སྙན་ངག་པའི་ཉིན་གཅིག་གི་ཆོ་འཕྲུལ།
སྙན་ངག་པས་ཚོད་མ་མགོ་ལོག་འགའ་ཉོས་ནས་ནང་དུ་ལོག་པའི་ལམ་དུ། བར་ཐག་གངས་རིས་ཆོད་པའི་སྤུན་ཟླ་ཚོ་དྲན། ད་དུང་གོམ་པ་གཅིག་རེ་གཅིག་རེ་བཞིན་ལྗིད་ཏིག་ཏིག་གིས་ཡར་བཏེགས་ནས་མར་སྤོ་བའི་སྣང་ཚུལ་ལ་མཉམ་པར་བཞག བར་ཐག གྱེས་པ། འཆི་བ། སྡུག་བསྔལ་མཐའ་དག་གི་ལྗིད་ཤུགས་ལ་གྱུར་བའི་ཐ་སྙད་གཉིས་ཏེ། བར་ཐག་དང་གྱེས་པ་ལ་གྱེས་པ་ནི་འཆི་བ་ཡིན་པར་སྙམ། དབང་མེད་དུ་"ང་འཆི་བ་ལ་མི་སྐྲག་"ཅེས་ངག་ནས་ཐལ།
"ཅིའི་ཕྱིར། " བསྐྱར་ཏུ་རང་ཉིད་ལ་དྲི་བ་བཀོད། " ཤི་བ་ནི་ཁྱོད་ཀྱིས་མ་ཤི་གསོན་བྲལ་གྱི་བེམ་པོ་འདི་ས་ལ་ལྟོར་བ་མ་ཡིན་ནམ། " དབུགས་དབྱུང་ཐེངས་གཅིག་གི་ཚུལ་དུ། མགོ་བོ་དགྱེ་ནས་ཕྱོགས་བཞི་མཚམས་བརྒྱད་དུ་བལྟས། ནམ་མཁར་བརྩིགས་པའི་ཁང་བརྩེགས་ཀྱི་དབུས་སུ། ཅི་ཡང་མ་མཐོང་། "ང་ཡི་གངས་རི་གང་དུ། ང་ལ་སྙན་ངག་རིན་པོ་ཆེའི་གོ་འཕང་སྩོལ་བའི་གསེར་གྱི་ཀ་ཁ་ག་ང་གང་དུ། " ལྐོག་ལབ་ཐེངས་གཅིག་དང་ལྷན་དུ་ཁ་པར་བསྔོགས།
ཡིག་ནོར་དང་རེ་བཅོལ་འདྲེས་པའི་འཕྲིན་ཐུང་བརྒྱ་ཕྲག་ལྷག་གཅིག་འཕྲོར་གཅིག་མཐུད་ཀྱིས་མངོན། "ཨ་ཁུ། ང་ལ་གླུ་ཚིག་ཡག་པོ་ཞིག་འབྲི་རོགས། ང་ཁྱོད་ཀྱི་ཚ་བོ་ཞིག་ཡིན། " "རྒན་ལགས། ངའི་སྙན་ངག་འདི་ལ་དཔྱད་འཇོག་གནང་རོགས། ང་ཞིབ་འཇུག་སློབ་མ་ཞིག་ཡིན། " "མཁས་དབང་ལགས། དེང་རབས་སྙན་ངག་དང་སྲོལ་རྒྱུན་སྙན་ངག་གི་ཁྱད་པར་གསལ་བོ་ཞིག་གསུངས་རོགས། ང་སྙན་ངག་ལ་མོས་པའི་གདན་སའི་སློབ་གཉེར་བ་ཞིག་ཡིན།" "སྐུ་ཞབས་ལགས། ངེད་སྙན་ངག་གླེང་སྟེགས་ནང་ལ་ཕེབས་ནས་སྙན་ངག་ཐད་ནས་གསུང་བཤད་ཅིག་གནང་རོགས།"
