ཀླད་ཀོར་གྱི་བརྩམས་སྒྲུང་གསར་པ། མུན་བཤད།
ལོ་བཅུ་གསུམ་གྱི་སྐབས་སུ་ངས་ང་རང་ལས་ལོ་ན་ཆེ་བའི་གྲོགས་པོ་ཞིག་གི་ཁ་པར་ནས་བརྙན་ཐུང་ཞིག་ལ་བལྟས་མྱོང་། བརྙན་ཐུང་དེའི་མིང་ལ་ཅི་ཟེར་བ་ད་ལྟ་དྲན་རྒྱུ་མེད་མོད། ང་རང་ཕ་ཡུལ་དུ་ལོག་ཐེངས་རེར་བརྙན་ཐུང་དེ་མིག་ལམ་དུ་འཁོར་འོང་།
ཕུག་རོན་ལག་གཡས་པ་ནས་ཡལ་ཏེ་གཡོན་པ་ནས་ཐོན་པ་དང་། རང་ཉིད་གར་སྟེགས་ནས་གློ་བུར་ཡལ་ཏེ་ལྟད་མོའི་གྲས་སུ་སླེབས་པ་སོགས་ཀྱི་ཧ་ལས་པའི་སྒྱུ་འཕྲུལ་ལ་མཁས་པའི་སྒྱུ་མ་མཁན་དེ་ཐེངས་དང་པོར་གྲོང་ཁྱེར་ཆེན་པོ་ལུན་ཏུན་དུ་སླེབས། གྲོང་ཁྱེར་གྱི་མི་མང་པོས་ཁོ་ལ་དགའ་བསུ་ཞུ་བཞིན་སྒྱུ་འཕྲུལ་ཞིག་སྟོན་པར་བསྒུགས་ཀྱང་སྒྱུ་མ་མཁན་གྱིས་ལྟད་མོ་བ་རྣམས་ལ་ཁ་ཡ་མི་བྱས་པར་ཐད་ཀར་ལོན་ཏུན་གྱི་སྐད་གྲགས་ཡོད་པའི་ཧའེ་ཡི་ཐུའུ་ཞེས་པའི་དུར་སར་སོང་ནས་རང་ཉིད་སྤུས་དག་པའི་རོ་སྒམ་ཞིག་ཏུ་ཉལ་རྗེས་དུར་ཁྲོད་དུ་དུར་སྦས་བྱེད་དུ་བཅུག ཉིན་གསུམ་གྱི་རྗེས་སུ་རོ་སྒམ་གྱི་ཁ་ཕྱེ་རྒྱུ་བྱས།
ལྟད་མོ་བ་རྣམས་གར་སྟེགས་ཐོག་གི་རྣམ་པ་སྣ་ཚོགས་ཀྱི་སྒྱུ་འཕྲུལ་ལ་གོམས་ཡོད་པས་སྒྱུ་མ་མཁན་འདིའི་བྱ་སྤྱོད་དེ་ངོས་ལེན་བྱས་མ་ཐུབ་པར་རང་ཁྱིམ་དུ་ལོག་སོང་ཡང་། ཉིན་གཅིག་གི་རྗེས་སུ་ཧེའེ་ཡི་ཐུའུ་ཡི་དུར་ཁྲོད་དུ་སླར་ཡང་ལྟད་མོ་བས་ཁེངས། ཁོ་ཚོས་དུར་སྦས་བྱས་མ་ཐག་པའི་ས་རློན་ལ་ཧད་ཀྱིན་ཉིན་གཅིག་ཕར་བསྐྱལ། ཚགས་ཤོག་དང་བརྙན་འཕྲིན་གང་སར་གསར་འགྱུར་འདིས་ཁེངས་ཤིང་མཚན་མོ་ཡང་དུར་ཁྲོད་དེར་གློག་སྒྲོན་འཁུར་མཁན་གྱི་ལྟད་མོ་བས་ཁེངས་འདུག ཉིན་གཉིས་པ་ནས་བཟུང་དུར་ཁྲོད་ཀྱི་ལྕགས་རིའི་རྒྱབ་ཏུ་ཡང་དུར་ཁྲོད་ནང་གི་གྲགས་འགུལ་ལ་ཉན་མཁན་གྱི་ལྟད་མོ་བས་ཁེངས།
