་རྩོམ་རྒྱུ་རེད། ཁྱོད་རང་ཨེ་འོང”ཞེས་དྲིས་བྱུང་། 

  “ཁྱོད་ཚོས་རྩོམ་པ་པོ་ཞིག་ཅི་ལྟར་གསོ་བསམ་པ་ཡིན་ནམ། ཁྱོད་ཚོས་སློབ་མ་རྣམས་ལ ‘མེ་ལོང་མ’འཁྲིད་རྒྱུ་ཡིན་ནམ”ངས་འདི་ལྟར་དྲིས་མ་ཐག་ཁོ་རང་མགོ་ན་བ་ལྟར་བྱེད། ངོ་མ་དབྱུག་པ་ཅན་ཟེར་བའི་མི་དེ་ཡ་མཚན་ཞིག་རེད། ཁོ་རང་གིས་སྙན་ངག་འབྲི་བ་ལ་སྐྱོན་གང་ཡང་མེད་མོད། འོན་ཏང་ཁོས་མི་གཞན་ལ་རང་ཉིད་ཀྱི་སྙན་ངག་འབྲི་སྟངས་དེ་སློབ་བཞིན་པ་དེ་རེད། ཡང་གཅིག་བཤད་ན་དབྱུག་པ་ཅན་གྱི་སྙན་ངག་འབྲི་སྟངས་ལ་སློབ་སྦྱོང་བྱེད་མཁན་གྱི་ཕྱི་རབས་པ་རྣམས་ནི་ལས་ཀ་ཅི་ཡང་མེད་པ་འདྲ་སྟེ། ལོ་ངོ་བརྒྱ་ཕྲག་མང་པོའི་སྔོན་དུ་ཤི་སོང་བའི་མི་ཞིག་གིས་བྲིས་མྱོང་བའི་སྙན་ངག་ལ་ལད་མོ་བྱས་ནས་ཚིག་གི་རོལ་རྩེད་རྩེ་བཞིན། རང་ཉིད་ཀྱི་བརྩམས་ཆོས་དེ་དག་ལ་ཀློག་མཁན་མེད་ཀྱང་རང་ཉིད་ཀྱིས་ཡང་ནས་ཡང་དུ་ཀློག་གིན་ཡིད་ཚིམ་ཙམ་བྱུང་ན་ཆོག་པ་འདྲ། ངའི་བསམ་ཚུལ་འདི་དག་རྩོམ་པ་པོ་གསོ་སྦྱོང་བྱེད་མཁན་གྱི་མི་འདི་དག་ལ་བཤད་མེད། གལ་སྲིད་བཤད་ཐལ་ན་ཁོ་ཚོའི་སེམས་ལ་ཕོག་ཐག་ཆོད། འཇིག་རྟེན་མིས་འཇིག་རྟེན་འདིའི་ཐོག་ཏུ་མི་མཁོ་བའི་ལས་ཀ་མང་པོ་ཞིག་ལས་བཞིན་པ་ལྟར་དེའང་ལས་ཀ་ཞིག་རེད་མོ། གལ་སྲིད་ངས་དྲང་བཤད་ན་ཁོ་ཚོའི་སེམས་ལ་ཕོག་ནས་ངག་གི་སྡིག་པ་བསགས་ནི་རེད།

   ངའི་སྐད་ཆ་དེའི་རྐྱེན་གྱིས་ཡིན་ནམ་ཡང་ན་བྲེལ་བ་ཆེ་བ་ཡིན། ཁོ་ཚོ་ཁོ་ཧྥེ་འཐུང་ཚར་བ་དང་ཐོན་གྲབས་བྱེད། ཞབས་ཞུ་མ་སྐད་བཏང་ནས་སྒོར་མོ་སྤྲད་རྩིས་བྱས་ཀྱང་ཚང་ནས་པར་ཁུག་ནང་ལག་ཉུལ་བྱས་ཙམ་བྱས་ཙམ་བྱེད་པ་ལས་སྒོར་རྡོག་གཅིག་ཀྱང་བླང་རྒྱུ་མི་འདུག མཐར་སྒོར་མོ་ངས་སྤྲད་པ་ཡིན། ཁོ་ཚོ་བྲེལ་བྲེལ་འཚུབ་འཚུབ་ངང་ཐོན་སོང་།

   ཁོ་ཚོ་ཐོན་ཚར་རྗེས་དུ་བས་གཞི་ནས་ངའི་ཐོད་པའི་ཐོག་ཏུ་ཡོད་པའི་རྨ་ཁ་དེ་མཐོང་བ་འདྲ“བུ་མོ་ཞིག་ཁྱོད་ཀྱི་ལུས་འོག་ཏུ་འཕག་འཚག་རྒྱག་སྐབས་གཟབ་གཟབ་མ་བྱས་པར་ཁྱོད་ཀྱི་ཐོད་པར་སེན་མོ་བརྒྱབ་ཤོར་བ་ཨེ་རེད”ཅེས་དྲིས་ཀྱང་ངས་རྨ་ཁའི་འབྱུང་ཚུལ་ཅི་ལྟར་གསལ་བཤད་བྱེད་དགོས་པ་ཤེས་མ་སོང་།

  “འོ་རེད། དེ་རིང་ཁྱོད་ཀྱི་མཛའ་མོས་ཁྱོད་རང་ཉིན་གང་བཙལ་སོང”དུ་བས་ཡང་སྐད་ཆ་གཞན་ཞིག་བཤད་བྱུང་།

  “སུ”

  “ཁྱོད་ལ་མཛའ་མོ་བཞི་ལྔ་ཙམ་ཡོད་དམ། ངས་པད་མ་མཚོ་ཟེར་བ་ཡིན”ཟེར།

  ངས་གཞི་ནས་མིང་ལ་པད་མ་མཚོ་ཟེར་བའི་ངའི་མཛའ་མོ་དེ་དྲན་བྱུང་། དུས་སྐབས་ཤིག་ལ་ངོ་མ་ང་ལ་མཛའ་མོ་བཞི་ལྔ་ཙམ་ཡོད་མྱོང་། ཁ་ཤས་ནི་མངོན་སུམ་ཁྲོད་ཀྱི་མཛའ་མོ་ཡིན་ལ་ཁ་ཤས་ནི་སྐད་འཕྲིན་ནང་གི་མཛའ་མོ་ཡིན། ངས་མཛའ་མོ་ཞིག་ལ“སྐད་འཕྲིན་ནང་གི་བརྩེ་གཏམ་དག་མངོན་སུམ་ཁྲོད་ཀྱི་སྐད་ཆའི་བར་དུ་ཁྱད་པར་ཆེན་པོ་འདུག”ཅེས་བཤད་མྱོང་། མོས“ཡིན་ཡང་སྐད་འཕྲིན་ནང་དུ་ཁྱོད་ལ་བརྩེ་གཏམ་འཆད་མཁན་དེ་ཤ་ཡོད་ཁྲག་ཡོད་ཀྱི་མི་ཡིན་ཡ”ཞེས་བཤད། ཏག་ཏག་ཁོ་རང་ནི་ངའི་སྐད་འཕྲིན་ནང་གི་མཛའ་མོ་ཡིན། ངས་དུས་རྒྱུན་དུ་སྐད་འཕྲིན་ནང་གི་མི་དང་མངོན་སུམ་ཁྲོད་ཀྱི་མི་གཉིས་ཁ་ཁ་སོ་སོ་དབྱེ་བཞིན་ཡོད། 

  དུས་ཡུན་རིང་པོ་མི་དགོས་པར་ངའི་མཛའ་མོ་དེ་ཚོ་ནི་ལམ་ཁར་འཕྲད་པའི་མི་ཆ་མེད་གཅིག་གིས་གཟབ་གཟབ་མ་བྱས་པར་ངའི་རྐང་པ་བརྫེས་ཤོར་བ་བཞིན“དགོངས་མ་ཚོམ”ཞེས་ཟེར་རྗེས་བུད་འགྲོ ངས་ཀྱང་ཁོ་མོ་ཚོ་ལ“སྐྱོན་མེད”ཅེས་བཤད་པ་དང་ཁ་ཁ་སོ་སོར་གྱུར། ད་ལྟ་པད་མ་མཚོ་ཟེར་བའི་བུ་མོ་ཞིག་ལས་ལྷག་མི་འདུག མི་ཞིག་གིས་བུ་མོ་འདི་འདྲ་མང་པོ་ཞིག་དང་ཁ་བྲལ་མྱོང་ན་ངུས་མ་མྱོང་ངམ་ཟེར་ན་དེའང་མ་ཡིན་ཏེ། ཟླ་ཆབ་འགྲམ་དུ་བུ་མོ་ཞིག་དང་ཁ་འབྲལ་སྐབས་ང་རང་ངུས་མྱོང་། བུ་མོ་དེ་ངུས་པ་མཐོང་མ་ཐག་ང་རང་ཡང་ངུས་པ་ཡིན། ང་རང་ངུས་པས་བུ་མོ་དེ་ལྷག་པར་ངུས་སོང་། ང་རང་ངུ་བཞིན་རང་ཉིད་ཀྱི་སེམས་ལ་ཞིབ་ལྟ་ཞིག་བྱེད་སྐབས་ངའི་སེམས་པས་ཁོང་དགོད་ཤོར་བཞིན་འདུག དེ་ནི་ངས་རང་ཉིད་རྫུན་ངུ་བྱེད་བཞིན་པ་ཤེས་འོང་། ང་རང་ངུ་པའི་ཁུལ་བྱེད་པ་དེ་བུ་མོ་དེས་རྟོགས་མེད་པ་འདྲ། མོའི་ངུ་སྐད་ཇེ་མཐོ་ནས་ཇེ་མཐོ་རུ་སོང་། གང་ལྟར་ང་ངུས་མྱོང་། སྡུག་མ་མྱོང་།  ཡིན་ཡང་སྐབས་རེར་བུ་མོ་ག་གེ་མོ་ཞིག་དང་མཉམ་དུ་བསྡད་པའི་སྐབས་སུ་བྱུང་བའི་ཞིབ་ཆའི་བྱ་བ་ཁ་ཤས་གློ་བུར་དྲན་ཡོང་གི་འདུག དེ་ནི་ཐོལ་བྱུང་གི་ཚོར་བ་ཞིག་ངའི་ཀླད་པའི་ནང་འགྲོན་དུ་ཕེབས་པས་ཡིན་ཏེ་ངས་བུ་མོ་དེ་ཉིད་དྲན་པའི་རྐྱེན་གྱི་མ་ཡིན། དེ་རིང་ཡང་ལོ་གཅིག་གི་སྔོན་དུ་ངའི་དགའ་རོགས་གཟུགས་ཆུང་ཆུང་རྐང་པ་ཆུང་ཆུང་ཅན་པོ་དེ་དྲན་བྱུང་མོས་དུས་རྒྱུན་དུ་ང་ལ“ང་ཁྱོད་ལ་དགའ”ཞེས་ཡང་ཡང་དུ་བཤད། ཉིན་ཞིག“ཅིའི་ཕྱིར་ང་ལ་དགའ་བ་ཡིན་ནམ”ཞེས་དྲིས་དུས་མོས“ཁྱོད་དང་མཉམ་དུ་ཡོད་དུས་ངའི་སྙིང་གི་འཕར་ཚད་ཇེ་མགྱོགས་སུ་འགྲོ་གི”ཟེར། ངས་ཡིད་མི་ཆས་པའི་རྣམ་འགྱུར་སྟོན་པ་ན་མོས་ང་ལ་མོའི་སྙིང་གར་ལག་ཉུལ་བྱེད་དུ་བཅུག ངས་ལག་ཉུལ་ཅི་ལྟར་བྱས་ཀྱང་མོའི་སྙིང་འཕར་ཚུལ་ཚོར་མ་བྱུང་། རྒྱུ་མཚན་ནི་མོའི་སྙིང་གི་འཕར་འགུལ་ཡོད་ཚད་ནུ་མ་ཆེན་པོ་དེའི་བཀབ་ཡོད་པས་རེད། ལོ་གཅིག་གི་རྗེས་ཀྱི་ད་ལྟ་དོན་དག་འདི་ལས་མོའི་མིང་ཡང་དྲན་རྒྱུ་མི་འདུག  དུ་བས་ངའི་ད་ལྟ་བའི་དགའ་རོགས་ལ་པད་མ་མཚོ་ཟེར་ཞེས་གསལ་འདེབས་བྱས“ཁྱོད་རང་མོར་བལྟ་བ་སོང་། མོས་ཉིན་གང་ཁྱོད་རང་བཙལ་བས་ད་ལྟ་འགྲོན་ཁང་ན་ངལ་གསོ་བཞིན་ཡོད”ཅེས་བཤད་སྐབས་སྒེའུ་ཁུང་གི་ཕྱི་རོལ་དུ་སྙན་ངག་པ་དུ་བའི་མོ་ཊ་གསར་བ་དེ་བཞག་འདུག མོ་ཊ་དེ་ཁོས་ཟླ་གཅིག་གི་སྔོན་དུ་ཉོས་ཀྱང་ད་ནི་བལྟས་མི་བཟོད་པར་ལོ་ངོ་དུ་མར་བདག་པོའི་བཅར་རྡུང་ཉོས་འདྲ་ཞིག་བཟོས་འདུག ངས་དུ་བ་ལ“ཁྱོད་ཀྱི་རུས་པ་ལྕགས་ལས་སྲ་བ་ཨེ་རེད། ལྕགས་ཀྱི་མོ་ཊ་འདི་འདྲ་ལ་གྱུར་ཡང་མི་ནི་ད་དུང་བདེ་བདེ་སང་སང་རེད་འདུག”ཅེས་པར“མིའི་མགོ་ནང་ཀླད་པ་ཡོད་པས་ལྕགས་དང་མི་འདྲ”ཟེར་བྱུང་།

  ང་རང་ཁོ་ཧྥེ་ཁང་དང་བྲལ་ཏེ་པད་མ་མཚོ་སྡོད་སའི་འགྲོན་ཁང་དུ་སོང་། ལམ་བར་དུ་དུ་བས་ང་ལ་མགོ་སྐོར་གཏོང་བ་ཡིན་ནམ་སྙམ་ཡང་འགྲོན་ཁང་གི་སྒོ་རྡུང་དུས་སྒོ་ཕྱེ་མཁན་ནི་པད་མ་མཚོ་རེད། མོས་སྒོ་ཕྱེ་རྗེས་ང་ལ་ཁ་ཡ་མི་བྱེད་པར་ལུས་པོ་སྦྱོང་བརྡར་བྱས། ས་ཐོག་ཏུ་ཀན་རྐྱལ་དུ་མར་ཉལ་ཡར་ཙོག མར་ཉལ་ཡར་ཙོག གཅིག གཉིས། གསུམ། བཅུ། ཉི་ཤུ། སུམ་ཅུ། ཡར་ལངས་ནས་ལག་པ་རྐང་པ་ལ་ཐུག གཅིག གཉིས། གསུམ། བཅུ། ཉི་ཤུ། སུམ་ཅུ། ཡང་མོས་ཁ་བུབ་ལག་བཙུགས་སྒྲེང་འགུལ་ལུས་རྩལ་བརྩེས་བྱུང་། གཅིག གཉིས། གསུམ། བཅུ། ཉི་ཤུ། སུམ་ཅུ། ང་རང་ཉལ་ཁྲི་དུ་ཉལ་ནས་མོའི་ལུས་རྩལ་རྩེད་ཚུལ་ལ་བལྟས། ལྟ་བཞིན་ལྟ་བཞིན་མ་བསམ་ས་ནས་རྨི་ལམ་དུ་ལྷུང་འདུག 

