འབྲོག་ཐང་གི་གཟའ་ཉི་མ།(ཞར་བཀོད་གཅིག་ཡོད)
1
དེ་རིང་ནི་གཟའ་ཉི་མ་ཡིན།
འཇིག་རྟེན་བྱེད་པོས་ཉི་ཟླ་སྐར་གསུམ་དང་ས་གནམ་སོགས་བཟོ་སྐྲུན་གྱི་ལས་དེའང་རེ་ཞིག་མཚམས་བཞག་ནས་དེ་རིང་ངལ་གསོ་མཛད་པས།ཕལ་ཆེར་འཛམ་གླིང་གི་ལས་རྐང་རེ་རེའི་མི་བུ་རེ་རེས་ཀྱང་འདས་ཟིན་པའི་ཉིན་དྲུག་གི་ངལ་དུབ་ཀྱི་རྡོག་ཁྲེས་རེ་ཞིག་སར་བཞག་ཅིང་།ལྷོད་གཡེང་བག་ཕེབས་ཀྱི་ཉིན་གཅིག་པུ་འདི་གོ་སྐབས་དམ་འཛིན་གྱིས་སྤྲོ་སྐྱིད་ཀྱི་ཁམས་གསེང་ལ་རོལ་གྱིན་ཡོད།ངས་"ཕལ་ཆེར"ཞེས་བཤད་དོན་ནི་རི་སྒང་ལ་ལུང་གི་འབྲོག་ཐང་ན་སྔར་བཞིན་རང་སེམས་རང་གིས་གསོ་ཞིང་རང་ཁ་རང་གིས་འཚོ་བའི་རང་བཞིན་གྱི་ཡུལ་གྲུ་རེ་ཡོད་པས་ཡིན་ལ།དེ་ཚོའི་འཚོ་བ་དང་ངལ་རྩོལ་འབྲེལ་ཡོད་ཅིང་དེ་ཡང་ཐོན་སྐྱེད་དང་འབྲེལ་ཡོད་པས་ཡིན་པ་དང་།ཁོ་ཚོ་འཚོ་བ་ལ་དགའ་བའི་དབང་གིས་ངལ་རྩོལ་ལ་དགའ་བ་དང་།ཡང་གཅིག་བཤད་ན་ཁོ་ཚོར་མཚོན་ན་རྔུལ་ཆུ་འདོན་པ་དང་ཟུངས་ཁྲག་གཏོར་བ་ནི་འཚོ་བའི་གསེང་གི་གསལ་ལྷང་ལྷང་གི་དགོད་སྒྲ་རེ་རེ་ཡིན་ཡང་སྲིད།དེ་བས།འཚོ་བར་མ་གྲུབ་པའི"གྲོང་ཁྱེར"ཞེས་པའི་གནས་ག་ཤེད་ཅིག་ན་འུ་ཚུགས་ཀྱིས"ལྕགས་ཕོར"བསྡམས་ཤིང་སུན་སྣང་གིས་གཟའ་ཉི་མར་སྒུག་པའི་ཁོ་ཚོ་དང་བསྡུར་ན་འབའ་ཉིན་འབྲོག་ཐང་ལའང"གཟའ་ཉི་མ"ཞེས་པའི་ཐ་སྙད་འདི་དེ་འདྲ་བྲིན་ཤོས་ཆེ་མི་སྲིད་སྙམ།
2
"ཨ་རོ།རེམ་མ་ལམ་ལ་ཆས་གྲབས་བྱོས་དང་།དེ་འདྲ་ཞིག་ཁ་ཆེམས་འཇོག་གིན་པ་ཡིན་ནམ།"འཕྲུལ་རྟ་ལ་གློག་བཟུང་ནས་སྒྲ"ལྡིར་རི་རི"གྲག་བཞིན་འགྲོ་པེ་ལེན་བྱས་པའི་ཨ་ཁུ་འབུམ་རྒྱལ་གྱིས་དེ་ལྟར་ཐེངས་འགར་བོས་མོད།སྦྲ་ནག་ནང་ན་ད་སོ་མ་བཞོན་མ་བཞོས་ཟིན་ཞིང་ལྕི་འདམ་གྱིས་གོས་པའི་ལྭ་