སྐད་ཅིག་དེ་ཉིད་ལ་སྙན་ངག་པའི་ནམ་མཁའ་ཡོངས་སུ་གཡོས། གཡས་གཡོན་གང་ས་ནས་ས་རྡུལ་ལངས་ཤིང་། སྨུག་པ་འཕྱུར། སྙན་ངག་པས་གོམ་པ་གཅིག་རེ་གཅིག་རེ་བཞིན་ལྗིད་ཏིག་ཏིག་གིས་འདེགས་ཞོར་ཐ་མག་ཅིག་ལ་མེ་སྦར། ཐ་མག་རྔུབ་འཐེན་འགའི་རྗེས། དྲ་ལམ་ན་མཁས་པར་གྲགས་པའི་དྲ་པ་འགས་རང་གི་སྙན་ངག་༼གྱེས་པ་༽ལ་དཔྱད་བརྗོད་བྱེད་ཀྱིན་པར་ཉན།
དྲ་གྲོགས་སམ་བྷོ་ཊས། ངེས་པར་དུ་དགོས་པའི་ལ་དོན་གྱི་ཕྲད་ཅིག་མི་དགོས་པའི་རྒྱུ་མཚན་ལུང་བ་གང་བཤད། དྲ་གྲོགས་ཕྱོགས་གླང་སྲས་ཀྱིས། འདས་པ་ཞིག་ལ་འདས་ཚིག་དང་མ་འོངས་པ་ཞིག་ལ་འདས་ཚིག་མ་བྲིས་པར། རིགས་ལམ་སྐོར་འཕེན་གྱི་དོགས་སློང་བྱས། དྲ་གྲོགས་མེས་པོའི་མགུར་གྱིས། ཚངས་མགུར་དང་མི་འདྲ་བས་སྙན་ངག་ཅིག་ཡིན་སྟངས་མེད་རབས་ཀྱི་རྒྱུ་མཚན་བསྟར་ལ་བརྒྱུས། དྲ་གྲོགས་འཛམ་གླིང་རྒྱན་གྱིས། པིས་ཀ་སོ་ཡི་རི་མོ་དང་བོད་ཀྱི་སེམས་གཤིས་བསྡུར་ནས་བར་སྣང་བསྟད་བསྟད་མཐར། གཏན་ནས་སྙན་ངག་བྲིས་མ་མྱོང་བའི་རྩོམ་པ་པོ་ཞིག་གིས་སྙན་ངག་བཙིར་ནས་འབྲི་གིན་ཡོད་རབས་མིང་བཟུང་དོན་བཟུང་བྱས། ད་དུང་དྲ་གྲོགས་དེང་རབས་པས་ཁྱོད་གསར་འགོད་པ་བྱེད་ན་འདོད་དམ། གསར་འགོད་པས་འཛམ་གླིང་གི་གནས་ཚུལ་ཚང་མ་ཁྱོད་ཀྱི་པང་དུ་བསྐྱལ་ཡོང་། ཡིན་ནའང་། སྙན་ངག་པས་་་་་་་་ཞེས་མཐར་སྤྱོད་འཇུག་དང་སྟོང་ཉིད་སོགས་ཀྱང་དྲུད་ནས་ཡོང་།
སྙན་ངག་པའི་ནམ་མཁའ་ཡོངས་སུ་འཁྲིགས། ཆར་བ་ཤག་ཤག་བབས། ཁ་བ་ལྷབ་ལྷབ་འཁོར། རླུང་བུ་འུར་འུར་ལྡང་། ཕྱི་རློན་ནང་རློན་ལ་གྱུར་བའི་སྙན་ངག་པས་" ངས་མུན་པའི་ནང་ནས་གསོལ་བ་འདེབས། ངས་མུན་པའི་ནང་ནས་གསོལ་བ་འདེབས། ངས་མུན་པའི་ནང་ནས་གསོལ་བ་འདེབས། "ལན་གྲངས་གསུམ་དུ་བཟླས།