  རྨི་ལམ་དུ་པད་མ་མཚོ་ངེད་ཚང་དུ་བསླེབས་བྱུང་། མོས“ངེད་གཉིས་མཉམ་དུ་སློབ་གྲྭ་འགྲོ སང་ཉིན་གཟའ་ཟླ་བ་རེད”ཟེར། ཁྱིམ་མི་ཚོས་ངའི་འཁུར་རྒྱུ་བག་ལེབ་བཟོ་བ་དང་ཆོ་བ་གཏུབ་པ་སོགས་ཀྱི་ལས་ཀ་ལ་བྲེལ་བཞིན་པའི་སྐབས་དང་བསྟུན་ནས་ངས་པད་མ་མཚོའི་ལག་པ་འཇུས་པ་ཡིན། མོའི་ལག་པ་ཤིན་ཏུ་རྩུབ་པོ་རེད་བཞག “ཁྱིམ་དུ་ལས་ཀ་མང་པོ་བྱེད་དགོས་པ་ཨེ་རེད”ངས་འདྲི་ལྟར་དྲིས་པར་མོས“ཁྱིམ་དུ་ལས་ཀ་གང་ཡང་མེད”ཟེར་རྗེས“ཉིན་རེར་ངས་ངེད་ཚང་གི་རྟ་དཀར་པོ་ཁྲིད་ནས་མུ་ཁར་འདོག་དགོས། ཉིན་གཅིག་ལ་རྟོད་མང་པོ་སྤོ་དགོས། རྟོད་སྤོ་ཐེངས་རེར། ངས་རྡོ་ཆེན་པོ་ཞིག་གིས་ཕུར་བ་རྡུང་དགོས་ཀྱི་ཡོད། ཕལ་ཆེར་དེའི་རྐྱེན་གྱིས་ཡིན་པ་འདྲ”ཞེས་བཤད་པ་དང་ང་གཉིས་མཉམ་དུ་སྒེའུ་ཁུང་གི་འགྲམ་དུ་ཕྱིན་ནས་ཕྱི་རོལ་དུ་བལྟས། ཕྱི་རོལ་ཀྱི་ཡོད་ཚད་ནི་སྔོ་ལྗང་ལྗང་གི་ཞིང་ཐང་རེད། ཞིང་ཐང་གི་དཀྱིལ་དུ་སྟར་ག་དང་ཁམ་བུའི་སྡོང་པོ་རེ་གཉིས་ཙམ་ཐོ་ཡོར་བཞིན་སྐྱེས་འདུག སྐབས་དེར་ངའི་གདོང་ལ་རླུང་བུ་འཇམ་པོ་ཞིག་ལྡང་བྱུང་བས་ཐམས་ཅད་མི་མངོན་བར་གྱུར།

  ང་རང་གཉིད་ལས་སད་དུས་པད་མ་མཚོས་ངའི་གདོང་ལ་ཁ་དབུགས་ཕུ་བཞིན“ཁྱོས་རྨི་ལམ་དུ་མིག་ཆུ་མང་པོ་ཤོར་སོང”ཟེར། ཡིན་ཡང་ད་ལྟ་ངའི་ངོ་གདོང་ངོས་སུ་མིག་ཆུ་ཡོད་པ་མ་ཚོར། ཕལ་ཆེར་པད་མ་མཚོས་རྨི་ལམ་དུ་ཕྱིས་པ་འདྲ། པད་མ་མཚོས་མིག་ནག་པོ་དེ་བུང་བ་བཞིན་གཡོ་བཞིན་ང་ལ་ལྟ་བཞིན“ཁྱོད་ཀྱིས་ཨེ་ཤེས། ངའི་རྨི་ལམ་དུ་ངས་ཁྱོད་ལ་རྟག་པར་རྟ་དཀར་པོ་ཞིག་མུ་ཁར་བཏགས་ཚུལ་གླེང་བཞིན་འདུག ཁྱོད་རང་ནི་ངའི་རྟ་དཀར་དེ་བཞོན་མཁན་གྱི་རྒྱལ་སྲས་དེ་ཡིན་ནམ”ཞེས་དྲིས། ངས་མོ་ལ་དེ་འབྲེལ་གྱི་ངའི་རྨི་ལམ་དེ་གསང་བ་ཡིན། རྒྱུ་མཚན་ངས་པད་མའི་མཚོའི་དགའ་བ་སྐྱེས་པའི་རྣམ་འགྱུར་དེ་མཐོང་འདོད་མི་འདུག

  གཉིད་ལས་སད་མ་ཐག ངེད་གཉིས་ཀྱིས་སྐྱེས་པ་དང་བུད་མེད་གཉིས་མཉམ་དུ་ཉལ་དུས་བྱེད་དགོས་པའི་བྱ་བ་དེ་བྱེད་འགོ་རྩོམ། མི་འདྲ་ས་ནི་མི་གཞན་ལ་མཚོན་ལ་བྱ་བ་དེ་ནི་དགའ་བའི་རོལ་རྩེད་ཅིག་ཡིན་ནའང་ཐང་མོད། ངེད་གཉིས་ཀྱིས་བྱ་བ་དེ་བྱེད་པའི་ཐོག་མཐའ་བར་གསུམ་དུ་ཆོས་ལུགས་ཀྱི་ཆོ་ག་གལ་ཆེ་ཞིག་སྤེལ་བ་དང་འདྲ། ངས་ཆོ་ག་དེ་མགྱོགས་ཙམ་ཚར་ན་ཅི་མ་རུང་སྙམ། ཡིན་ནའང་ངེད་གཉིས་ཀྱིས་ཤིན་ཏུ་སྒང་པོས་ཆོ་ག་དེ་སྤེལ་ནས་དུས་ཡུན་རིང་ཙམ་འགོར་སོང་། ཆོ་ག་སྤེལ་ཚར་བ་དང་གྲོང་ཁྱེར་ནང་གི་སྐྱེས་པ་དེ་དག་དང་འདྲ་བར་ངའང་འཁྲུད་ཁང་དུ་འཛུལ།  ངས་འཁྲུད་ཁང་དུ་རང་ཉིད་ཀྱི་ལུས་པོ་ཅི་ལྟར་བཀྲུས་ཀྱང་དག་མི་ཐུབ་པའི་སྣང་བ་ཤར། འཁྲུལ་ཁང་གི་སྒོ་ནས་མར་ཐོན་དུས་མོས་སྔར་ལྟར་ལུས་རྩལ་རྩེད་བཞིན་འདུག མར་ཉལ་ཡར་ཙོག གཅིག གཉིས། གསུམ། བཞི། བཅུ། བཅོ་ལྔ། ཡར་ལངས་ནས་ལག་པ་མར་རྐང་པ་ལ་ཐུག གཅིག གཉིས། གསུམ། བཞི། བཅུ། བཅོ་ལྔ། ཁ་བུབ་ལག་བཙུགས་སྒྲེང་འགུལ།  གཅིག གཉིས། གསུམ། བཞི། བཅུ། བཅོ་ལྔ། ང་མ་ཉལ་གོང་དུ་མོས་སུམ་ཅུ་རྩི་ཐུབ་ཀྱང་ད་ནི་བཅོ་ལྔ་མ་གཏོགས་རྩེ་ཐུབ་ཀྱི་མི་འདུག མོས་ད་དུང་ལུས་རྩལ་ཡ་མཚན་ཞིག་རྩེ་འགོ་རྩོམ་སྐབས་གྱང་ངོས་བཀལ་ཡོད་པའི་མིའི་བྱ་སྤུ་སྟོད་ཐུང་དེ་ངས་གྱོན་རྗེས་ཕྱི་རོལ་དུ་ཐོན། དེ་རིང་འགྲོན་ཁང་དུ་བསྡད་དུས་དུས་རྒྱུན་དང་མི་འདྲ་བར་གྲང་སྣང་ཞིག་སྐྱེས་ཡོང་བའི་རྒྱུ་མཚན་ནི་ཕྱི་རོལ་དུ་ཆར་བ་འབབ་བཞིན་ཡོད་པས་ཡིན་འདུག ང་རང་འགྲོན་ཁང་འདི་མི་རིག་སའི་ཐག་རིང་ཞིག་ཏུ་སྐྱོད་འདོད། ད་ལྟ་དུས་ཚོད་གང་ཙམ་ལ་སོན་ཡོད་པ་མི་ཤེས། གང་ལྟར་མུན་པ་སྟུག་པོས་ས་གཞི་བཀབ་འདུག ང་རང་གློག་འོད་ཀྱིས་གསལ་ཡོད་པའི་མུན་གྱི་སྲང་ལམ་བཅད་ནས་མདུན་དུ་བསྐྱོད། ཅང་མ་འགོར་བ་ཆར་བས་ངའི་སྐྲ་ལོ་བརླན་སོང་ལ་སྐྲ་ལོ་ནས་མར་ཟགས་ཡོང་བའི་ཆུ་ཐིགས་དག་མིག་ནང་ལྷུང་བ་དང་མིག་ཆུ་དག་མིག་མཐར་ནས་མཁུར་ངོས་སུ་འདྲེལ། ངས་མཁུར་ངོས་སུ་འདྲེལ་བའི་ཆུ་ཐིགས་དེ་ཆར་ཆུ་ཡིན་ཨང་བསམ་མོད། སྲང་ལམ་གྱི་བཞི་མདོ་ཞིག་ཏུ་བསླེབས་སྐབས་ངས་མིག་ཆུ་གཏོང་བཞིན་པ་ཚོར་ཞིང་རང་དབང་མེད་པར་ངུ་ཤོར་སོང་། མཚན་གྱིས་སྲལ་ལམ་བརྒྱུད་དེ་འགྲོ་བའི་མི་རེ་གཉིས་ཡོད་པ་རྣམས་ཀྱིས་ངའི་ངུ་སྐད་ཐོས་ཡོད་མོད། མ་ཐོས་ཁུལ་གྱིས་རང་རང་གི་དམིགས་སའི་ཕྱོགས་སུ་ཕྱིན། ང་རང་ངུ་བཞིན་ངུ་བཞིན་སྲང་ལམ་མང་པོ་ཞིག་བརྒྱུད་ནས་སོང་བ་ཡིན། དེའི་བར་དུ་ངའི་ངུ་སྐད་ལ་དོ་སྣང་བྱེད་མཁན་མི་གསུམ་ལས་མི་འདུག མི་དེ་གསུམ་ནི་ཆར་བ་འབབ་པའི་མཚན་མོར་སྲང་ལམ་ན་ལས་ཀ་འཚོལ་མཁན་དང་ཆ་གདུགས་ཐོགས་ཡོད་པའི་སྤྲང་པོ། དངུལ་ལོ་རེ་གཉིས་ཙམ་རྙེད་ན་ཆུ་ཁོལ་ཕོར་གང་འཐུང་ནས་ལུས་དྲོད་གསོ་བསམ་མཁན་བཅས་ཡིན་པ་འདྲ། མི་དེ་གསུམ་གྱིས་སྲང་ལམ་བརྒྱུད་དེ་ང་རང་དེད་ནས་གླག་འཚོལ་བར་བྱེད། ང་རང་གློག་འོད་ཤིན་ཏུ་གསལ་བའི་སྲང་ལམ་ཞིག་ཏུ་ཐོན་པ་ཐག་ཁོ་གསུམ་པོས་ང་རང་ནི་གཞོན་ནུ་མ་ཞིག་མིན་པར་གཞོན་ནུ་མའི་བྱ་སྤུ་སྟོད་ཐུང་གྱོན་པའི་གཞོན་ནུ་ཞིག་ཡིན་པ་རྟོགས་པ་འདྲ། ཁོ་གསུམ་པོ་གློག་འོད་གསལ་སར་འགྲེང་བསྡད་པ་ལས་ད་ནི་ངའི་རྗེས་འགྲང་མ་བྱུང་། དེ་ནི་མི་ཞིག་གིས་བོང་བུའི་པགས་པ་གྱོན་པའི་སེང་གེ་ཞིག་མཐོང་སོང་བ་ལྟར།

  དུ་བས་ང་ལ“ཁྱོད་ཀྱིས་པེ་ཅིང་གི་མི་མང་སའི་སྲང་ལམ་ཞིག་ཏུ་ཀི་ཞིག་འདེབས་ནའང་སུས་ཀྱང་ཁྱོད་ལ་ཁ་ཡ་བྱེད་མི་སྲིད”ཟེར་བ་དེ་དྲན་པས་ངས་ངུ་མཚམས་བཞག་ནས་སླར་ཡང་སྲང་ལམ་གཞན་ཞིག་ཏུ་འགྲོ་འགོ་རྩོམ།

  བར་སྐབས་ཞིག་ལ་ངས་རང་ཉིད་ཀྱིས་གསོལ་བ་བར་མེད་དུ་འདེབས་བཞིན་པ་ཚོར“ལམ་ནོར་ཞིག་ཤོར་རོགས་བྱས་ན་ཅི་མ་རུང་སྙམ”ང་རང་འགྲོན་ཁང་ཡོད་པའི་སྲང་ལམ་དེ་བརྒལ་བ་ནས་བཟུང་རང་ཉིད་ཡང་སྙིང་གང་ཞིག་ཏུ་འགྲོ་བཞིན་ཡོད་པ་མི་ཤེས་པར་ལམ་ནོར་ཤོར་བའི་ལམ་བར་དུ་འདི་ལྟར“ལམ་ནོར་ཞིག་ཤོར་རོགས་བྱས་ན་ཅི་མ་རུང་སྙམ”ཞེས་སྨོན་བཞིན་འདུག སྨོན་ལམ་གཏོང་ནོར་བའང་ཡིན་ཡང་སྲིད་མོད། ལམ་བར་དུ་ངའི་སེམས་སུ་པད་མ་མཚོ་ཉལ་ཡོད་པའི་འགྲོན་ཁང་དེ་སླར་ཡང་ངའི་མིག་ལམ་དུ་ཤར་ཡོང་བ་སྐྲག་སྣང་ཡ་མཚན་ཞིག་སྐྱེས་བཞིན་པ་བལྟས་ན་ངའི་སྨོན་ལམ་གྱི་ནང་དོན་ནི་པད་མ་མཚོ་ཡོད་སའི་འགྲོན་དེ་ནམ་ཡང་ངའི་མིག་ལམ་དུ་མངོན་པར་མི་འགྱུར་བའི་རེ་བ་ཞིག་ཞུ་བཞིན་པ་འདྲ། ཡིན་ཡང་ཆར་བ་ཆད་མ་ཐག་འགྲོན་ཁང་དེའི་དཔེ་མཚོན་རང་བཞིན་གྱི་སྒོ་བྱང་དམར་པོ་དེའི་ངའི་མིག་ལམ་དུ་གསལ་འོང་། པེ་ཅིང་ཟེར་བའི་གྲོང་ཁྱེར་དེ་འདི་འདྲའི་ཡ་མཚན་པ་ལ། ཆར་བ་འབབ་དུས་ང་རང་འགྲོན་ཁང་དེའི་ནུབ་ཕྱོགས་སུ་ཁ་བྲལ་ནས་སོང་སོང་མཐར་ཆར་བ་ཆད་དུས་ང་རང་ཤར་ཕྱོགས་ནས་སླར་ཡང་འགྲོན་ཁང་དེའི་འགྲམ་དུ་ཐོན་སོང་། ཉལ་ཁྲི་དང་བཅས་པའི་ཟུར་གང་སར་པད་མ་མཚོའི་དྲི་མ་ལྷག་ཡོད་པ་ལས་པད་མ་མཚོ་རིག་ས་མི་འདུག ང་རང་མོའི་སྟོད་ཐུང་རློན་པ་དེ་གྱོན་ནས་སྔོན་ཏག་ཏག་ལ་མོ་རང་འཕག་འཚག་བྱེད་སའི་ཉལ་ཁྲི་ཐོག་ཏུ་ཉལ། མལ་ཁྲི་སྐམ་པོ་དེའང་རློན་པར་གྱུར། ཡིན་ཡང་ད་ལྟ་ང་ལ་སྟོད་ཐུང་རློན་པ་དེ་མར་ཕུད་པའི་ཤུགས་ཤིག་ལྷག་མི་འདུག