དག་བརྗེ་བཞིན་པའི་མཚོ་སྐྱིད་ཀྱིས་སྔར་བཞིན་དལ་དལ་ལྷོད་ལྷོད་ངང་བོད་ལྭ་སོ་མ་དེར་སྐ་རགས་བཅངས་བཞིན་ཡོད།མཚོ་སྐྱིད་ལའང་ཅི་ཁག་སྟེ་དུས་ཚོད་བརྩོན་ལེན་བྱེད་ཆེད་ད་ནངས་སྐྱ་རེངས་སྐྱ་མདའ་མ་བཀྱགས་གོང་ནས་མལ་ལས་ལངས་ཤིང་ཐབ་ལ་མེ་ཁ་གསོས་ནས།ད་ལ་ཐུག་གི་བར་བཞོན་མ་བཞོས་ནས་བསྡད་པ་ཡིན་པས།བར་མཚམས་ཀྱི་དབུགས་དབྱུང་འདི་ཁོ་མོ་ཐོབ་ཆོག་ཆོག་གི་ངལ་གསོ་ཞིག་ཅི་ལ་མིན།
"ཨ་རོ།ང་འགྱོ་རྒྱུ་ཡིན་གོ"ད་ཅི་ནས་བཟུང་འཕྲུལ་རྟར་ཞོན་ནས་འགྲོ་རྒྱུར་གྲ་སྒྲིག་བྱས་ཟིན་པའི་ཨ་ཁུ་འབུམ་རྒྱལ་གྱིས་དེ་ལྟར་འབོད་ཞོར་འཕྲུལ་རྟ་བསྐོར་ནས་ཡུད་ཙམ་ལ་སོང་ནས་ཁྱིམ་གྱི་མཚོ་སྐྱིད་ལ་བྲེལ་བ་བསླངས།
"ཝེ་ཝེ་ཝེ།ཅུང་སྒུག་དང་།དེ་འདྲ་ཞིག་རྟ་ལྕག་གིས་བྲབས་ཀྱིན་པ་ཡིན་ནམ།"ཁྱིམ་གྱི་མཚོ་སྐྱིད་ཀྱིས་ཀྱང་འཕྲུལ་རྟ་བུད་སོང་བའི་སྒྲ་ཐོས་མ་ཐག རུམ་ལ་ཅི་ཞིག་བསྡུ་ཞོར་དེ་ལྟར་སྐད་རྒྱག་ཞོར་སྒོར་ཐོན་པ་དང་།ཨ་ཁུ་འབུམ་རྒྱལ་ད་དུང་མ་སོང་བར་ཕ་གི་ན་བསྡད་ཡོད་པ་མཐོང་བས།ཅུང་ཙམ་སེམས་ཇེ་བདེར་སོང་བ་དང་དལ་མ་བྲེལ་གྱིས་འཕྲུལ་རྟའི་འཕོངས་སུ་ཞོན།
ཨ་ཁུ་འབུམ་རྒྱལ་བཟའ་བ་གཉིས་ཀ་ད་ནངས་སྔ་མོ་དེ་འདྲར་མལ་ལས་ལངས་ཤིང་འོ་མ་ཡང་མདང་ནུབ་བསྲུབས་ནས་དཀར་ཆུའི་སྣོག་པའི་ལས་ཀ་འགྲུབ་རྗེས།སང་ཉིན་རྫོང་མཁར་གྱི་འཕྲོད་བསྟེན་ཁང་དུ་བརྟག་དཔྱད་བྱེད་དུ་འགྲོ་རྒྱུའི་འཆར་གཞི་འཐེན་ཡོད།
3
མཐོ་སྒང་གི་རྫོང་མཁར་འདི་རྒྱ་ནང་གི་གྲོང་ཁྱེར་ག་གེ་མོ་དང་བསྡུར་ཐབས་མེད་པར་ཧ་ཅང་ཆུང་མོད།འོན་ཀྱང་།སྲིད་གཞུང་གི་ཐོག་ཁང་མཐོ་ཞིང་རྫིག་ཤོས་དེ་དང་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་ཁང་བརྩེགས་དེ་དག་གིས་རྫོང་མཁར་འདི་ལ་གཞན་མེད་ཀྱི་བཀྲག་མདངས་ཤིག་བསྣན་ཡོད་པ་འདྲ།