ཉིན་གསུམ་པར་རོ་སྒམ་གྱི་ཁ་ཕྱེ་དུས་སྒྱུ་མ་མཁན་ཁོ་རང་མིག་བགྲད། ཁ་གདངས་ནས་ཤི་ཡོད་པ་མཐོང་མ་ཐག་ཉེ་འགྲམ་གྱི་ལྟད་མོ་རྣམས་སྐྲག་ཐག་ཆོད་དེ་སྐད་ངན་ཤོར་གྱིན་བྲོས་པ་དང་དུར་ཁྲོད་ཕྱི་ནང་གི་མི་ཡོད་ཚད་ཅི་བྱུང་མ་ཤེས་པར་བྲོས་པས་མི་བརྒྱད་བཅུ་ལྷག་ཙམ་ལྔ་ལམ་དུ་བརྫངས་པ་དང་མི་བརྒྱ་ལྷག་ཙམ་ལ་རྨས་སྐྱོན་ཤོར།
དེ་ནི་དངོས་བྱུང་གི་བརྙན་ཐུང་ཞིག་རེད།
ཕ་ཡུལ་ཕྱོགས་སུ་རྒྱུག་གིན་པའི་མོ་ཊའི་ནང་དུ་བརྙན་ཐུང་འདི་སླར་ཡང་ངའི་མིག་ལམ་དུ་ཤར་བྱུང་བ་དང་། ཉེ་འགྲམ་གྱི་མི་རྣམས་ལ་བརྙན་ཐུང་དེ་འདྲ་ཞིག་ལ་བལྟས་མྱོང་ཡོད་མེད་ཀྱི་སྐད་ཆ་ཞིག་འདྲི་བསམས་ཀྱང་། མོ་ཊ་ནང་ཡོད་མཁན་ནི་ཕ་ཡུལ་གཅིག་པ་རྐྱང་རྐྱང་ཡིན་པས་ན། ཁོ་ཚོས་རི་འགོག་དམག་འཁྲུག་ལས་གློག་བརྙན་གཞན་ལ་ལྟ་བཞིན་མེད་པས། ངའི་ཁ་ནས་ཐོན་ལ་ཉེ་བའི་དྲི་བ་དེ་མགྲིན་པའི་ནང་མིད་དགོས་བྱུང་།
སྐབས་དེར་མོ་ཊ་ནི་གཡང་གཟར་ཆེན་པོ་ཞིག་བརྒྱུད་དེ་འགྲོ་བཞིན་འདུག་ལ་སྒེའུ་ཁུང་ནས་མར་བལྟས་ཚེ་བྲུག་བཞིན་པའི་ལུང་ཆུ་ཡང་བྲག་སྲུབས་བར་གཅུར་བའི་དུག་སྦྲུལ་ཞིག་དང་འདྲ། དཀྱོག་མཚམས་རེ་རེར་བརྒྱུད་ནས་འགྲོ་སྐབས། ཕ་ཡུལ་གཅིག་པའི་མི་རྣམས་ཀྱིས་མོ་ཊ་གཏོང་མཁན་སུ་སུ་ཞིག་གིས་གཟབ་གཟབ་མ་བྱས་པར་ས་འདི་འཁོར་བགེགས་ཤོར་བ་དང་། ཡང་དཀྱོག་མཚམས་གཞན་ཞིག་ཏུ་ཐོན་པ་ན་གཅིག་གཅིག་གིས་གཟབ་གཟབ་མ་བྱས་པར་ས་འདི་ན་འཁོར་བགེགས་ཤོར་བ་སོགས་འཆད་ཀྱིན་འདུག་པས། ལམ་གང་སར་རྣམ་ཤེས་འཁྱམས་པོས་ཁེངས་ཡོད་པའི་སྣང་བ་ཤར་ལ་ལམ་འོག་གི་གཡང་གཟར་ཡང་སྔར་ལས་འཇིགས་སུ་རུང་བར་གྱུར་འདུག
ང་ཚོ་ལམ་བདེ་ས་ཞིག་ཏུ་ཐོན་པ་དང་། ངས་དབུགས་རིང་ཞིག་བཏང་བས་བྲང་ཁོག་ན་ལྡིང་གིན་པའི་སྙིང་དམར་མར་ལྷུང་། ཡིན་ཡང་མི་ཞིག་གིས“ད་ལོར་ཚེ་རྡོའི་མོ་ཊ་འཁོར་བགེགས་ཤོར་ས་འདི་ག་རེད”ཅེས་བཤད་བྱུང་།