"ང་མུན་ཁྲོད་ཀྱི་ནག་ཐིག་ཅིག་ལ་འགྱུར་བར་སྐྲག སྒྱུ་རྩལ་གྱི་ལྷ་མོ་ལགས། སྙན་ངག་གི་ནམ་མཁའ་ལགས། "
"མ~~ལོ^~" སྙན་ངག་པ་གློ་བུར་ཏུ་གཉིད་ལས་སད།
གཡས་གཡོན་གང་སར་བལྟས། ལོ་མ་སེར་པོ་ཞིག་གཡས་སྐོར་ལན་གསུམ་གྱིས་འཕུར་ཏེ། སྙན་ངག་པའི་པང་ཁར་ཟགས། མར་ལོ་ལྟ་བུའི་བུ་མོ་ཞིག་པང་དུ་བཟུང་བའི་སྣང་བ་ཤར། "ངའི་བརྩེ་དུང་གི་རྒྱབ་རི་སྨུག་པོ། ངའི་དགའ་སྐྱོ་ཆགས་སྡང་མ་ལུས་ཚུར་སྣང་གི་ལོ་མ་སེར་པོ། ངའི་རྒྱབ་རི་ནགས་ཡིན། ཨེ་ཡིན་ནམ།" སྙན་ངག་པས་བསྟུན་མར་ཝུ་ཆང་བཏུང་། མདུན་ངོས་སུ་སྔོ་ལྟེམ་མེར་འཕྱུར་བའི་ཝུ་བའི་མེ་ཏོག་རེ་རེར་མིག་གཡེང་བྱས།
ལོ་མ་སེར་བོས་ནམ་མཁའི་དབྱིངས་སུ་ལྡིང་སྐོར་འགའ་བྱས་ཏེ། རྒྱ་ཡིག་གྲུ་བཞི་ཅན་གྱི་ཤོག་བུ་དམར་པོའི་དེའི་སྟེང་དུ་བབས་ནས་སྙན་ངག་པར་ལག་བརྡ་བྱས། སྙན་ངག་པས་ "ང་ཁྱོད་ལ་འབྲལ་བར་མི་སྐྲག འབྲལ་ཁ་ཁྱོད་ང་ལ་སྡང་བར་སྐྲག " སྙན་ངག་པས་ཨམ་གཙིགས་བསྡམས་ཞོར་ཡར་ལངས། "འཛིན་པ་བྱུང་ན་ལྟ་བ་མིན" ཀློག་ཚར་མ་ཐག་པའི་དེབ་རྒན་དེར་གསལ་བའི་ཡིག་འབྲུ་འགའ་མིག་ལ་འབུར་ཚུགས་ཀྱིས་མངོན། སྙན་ངག་པའི་རི་ལུང་སྨུག་པས་བཏུམས།
"མ་~~ལོ^~" སྙན་ངག་པ་གློ་བུར་ཏུ་གཉིད་ལས་སད།
འོད་དུ་འཚེར་བའི་མུ་ཏིག་གི་ཕུང་བོ་ཞིག གནམ་སའི་མཚམས་ནས་བསྣར། " མུ་ཏིག་དཀར་པོ། མུ་ཏིག་དཀར་པོ། མུ་ཏིག་དཀར་པོ ་་་་་་་་་་་་་་" གནམ་ས་གཉིས་ཀ་མཉམ་གཅིག་ཏུ་འུར་སེ་སོང་། ལ་གཞས་དང་འདོན་པ་ཚུན་ཆད་ཀྱི་ནང་དུ་མུ་ཏིག་གི་དཀར་པོའི་རང་སྒྲ་ལྡིར། གཟན་ཤམ་དམར་པོ་ཅན། སྨྲ་ར་དཀར་པོ་ཅན། ཕོ་སར་གྲི་ཁྲ་ཅན། བྱིས་པ་དཔེ་ཁུག་ཅན་བཅས་ཕོ་ལྟེ་ཐོགས་ཐམས་ཅད་ཀྱི་ངག་ནས་མུ་ཏིག་དཀར་པོའི་རང་སྒྲ་དིར་རི་རི་ཅི་ཞིག་གི་བྱིན་རླབས་དང་གང་ཞིག་གི་དངོས་གྲུབ་ལ་ལག་པ་བཟེད་ནས་བསྡད།