  ང་རང་ཉལ་བཞིན་ཉལ་བཞིན་མོས་བྱ་སྤུ་སྟོད་ཐུང་འདི་གྱོན་མེད་པས་མཚན་མོ་འདི་མོ་རང་གྲང་གྱིན་མིན་ནམ་སྙམ། བསམ་ཚུལ་དེ་ངས་ཀླད་པས་ནས་འདོར་ཅི་ཐུབ་བྱས་མོད། བསམ་ཚུལ་དེ་དང་འབྲེལ་བའི་དྲན་པ་མང་པོས་ངའི་ཀླད་པ་རུ་སྤྲིན་བཞིན་འཁྲིགས། ཀླད་པ་རུ་འཁྲིགས་པའི་སྤྲིན་པ་དག་སྤྲིན་ནག་སྟུག་པོར་གྱུར་རྗེས་ངའི་ཀླད་པ་རུ་དྲག་ཆར་ཆེན་པོ་ཞིག་བབས་སོང་། 

    པད་མ་མཚོས་དེ་རིང་གི་གནམ་གཤིས་སྔོན་བརྡ་ལས་དྲག་ཆར་ཆེན་པོ་འབབ་ངེས་པ་ཤེས་ནས་ང་ལ་བྱ་སྤུ་སྟོད་ཐུང་ཆེན་པོ་དེ་འདྲ་ཞིག་གྲ་སྒྲིག་བྱས་པ་འདྲ་མོད། དྲག་ཆར་གྱིས་ང་རང་རློན་མ་ཐུབ་ཀྱང་བྱ་སྤུ་སྟོད་ཐུང་དེས་ང་རང་རློན་པར་བཟོས་ཤིང་ངའི་ལུས་ལ་གྲང་ངར་ལྗིད་པོ་ཞིག་བཀབ་སོང་།

  “གྲོགས་པོ། ཁྱོད་ལ་ཅི་བྱུང”

  མིག་ཕྱེ་བ་ན་སྙན་ངག་པ་དུ་བའི་ངོ་གདོང་བཅུ་ཙམ་མག་མོག་གིས་ནམ་མཁའ་ནས་ང་ལ་ལྟ་བཞིན་འདུག 《གཟུགས་འགྱུར་གྱི་ཟིན་བྲིས》ནང་ཞིབ་འབྲི་བྱེད་པ་ནང་བཞིན་ཁོའི་གཟུགས་ཀྱང་འགྱུར་སོང་བ་ཡིན་ནམ།  ངས་ཁོ་ལ་ཅི་བྱུང་བ་ཡིན་ནམ་སྙམ་བཞིན་ཁོ་ལ་ཞིབ་ལྟ་ཞིག་བྱས་པ་ན་གཡས་གཡོན་གྱི་ངོ་གདོང་ལྷག་མ་དག་མེད་པར་གྱུར་ཏེ་དུས་རྒྱུན་བཞིན་ངོ་གདོང་གཅིག་ཁོ་ན་ལས་མི་འདུག ང་རང་ཡིད་ཆད་ནས་སྔས་མགོ་ནས་ཡར་བཀྱགས་པའི་མགོ་བོ་མར་ལྷོད་དགོས་བྱུང་། དེའི་སྐབས་སྙན་ངག་པ་དུ་བས“གྲོགས་པོ། ཁྱོད་ལ་ཅི་བྱུང”ཟེར། 

  “ང་ལ་ཅི་ཞིག་བྱུང་སོང”

  “ཁྱོད་རང་ཉལ་སར་ལྷུང་སོང”

  ངས་རང་ཉིད་ཅིའི་ཕྱིར་ཉལ་སར་ལྷུང་བ་ཡིན་ནམ་སྙམ་ཡང་ངའི་ལུས་པོ་ལ་ཤེད་ཅི་ཡང་མི་འདུག ངའི་གོས་རློན་པ་དག་དུ་བས་བརྗེས་འདུག་ཅིང་ཉལ་ཁྲིའི་འགྲམ་གྱི་སྒྲོག་ཙེའི་ཐོག་ཏུ་སྨན་གྱིས་ཁེངས་འདུག 

  ཉིན་དེ་ང་རང་འདི་ལྟར་ཉལ་བཞིན་སྨན་མང་པོ་འཐུང་བ་ཡིན། སྨན་འཐུང་རྗེས་གནམ་གཅལ་ལ་ཅེར་བཞིན་ལྷུང་ལྷུང་ཞེས་བར་མཚམས་མེད་པར་གྲག་པའི་གྲོང་ཁྱེར་འདིའི་སྐད་ཡ་མཚན་དེ་ལ་ཉན་བཞིན། གྲོང་ཁྱེར་འདིས་ཀྱང་མེ་མདའ་བཟོ་བཞིན་པ་ཡིན་ནམ་སྙམ། ཕྱི་ཉིན་ཡང་ན་ང་རང་མལ་ལས་ལངས་དུས།  ང་རང་འདི་ལྟར་ཉལ་ནས་ཉིན་དུ་ཙམ་ཞིག་འདས་པ་མི་ཤེས། གཉིད་ལས་སད་དུས་ངའི་ལུས་པོ་ལ་ཤེད་ཤུགས་ཀྱིས་བརྟས་འདུག ངས་སྨན་དག་ཁུར་ནས་ངའི་གྲོགས་པོ་དུ་བ་འཚོལ་དུ་སོང་། ངའི་གྲོགས་པོ་ཁོ་རང་འགྲོན་ཁང་གཞན་ཞིག་ཏུ་མལ་སར་ལྷུང་འདུག          ང་རང་ཁོའི་འགྲམ་དུ་ཙོག་བཞིན“གྲོགས་པོ་ཁྱོད་ལ་ཅི་བྱུང”ཞེས་དྲིས།

  “ང་ལ་ཅི་བྱུང་སོང”

  “ཁྱོད་རང་མལ་སར་ལྷུང་འདུག”

  ཉལ་བཞིན་པའི་མི་དེ་སྔོན་ཏག་ཏག་ལ་ཤ་དར་ཁྲག་དར་གྱི་སྙན་ངག་པ་དུ་བ་མིན་པ། འཆི་བར་བསྒུགས་པའི་ནད་པ་ཞིག་དང་འདྲ། ཁོའི་མིག་ནང་གི་འོད་ཐམས་ཅད་ཤོར་འདུག་ཅིང་གདོང་སྨུག་པོའི་ཐོག་གི་འོད་སྣང་དག་ལག་ཕྱིས་ཕྱིས་པ་ལྟར་གདོང་ངོས་ནས་ཡལ་འདུག་ཅིང་པགས་པའི་འོག་གི་རུས་པའི་བཟོ་ལྟ་དག་ཇི་བཞིན་དུ་ཡར་མངོན།  སྐབས་དེར་ཁང་པའི་ནང་དུ་དྲི་མ་ཞིམ་པོ་ཞིག་ཁྱབ་ཡོད་པ་ཚོར། དྲི་མ་དེ་མེ་ཏོག་གི་དྲི་མ་དང་འདྲ་ལ་སྤོས་ཆུའི་དྲི་མ་དང་ཡང་འདྲ་མོད། ཞིབ་པར་མྱོང་ན་མེ་ཏོག་གི་དྲི་མ་མ་རེད་ལ་སྤོས་ཆའི་དྲི་མ་ཡང་མ་རེད། མེ་ཏོག་གི་དྲི་མ་དང་འདྲ་ལ་མེ་ཏོག་གི་དྲི་མ་མིན་པ། སྤོས་ཆུའི་དྲི་མ་དང་འདྲ་ལ་སྤོས་ཆུའི་དྲི་མ་མིན་པ་དེ་བུ་མོ་ཞིག་གི་དྲི་མ་ལས་གཞན་གང་དང་ཅི་ལའང་ཁག་འགེལ་ས་མེད། 

  ནད་ཁང་དང་འདྲ་བའི་འགྲོན་ཁང་གི་ནང་དུ་བུ་མོ་ཆ་མེད་ཅིག་གི་དྲི་མས་ཁེངས་ཡོད་པ་ཚོར་མ་ཐག. ངས་ནད་པ་དུ་བ་ལ“ངེད་གཉིས་ཀྱི་ནད་གཅིག་པ་རེད། སྨན་འདི་དག་འཐུང་ན་དྲག་ནི་རེད”ཅེས་བཤད་མོད། དུ་བས་ངའི་ལག་ནང་གི་སྨན་མཐོང་མ་ཐག་མགོ་གཟེར་བ་ལྟར་བྱེད་ཀྱི་འདུག ཁོས་ང་རང་ན་དུས་སྨན་ཉོས་ཤིང་ཁོ་རང་ཉིད་ན་དུས་སྨན་མི་འཐུང་བའི་ཚུལ་དེ་ལ་ཁ་ཡ་མ་བྱས་པར་ངས་པེ་ཙི་ཞིག་གི་ནང་དུ་ཆུ་ཁོལ་གང་བླུགས་རྗེས་སྨན་སྒམ་རེ་རེའི་ཁ་ཕྱེ་སྟེ་སྨན་གྱི་འཐུང་ཚོད་ལྟར་བླངས་རྗེས་ང་རང་ཉིད་ཀྱིས་འཐུང་པ་ཡིན། ཚུལ་དེ་དུ་བས་མཐོང་མ་ཐག“ཁྱོད་ཀྱི་ནད་དྲག་ཚར་བ་མ་ཡིན་ནམ”ཟེར། ངས“ང་རང་སྨན་འཐུང་རྒྱུ་ལ་དགའ་པོ་ཡོད”ཅེས་བཤད། ངོ་མ་ཡིན། ང་རང་ཆུང་དུས་ནས་སྨན་འཐུང་རྒྱུ་ལ་དགའ་པོ་ཡོད། ངས་ཨ་མའི་མགོ་སྨན་བརྐུས་ནས་འཐུང་མྱོང་། ཨ་ཕའི་ཕོ་བའི་སྨན་འཐུང་མྱོང་། ཨ་མྱེས་ཀྱི་ལུ་བའི་སྨན་འཐུང་མྱོང་། རྗེས་དྲན་གྱི་ཁྲོད་དུ་ཆེས་ཞིམ་པ་ནི་ཨ་མྱེས་ཀྱི་ལུ་བའི་སྨན་དག་རེད། 

  ཕྱི་ཉིན་ཁོ་རང་ནད་དྲག་ཏེ་མལ་ལས་ལངས་བྱུང་། ཡང་ན་དེ་ནི་ནད་དུ་བགྲང་མི་རུང་ནའང་ཐང་། ཡིན་ཡང་ནད་དེས་ཁོ་རང་ལ་འགྱུར་བ་ཆེན་པོ་སྟངས་འདུག “ཨ་རོགས་ལོངས་ཤོག ”ཞོགས་པ་ཆུ་ཚོད་དྲུག་པ་ནས་ང་རང་འབོད་བྱུང་། ང་རང་ཉལ་སྙིང་འདོད་ཀྱིན་འདུག་པས་སླར་ཡང་ཉལ་བསྡད། ཡང་ཁོས་ངའི་མལ་གོས་འཐེན་ཏེ“ཨ་རོགས་ཡར་ལོངས་ཤོག ཁྱོད་ཚོ་སློབ་གྲྭའི་དཔེ་མཛོད་ཁང་དུ་དཔེ་ཆ་ལྟ་བ་འགྲོ”ཟེར། ངས་གོ་ནོར་ཐེབས་པ་ཡིན་ནམ་སྙམ་བཞིན་ཡར་ལངས་ཏེ་ཁོ་ལ་ཞིབ་ལྟ་ཞིག་བྱས། ཁོའི་གདོང་ལ་ནན་ཏན་གྱི་རྣམ་འགྱུར་ཞིག་བསྡུས་ཏེ་མལ་ཁྲིའི་འགྲམ་དུ་འགྲེང་འདུག་པས་ཁོས་ཁ་མཚར་འཆད་ཀྱིན་མིན་པ་ཤེས། ངེད་གཉིས་ཀྱིས་ཁོའི་མལ་ཁྲིའི་འོག་ཏུ་ངའི་དཔེ་ཁུག་རྡུལ་གྱི་ཁེངས་པ་དེ་རྙེད་བྱུང་། དཔེ་ཁུག་དེ་ཕལ་ཆེར་ལོ་གཉིས་ཀྱི་སྔོན་དུ་དེར་གཡུགས་བཞག་པ་ཡིན་ངེས། དཔེ་ཁུག་དེའི་ནང་དུ་ངེད་སློབ་གྲྭའི་དཔེ་མཛོད་ཁང་དུ་འཛུལ་ཆོག་པའི་དཔེ་ཀློག་གི་ཀྭ་རྙེད་བྱུང་། ཉིན་དེ་ནས་བཟུང་ངེད་གཉིས་ཁོ་ཧྥེ་ཁང་དང་ཆང་ཁང་གང་དུའང་མ་སོང་བར་ངེད་སློབ་གྲྭའི་དཔེ་མཛོད་ཁང་གི་ཐོག་རྩེག་དགུ་པའི་ནང་དུ་བོད་བརྒྱུད་ནང་བསྟན་དང་འབྲེལ་བའི་ཆོས་དཔེ་བཀླགས་ནས་བསྡད། དཔེ་མཛོད་ཁང་དུ་ཉིན་བཅུ་ཙམ་བསྡད་རྗེས་ངེད་གཉིས་ཀྱིས་ཆོས་དཔེ་བརྒྱ་ལྷག་རགས་ཀློག་བྱས་ཟིན་མོད། ངེད་གཉིས་ལ་མཁོ་བའི་དཔེ་ཆ་ཞིག་གམ། དཔེ་ཆ་ག་གེ་མོའི་ནང་དུ་ངེད་གཉིས་ལ་ཕན་པའི་ལྟ་བ་གཅིག་ཀྱང་མ་རྙེད། ཉིན་བཅུ་པའི་མཚན་མོར་ངེད་གཉིས་དཔེ་མཛོད་ཁང་ནས་ཐོན་མ་ཐག་དུ་བ་སེམས་ཧ་ཅང་སྐྱོ་འདུག ངེད་གཉིས་སློབ་གྲྭའི་ནུབ་སྒོའི་ཕྱོགས་ཀྱི་ཆང་ཁང་ཞིག་ཏུ་འཛུལ། དེ་ཉིན་དུ་བས་ཆང་ཧ་ལས་དགོས་པ་འཐུང་སོང་། “ང་ལ་དགོས་པ་ནི་ལས་ཀ་སྡུག་པོ་འདི་འདྲ་འདི་འདྲ་མ་བྱས། ལས་ན་ལས་རྒྱུ་འབྲས་འཁོར་གི་རེད། ལས་རྒྱུ་འབྲས་ཅི་ལྟར་འཁོར་གི་རེད་ཟེར་ན་དམྱའ་བར་སྐྱེས་གི་རེད་ཟེར་བ་དེ་འདྲ་མ་རེད། ང་ལ་མཁོ་བ་ནི་ཆོས་ལུགས་སམ་ཚན་རིག་གང་ཡང་ཆོག མིའི་བྱ་བ་བྱེད་སྟངས་ཤིག་གིས་ཚེ་འདིར་ཁོའི་ལུས་སེམས་ལ་མིག་མཐོང་ལག་ཟིན་གྱི་འགྱུར་བ་ཅི་ལྟར་གཏོང་བ་དང་བསམ་བློ་ལ་འགྱུར་བ་ཅི་ལྟར་གཏོང་ཐུབ་པ་དེ་ཡིན། དཔེ་ན། ཕོ་མོའི་བར་གྱི་འདོད་པ་སྤྱོད་པའི་ཐད་ལ་འོ་ཅག་གི་མེས་པོ་མང་ཆེ་ཤོས་ཀྱིས་བཏང་སྙོམས་བཞག་པའང་དེ་ནི་ངོ་ཚ་བཟུང་ནས་གླེང་གི་མི་འདུག ངའི་བསམ་པར་མཁས་པའང་བླ་མ་དེ་ཚོས་མིའི་འདོད་པ་ལ་གདོང་གཏད་ནས་དེས་མི་ཞིག་གི་ཚེ་གང་གི་ལུས་སེམས་ལ་འགྱུར་བ་ཅི་ལྟར་བྱུང་དུ་བཅུག་པ། ཐད་ཀར་གླེང་དགོས་པ་ལས་ལས་རྒྱུ་འབྲས་འཁོར་གྱི་རེད་ཟེར་བ་དང་དམྱལ་བར་ལྷུང་གི་རེད་ཟེར་བ། ལམ་འགྲོ་རྒྱུག་གི་མ་རེད་ཟེར་བ་ཙམ་གྱིས་མི་ཆོག དེ་བས་ཀྱང་སྐྱོ་དགོས་པ་ཞིག་ནི་དེང་རབས་ཚན་རིག་པས་ཕོ་མོ་བར་གྱི་འདོད་པ་སྤྱོད་པའི་ཉེས་དམིགས་ལ་ཞིབ་འཇུག་བྱེད་པའི་སྡུམ་ཚིག་དག་ཤིན་ཏུ་ནས་མག་མོག་རེད་འདུག ཁོ་ཚོས་ཚོད་བཟུང་དགོས་ཟེར། ཚོད་དེ་ཅི་ལྟར་བཟུང་དགོས་སམ། ཉིན་གསུམ་ལ་ཐེངས་གཅིག་སྤྱོད་དགོས་ཟེར། དེ་ལོ་ཚོད་གང་འདྲ་ཞིག་ལ་དམིགས་ནས་བཤད་པ་ཡིན་ནམ། ལུས་པོའི་བཟང་ངན་ཅི་ལྟར་དམིགས་ནས་བཤད་པ་ཡིན་ནམ། མི་དང་མིའི་བར་དུ་ལུས་པོ་དང་སེམས་སོགས་ཀྱི་ཁྱད་པར་ཤིན་ཏུ་ཆེ་བས་ཚོད་དེ་ཅི་འདྲ་ཞིག་ལ་དམིགས་ནས་བཟུང་དགོས་སམ། ཡང་གཅིག་བཤད་ན་མིས་འདོད་པ་སྤྱོད་པའི་བྱ་བ་དེ་ཁོ་ནར་དམིགས་ནས་བཤད་ན་བྱ་བ་དེའི་མངར་ཁ་མྱོང་ཚར་དུས་དུག་འཐུང་ཟིན་པ་དང་འདྲ་བས་མི་སུ་ཞིག་གི་ཚོད་དུ་བཟུང་ཐུབ་བམ”ཟེར་རྗེས་ཆང་མང་པོ་འགྲིན་པའི་ནང་དུ་བླུགས་སོང་། ཁོས་ད་དུང་ཡང་སྐད་ཆ་མང་པོ་བཤད་མོད། སྐད་ཆ་དེ་དག་གཉིད་གཏམ་བཤད་པ་བཞིན་འགོ་མཇུག་ཅི་ཡང་མི་འདུག 