ཚེ་རྡོ་ངེད་གཉིས་གྲོང་ཚོ་གཅིག་གི་མི་ཡིན་ལ་ཁོ་རང་གཟུགས་རིང་ལ་སྨྲ་བ་ཉུང་། སྐད་ཆ་བཤད་དུས་དལ་མོ་བཤད་མཁན་ཞིག་ཡིན་པ་དྲན་རྒྱུ་འདུག ཕོ་གསར་བདེ་བདེ་སང་སང་དེ་ལམ་བདེ་མོའི་ཐོག་ཏུ་ཅི་འདྲ་འཁོར་བགེགས་ཤོར་བ་ཡིན་ནམ་སྙམ་གྱིན“ལམ་བདེ་སར་འཁོར་བགེགས་ཅི་ལྟར་ཤོར་བ་ཡིན་ནམ”དྲིས་མ་ཐག་ཕ་ཡུལ་གཅིག་པའི་མི་ཞིག་གིས“སུས་ཤེས། མི་ཁ་ཤས་ཀྱིས་ཟེར་ན་གཟའ་ཕོག་པ་ཡིན་ས་རེད་ཟེར། མོ་པས་མོ་བཏབ་དུས་གད་ཆད་ནང་གི་ནག་མོ་དེ་དང་གཞོན་ནུ་དེ་གཉིས་ཀྱིས་གནོད་པ་རེད་ཟེར་འདུག”ཅེས་ལབ།
གད་ཆད་ནི་གཞུང་ལམ་འདི་དང་འབྲེལ་བ་གང་ཡང་མེད་དེ། ང་ཚོ་གྲོང་ཚོའི་ནོར་ལུག་རི་ལ་འདེད་དུས་ངེས་པར་དུ་བརྒྱུད་དགོས་པའི་གཡང་གཟར་ཞིག་ཡིན། ས་འདི་ནས་ལེ་བར་བཅུ་ཙམ་ཡོད། ཐག་རིང་གི་གད་ཆད་ནང་ཡོད་པའི་ནག་མོ་དེ་དང་གཞོན་ནུ་དེས་ཇི་ལྟར་ལམ་བདེ་མོ་འདིའི་ཐོག་ཏུ་འགྲོ་བཞིན་པའི་མོ་ཊ་ལ་གནོད་བསྐྱལ་བ་ཡིན་ནམ།
ཞོགས་པར་ནོར་ལུག་རི་ལ་འདེད་ཁར་མི་ཞིག་སྔོན་དུ་སོང་ནས་གད་ཆད་ལ་ལམ་བཟོ་དགོས་ཅིང་ཕྱི་དྲོ་མར་འོང་དུས་མི་ཞིག་སྔོན་དུ་འོངས་ནས་ལམ་བཟོ་དགོས། གད་ཆད་ཀྱི་ལམ་ཕྲན་དེ་ཉིན་རེར་ཐེངས་རེར་རྡིབ་འགྲོ་བ་དེ་ནི་སྣང་ཚུལ་ཡ་མཚན་ཞིག་ཡིན་མོད། ང་ཚོ་གྲོང་ཚོ་ལ་མཚོན་ན་དེ་ནི་རྒྱུན་ལྡན་གྱི་གནས་ཚུལ་ཞིག་རེད། ར་ལུག་རི་ལ་འདེད་དུས་ལམ་བཟོས་པ་དང་མར་ཡུལ་དུ་འདེད་དུས་ཡང་ལམ་བཟོས་པ་ནི་ཉིན་རེར་ངེས་པར་དུ་བྱེད་དགོས་པའི་བྱ་བ་ཕལ་བ་ཞིག་ཡིན། ཡིན་ཡང་ཕོ་གསར་ཚོས་རྒན་པ་རྣམས་ཀྱི་ཞུ་བ་ལ་མ་ཉན་པར་འཇོར་བུ་དང་ལྕགས་ཁེམ་ཁུར་ནས་གད་ཆད་ཀྱི་ཕྱོགས་སུ་ཡང་ཡང་ཆས་མྱོང་མོད། སང་ཉིན་ལྟ་བར་འགྲོ་དུས་ཁ་སང་བཟོས་པའི་ལམ་ཆེན་པོ་དེ་རྨི་ལམ་དུ་ཟགས་སོང་བ་བཞིན་མཐོང་རྒྱུ་མེད། ཕོ་གསར་དེ་ཚོ་རྒས་རྗེས། ཁོ་ཚོས་ཞུ་བ་ཇི་ལྟར་བྱས་ཀྱང་བུ་ཕྲུག་ཚོས་འཇོར་བུ་དང་ལྕགས་ཁེམ་ཁུར་ནས་གད་ཆད་ཀྱི་ཕྱོགས་སུ་ཡང་ཡང་ཆས་འགྲོ།