མུ་ཏིག་དཀར་པོའི་འོད་དཀར་གྱི་ཟེགས་མ་རེ་རེ་ཟླ་འོད་ཀྱི་ཚུལ་དུ་སྙན་ངག་པའི་ཞིང་ཁམས་སུ་འཐོར། སྙན་ངག་པས་" མུ་ཏིག་དཀར་པོ། མུ་ཏིག་དཀར་པོ། ངས་མུན་པའི་ནང་ནས་གསོལ་བ་འདེབས།"
"མ་~~ལོ^~" སྙན་ངག་པ་གློ་བུར་ཏུ་གཉིད་ལས་སད།
ཐོབ་པ་ལས་ཤོར་བ་མང་བའི་འཁྱམས་པོ་ཞིག་གི་མིག་འོད་མཐོང་། སྐད་ཆ་བཤད་ཅིང་ལག་ཟུང་བཟེད་པའི་མིག་ཟུང་གངས་རི་དང་རྒྱ་མཚོའི་ཀྱང་ཕ་རོལ་ཏུ་ཅེར་འདུག གློ་བུར་ཏུ་རྒྱ་མཚོའི་རླབས་རྩེ་ནས་གླུ་སྐད་ཅིག་གིས་ནམ་མཁའ་འགེངས། "ཨ་ལ་རོགས་ལོ། ་་་་་ "་རིན་ཐང་གཞལ་མཐའ་བྲལ་བའི་གླུ་སྐད་དེ་འཁྱམས་པོའི་མིག་འོད་ལ་འདྲེས། འཁྱམས་པོ་ལག་པ་བྲང་ལ་སྦྱར་ཏེ་མགོ་བོ་ནང་དུ་དུད། རྔ་སྐད་ཀྱི་གདངས་དབྱངས་ཞུགས་པའི་སྐད་ཆ་ཞིག་ཏེ། " ང་ལའང་དུག་གི་སྨྲ་ལྕེ་ཞིག་ཡོད་པར་འདོད།" སེམས་ངོས་ལྗིད་ཤུགས་ཀྱིས་མནན་པའི་སྐད་ཆ་དེ་སྦྲུལ་ཤུན་བཞིན་དོར་ནས་འཁྱམས་པོའི་མིག་འོད་ལས་སླར་ཡང་སྐད་ཆ་བཤད། "ང་འོད་སྣང་མེད་པའི་མུན་པ་མཐུག་པོར་མི་སྐྲག " གངས་རི་དང་སྐར་མའང་ནུབ་པར་གྱུར་པའི་མཚན་ལྗོངས་དེར་འཁྱམས་པོས་མུ་མཐུད་ནས་རྒྱ་མཚོའི་ཕ་རོལ་གྱི་གླུ་སྐད་ལ་རོལ། སྙན་ངག་པས་ཀྱང་ཨ་ལན་རིན་མེད་ཅིག་ལ་རེ་བ་བཅངས།
"མ་~~ལོ^~" སྙན་ངག་པ་གློ་བུར་ཏུ་གཉིད་ལས་སད།
སྤྲིན་པ་དཀར་དམར་འཁྲིགས་པའི་ནམ་མཁའ་ལས། འབྲུག་སྐད་ཅིག་སྙན་ལྷང་ལྷང་གིས་གྲགས། མི་རྣམས་ཀྱིས་མིག་ཟུང་རིག་རིག་ཅི་ཞིག་འཚོལ་བ་ལ་ཕྱོགས། སྙན་ངག་པས་ཀྱང་། "ང་ལ་སྒྲོ་ཐིག་ཁྲ་བོ་ཅན་གྱི་གཤོག་པ་སྩོལ་བར་ཞུ། སྙན་ངག་གི་ལྷ་མོ་ལགས། ངས་མུན་པའི་ནང་ནས་གསོལ་བ་འདེབས། " ཕོ་སར་ཅིག་གིས་ཁོང་དགོད་དང་བཅས་གཡུ་རལ་ལ་སྒྲོ་ཐིག་ཆགས་པའི་སེང་གེ་ཞིག་མཆུ་སྟོན་བྱས། གསར་བུ་གསར་མོ་ཚོས་གཅིག་འཕྲོར་གཅིག་མཐུད་ཀྱིས་སེང་གེར་བལྟས་ནམ་མཁར་ཅེར། སྐབས་དེར་ཨ་རིག་རྒད་པོ་ཞིག་གིས་"མི་ང་འདྲ་ང་ངོ་མ་ཤེས་ན། ་་་་་" ཞེས་ང་ཡི་སྟེང་ལ་ང་ལྷག་པ་དགུ་བརྩེགས་ཏེ་སྨྲ་དག་གསལ་གསུམ་གྱི་ངག་ལ་དྲངས། སྤྲིན་པ་དཀར་དམར་འཁྲིགས་པའི་ལྡིང་ཁང་ནས་འབྲུག་སྒྲ་ལྷང་ལྷང་གིས་གྲགས་ཤིང་། མེ་ཏོག་གི་ཆར་བ་བབས། མི་རྣམས་ངོ་མཚར་ཞིང་བསམ་གཞིག་གི་དྲ་བར་ཚུད། སྙན་ངག་པས། " རེད། ཁྱོད་ལ་དགོས་པ་སྒྲོ་ཐུལ་ལྗང་ཁྲ་ཅན་གྱི་གཤོག་པ་མིན་པར། སྐད་གསེང་གིས་ང་ཁྱོད་ལ་དགའ་ཞེས་བརྗོད་པ་དེ་རེད། ཁྱོད་ལ་དགོས་པ་སྒམ་ཚུགས་དང་བསམ་གཞིག་གིས་རང་སེམས་གཅུན་པ་མིན་པར། ཁྱོད་ལ་སྨྲ་དག་གསལ་གསུམ་གྱིས་གསལ་བོར་བཤད་པ་དེ་རེད། བུད་མེད་ལགས། ཁྱོད་ཀྱི་བསླུ་བྲིད་ནི་གོང་ན་མེད་པ་སྟེ། མི་ཞིག་གིས་ལྟ་བར་དབང་བསྒྱུར་བ་དེའོ། ། " སྙན་ངག་པའི་ལུས་སེམས་རིལ་གྱིས་ལྗིད་ཏིག་གེར་གྱུར།
"མ་~~ལོ^~" སྙན་ངག་པ་གློ་བུར་ཏུ་གཉིད་ལས་སད།
འཛུམ་དཀར་གྱི་འོད་ཟེར་ཐུང་ངུ་ཞིག་གློག་འཁྱུག་པའི་ཚུལ་དུ་སྙན་ངག་པའི་ནམ་མཁའ་གཤགས་ནས་བཞུད། སྙན་ངག་པ་ཡུན་རིང་ལ་ནམ་མཁར་ཧད་དེ་ལུས། "མུན་པའི་ནང་ནས་ཁྱོད་ལ་གསོལ་བ་འདེབས།" སྙན་ངག་པས་ཡུན་རིང་བསྒུགས་ཀྱང་ཅི་ཡང་མ་མངོན། " ངས་ཁྱོད་ལ་བརྩེ་བའི་གཡུ་སྦྲ་ཕུབ་ཡོད། དུངས་པའི་གདན་དཀར་བཏིངས་ཡོད། འོན་ཀྱང་། བཀའ་དྲིན་ཆེ། འཛུམ་དཀར་གྱི་སྐར་མདའ་ལགས། འཛིན་པ་བྱུང་ན་ལྟ་བ་མིན། ངས་ད་ལྟ་རང་བཀླགས་པའི་དཔེ་ཆ་རུའང་དེ་ལྟར་གསལ། འོན་ཀྱང་། གྱེས་དུས་མགོ་ཐོག་ལ་ཉི་མ་མ་ཤར་བར་སྐྲག་་་་་" སྙན་ངག་པའི་མགོ་བོ་སྨད།