  མཚན་མོ་དེར་ངེད་གཉིས་འགྲོན་ཁང་དུ་ལོག་པའི་ལམ་བར་དུ་སྙན་ངག་པ་དུ་བས་སྲང་ལམ་གྱི་ཚུར་རོལ་བཞག་ཡོད་པའི་ཉེན་རྟོག་པའི་རླངས་འཁོར་གྱི་གློག་འོད་ཁྲ་ཁྲའི་ནང་དུ་རོ་ལས་ལངས་པ་ལྟ་བུའི་བྲོ་འཁྲབ་བྱུང་། དེ་ནས་ཁོས་ལག་ནང་བཟུང་ཡོད་པའི་སྦི་རག་ཤེལ་དམ་དེ་ནམ་མཁའ་རུ་གཡུགས་པ་དང་སྲང་ལམ་གྱི་བཞི་མདོ་ཞིག་ཏུ་ལྷུང་སྟེ་ཆག་ཅིང་ལམ་ཐོག་ཏུ་ལྦུ་བ་དཀར་སོབ་སོབ་ཁོལ་འདུག  སྲང་ལམ་དེའི་ཕ་རོལ་དུ་བསླེབས་མ་ཐག་དུ་བའི་འགྲམ་པ་གཉིས་པོ་འབུར་འདུག ངས་ཅི་བྱུང་བ་ཡིན་ནམ་སྙམ་བཞིན་ཞིབ་ལྟ་བྱེད་སྐབས་ཁོའི་མཆུ་ཏོའི་བར་ཏུ་སྐྱུགས་པ་ཆུ་ཀ་ལའི་ཁ་ཕྱེ་བ་བཞིན་ཐོན་ཡོང་བ་མཐོང་། ཡང་ནས་ཡང་དུ་སྐྱུགས་ཚར་རྗེས་ངས་ཁོ་རང་ཅི་ལྟར་འཐེན་ཡང་ཁོས་རང་གི་སྐྱུགས་པའི་ནང་དུ་ཅི་ཞིག་འཚོལ་བ་ལས་ང་ལ་ཁ་ཡ་བྱེད་ཀྱིན་མི་འདུག 

  “ཁྱོད་ལ་ཅི་བྱུང”

  “ངས་སྙིང་དམར་སྐྱུགས་ཤོར་ཐལ”ཟེར།

   ཕྱི་ཉིན་སྲང་ལམ་ག་གེ་མོ་ཞིག་ཏུ་ཉུལ་སྐབས་ཧྭ་ཤང་ཞིག་གིས་ཆོས་དཔེ་འཚོང་བཞིན་འདུག ངེད་གཉིས་ཀྱིས་སྒོར་གཉིས་སྤྲད་ནས《ལ་ཧྥང་གིས་གདམས་ངག》[ix]དང《འདོད་པའི་རྒྱ་མཚོ་ནས་ཕྱི་ལྟ་བྱས་པ》[x]དེ་གཉིས་ཉོས་པ་ཡིན། ངེད་གཉིས་ཀྱིས་དཔེ་ཆ་རེ་རེ་ལ་སྒོར་ཉི་ཤུ་རེ་སྤྲད་ཀྱང་ཧྭ་ཤང་དེས“དཔེ་ཆ་རེ་ལ་སྒོར་རེ་ཡིན་དེ་ལས་མང་བ་མི་དགོས”ཟེར། ཨུ་ཚུགས་བྱས་ཀྱང་ཁོས“ང་ལ་དགོས་པའི་དཔེ་རིན་ཆེས་ཡག་པ་ནི་དཔེ་ཆ་དེ་ནན་ཏན་གྱིས་བལྟ་རྒྱུ་དེ་ཡིན”ཟེར། 

  ཉིན་དེའི་མཚན་མོར་ངས《ལ་ཧྥང་གིས་གདམས་ངག》བལྟས་པ་ཡིན་ལ་སྙན་ངག་པ་དུ་བས《འདོད་པའི་རྒྱ་མཚོ་ནས་ཕྱི་ལྟ་བྱས་པ》བཀླགས། ངེད་གཉིས་ཀྱི་དཔེ་ཆ་ཕྱེད་ཙམ་བཀླགས་རྗེས་དཔེ་ཀློག་གི་མྱོང་བ་བརྗེ་རེས་བྱས་པ་ཡིན། སྙན་ངག་དུ་བ་ཧ་ལས་འདུག“ངེད་གཉིས་ཀྱི་འཚོལ་བཞིན་པ་དང་ཤེས་འདོད་པ་ཐམས་ཅད་འདིའི་ནང་དུ་འདུག”ཟེར། དེ་ནས་བཟུང་ངེད་གཉིས་ཀྱིས་རྒྱ་ཡིག་གི་ལམ་ནས《སེ་ཁམས་པའུ་ཏན》སོགས་མིའི་འདོད་པ་དང་འདོད་པ་གང་ལས་སྨིན་པའི་འབྲས་བུ་སོགས་འབྲི་བའི་དཔེ་ཆ་དུ་མ་ཞིག་བཀླགས། 

  སྙན་ངག་པ་དུ་བས་ཧྥན་རིན་སེའི་ཡི་གེའི་ཐོག་ནས་བརྩམས་པའི་དཔེ་ཀློག་ཟིན་བྲིས《ཁུ་བ་ཤོར་བ་དང་དེ་ལས་སྨིན་པའི་ནད་རྟགས་ཆིག་སྟོང་ལྔ་བརྒྱ》ཞེས་པ་དེས་ཧྥན་རེན་སེའི་དྲ་ཐོག་ཏུ་དར་བར་གྱུར། ཧྥན་རེན་སེའི་སེམས་ཁམས་རིག་པ་མཁས་ཅན་བྷོའོ་ཐོས་རྩོམ་འདི་ནི“དེང་རབས་དངོས་པོ་དང་འདོད་པས་ཟང་ཟིང་དུ་བཏང་བའི་མི་རྣམས་ཀྱི་ལུས་སེམས་གསོ་བའི་སྨན”ཞེས་བསྟོད། ངས་ཧྥན་རེན་སེའི་ཡི་གེ་མི་ཤེས་ཀྱང་སྙན་ངག་དུ་བས་ང་ལ་དེའི་ནང་དོན་རགས་ཙམ་ཞིག་གླེང་མྱོང“གལ་སྲིད་མི་ཞིག་གིས་ཐབས་འདྲ་དང་མི་འདྲ་སྤྱད་ནས་ཁུ་བ་ཤོར་སོང་ན་དུས་ཀྱི་རིམ་པ་དང་བསྟུན་ནས་ཁོའི་མིག་མདངས་དང་ངོ་གདོང་ལ་འགྱུར་བ་རབ་རིམ་ཡོང་བའི་སྐོར་ཞིབ་འབྲི་བྱས་ཡོད། དཔེ་ན་ལོ་གཅིག་གི་ནང་དུ་རིག་པ་མི་གསལ་བ། མིག་མདངས་ཡལ་བ་སོགས་ཀྱི་རྟགས་ཕལ་བ་ཡིན་ཡང་། ལོ་ངོ་གསུམ་བརྒལ་སོང་ན་སྐྲ་བྱེ་བ། ངོ་གདོང་ལ་བྲུམ་བུ་སྐྱེས་པ། མཆུ་ཏོ་གཅུ་གཅུ་འགྱུར་བ་སོགས་ཀྱི་ནད་རྟགས་བྱུང་ལ་ལོ་བཅུ་སོང་ན་དབང་རྩའི་ནད་བྱུང་སྲིད་པས་ཁོ་རང་དམྱལ་བ་ནང་ལྷུང་དགོས་དོན་མེད། རྒྱུ་མཚན་ནི་ཁོ་རང་མི་ཡུལ་ཀྱི་དམྱལ་ཁམས་སུ་ལྷུང་ཟིན། ཁོས་ད་དུང་རང་ཉིད་ཀྱི་ལུས་ལ་ཤར་བའི་དམྱལ་ཁམས་ཀྱི་ཉི་འོད་དེ་དག་ཁུ་བ་ཤོར་བའི་མངར་ཁ་ལས་འབྱུང་བ་མི་ཤེས་ན་ཁོ་རང་སྨན་ཁང་གི་སྒོ་ཁར་བསླེབས་ཟིན་པ་མ་ཟད་འཆི་བའང་ཐག་མི་རིང”ཟེར། ངས་ཀྱང་དཔེ་ཆ་མི་ཉུང་བ་ཞིག་བཀླགས་ཟིན་མོད། ཁོ་རང་ལྟ་བུའི་ཞིབ་ཆ་ཞིག་བྱུང་མ་སོང་། ཁོའི་གྲོགས་པོ་སྙན་ངག་པ་དག་གིས་ཁོ་ལ ‘མཚན་མའི་སློབ་དཔོན་ཆེན་མོ’ཞེས་པའི་མིང་ཞིག་བཏགས། ཡིན་ཡང་ཁོ་རང་འཚང་མིང་དེ་ལ་ཁ་ཡ་བྱེད་ཀྱིན་མི་འདུག“དུས་རབས་འདི་ནི་ཡ་མཚན་ཞིག་མ་རེད་དམ། ཁ་ཉིང་ངས་ལག་གཡེམ་བྱེད་ཤེས་པའི་གསོ་རིག་གི་འབུམ་རམས་པ་ཞིག་ལ་བཅའ་འདྲི་བྱས་པ་ཡིན”ཟེར་བས་ང་ཚོ་ཁོ་དང་མཉམ་དུ་དགོད་པ་ཡིན། ཁོའི་དཔེ་ཀློག་ཟིན་བྲིས་དེ་ལ་ལྟ་མཁན་དུ་མ་བྱུང་བ་ནས་བཟུང་ཁོ་རང་ཞོགས་པའི་ཆུ་ཚོད་ལྔ་དང་ཕྱེད་ཀ་ནས་མལ་ལས་ལངས་ཤིང་གྲོང་ཁྱེར་འདིའི་མི་འདྲ་དང་མི་འདྲ་ལ་བཅར་འདྲི་བྱེད་དུ་སོང་། བཅར་འདྲེའི་རྩོམ་དེ་དག་གཟའ་འཁོར་རེར་ཧྥན་རེན་སེའི《ལུས་ཁམས་ཚན་རིག》ཅེས་པའི་དུས་དེབ་ལ་སྐུར་བཞིན་འདུག དགོང་མོར་ཆུ་ཚོད་དགུ་པར་ཉལ་བཞིན་འདུག ཟླ་གཅིག་གི་རིམ་ཁོས་དུ་བ་འཐེན་བཞིན་པ་མཐོང་མ་མྱོང་ལ་ཆང་རག་འཐུང་བ་རིག་མ་བྱུང་། སྙན་དེབ་ཀློག་བཞིན་མི་འདུག་ལ་སྙན་ངག་ཀྱང་འབྲི་བཞིན་མི་འདུག ཁོའི་གྲོགས་པོ་སྙན་ངག་པ་རྣམས་ཀྱིས“སྙན་ངག་པ་དུ་བ། ཁྱོས་སྙན་ངག་མི་འབྲི་དུ་བའང་མི་འཐེན་ན་སྙན་ངག་པ་དུ་བ་ཞེས་པའི་མིང་འདི་ཅི་ལ་ཐོགས”ཅེས་ལབ་མོད། དུ་བས་ཁོ་ཚོ་ལ་ཁ་ཡ་མི་བྱས་པར་སྔར་བཞིན་བྲེལ་བྲེལ་ཚུབ་ཚུབ་ངང་མི་གཞན་ལ་བཅའ་འདྲི་བྱེད་དུ་འགྲོ

  ཉིན་ཞིག་ངལ་གསོའི་སྐབས་སུ་ཁོས་པདྨའི་མཚེའུ་ཞེས་པའི་གླིང་ཁར་འཆམ་འཆམ་དུ་འགྲོ་ཟེར། ངའང་ཁོ་དང་མཉམ་དུ་སོང་བ་ཡིན། 

  སྒོ་ཁར་བསླེབས་པ་ཐག་དུ་བས“གླིང་ཁ་འདི་ལ་པདྨའི་མཚེའུ་ཞེས་མིང་བཏགས་དོན་ཡང་གླིང་ཁའི་དཀྱིལ་གྱི་མཚེའུ་དེ་ལ་པདྨའི་མཚེའུ་ཟེར”ཞེས་བཤད་བྱུང་། ངས་རྒྱུ་མཚན་དེ་འདྲ་ཞིག་སུ་ཡིན་ཡང་ཤེས་ངེས་ན་ངོ་སྤྲོད་བྱེད་པའི་ངལ་བ་མི་དགོས་སོ་སྙམ།

  ངའི་གྲོགས་པོ་དུ་བ་འཁྲིལ་ཤིང་གིས་བརྒྱན་པའི་ཁང་པ་ཆུང་ཆུང་ཞིག་གི་ནང་དུ་ཡིན་བསམ་བསམ་གྱིས་འཛུལ། ང་རང་ཁོའི་རྒྱབ་ནས་དལ་བར་ཕྱིན་པ་ཡིན། ནང་དུ་བསླེབས་དུས་ཧ་ལས་སོང་། ཁང་པ་དེའི་ནང་དུ་ངེད་གཉིས་ཀྱི་དཔེ་ཆ་དང་ཅ་དངོས་ཙག་ཙོག་གི་ཁེངས་འདུག ང་རང་དེ་དག་ཧད་ཡོད་དུས་དུ་བས“ད་ནས་བཟུང་ངེད་གཉིས་འདི་རུ་བསྡད་དགོས། འགྲོན་ཁང་ནང་གི་ཅ་དངོས་ཐམས་ཅད་ཚུར་སྤོར་ཡོད”ཟེར། དེ་ནས་བཟུང་ལོ་མས་བརྒྱན་པའི་ཤིང་ཁང་ཆུང་ཆུང་དེ་ནི་ངེད་གཉིས་ཀྱི་སྡོད་གནས་སུ་གྱུར། 

  ངེད་གཉིས་ཤིང་ཁང་དེའི་ནང་དུ་བསྡད་པ་ནས་བཟུང་ངས་ཀྱང་ཆང་དང་ཐ་མག་བཅད་པ་ཡིན། ཉིན་བཅུ་ཙམ་གྱི་རིམ་ལུས་པོ་དང་སེམས་ཁམས་ཤིན་ཏུ་མི་བདེ་ཡང་ཟླ་ཕྱེད་འདས་རྗེས་ཧ་ལམ་གོམས་སོང་། ཁང་ཆུང་དེ་ནི་རི་བོ་ཆུང་ཆུང་ཞིག་གི་འགྲམ་དུ་ཡོད་ཅིང་རི་བོ་དེའི་རྩེ་མོར་རྒྱའི་དགོན་པ་ཞིག་ཆགས་ཡོད། རྣམ་ཀུན་ཞོགས་པའི་ཆུ་ཚོད་ལྔ་དང་ཕྱེད་ཀ་ཟིན་མ་ཐག རི་བོའི་རྩེ་མོ་ནས་གྲག་ཡོང་བའི་ཅོང་སྒྲས་ངེད་གཉིས་གཉིད་ལས་སློང་ཞིང་ངེད་གཉིས་ཀྱང་ཅོང་སྒྲ་ཐོས་མ་ཐག་ལང་སེང་ལངས་དགོས་ལ་ཁ་ལག་གཙང་བ་བཀྲུས་རྗེས《ཤེར་ཕྱིན》ཐེངས་གསུམ་བཀླགས་ཚར་བ་བྱེད་དགོས། དེ་ནས་རི་བོར་ཡར་འཛེགས་ཏེ་དགོན་པའི་གྲྭ་བ་དང་མཉམ་དུ་རྒྱ་གར་ལུགས་ཀྱི་རླུང་གི་སྦྱོར་བར་ཆུ་ཚོད་གཉིས་སྦྱོང་ཚར་བ་དང་ཞོགས་པའི་བྱ་བ་ཚར་སོང་བ་ཡིན། ཉིན་ཕྱེད་ཀྱི་ཆུ་ཚོད་དང་པོར་གྲྭ་བ་རྒན་པའི་གདམས་པ་ལྟར་མཚེའུ་ཐོག་གི་གྲུ་གཟེངས་ཆུང་ཆུང་ཞིག་གི་ཐོག་ཏུ་ཀེང་རུས་ལ་ལྟ་བའམ་མི་གཙང་བ་ལྟ་བའི་སྒོམ་སྒྲུབ་ལ་བཞུགས་དགོས། ཆུ་ཚོད་གསུམ་གྱི་རྗེས་སུ་སྒོམ་གྲོལ་བ་ཡིན་ལ་ཉིན་གཅིག་གི་བྱ་བ་འཇུག་རྫོགས་སོང་བ་ཡིན། མཚན་མོར《ལང་ཀར་གཤེགས་པའི་མདོ》ཐེངས་གསུམ་བཀླགས་ཚར་རྗེས་གླིང་ཁའི་རྩྭ་ཐོག་ཏུ་ཀན་རྐྱལ་དུ་ཉལ་ནས་ནམ་མཁའི་སྐར་ཚོགས་ལ་ཅེར། ངེད་གཉིས་ཀྱིས་སྐར་ཚོགས་ལ་ཅེར་སྟངས་དེ་ལ་དོགས་པ་ཟོས་སོང་ནའང་གྲྭ་བ་རྒན་པ་ཞིག་གིས་དེ་ནི་རྫོགས་པ་ཆེན་པོའི ‘ནམ་མཁའ་ལ་ལྟ་བའི་རྣལ་འབྱོར’ཡིན་པས་བྱིན་རླབས་དང་ནུས་པ་བསམ་གྱིས་མི་ཁྱབ་གསུངས། སྐར་ཚོགས་མང་བོའི་མཚན་མོར་དུ་བ་ངེད་གཉིས་འདི་ལྟར་རྩྭ་ལྗང་ཐོག་ཏུ་ཀན་རྐྱལ་དུ་ཉལ། སྐབས་དེར་ངེད་གཉིས་ཀྱི་མིག་ལམ་དུ་ཁྲ་ཆིལ་དགུ་ཆིལ་གྱི་སྐར་ཚོགས་དང་རྣ་ལམ་དུ་སྲིན་འབུའི་སྐད་དང་རླུང་བུས་ཤིང་ལོ་གཡོ་བའི་སྐད་ལས་གཞན་ཅི་ཡང་མེད། འདས་ཟིན་པའི་སྡུག་བསྔལ་ལ་རྗེས་དྲན་བྱེད་མི་དགོས་ཤིང་མ་འོངས་པའི་བསམ་འདུན་ལ་སེམས་འཚབ་ཀྱང་བྱེད་དགོས་དོན། ངེད་གཉིས་ལ་དབང་བ་ནི་དུས་ཚོད་སྐར་ཆ་གཅིག་ནང་གི་ད་ལྟ་བ་ཉིད་ཁོ་ན་ཡིན། དུས་ཚོད་འདིའི་ནང་དུ་སྐར་ཚོགས་ནི་འདི་ལྟར་མཛེས་ཤིང་ཤིང་ལོ་གཡོ་བའི་སྒྲ་ནི་འདི་ལྟར་སྙན་པས་སེམས་སམ་ཀླད་པའམ་ཡང་ན་རྣམ་ཤེས་ཀྱི་ནང་དུ་སྔོ་མི་ཐོགས་པའི་དོན་དག་གཞན་ཞིག་གིས་རང་ཉིད་ལ་ངལ་བ་བཟོས་ནས་ཅི་ཞིག་བྱས། སྐབས་དེ་དུས་མི་ལ་སྡུག་བསྔལ་འབྱུང་བའི་རྒྱུ་སེམས་པའི་ངོས་སུ་ཟང་ཟིང་གི་འཁྲིགས་པའི་དྲན་པའི་སྤྲིན་ནག་དག་ཕྱོགས་སོ་སོར་ཡལ་ནས་ངེད་གཉིས་ཀྱང་གཡའ་དག་པའི་སྟོང་ཁམས་སུ་ཐིམ། གྲྭ་རྒན་དེས“བགྲང་དུ་མེད་པའི་ནམ་མཁའི་སྐར་ཚོགས་དག་ཁྱོད་གཉིས་ཀྱི་མིག་འབྲས་ཆུང་ཆུང་རུ་ཚུད་པ་བཞིན། དཔག་ཏུ་མེད་པའི་རྫོགས་པ་ཆེན་པོའི་ཆོས་དག་ཀྱང་ནམ་མཁའ་ལ་ལྟ་བའི་རྣལ་འབྱོར་ནང་བསྡུས་ཡོད། གང་ལགས་ཤེ་ན། ཆོས་ཀྱི་སྙིང་པོ་ནི་རང་གི་སེམས་པ་ལ་བདག་བྱས་ནས་འདོད་ཆགས་དང་ཞེ་སྡང་། གཏི་མུག་ཡལ་བའི་གཡའ་དག་པའི་སེམས་པའི་ནམ་མཁའ་ལ་གནས་རྒྱུ་དེ་ཡིན”ཟེར། དུས་དེ་ནས་བཟུང་ངེད་གཉིས་ཀྱིས་འཇིག་རྟེན་འདིའི་ནང་དུ་རང་ཉིད་ཀྱི་དགྲ་བོ་ནི་རང་ཉིད་ཀྱི་སེམས་པ་ཡིན་པ་གོ་ལ་དུས་ནམ་ཡང་ཤེས་རབ་ཀྱི་རལ་གྲི་ཐོག་ནས་སེམས་པའི་ནང་དུ་ཐོན་ཡོང་བའི་གདོན་ཚོགས་དག་རྩ་མེད་བཟོ་དགོས་པ་གོ གལ་སྲིད་ཁྱོད་ཀྱིས་སེམས་གདོན་དེ་དག་རྩ་མེད་བཟོ་མ་ཐུབ་ན་མི་རིང་བའི་ཉིན་ཞིག་ལ་སེམས་གདོན་གྱིས་ཁྱོད་རང་རྩ་མེད་དུ་བཟོ་ངེས་པ་རྟོགས་སོ།། ཉིན་དེ་དག་གི་རིམ་ངེད་གཉིས《ཤེར་ཕྱིན》དང《ལང་ཀར་གཤེགས་པའི་མདོ》མ་གཏོགས། གཞན་གྱི་དཔེ་ཆ་གང་ཡང་མ་ཀློག་ལ་གང་ལའང་མ་བལྟས། སྙན་ངག་དང་ཉིན་ཐོ་གང་ཡང་བྲིས་མེད།  ངེད་གཉིས་ཆོས་དང་སྒོམ་སྒྲུབ་ཁོ་ནའི་བྱ་བ་གཉེར་ནས་ཟླ་གཉིས་ལ་ཉེ་བའི་སྐབས་དེར་རྒྱ་ནག་གི་བླ་མ་གྲགས་ཅན་ཅིང་གུང་བྱ་བ་དེ་དགོན་པ་དེ་ཕེབས་ནས་བརྗོད་བྱ་ལ《དྲ་བས་མིའི་འདོད་པ་ཆེ་ཆེར་བཏང་བའི་དུས་རབས་ཉེར་གཅིག》ཅེས་པའི་གསུང་བཤད་ལ་གསན་པའི་བསྐལ་བ་ཐོབ་སོང་། 

  ཉིན་ཞིག་གི་མཚན་མོར་ང་རང་ཤིང་ཁང་ནང་གི་སྨྱུག་མའི་མལ་ཁྲི་ཐོག་ཏུ་བཀྲ་ཤིས་ནོར་བུའི་ཚུལ་གྱིས་ཉལ་བསྡད་དུས་རྨི་ལམ་ཞིག་རྨིས་སོང་། རྨི་ལམ་དུ་ང་དང་སྙན་ངག་པ་དུ་བ་གཉིས་སྲང་ལམ་བརྒྱུད་ནས་འཆམ་འཆམ་དུ་འགྲོ་བཞིན་འདུག རྨི་ལམ་ནང་གི་ངེད་གཉིས་ནི་ལོ་ཅོ་ལྔ་ཅོ་དྲུག་ཙམ་ལས་སོན་མེད་པའི་གཞོན་ནུ་གཉིས་རེད། ངེད་གཉིས་འཁྱམ་སའི་སྲང་ལམ་དེའང་བོད་ཡུལ་གྱི་རྫོང་ཁ་ཞིག་ཏུ་ཡིན་པ་འདྲ། སྲང་ལམ་དག་གོ་དོགས་ལ་ཚོང་ཁང་གི་སྒོ་ཁར་ཕྱུ་པ་རྙིང་པ་མང་པོ་བཤམས་ཤིང་ཚོང་བ་དག་སྒོ་འགྲམ་དུ་ཉི་མར་ལྡེ་བཞིན་འདུག ཡིན་ཡང་ངེད་གཉིས་སོང་སོང་མཐར་ཁ་པར་ཚོང་ཁང་ཞིག་ཏུ་བསླེབས། དེའི་ནང་དུ་ངའི་ཨ་ཁུས་བྲེལ་བ་ཆེན་པོས་འཚོང་རྒྱག་བཞིན་པ་རིག ངེད་གཉིས་ཐོན་མ་ཐག་ཁོས“ཁྱོད་གཉིས་ཀྱིས་འཚོང་ཁང་ནང་ཅུང་སྡོད་དང་། ང་རང་ཕྱི་ལ་ལས་ཀ་ཅུང་ཙམ་ཡོད། མགྱོགས་པོར་སླེབས་ཡོང”ཟེར་བཞིན་སྒོར་བུད་ཐལ། སྐབས་དེར་འབྲོག་པ་ཞིག་ཐོན་ཡོང་ནས་ཁོའི་ཁ་པར་གཅིག་གཅིག་བཟོ་དགོས་ཟེར། ངེད་གཉིས་ཀྱིས་ཁོའི་ཁ་པར་དྲི་མ་ཅན་དེ་ལ་ལྟ་བཞིན་ཅི་ཞིག་བཟོ་དགོས་པ་མི་ཤེས་པ་ཡོད་དུས་ཞབས་ཞུ་མ་མང་པོ་ཞིག་ནང་དུ་འཛུལ་ཡོང་སྟེ། ཁྱོད་རང་འདིའི་ནང་དུ་ཐེངས་མང་འཛུལ་བྱུང་ཟེར་ནས་འབྲོག་པ་དེ་མར་བདས་སོང་། ངེད་གཉིས་ཀྱང་སྐབས་དེ་དང་བསྟུན་ནས་སྒོར་བུད་པ་ན་ཕྱི་རོལ་དུ་མུན་རུབ་ལ་ཉེ། ངེད་གཉིས་སྲང་ལམ་གྱི་བཞི་མདོ་ཞིག་གི་འགྲམ་དུ་གུར་མང་པོ་ཕབ་ཡོད་སར་ཞིག་ཏུ་ཐོན་མ་ཐག་དུ་བའི་ནུ་བོ་རེད་ཟེར་བའི་ཕྲུ་གུ་ཆུང་ཆུང་ཞིག་ངེད་གཉིས་ཀྱི་བར་དུ་ཐོན་བྱུང་། དུ་བས“ངས་ཁྱོད་ལ་དངོས་པོ་ཞིག་སྟོན་དགོས”ཅེས་བཤད། ངས“ཅི་ཞིག”ཅེས་དྲིས་པ་ན་ཕྲུ་གུ་ཆུང་ཆུང་དེས“མོ་ཊ་རེད། མོ་ཊ་གསར་བ་ཞིག་ཉོས་ཡོད་རེད”ཅེས་ཁ་བདེ་མོས་བཤད་བྱུང་། 