ཨ་ཁུ་འབུམ་རྒྱལ་བཟའ་བ་གཉིས་འ་འུར་ཟང་ཟིང་གི་སྲང་ལམ་དེ་བརྒྱུད་ནས་ཐད་ཀར་རྫོང་འཕྲོད་བསྟེན་ཁང་གཟས་ཏེ་ཕྱིན།
"ཨ་ཙི།སྒོ་བརྒྱབ་འདུག"སྔོན་ལ་ཐང་དུ་བབས་ནས་འཕྲོད་བསྟེན་ཁང་གི་ཕྱོགས་སུ་འགྲོ་མཁན་གྱི་མཚོ་སྐྱིད་ཀྱིས་དེ་ལྟར་བཤད་མ་ཐག་ཏུ།
"ཨ་ཤུ་རེ་ཀོ དེ་རིང་ཞིན་ཆིས(星期)ཡིན་པ་རེད།ངས་ཀྱང་གཏིང་ནས་བརྗེད་སོང་།ཨ་ཧོ།"ཨ་ཁུ་འབུམ་རྒྱལ་གཉིད་ལས་སད་པ་ལྟར་དེ་ལྟར་འཁང་ར་དང་འདྲེས་མའི་སྒོ་ནས་ཐབས་ཟད་པའི་ཉམས་འགྱུར་གྱིས"ད་བཀོད་པ་མེད།འགྲོ"ཞེས་བཤད་པས།མཚོ་སྐྱིད་ཀྱིས་མདང་ནུབ་གཉིད་བཅག་ནས་འོ་བཤིག་འཕྲུལ་འཁོར་བསྐོར་བ་དང་།ད་ནངས་ཀྱང་སྔ་མོ་ནས་ནོར་ལུག་བཞོས་པ་སོགས་ཀྱི་བྲེལ་བྲེལ་འཚུབ་འཚུབ་ཀྱིས་མ་ཁོམ་པས་མ་གཞི་ནས་ཐང་ཆད་ཡོད་པ་དང་ལྷག་པར་དུ་བརྟག་དཔྱད་བྱེད་མཁན་ཡང་མེད་པས་ཁོ་མོ་སྔར་ལས་ཐང་ཆད་པའི་སྣང་བ་བྱིན་ཞིང་རང་དབང་མེད་པར་དངན་པ་རིང་བོ་ཞིག་ཤོར་བ་དང་འཕྲུལ་རྟ་འཕོངས་སུ་ཞོན་ནས་ཕྱིར་འབའ་ཉིན་འབྲོག་ཐང་དུ་ལོག
4
རྫོང་མཁར་ནས་ཨ་ཁུ་འབུམ་རྒྱལ་བཟའ་བ་གཉིས་ཀ་བརྟག་དཔྱད་བྱ་རྒྱུ་ལས་དོན་གཞན་མེད་པས།ཐད་ཀར་ད་ནངས་ཀྱི་ལམ་ལ་ཞུགས་ཏེ་སོང་།
ཨ་ཁུ་འབུམ་རྒྱལ་གྱིས་གཞུང་ལམ་དུ་རླངས་འཁོར་དང་འཕྲུལ་རྟ་འཚང་ཁ་ཆེ་སར་སྣུམ་སྣོན་ལྷོད་པ་དང་དེ་མ་ཡིན་པའི་སར་སྣུམ་སྣོན་གཅུས་ནས་འཕྲུལ་རྟའི་ལམ་ལ་དམིགས་པ་གཏད་ནས་འགྲོ་བཞིན་འདུག
འཕོངས་སུ་ཞོན་པའི་མཚོ་སྐྱིད་ད་གཟོད་ལམ་གྱི་གཡས་གཡོན་ལ་མིག་གིས་རིག་རིག་བལྟ་བ་དང་རྣ་བས་ཅོར་ཅོར་གྱིས་ཉན་བཞིན་མཆིས།
རྫོང་མཁར་གྱི་སྲང་ལམ་དེ་བརྒྱུད་ནས་འོངས་དུས་སྲང་ལམ་གྱི་ཉིན་སྲིབ་གཉིས་ཀར་མི་ཚོགས་ཇེ་མང་དུ་སོང་ཡོད་པ་དང་ལྷག་པར་དུ"ལས་བྱེད་ལག་དཀར"དུ་འབོད་པའི་བྱ་བའི་ལས་རྐང་སྟེང་གི་མི་མང་བོ་ཞིག་ཕར་ཚུར་རྒྱུ་བ་མཐོང་བ་དང་།ཟ་ཁང་དང་ཚོང་ཁང་སོགས་ཀྱིས་གོ་སྐབས་དམ་འཛིན་གྱིས་བྱེད་སྒོ་ཞིག་སྤེལ་བའམ་གང་རུང་གིས་སྔར་ལས་ཀྱང་འདུ་འཛི་ཆེ་རུ་བཏང་ཡོད།
རྫོང་མཁར་གྱི་སྲང་ལམ་དེ་ནས་ཚུར་བུད་དེ་ཅུང་ཙམ་ཡོང་ན་ལམ་འགྲམ་གྱི་ལས་ཀ་བ་དེ་དག་ཀྱང་འབའ་ཉིན་འབྲོག་ཐང་གི་འབྲོག་པ་དེ་ཚོ་ནང་བཞིན་ཉིན་མཚན་དུས་དྲུག་ཏུ་ལས་ཀ་རྐྱང་རྐྱང་ལས་བསྡད་ཡོད་པས།མཚོ་སྐྱིད་ཀྱིས་ཁོ་ཚོ་མཐོང་མ་ཐག"རྒྱ་ལས་ཀ་བ"ཞེས་པ་མ་གཏོགས་དྲན་མི་སྲིད་མོད།"ཙད་འདི་འདྲ་ཞིག་ལ།ཁོ་ཚོ་ཞུར་མི་འགྲོ་འམ།"སྙམ།
དེ་ནས་ཨ་ཁུ་འབུམ་རྒྱལ་གྱིས་འཕྲུལ་རྟའི་སྣུམ་སྣོན་རྩར་བསྒག་ནས་རྒྱུགས་ཀྱིན་ཡོད་པ་དང་།མཚོ་སྐྱིད་ཡུད་ཙམ་ལ་མིག་ལ་བསེར་བུ་འགོག་ཆེད་མགོ་སྒུར་ནས་ངོ་ཨ་ཁུ་འབུམ་རྒྱལ་གྱི་སྒལ་བའི་ངོས་ལ་གཏད་ནས་ཕྱིན།མཚོ་སྐྱིད་ཅུང་ཙམ་ནས་སད་ཚེ་ཕ་གིའི་འབྲོག་ཐང་ན་ཁོ་ཚང་གི་ལྷས་ནང་ན་ནོར་ལུག་སྔར་བཞིན་བསྐྱིལ་ཡོད་པ་མཐོང་བས་བྲེད་ཤ་ཞིག་ལངས་ནས་ངག་ནས་ངང་ངམ་ཤུགས་ཀྱིས"ཨ་རོ་འབུམ་རྒྱལ།འུ་གཉིས་ཀྱི་བྱ་འདི་ད།ནོར་ལུག་ད་དུང་ཕུད་ཡོད་པ་མ་རེད"ཅེས་ལས་བདའ་ཡི་ཚུགས་ཀས་བཤད་མོད།ཤུར་ཤུར་གཡུག་པའི་འཕྲུལ་རྟའི་གོང་གི་བསེར་བུ་དེས་སྐད་ཆ་དེ་ཨ་ཁུ་འབུམ་རྒྱལ་གྱི་རྣ་ལམ་དུ་མ་ཐོན་གོང་རྒྱང་ནས་རྒྱང་དུ་འཁུར་སོང་།
2017.7.29-31
བློས་བསླངས་ཐེངས་ཤིག
ཅོང་བརྡ་གྲག་བྱུང་།