ནམ་མཁའ་དང་ས་གཞི་རིལ་གྱིས་མུན་པ་སྟུག་པོས་བསྡམས། གྲོགས་པོ་གྲོགས་མོ་ཐམས་ཅད་ཀྱི་ཁ་ངོ་ལའང་གྲིབ་མ་འཁོར་ནས་མི་སྣང་བར་གྱུར།
མུན་པའི་ཁྲོད་དུ་སླར་ཡང་ལོ་མ་སེར་བོ་ཞིག་ལྡིང་སྐོར་གྱིས་སྙན་ངག་པའི་འགྲམ་དུ་ཟགས། སྙན་ངག་པའི་ཡིད་སེམས་གདུང་བར་གྱུར། ལོ་མ་སེར་པོས་གཡས་སྐོར་ལན་གསུམ་གྱིས་སྙན་ངག་པའི་པང་དུ་བབས། ད་དུང་ལོ་མ་སེར་པོས་ " མགོ་བོ་ཁྱོགས་དང་། ང་རྣམ་འགྱུར་འཁྱག་པོ་ཙམ་ལ་མི་སྐྲག " ཅེས་མུ་ཏིག་ལྟ་བུའི་འོད་ཁྲོམ་ཁྲོམ་གྱི་ཟིལ་བ་འགའ་འཐོར། ཡུད་ཙམ་རིང་སྙན་ངག་པའི་མགྲིན་པ་བརྣང་ཞིང་སྨྲ་བ་ཆད།
གངས་རི་དང་སྐར་མའང་མི་མངོན་པའི་མཚན་ལྗོངས་ཧྲིལ་བོ། དྲོད་སིབ་སིབ་ལ་གྱུར། " སྙན་ངག་ཁྲི་སྟོང་གི་བརྡ་ཆད་ལ་གྱུར་པའི་ལོ་མ་སེར་པོ། བཀའ་དྲིན་ཆེ། ང་འོད་སྣང་མེད་པའི་མུན་པ་མཐུག་པོར་མི་སྐྲག ང་ལ་སྙན་ངག་གི་རྟོགས་པ་སྩོལ་བའི་གསེར་གྱི་ཀ་ཁ་ག་ང་། བཀའ་དྲིན་ཆེ། ང་རྣམ་འགྱུར་འཁྱག་པོ་ཙམ་ལ་མི་སྐྲག" སྙན་ངག་པས་མིག་ཟུང་རྒྱང་རིང་རྒྱང་རིང་ལ་ཕྱོགས་ནས།
སྙན་ངག་དེ་དལ་བུར་གྱེར། གངས་རིའི་ཕ་རོལ་ནས་གསེར་འོད་ལམ་ལེམ་འོད་ཟེར་ཅིག་མུ་མེད་དུ་འཕྲོས།
སྤྱི་ལོ་ ༢༠༡༧ ཟླ་ ༠༩ ཚེས་ཉེར་གཉིས་ཉིན།
མཆན། སྙན་ངག་པ་སྐྱབས་ཆེན་བདེ་གྲོལ་གྱི་སྙན་ངག་"གྱེས་པ་"ཞེས་པ་དང་"ངས་མུན་པའི་ནང་ནས་གསོལ་བ་འདེབས"ཞེས་པའི་ཚིག་འདི་གཉིས་རྟོག་སྒྲུང་འདིའི་མགོ་མཇུག་བར་གསུམ་ལ་ཡང་ཡང་དྲངས་ཡོད།
རྩོམ་སྒྲིག་པ། གངས་དགའ།
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།