    ང་ཚོ་མོ་ཊ་དེ་བལྟ་བར་འགྲོ་དུས་ཆབ་རོམ་འཁེངས་ཟིན་པའི་མཚེའུ་ཞིག་བརྒྱུད་དེ་བྲག་ཕུག་ཅིག་གི་འགྲམ་དུ་ཐོན། དུ་བས“བྲག་ཕུག་དེའི་ནང་དུ་འཛུལ་ནས་ཕ་རོལ་ཐོན་པ་ན་མོ་ཊ་དེ་མཐོང་ཐུབ”ཟེར། ང་རང་སྔོན་དུ་ཆབ་རོམ་ཐོག་ཏུ་དལ་བར་འགྲོ་ནས་བྲག་ཕུག་དེའི་ནང་དུ་འཛུལ། ལག་པ་བརྐྱངས་ཏེ་དུ་བ་ཚུར་འཐེན་དགོས་བསམ། ཁོ་རང་ཡང་ཆབ་རོམ་གྱི་ཐོག་ཏུ་ཚུར་ཡོང་བཞིན་ལག་པ་ངའི་ཕྱོགས་སུ་ཚུར་བརྐྱངས། ཁོའི་ལག་པ་དེ་ངའི་ལག་པར་མ་རེག་གོང་དུ་ཆབ་རོམ་ཆག་སོང་། ཆབ་རོམ་འོག་གི་ཆུ་བོས་དུ་བ་ཤང་སྒྲ་དང་བཅས་བྲག་ཕུག་གི་ནང་དུ་ཁུར་། ངས་དུ་བ་ཞེས་འབོད་བཞིན་བྲག་ཕུག་ནང་གི་འཁྱགས་རོམ་ཐོག་ཏུ་རྒྱུགས་པ་ན་འདྲེད་བརྡབ་ཤོར་ཏེ་བྲག་ཕུག་དེའི་རྒྱབ་དུ་ཐོན། བྲག་ཕུག་དེའི་རྒྱབ་ནི་ཆབ་རོམ་གྱི་འཇིག་རྟེན་ཞིག་རེད། ནམ་མཁའ་དང་རི་བོ་ཡོད་ཚད་དཀར་ལྷང་ངེར་གནས། ང་རང་འཇིག་རྟེན་འདིའི་དཀར་ངོས་སུ་འདྲེད་ཤོར་ནས་བྱ་འཕུར་བ་ལྟར་སོང་། སྐབས་དེར་ངའི་མིག་ལམ་དུ་སྙན་ངག་པ་དུ་བ་ལྷུང་སའི་བྲག་ཕུག་གི་ཁའི་ཆབ་རོམ་དུ་འཁེངས་ནས་མཐོང་ཞིང་ཁོའི་དཀར་པོར་གྱུར་བའི་ལག་པ་དེ་ངའི་ཕྱོགས་སུ་བརྐྱངས་འདུག ཆབ་རོམ་གྱིས་བཏུམས་ཡོད་པའི་ཁོའི་ལུས་པོ་ནི་རྗེས་རབས་པས་འདས་པའི་སྙན་ངག་པ་ཞིག་ལ་རྗེས་དྲན་བྱས་ཏེ་བསྐྲུན་པའི་ཤེལ་ལས་སྒྲུབ་པའི་སྙན་ངག་པའི་གཟུགས་བརྙན་ཞིག་དང་འདྲ། ང་རང་འདི་ལྟར་མར་འཕུར་བའི་བརྒྱུད་རིམ་ཀུན་དུ་ནམ་མཁའ་རུ་འཇའ་ཚོན་ཤར་ཞིང་སྙན་ངག་པ་དུ་བས་བྲིས་མྱོང་བའི་སྙན་ངག་གི་དུམ་བུ་དག་འཇིག་རྟེན་དཀར་པོ་འདིའི་ནང་དུ་བྲག་ཆ་ལྷང་ལྷང་མཆེད། ང་རང་སྒྲ་དབྱངས་དེ་ལས་སད་མ་ཐག ཁ་ལོ་གཡོན་ཕྱོགས་སུ་བསྐོར། གཡོན་གྱི་རི་བོ་ཞིག་གི་ཐོག་ཏུ་འཕུར་བའི་སྐབས་དང་བསྟུན་ཏེ་ཐག་པ་དཀར་པོ་ཞིག་ལ་བཟུང་ཐུབ་ཙམ་བྱུང་། ངས་ཕྱིར་ལྟ་ཞིག་བྱེད་དུས་གལ་སྲིལ་ངས་ཁ་ལོ་གཡོན་དུ་མ་བསྐོར་བ་ཡིན་ན་མདུན་ཕྱོགས་སུ་གཡང་གཟར་ཆེན་པོ་ཞིག་འདུག་པས་དེ་རུ་ལྷུང་ངེས་རེད་སྙམ་ནས་སེམས་པ་དགའ་དུས་རང་ཉིད་ཀྱིས་བཟུང་བའི་ཐག་པའི་སྣེ་མོ་དེ་ཆུ་ཐིགས་བར་མེད་ཟགས་བཞིན་པའི་འདམ་ཞིག་ལ་ཟུག་ཡོད་པ་མཐོང་བ་དང་གཉིད་ལས་སད། 

  གཉིད་ལས་སད་པ་དང་འདི་ནི་རྨི་ལམ་ཡིན་གཤིས། མངོན་སུམ་མ་ཡིན་གཤིས་སྙམ་བཞིན་སེམས་པ་དགའ་བྱུང་། མངོན་སུམ་ཡང་རྨི་ལམ་དང་འདྲ་བས་མངོན་སུམ་ལས་སད་ན་ཅི་ལྟ་བུ་ཞིག་ཡིན་ནམ་སྙམ། ཡིན་ཡང་ང་རང་མངོན་སུམ་ཞེས་པའི་རྨི་ལམ་དེ་ལས་སད་མ་མྱོང་། རྨི་ལམ་ནང་དུ་སྙན་ངག་པ་དུ་བ་འདི་ལྟར་ཤི་སོང་། ཡིན་ཡང་མངོན་སུམ་ནང་གི་ཟླ་འོད་ཀྱིས་བརྒྱན་པའི་སྒེའུ་ཁུང་གི་འགྲམ་དུ་ཁོ་རང་གཉིད་སྐྱིད་པོ་ཞིག་ཁུག་འདུག 

  ཕྱི་དྲོར་ངེད་གཉིས་དུས་རྒྱུན་བཞིན་ལྷ་ཤིང་ཤུག་པས་བསྐོར་བའི་རྐང་ལམ་ཕྲ་མོ་བརྒྱུད་དེ་འཆམ་འཆམ་དུ་འགྲོ་སྐབས། དུ་བས་གློ་བུར“ཁྱོས་ཡང་སྙིང་ཅི་ཞིག་བྱེད་འདོད་ཀི”ཟེར། ངས“གྲོང་ཁྱེར་འདིའི་གླིང་ཁ་འདི་ནང་དུ་མུ་མཐུད་ལྷ་ཡུལ་དུ་བསྡད་པ་ལྟ་བུའི་འཚོ་བ་འདི་འདྲ་རོལ་འདོད”ཅེས་བཤད་མ་ཐག ཁོས“ཁྱོད་ལ་སྐྱོན་ཞིག་ཡོད་པ་དེ་ནི་ངས་བྱ་བ་ཅི་ཞིག་བྱས་ན་ཁྱོས་བསམ་བློ་གང་ཡང་མ་བཏང་བར་རྗེས་འབྲངས་ནས་ཡོང་བ་དེ་རེད། ཁྱོད་ལ་ཁྱོད་ཀྱི་ལམ་བུ་ཡོད་ལ་ཁྱོད་ལ་ཁྱོད་ཀྱི་ལས་ཀའང་ཡོད”ཅེས་བཤད་བྱུང་། “ངས་རང་གི་ལམ་བུ་ལ་བསམ་བློ་གཏོང་མ་མྱོང་ལ་ང་ལ་ཡང་སྙིང་ལས་ཀ་ཅི་ཞིག་ཡོད་པའང་དྲན་རྒྱུ་མི་འདུག”ཅེས་བཤད་མ་ཐག ཁོས“ཁྱོད་རང་བོད་ཡུལ་མཐོ་སྒང་ནས་འདིར་ཅི་བྱེད་དུ་ཡོང་བ་ཡིན”ཟེར། ངས་ཁོ་ལ་ལན་རྒྱག་ཐབས་མི་འདུག ཁོས་ངའི་ཚབ་ཏུ་ལན་བཏབ་སོང“ཁྱོད་རང་སློབ་གྲྭར་ཡོང་བ་མིན་ནམ”ཟེར།

    “ང་རང་སློབ་གྲྭ་རུ་ཡོང་ཡིན་མོད། སློབ་ཚན་ཚོགས་སུ་འགྲོ་མ་མྱོང”

  ཕྱི་ཉིན་ངའི་གྲོགས་པོ་སྙན་ངག་པ་དུ་བས་རེ་བ་ལྟར་ང་རང་སླར་ཡང་སློབ་གྲྭར་སོང་། ངས་དགེ་རྒན་རྣམས་ཀྱི་བར་དུ་ཡར་རྒྱུགས་མར་རྒྱུགས་ཐེངས་ག་ཚོད་བྱེད་པ་མི་དྲན་མོད། བུད་མེད་དགེ་རྒན་ཞིག་དང་མཉམ་དུ་རྒྱ་ཡིག་གི་སྐར་གྲངས་གླེང་སྐབས་ང་རང་ངུ་བ་དྲན་རྒྱུ་འདུག བུད་མེད་དགེ་རྒན་དེས“ཕོ་གསར་ཞིག་ངུས་པ་དེ་རིང་མ་གཏོགས་མཐོང་མ་མྱོང”ཞེས་ལབ་པ་ལས་ང་ལ་སྙིང་རྗེ་གང་ཡང་བྱས་མ་མྱོང་། སྐབས་དེར་ངོ་མ་ངུ་ཤོར་བ་ཡིན་ནམ་རྫུན་ངུ་བྱེད་པ་ཡིན། གསལ་པོ་ཞིག་དྲན་རྒྱུ་མི་འདུག་མོད། དེ་དུས་ང་རང་འཇིག་རྟེན་འདིའི་མུན་པ་ཡོད་ཚད་ལ་འཐམས་འདོད་ཡོད། སློབ་གྲྭ་ཟེར་བ། དཔེ་ཆ་ཟེར་བ་དག་མཐོང་བ་ཙམ་དང་ཐོས་པ་ཙམ་གྱིས་དྭངས་གཙང་ཅན་ཞིག་ཏུ་སྣང་སྲིད་ནའང་དོན་དངོས་སུ་འཇིག་རྟེན་འདིའི་མི་གཙང་བ་ཐམས་ཅད་འོད་སྣང་དཀར་པོ་ཅན་གྱི་pptདང་ཤོག་བུ་དཀར་པོ་དག་གི་རྒྱབ་ཏུ་སྦས་འདུག གང་ལྟར་ཉིན་ལྔའི་རྗེས་ནས་ང་ལ་སློབ་ཐོན་དཔྱད་རྩོམ་འབྲི་བའི་ཆོག་མཚན་ཐོབ། ངས་སྙན་ངག་ཀྱང་དུ་ཆང་བཞིན་བཅད་ཟིན་ནའང་སློབ་ཐོན་དཔྱད་རྩོམ་དེ་སྙན་ངག་གི་སྐོར་བྲིས་པ་ཡིན། དཔྱད་རྩོམ་ཉིན་གསུམ་གྱི་རྗེས་སུ་བྲིས་ཚར་བ་དང་སླར་ཡང་ང་ལ་ལས་ཀ་གང་ཡང་མེད་སོང་བས་ཕྱི་རོལ་དུ་ཐོན་ནས་ཁོ་ཧྥེ་ཁང་དང་ཆང་ཁང་དག་ཏུ་ཉུལ། ཆང་རག་འཐུང་པའི་མེ་རོ་སླར་ཡང་གསོས། 

  ཁོ་ཧྥེ་ཁང་དང་ཆང་ཁང་དུ་ངོ་ཤེས་སོའང་མ་འཕྲད་པས་ངས་སླར་ཡང་སྙན་ངག་པ་དུ་བ་དྲན་བྱུང་། ཁོའི་གྲོགས་པོ་སྙན་ངག་པ་རྣམས་ཀྱིས་ད་ལྟ་ཁོའི་མིང་ལ ‘སྒོམ་ཆེན་དུ་བ’ཞེས་བཏགས་ཡོད་ཟེར།  ང་རང་པེ་ཅིང་གི་སྲང་ལམ་མང་པོ་བརྒྱུད་དེ་དུ་བ་བཙལ་དུ་སོང་། སྲང་ལམ་ཞིག་གི་བཞི་མདོ་བརྒལ་ནས་གཡོན་གྱི་དཀྱོག་མཚམས་སུ་ཐོན་མ་ཐག དཀྱོག་མཚམས་ཀྱི་ཚགས་པར་འཚོང་ཁང་གི་སྒོ་ཁར་གཟར་ཡོད་པའི་ཚགས་པ་ཆེན་པོ་ཞིག་གི་ངོས་སུ་ངས་ངོ་ཤེས་པའི་མི་ཞིག་གིས་ང་ལ་ལྟ་བཞིན་འདུག དུས་རྒྱུན་ཡིན་ན་ངས་པེ་ཅིང་གི་སྲང་ལམ་གང་སར་མཐོང་རྒྱུ་ཡོད་པའི་ཚགས་པར་ཚོང་ཁང་དེ་ཚོ་ལ་ཁ་ཡ་བྱེད་ཀྱིན་མིན་མོད། དེ་རིང་ཚགས་པར་ངོས་སུ་ངས་ངོ་ཤེས་ཅིག་གིས་ང་ལ་ཅེར་བཞིན་འདུག་པ་མཐོང་བས་ངས་ཀྱང་ཞིབ་ལྟ་ཞིག་བྱས་པ་ན་དེ་ནི་ཁྲ་ཙེ་མུ་རེད་འདུག ཁོའི་དྭངས་ཤིང་གསལ་བའི་མིག་གཉིས་པོ་པར་ལེན་སྒྱུ་རྩལ་གྱིས་ཆེས་ཆེར་དྭངས་མོར་བཏང་འདུག་ཅིང་ཁོ་རང་དཔང་མཐོ་བའི་འདུག་སྟེགས་ཤིག་གི་ཐོག་ཏུ་ཙོག་པོར་སྡོད་བཞིན་ང་དང་ང་འདྲ་བའི་ལམ་འགྲོ་བ་ཀུན་པོར་ཞིབ་ལྟ་བྱེད། ཁོའི་སྤོབས་པ་མཐོ་བའི་རྣམ་འགྱུར་ལ་ལྟོས་དང་། ཁོས་ལམ་འགྲོ་བ་རྣམས་ལ་རང་ཉིད་ཀྱི་ལང་ཚོ་ངོམས་པ་དང་འདྲ། པར་ནང་དུ་ཁོ་རང་དང་འདུག་སྟེགས་གཉིས་པོ་ལས་མདུན་རྒྱབ་གཡས་གཡོན་ཡོད་ཚད་མུན་པ་སྟུག་པོ་ཞིག་འཁྲིགས། མུན་པའི་ཁྲོད་དུ་ཁོ་རང་ནི་གོང་མཐོ་བའི་ཤེལ་ཏོག་ཅིག་དང་འདྲ་བར་འོད་ལམ་ལམ་འཕྲོས། ཡང་གཅིག་བཤད་ན་ཕྱོགས་བཞིའི་མུན་པས་ཆེས་ཆེར་བཏང་བའི་འོད་དཀར་པོ་ཅན་གྱི་ངོ་གདོང་དེས་ལམ་འགྲོ་བ་རྣམས་ལ་ཁོ་རང་ནི་ལྷ་ལས་བབས་པའི་སྲས་པོ་ཞིག་ཡིན་པའི་སྣང་བ་སྟེར། པར་དེ་ནི《ལྷོ་ཕྱོགས་ཀྱི་གཟའ་འཇུག》ཅེས་པའི་ཚགས་དེབ་དེའི་མདུན་ངོས་བཏུམས་ཅིང་པར་གྱི་མུན་པ་ན“དགུ་བཅུ་རྗེས་ཀྱི་རྩོམ་པ་པོའི་དེབ་གསར་གཅིག་གཟའ་འཁོར་གསུམ་ལ་དེབ་གྲངས་ཁྲི་བརྒྱ་བྲིན་པའི་གསང་བ”ཞེས་དྲིས་འདུག ངས《ལྷོ་ཕྱོགས་ཀྱི་གཟའ་འཇུག》ཅེས་པའི་ཚགས་པར་དེ་ཉོས་རྗེས་འགྲོ་བཞིན་འགྲོ་བཞིན་ཚགས་དེབ་ཀྱི་ཤོག་ལེབ་སློག ཚགས་དེབ་དཀྱིལ་ཀྱི་ཤོག་དེབ་བཅུ་ལྔ་ཙམ་མདུན་ངོས་ཀྱི་མི་སྣ་ཁྲ་ཙེ་མུའི་སྐོར་བཀོད་ཅིང་རྩོམ་རིག་དཔྱད་བརྗོད་པ་གསུམ་གྱིས་ཁྲ་ཙེ་མུའི་དེབ་གསར་ལ་དཔྱད་པའི་རྩོམ་རིང་པོ་གསུམ་ཡང་བཀོད་འདུག་ལ་མཇུག་ཏུ《ལྷོ་ཕྱོགས་ཀྱི་གཟའ་འཇུག》གི་གསར་འགོད་པས་ཁྲ་ཙེ་མུ་ལ་བཅར་འདྲི་བྱེད་པའི་རྩོམ་ཞིག་ཀྱང་བཀོད་འདུག དཔྱད་བརྗོད་པ་གྲགས་ཅན་གསུམ་པོའི་ནང་ནས་གཅིག་གིས“ཁྲ་ཙེ་མུ་ནི་ཀྲུང་གོའི་མུ་ར་ཁ་མི་ཧ་རུ་ཁི་རེད”ཅེས་དང་གཅིག་གིས“ད་ལྟའི་དུས་འདི་མཐོང་བ་དཀོན་པའི་མུན་པར་འཐམས་ཕོད་པའི་རྩོམ་པ་པོ་ཞིག”ཡང་གཅིག་གི“དགུ་བཅུའི་རྗེས་ཀྱི་རྩོམ་རིག་གི་དར་ཆ་འཛིན་མཁན”ཞེས་བཤད་འདུག བཅའ་འདྲིའི་ནང་དུ་ཁོས“ང་རང་ནི་ང་རང་ཉིད་དེ་མུ་ར་ཁ་མི་ཧ་རུ་ཁི་མིན། ངའི་རྩོམ་གཤིས་དང་ཁོའི་རྩོམ་གཤིས་གཉིས་རྩ་བ་ནས་འདྲ་པོ་མེད”ཅེས་བཤད་པར་གསར་དགོད་པས་ཀྱང་ཕྱར་བ་གྲུ་འདེགས་ཀྱིས“རེད། ཁྱོད་ཀྱི་སྒྲུང་དེབ་དང་པོ《མེ་ཏོག་མ་བཞད་གོང་དུ་དགུན་ཁ་ཤར་བ》དང་མུ་ར་ཁ་མི་ཧ་རུ་ཁིའི་རྩོམ་གཤིས་གཉིས་འདྲ་པོ་འདུག་ཟེར་ན་བདེན་པ་རེད། ཡིན་ཡང་དེབ་གསར《མུན་བཤད》ཀྱི་ནང་དུ་མུ་ར་ཁ་མི་ཧ་རུ་ཁིའི་རྩོམ་གཤིས་དང་འདྲ་ས་ཞིག་རྙེད་དུ་མེད”ཅེས་བཤད། བཅའ་འདྲིའི་ནང་དུ་ཁྲ་ཙེ་མུས་རྩོམ་རིག་གི་སྐོར་གྱི་ལྟ་བ་མང་པོ་ཞིག་བརྗོད་ཡོད་མོད། ཕལ་མོ་ཆེ་སྔོན་མ་ཁོས་ང་ལ་བཤད་མྱོང་བ་ཏག་ཏག་རེད།

  ངས་ཁྲ་ཙེ་མུའི་སྐོར་གྱི་རྩོམ་དག་བཀླགས་ཚར་བ་དང་ཚགས་དེབ་དེ་ལམ་འགྲམ་གྱི་གད་སྙིགས་བླུགས་སྒམ་དུ་འཕངས། སྐབས་དེར་ངས་དེབ་ནང་གི་སྐད་ཆ་མཛེས་པོ་དག་མ་ཡིན་པའི་མངོན་སུམ་གྱི་འཇིག་རྟེན་འདི་མཐོང་བྱུང་། གོས་དཀར་ཁྲ་དམར་ཁྲ་གྱོན་པའི་མི་ཚོགས་རྣམས་ཀྱི་མིག་དག་སེམས་ནད་ཀྱིས་མག་མོག་ཏུ་གྱུར་འདུག དུས་ཚོད་འདེད་བཞིན་པའི་ཁོ་ཚོ་ཅི་ལྟར་བརྒྱུགས་ཀྱང་དུས་ཀྱི་རྗེས་མ་ཟིན་པར་འཁོར་བ་བྱ་བའི་འདམ་དུ་ཟུག་པ་འདྲ། རྐང་པ་འདམ་དུ་ཟུག་ཟིན་ནའང་མིག་དང་སེམས་ཀྱི་ནང་དུ་མ་འོངས་པའི་ལྦུ་བ་འདྲ་བའི་འཚོ་བ་མཛེས་པོ་དག་ཤར་ན་སུ་ཡིན་ཡང་སེམས་འཚབ་ངེས།  སུ་ཡིན་མི་ཤེས་གཅིག་གིས་མིག་ནི་སེམས་ཀྱི་སྒེའུ་ཁུང་ཡིན་ཟེར། ངས་ཁོ་ཚོའི་མིག་ལ་ཞིབ་ལྟ་བྱེད་པ་བརྒྱུད་དེ་འདམ་དུ་ཟུག་ཟིན་པའི་ཁོ་ཚོའི་སེམས་ཁམས་མཐོང་བྱུང་།  ཁོ་ཚོའི་སྙིང་དམར་པོ་དེ་ངལ་གསོ་ནས་འཕར་མཚམས་ཤིག་བཞག་མ་མྱོང་། ལོས་ཡིན་གལ་སྲིད་འཕར་མཚམས་བཞག་སོང་ན་འཆི་བ་དང་འཕྲད་པའོ།།

  པེ་ཅིང་གི་སྲང་ལམ་ཐོག་གི་མིའི་རྣམ་འགྱུར་ལ་བལྟས་ན་ཁྱོས་ཁྱི་འཁྱམས་དང་ནད་ཕག སྒོ་ང་བོར་བའི་དུག་སྦྲུལ་བཅས་དྲན་སྲིད། གལ་སྲིད་ཁོ་ཚོ་ལ་མིའི་གོས་ཤིག་བཀླུབས་བཞག་ན་པེ་ཅིང་གི་སྲང་ལམ་ཐོག་གི་མི་ཚོགས་དང་དབྱེར་མེད་དུ་འདྲེ་སྲིད། 

    ངས་ཚགས་དེབ་དེ་གད་སྙིགས་བླུགས་སྒམ་དུ་འཕངས་རྗེས་དུས་ཚོད་འདེད་མཁན་གྱི་མི་ཚོགས་དང་ང་རང་གི་བར་དུ་མི་འདྲ་ས་གང་ཡང་མེད་པ་ཤེས་སོང་། ངས་དུས་ཚོད་ལ་ཁ་ཡ་མི་བྱེད་མོད། དུས་ཀྱི་ཞག་པས་ངས་རང་ནམ་ཡང་ཐར་པ་གཏོང་གི་མི་འདུག སྲང་ལམ་མང་པོ་ཞིག་ཚགས་དེབ་ལ་མགོ་འཁོར་ནས་འགྲོ་མཐར་ཚགས་དེབ་སྙིགས་སུ་འཕངས་མ་ཐག་ངས་རང་ཉིད་ཀྱིས་ལམ་ནོར་ཤོར་ཟིན་པ་ཤེས། ང་རང་ཡོད་སའི་སྲང་ལམ་དེ་སྲང་ལམ་གོ་དོག་པོ་ཞིག་རེད། སྲང་ལམ་གྱི་གཡས་གཡོན་ཀུན་དུ་གློག་འོད་དམར་པོ་ཅན་གྱི་ཁང་ཆུང་མང་པོ་སྟར་ཞིང་ཁང་ཆུང་རེ་རེའི་སྒོར་ཁར་བུ་མོ་གཅེར་བུ་མ་རེ་རེ་འགྲེང་འདུག ང་རང་སྒོ་རེ་རེར་བརྒྱུད་མ་ཐག་བུ་མོ་རེ་རེས་ང་ལ་ལག་པས་གཡབ་མོ་བྱེད་བཞིན་ཤོག་ཟེར། སྲང་ལམ་དེ་ནི་ཤིན་ཏུ་རིང་པོ་ཞིག་རེད་ལ་གློག་འོད་དམར་པོ་ཅན་གྱི་སྒོ་དང་སྒེའུ་ཁུང་རྣམས་རྫོགས་རྒྱུ་ཞིག་མི་སྣང་། བུ་མོ་གཅེར་བུ་མས་ང་ལ་གཡབ་མོ་བྱས་ཐེངས་རེར་གཅེར་བུར་བུད་མཁན་ནི་བུ་མོ་ཚོ་མིན་པར་ང་རང་ཉིད་ཡིན་པའི་ངོ་ཚའི་སྣང་བ་ཞིག་གི་སེམས་པ་ཟ་བས་གོམ་པ་གང་རེ་སྤོས་ཀྱང་དོག་མི་བདེ། མཐར་ངས་ཐུགས་ཚད་ལ་ཚོན་གང་ཙམ་ཡོད་པའི་མིག་ཤེལ་དཀར་པོ་ཞིག་གྱོན་པ་དང་རྒྱབ་ཁུག་ནས《ཡེ་ལེ་ཞི་སུའུ》ཞེས་པའི་སྒྲུང་དེབ་སྟུག་པོ་དེ་མཆན་འོག་ཏུ་གཅུར་ནས་སོང་བ་ན་གཅེར་བུ་མ་ཚོས་ངའི་མདུན་ཕྱོགས་དང་རྒྱབ་ཀྱི་སྐྱེས་པ་དག་ལ་ལག་གཡུགས་བྱེད་པ་ལས་ང་ལ་ཁ་ཡ་བྱེད་མ་བྱུང་། 

  སྲང་ལམ་དེ་བརྒྱུད་རྗེས་ངས་རང་ཉིད་ལམ་ནོར་ཤོར་ཟིན་པ་རྟོགས། ངའི་གཡས་གཡོན་མདུན་རྒྱབ་ཀུན་དུ་སྲང་ལམ་མང་པོ་ཞིག་ཐག་རིང་དུ་འཐེན་ཡོད་པ་རིག་མོད།  ཁ་པར་གྱི་ས་ཁྲ་ལས་ལམ་བུ་ཞིག་རྩ་བ་ནས་རྙེད་མ་སོང་། ང་རང་གཡས་ཀྱི་སྲང་ལམ་ཐོག་ཏུ་སོང་སོང་མཐར་ཚུར་ལོག་ནས་གཡོན་གྱི་སྲང་ལམ་ཐོག་ཏུ་སོང་བ་ན་ཆང་ཁང་ཞིག་འདུག ངས་སང་ཉིད་སླར་ཡང་དུ་བ་བཙལ་དགོས་པས་ཆང་ཁང་དེའི་ནང་དུ་ཞག་སྡོད་བྱ་རྒྱུ་བྱས། གལ་སྲིད་མཚན་མོར་ཞབས་ཞུ་མས་ང་རང་བདས་བྱུང་ནའང་ཅི་མི་སྐྱོན་ཏེ་ངས་མོ་ལ་ཁ་ཡག་བཤད་པས་ཆོག

   སང་ཉིན་ང་རང་པེ་ཅིང་གི་སྲང་ལམ་མང་པོ་བརྒྱུད་དེ་པད་མའི་མཚེའུ་ཡི་ནང་དུ་སོང་། ངས་ང་རང་གཞུང་ཞབས་པའི་ཡིག་རྒྱུགས་སྤྲོད་བསམ་ཚུལ་སྙན་ངག་པ་དུ་བ་ལ་བཤད་འདོད། སྔོན་མར་ཁོས“ལས་ཀ་ཆེས་སྡུག་པ་ནི་གཞུང་ལས་ཁང་དུ་ཙོག་རྒྱུ་དེ་ཡིན”ཞེས་ཡང་ཡང་དུ་བཤད་མྱོང་མོད། གང་ལྟར་ངའི་མདུན་ཕྱོགས་སུ་གཞུང་ལས་ཁང་དུ་ཙོག་པའི་ཐབས་རྡུགས་ཀྱི་ལས་ཀ་དེ་ལས་ལམ་བུ་གཞན་མི་འདུག་པས་ཁོས་ང་ལ་ཅི་བཤད་ཀྱང་བཤད། ངས་གཞུང་ཞབས་པའི་རྒྱུགས་འདོད་ཀྱི་བསམ་ཚུལ་དེ་དེ་རིང་ཁོ་ལ་བཤད་འདོད།  མི་ཚོགས་མང་བའི་སྲང་ལམ་ནས་པད་མའི་མཚེའུ་ཐོན་དུས་དམྱལ་ཁམས་ནས་ལྷ་ཡུལ་དུ་ཐོན་པའི་སྣང་བ་སྐྱེས་བྱུང་། ཡིན་ཡང་ལོ་མས་བརྒྱན་པའི་ཤིང་ཁང་གི་སྒོ་ཁར“ཁང་པ་འདི་འཚོང་རྒྱུ་ཡིན་པས་ཉོ་མཁན་ཡོད་ན་༡༥༧༡༡༨༣༧༤༢༩ལ་འབྲེལ་རོགས”ཅེས་པའི་ཡི་གེ་དག་མཐོང་མ་ཐག་ངས་མི་ཡུལ་འདིའི་ནང་དུ་ལྷ་ཡུལ་ཞིག་མེད་པ་གོ་སྟེ། ངའི་སེམས་ཀྱི་ལྷ་ཡུལ་པད་མའི་མཚེའུ་དང་ཕྱི་རོལ་མི་ཡུལ་གྱི་སྲང་ལམ་གཉིས་ངོ་བོ་གཅིག་ཏུ་འདྲེས།