ཕོ་བ་ལུག་ཅིང་ངོ་ཤ་དཀར་བ་མགོ་བོ་མཐོ་རུ་བཏེགས་པའི་རྒད་པོ་དཀར་ལྡིང་བ་ཞིག་དལ་བྲེལ་མེད་པར་ལྷོད་ལྷོད་ངང་ཁྲིད་སྟེགས་སུ་ཡོང་ནས།ལག་ཁུག་ལས༼བསམ་བློ་ཀུན་སྤྱོད་ཀྱི་བློ་སྦྱོང་༽ཞེས་པའི་དཔེ་ཆ་དེ་བླངས་ནས་ཅོག་ཙེའི་སྟེང་དུ་བཞག་ཅིང་།དེར་འཕྲོར་ལྕགས་ཀྱི་ཇ་ཕོར་སྐེ་རིང་དེ་ཡང་ལོགས་སུ་བཞག་ནས།ཁྲིད་སྟེགས་གཤམ་གྱི་སློབ་མ་ཡོངས་ལ་མིག་ཞགས་ཤིག་འཕངས་ཏེ་སྐད་སངས་ཤིག་བྱས་ནས"ང་ཚོའི་སློབ་ཁྲིད་མགོ་རྩོམ"ཞེས་བཤད་བྱུང་བས།གཤམ་གྱི་སློབ་གྲོགས་རྣམས་ཀྱི་སྐད་མགོ་ཇེ་དམའ་རུ་གྱུར་བ་དང་།རྒད་པོ་དེས་མུ་མཐུད་དུ་ལྡབ་ལྡིབ་ངང"ང་ཚོའི་ཀྲུང་གོ"དང"སྤྱི་ཚོགས་རིང་ལུགས་ཀྱི་རྗེས་འཇུག་པ"སོགས་བཤད་ཀྱིན་བཤད་ཀྱིན་གདོང་གི་འཛུམ་མདངས་དང་ལག་པའི་ཕྱག་རྒྱ་ལ་བལྟས་ན་ངར་ཤུགས་ཤིག་གིས་ཁེངས་འདུག་མོད།གཤམ་གྱི་སློབ་གྲོགས་དག་མགོ་བོ་ནང་དུ་སྒུར་ནས་དཔེ་དེབ་གཞན་ལ་བལྟ་བའམ་ལས་བྱ་འབྲི་བ།ཁ་པར་ནང་བརྙན་འཕྲིན་ལ་བལྟ་བ་སོགས་རང་རང་ས་ནས་ཁ་མིག་ཡོད་ཚད་དེ་ལ་གཏད་འདུག་པས།གྲལ་མགོ་ན་ངར་ཤུགས་དང་བཅས་བཤད་ཀྱིན་པའི་རྒད་པོ་དེས་ཆིག་ལབ་བྱེད་པ་དང་འདྲ།
སློབ་གྲོགས་གཞན་དག་དང་འདྲ་བར་ངས་ཀྱང་རང་གིས་ཉེ་ལམ་བྲི་རྩིས་ཡིན་པའི་སྒྲུང་ཐུང་དེ་བློས་བསླངས་བྱེད་མགོ་བརྩམས།
ཐོག་མར་ངས་སྒྲུང་ཐུང་ནང་གི་མི་སྣའི་མིང་ལ་ཅི་ཞིག་བཏགས་དགོས་པའི་ཐད་ལ་བསམ་བློ་བཏང་།ངས"ཞི་བདེ་ཉི་མའི་བརྙན་འཕྲིན་ཟློས་གར༼མོ་སྟོན་ཕག་མགོ༽ཡི་ནང་གི'ཕག་ལོ'དང་།ཚེ་རིང་དོན་གྲུབ་ཀྱི
བརྩམས་སྒྲུང༼ ར་ལོ༽ ཡི་ནང་གི'ར་ལོ'།སྟག་འབུམ་རྒྱལ་གྱི་སྒྲུང་འབྲིང༼ སྐྱབས་ལོ་དང་ཁོའི་རལ་བ ༽ཡི་ནང་གི'སྐྱབས་ལོ'།ལྗང་བུའི་སྒྲུང་ཐུང༼ ཆ་མི་འགྲིག་པའི་ལྷམ༽ ནང་གི'ལྕགས་ལོ'།པདྨ་ཚེ་བརྟན་གྱི་གློག་བརྙན༼ ཐར་ལོ ༽ཡི་ནང་གི'ཐར་ལོ'བཅས་ཀྱི་མི་སྣའི་མིང་ཡིག་མ་གཞི་དེ་ཕག་ཅི་ཞིག་གི་རྒྱལ་མིན་ན་སྐྱབས་ཡིན་ཡང་གཞུག་གི'ལོ'དེ་ཡིས་སྒྱིད་ལུག་དང་ངལ་མེད་ཧབ་ཐོབ་ཀྱི་གཤིས་ཀ་དེ་མཚོན་པར་གཏིང་ཞིག་ན་ནུས་པ་བླ་ལྷག་ཅིག་འདུག"སེམས་ལ།དེ་བཞིན"ར་ལོ"དང"སྐྱབས་ལོ"།"ལྕགས་ལོ"།"ཐར་ལོ"བཅས་ཀྱི་སྒྱུ་རྩལ་བརྩམས་ཆོས་སོ་སོའི་ཁྲོད་དུ་མི་སྣའི་མིང་ཡིག་གིས་རང་རང་མི་སྣའི་གཤིས་ཀ་དང་བརྩམས་ཆོས་སྤྱིའི་སྒྱུ་རྩལ་གྱི་ཁྱད་ཆོས་ལ་གཞན་གྱིས་ཚབ་བྱེད་དཀའ་བའི་ལྗིད་ཚད་བསྣན་འདུག་པས།ངས་ཀྱང་སྒྲུང་ཐུང་འདིའི་ནང་གི་མི་སྣ་དེའི་མིང་ལ"ལོ་མ"འདོགས་རྒྱུ་བྱས།"ལོ་མ"ཞེས་ན"ཕག་ལོ"སོགས་ཀྱི་མིང་གི་ཆ་ཤས"ལོ"འདུག་ལ།དུས་རྒྱུན་དུ་མཐོང་ཞིང་མང་བའི"བཀྲ་ཤིས"དང"སྒྲོལ་མ"ལྟ་བུའང་མ་རེད།ཡང་གཅིག་བཤད་ན་ངའི་སྒྲུང་ཐུང་གི་བརྗོད་བྱ་ཡང་མཐོ་འབྲིང་སྐབས་ཀྱི"ཤི་མ་གསོན"གྱི་བརྩེ་དུངས་ཀྱི་གཏམ་རྒྱུད༼དོན་གྱིས་བར་ཐག་གིས་བཅད་པའི་མནར་གཅོད་ཀྱི་ལོ་ཟླ་རིང་མོ་ཞིག་ཡིན།༽ལ་ཕྱིར་དྲན་བྱས་པའི་བྱུང་རིམ་བྲིས་པ་ཡིན་ཡང་།ཁོ་ད་ལྟ་བོད་ཀྱི་སློབ་ཆེན་སློབ་མ་ཞིག་ཏུ་གྱུར་ཡོད་པས།བོད་ཀྱི་སློབ་ཆེན་སློབ་མ་སྤྱི་དང་མཚུངས་པར་དམིགས་ཡུལ་དང་ཁ་ཕྱོགས་མེད་པའི་སྟོན་ཁའི་སྡོང་ལོ་སེར་བོ་དེ་དང་ཇི་འདྲའི་མཚུངས་ཨང་།
"喂,你愣着干什么!(ཨ་རོགས།ཧད་དེ་བསྡད་ནས་ཅི་བྱ་བཞིན་ཡོད།)"
རྒད་པོ་དེས་དེ་ལྟར་འབོད་ཀྱིན་ས་སྨྱུག་ཅིག་རྒྱང་རིང་གི་ཁྲིད་སྟེགས་ནས་མེ་མདའ་བཞིན་གཟས་ནས་གཡུགས་པས།ང་རྨི་ལམ་གྱི་ཞིང་ཁམས་ལྟ་བུའི་སྒྲུང་གཏམ་གྱི་བློས་བསླངས་ལས་ཕྱིར་དྲངས་ལ།སློབ་གྲོགས་གཞན་རྣམས་ཀྱང་ཧབ་ཆ་དི་རེར་གྱུར།
2017.8.5
རྩོམ་སྒྲིག་པ། དབང་མོ།
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།