  ངས་ཁ་པར་ཨང་གྲངས་འདི་ཡང་ཡང་དུ་བརྒྱབ་ཀྱང་། ཕ་རོལ་གྱི་བུད་མེད་ཅིག་གིས“ཁྱོད་བདེ་མོ། ཁ་པར་ཨང་གྲངས་འདི་འདྲ་ཞིག་ཡེ་ནས་མི་འདུག དགོངས་པ་མ་ཚོམས”ཞེས་ཡང་ཡང་ལབ་བྱུང་། ངས་མོ་ལ“སྙན་ངག་པ་དུ་བ་གང་དུ་ཡོད”ཅེས་དྲིས། མོས་སྔོན་གྱི་སྐད་ཆ་དེ་སླར་ཟློས་པ་ལས་ལན་གསལ་པོ་ཞིག་བཏབ་མ་བྱུང་།

   ང་རང་སླར་ཡང་ཀྲུང་ཀང་ཚུན་གྱི་ལྷོ་ལམ་བརྒྱུད་དེ ‘ཟླ་བདུན་པའི་ཚེས་བདུན’ཞེས་པའི་ཁོ་ཧྥེ་ཁང་དུ་འཛུལ་ནས་སྔོན་མར་ང་རང་ཙོག་སའི་སྒྲོག་ཙེའི་འགྲམ་དུ་ཙོག སྔོན་ཏག་ཏག་ལ་ངས་གྱང་ངོས་སུ་བྲིས་མྱོང་བའི་བརྩམས་མ་སྒྲུབ་པའི་བརྩམས་ཆོས་དེའང་རང་སར་འདུག ང་རང་ཉིན་གང་ཁོ་ཧྥེ་འཐུང་བཞིན་འཐུང་བཞིན་ཁོ་ཧྥེ་ཁང་དུ་ཡར་འགྲོ་མར་འགྲོ་བྱེད་བཞིན་པའི་མི་རྣམས་ལ་ཞིབ་ལྟ་བྱས། མི་ཞིག་པ་དེ་ནི་སུས་ཀྱང་འབྲི་མ་མྱོང་བའི་མཚན་ཉིད་རིག་པའི་དཔེ་ཆ་སྟུག་པོ་ཞིག་དང་འདྲ། ཁ་ཤས་དགའ་དགའ་སྤྲོ་སྤྲོ་ངང་ཡར་འཛུལ་ཡོང་ལ་འགའ་རེ་ངོ་གདོང་ན་སེམས་སྡུག་གྱོན་ནས་མར་བུད་འགྲོ འགའ་རེས་ཆང་འཐུང་ལ་རེ་འགས་ཁོ་ཧྥེ་འཐུང་རྗེས་ཞབས་ཞུ་མ་ལ་ཤོག་བུ་འདྲ་མིན་སྟེར་བ་དང་སྲང་ལམ་དུ་བུད་འགྲོ ཤོག་བུ་དེའི་མིང་ལ་དངུལ་ལོ་ཟེར། དངུལ་ལོ་དག་ཞབས་ཞུ་མས་སྣང་དོགས་མེད་པར་པར་ཁུག་ཆེན་པོ་དེའི་ནང་བླུག་བཞིན་འདུག འགྲོ་སྟངས། རྣམ་འགྱུར། སྐད་ཆ་ཡོད་ཚད་ལ་ཞིབ་ལྟ་བྱས་ན་མི་ཞིག་པ་དེ་བསམ་ཡུལ་ལས་འདས་པའི་སྲོག་ཆགས་ཡ་མཚན་ཞིག་རེད་འདུག 

  ངའི་གྲོགས་པོ་དུ་བའམ་ཁོའི་གྲོགས་པོ་རྣམས་ཀྱི་སྒོམ་ཆེན་དུ་འབོད་པ་དེ་ད་ཆ་གང་དུ་ཕྱིན་པ་ཡིན་ནམ། རི་ཁྲོད་དུ་སྒོམ་སྒྲུབ་དུ་སོང་བ་ཡིན་ནམ། གང་ལྟར་པེ་ཅིང་སྲང་ལམ་དང་ཁོ་ཧྥེ་ཁང་ཆུང་ཆུང་སོགས་སུ་ཁོའི་གྲིབ་མའང་ལྷག་མི་འདུག མུན་རུབ་ཁར་དུ་བའི་གྲོགས་པོ་སྙན་ངག་པ་ཞིག་ཐོན་བྱུང་། ཁོ་ནི་གྲྭ་བ་ཞིག་རེད། ཁོ་རང་པེ་ཅིང་དུ་ཅི་ཞིག་བྱེད་ཀྱིན་ཡོད་པ་ངས་སྙན་ངག་པ་དུ་བ་ལའང་འདྲི་མ་མྱོང་། ཁོ་རང་པེ་ཅིང་དུ་འདི་ལྟར་ཉུལ་དུས་གྲྭ་ཆས་གྱོན་གྱིན་མི་འདུག དུས་རྒྱུན་དུ་དོར་མ་དམར་སྨུག་ཅིག་དང་སྟོད་ཐུང་སེར་པོ་ཞིག་གྱོན། རྒྱབ་ངོས་སུ ‘བཀྲ་ཤིས་བདེ་ལེགས’ཅེས་བྲིས་ཡོད་པའི་ཁུག་མ་སེར་པོ་ཅིག་འཁུར་རྒྱུ་ཡོད། 

  ཁོ་རང་སྒོ་ནས་ཡར་ཐོན་མ་ཐག་སྒྲོག་ཙེ་གཞན་ཞིག་ཏུ་ཙོག་ནས་ཁོ་ཧྥེ་བླངས་སོང་། ཁོས་ཁོ་ཧྥེ་འཐུང་གྲབས་ཡོད་དུས་ངས་ལག་པ་ཡར་བརྐྱངས་པ་ན་ཁོས་ང་རང་མཐོང་སོང་། པེ་ཙི་ཁུར་ཏེ་ང་སར་བསླེབས། 

  ངས“ཁྱོས་པེ་ཅིང་དུ་ཅི་ཞིག་བྱེད་ཀྱིན་ཡོད”ཅེས་དྲིས།

  ཁོས་སྣང་དོགས་མེད་པར“ལས་ཀ་གང་ཡང་མེད”ཟེར།

  ངས“ཁྱོས་འཁོར་བའི་འདམ་ཟབ་ཏུ་སྙན་ངག་འཚོལ་བཞིན་པ་མིན་ནམ”ཞེས་བཤད་པ་ན་ཁོ་རང་མགོ་བོ་གཡུག་བཞིན་དགོད་འདུག 

  ཁོའི་སྟོད་ཐུང་ནང་གོན་གྱི་གོང་བ་རུ་སྨྱུ་གུ་སེར་པོ་ཞིག་བཀོན་འདུག་པ་དེས་ངའི་ཡིད་དབང་འཕྲོག་སོང་། ངས་ལག་པ་བརྐྱངས་ཐེངས་གཅིག་གིས་སྨྱུ་གུ་དེ་བླངས་པ་ཡིན། ངས་སྨྱུ་གུ་སེར་པོ་དེ་ལ་ཞིབ་ལྟ་བྱེད་བཞིན་བྱེད་བཞིན་བཟོ་རྩལ་དང་ཆེ་ཆུང་། འཇམ་རྩུབ་གང་ཅིའི་ཐད་ནས་སྤུས་ལེགས་ཅིག་རེད་བསམས། སྨྱུ་གུ་དེ་བེད་སྤྱད་ནས་སྣ་ལུད་ཕྱིས་བྱེད་ཀྱི་ཤོག་དཀར་གྱི་ངོས་སུ་སྙན་ངག་ཚིག་རྐང་གཅིག་འབྲི་བ་བརྩམས་ནའང་ངའི་ཐོལ་བྱུང་གི་ཚོར་བ་དེ་པེ་ཅིང་གི་སྲང་ལམ་གང་ཞིག་ཏུ་ལམ་ནོར་ཤོར་བ་འདྲ་ཏེ། ཁོ་རང་དུས་རྒྱུན་ལྟར་ཁོ་ཧྥེ་ཁང་འདིའི་ནང་དུ་འཛུལ་ཡོང་སྟེ་པིར་རྩེར་ཆུ་བཞིན་རྒྱུ་མ་བྱུང་བས་ངས་ཀྱང་ཤོག་དཀར་གྱི་ངོས་སུ་ཡི་གེ་ཚིག་འབྲུ་གཅིག་ཀྱང་འབྲི་མ་ཐུབ། སྐབས་དེར་ཏག་ཏག་ངས་གྱང་ངོས་སུ་རྩོམ་འཕྲོ་ལུས་པའི་བརྩམས་ཆོས་དེ་དྲན་བྱུང་ཡང་གྲྭ་བ་སྙན་ངག་པ་དེས་གློ་བུར“ཁྱོས་འདི་ན་ཅི་ཞིག་བྱེད་བཞིན་ཡོད”ཅེས་དྲིས་བྱུང།

  “ངས་སྙན་ངག་པ་དུ་བ་འཚོལ་བཞིན་ཡོད”

  “འོ། སྒོམ་ཆེན་ཟེར་བ་ཡིན་ནམ”

  “འོ”

  ཁོ་རང་ཁུ་སེམ་མེ་བསྡད་པའི་སྐབས་དང་བསྟུན་ནས་ངས་གྱང་ངོས་ཀྱི་གདུང་མའི་རྩེ་རུ་ནག་ཐིག་གཅིག་འབྲི་བ་རྩོམ་ཚེ་ཁོས་ཁུ་སེམ་ཁད་ཀྱིས་དཀྲོགས་ཏེ“སྒོམ་ཆེན་གྲོངས་སོང་། མཚན་མོར་མར་ཉལ་ཁར་བདེ་བདེ་ཐང་ཐང་ཡིན་མོད། ཞོགས་པ་སད་རྒྱུ་མེད་པར་གྱུར་འདུག གྲོངས་སྟངས་འདི་ལྟར་ཞིག་ཡོད་ན་འཆི་བར་སྐྲག་དགོས་དོན་མེད”ཅེས་བཤད་འོང་ནའང་ངའི་ལུས་ངག་ཡིད་གསུམ་གྱང་ངོས་ཀྱི་རི་མོར་གཏད་ཡོད་པས་སླར་ཡང་གདུང་མ་དེའི་འོག་ཏུ་སྒོ་ང་ཆེན་པོ་གཉིས་བྲིས་པ་དང“ཁྱོས་ད་ལྟ་ཅི་ཞིག་བཤད་པ་ཡིན”ཞེས་ཁོ་ལ་དྲིས། ངོ་མ་ཡིན། སྒོ་ང་ཆན་པོ་དེ་གཉིས་བྲིས་རྗེས་ཁོས་ཅི་ཞིག་བཤད་སོང་བ་དྲན་རྒྱུ་མི་འདུག ཡིན་ཡང་གྲྭ་བ་སྙན་ངག་པ་དེས་གྱང་ངོས་ཀྱི་བརྩམས་ཆོས་དེ་མཐོང་མ་ཐག“ཕེ”ཞེས་སྒྲ་གདངས་རིང་དུ་འཐེན་བཞིན་ང་དང་སྒྲོག་ཙེ་ཐོག་གི་ཁོ་ཧྥེ་པེ་ཙེ་གཉིས་ལ་རྒྱབ་གཏད་དེ་བསྡད་པ་ལས་ངའི་དྲི་བར་ལན་གང་ཡང་རྒྱག་རོགས་མ་བྱས།  ཁོ་ཧྥེ་པེ་ཙིས་གཉིས་པོའང་ང་ལ་ཁ་ཡ་མི་བྱེད་པར་རང་སར་གྲང་ཞིང་ངོས་ཀྱི་ལྦུ་བ་དག་ལྟ་ལྟ་རིག་རིག་ལ་ཁད་ཀྱིས་ཤི་སོང་།

____________________________

[i] 《སྙིང་གི་འཕར་མཚམས་ཆད་པ》པོ་སེ་ཐོའི་བརྩམས་ཆོས《ཆུ་བཞིན་རྒྱུ་བའི་ལོ་ཟླ་ལ་རྗེས་དྲན་བྱེད་པ》མིང་གཞན་ཡིན།
[ii]
བྷོ་ཏི་ལེར་ཨར་སྙན་དེབ《མི་དགེའི་མེ་ཏོག》གི་རྩོམ་པ་པོ།
[iii]
wilde(1854-1900)མཛེས་པ་ཁོ་ན་རིང་ལུགས་ཀྱི་སྙན་ངག་པ།
[iv]
duras(1914-1996)བརྩམས་ཆོས་ལ《དགའ་རོགས》སོགས་ཡོད།
[v]
མུ་ར་ཁ་མི་ཧ་རུ་ཁི། ཉི་ཧོང་གི་དེང་རབས་རྩོམ་པ་པོ། བརྩམས་ཆོས་ལ་《ནོར་ལྦེའི་ནགས་ཚལ》སོགས་ཡོད།
[vi]
ཏུའུ་པན་ཤང་ཡེ། ཉི་ཧོང་གི་འདོད་རྩོམ་འབྲི་མཁན། བརྩམས་ཆོས་ལ་《འདོད་ཁམས》སོགས་ཡོད།
[vii]
ཅིན་ཏའོ་ཞའོ་ཀྲི ཡོངས་གྲགས་ཀྱི་མིང་ལ་ཐཱ་ཙྭ་ཀྲི་ཟེར། བརྩམས་ཆོས་ལ《མི་ཞིག་བྱེད་པའི་དབང་ཐང་ཤོར་བ》སོགས་ཡོད།
[viii]
བྲིས་ཆུ། སྨར་ཁམས་ཀྱི་ཡུལ་སྐད་དེ་སྣག་ཚའི་མིང་།
[ix]
《ལ་ཧྥང་གིས་གདམས་ངག》མིང་རྒྱ་རབས་སྐབས་ཀྱི་བསམ་བློ་པ། སྐུ་ཞབས་ལ་ཧྥང་གིས་རང་གི་བུ་ལ་གདམས་པའི་འཕྲིན་ཡིག་བཞི་གཅིག་བཏུས།
[x]
《འདོད་པའི་རྒྱ་མཚོ་ནས་ཕྱི་ལྟ་བྱས་པ》ཆིང་རྒྱལ་རབས་ཀྱི་སྐུ་ཞབས་ཀྲོའུ་ཨང་ཧྲིས་བརྩམས།

                                                                                                                                    རྩོམ་སྒྲིག་པ། གངས་དགའ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཀླད་ཀོར་གྱི་བརྩམས་སྒྲུང་གསར་བ། དུ་བ།

2017-07-13 ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།