ཕ་མེས་རྣམས་ཀྱི་ངག་རྒྱུན་ལྟར་ན་གད་ཆད་ཀྱི་ནང་དུ་ནག་མོ་ཞིག་ལྷུང་མྱོང་ཟེར། མི་ཁ་ཤས་ཀྱིས་ཟེར་ན་ནག་མོ་དེ་ལྷུང་པ་མ་རེད་ལྕེབས་པ་རེད་ཟེར། ནག་མོ་དེའི་མིང་ལ་ཅི་ཟེར་བ་ཡུལ་མི་རྣམས་ལ་གསལ་པོ་ཞིག་བཤད་རྒྱུ་མེད། ནག་མོ་དེ་གད་ཆད་དུ་ལྷུང་པ་ནས་བཟུང་སུས་ཀྱང་མིང་འབོད་མ་ཕོད་པ“ནག་མོ་དེ། ནག་མོ་དེ”ཞེས་འབོད་པ་འདྲ། ང་ཚོ་ལུང་པའི་ནང་དུ་ནག་མོ་དེས་གནོད་པ་བྱས་པའི་མི་རབས་མང་པོ་ཞིག་ཁུ་སིམ་མེ་སོང་ཡང་གནའ་སྔ་མོའི་ནག་མོ་དེ་ནི་ནམ་ཡང་ཡལ་རྒྱུ་མེད་པར་ཕ་ཡུལ་གྱི་མི་རྣམས་ལ་སྐྲག་སྣང་བཟོ་བཞིན་འདུག
གད་ཆད་ཀྱི་ནང་དུ་ནོར་ལུག་བགྲང་དུ་མེད་པ་ཞིག་ལྷུང་མྱོང་། ཡིན་ཡང་བདག་པོས་དེ་དག་གི་རོ་ལོན་མ་མྱོང་། “སྒོ་ཟོག་ལ་ཅི་བྱུང་ན་བྱུང་། མི་རྣམས་བདེ་བདེ་སང་སང་ཡིན་ན་དེ་རེད”ཅེས་བསྐྱུར་བཞག མི་སྐྱུར་རང་སྐྱུར་ཏེ། གད་ཆད་ཀྱི་འོག་ནི་བྲག་སྒོ་ལུང་པ་ཡིན། གད་ཆད་ནས་མར་བལྟས་ན་དེ་ནི་ནམ་ཡང་མུན་པ་བླུགས་ཡོད་པའི་ལུང་པ་དོག་པོ་ཞིག གནའ་ནས་ད་བར་ལུང་པ་དེའི་ནང་དུ་མི་ཞིག་ཐར་མ་མྱོང་བ་མ་ཟད། ཕ་མེས་རྣམས་ཀྱི་ངག་རྒྱུན་དུ་ནོར་ལུག་གང་རུང་ཞིག་དེའི་ནང་དུ་ལྷུང་རྗེས་བྱ་རྒོད་འཁོར་རབས་ཙམ་ཡང་བཤད་རྒྱུ་མེད། ཕ་མེས་རྣམས་ཀྱིས་ལུང་པ་དེའི་ནང་དུ་རུས་པ་དཀར་པོས་ཁེངས་ཡོད་རབས་ཟེར། དེ་ནི་མི་ཞིག་དེར་སོང་ནས་རུས་པ་མཐོང་བས་འདི་ལྟར་བཤད་པ་མིན་པར་ནོར་ལུག་མང་པོ་ཞིག་དེའི་ནང་དུ་ལྷུང་རྗེས་རིགས་དེད་བྱས་པ་ཞིག་རེད། ཕུང་པོ་ལྷུང་སོང་ན་རུས་པ་ལོས་ལྷག
ང་རང་ལོ་བཅུ་གསུམ་ཐོན་པ་ནས་བཟུང་། ཕ་ཡུལ་གྱི་མི་རྣམས་ཀྱིས“ནག་མོ་དེ་དང་གཞོན་ནུ་དེ”ཞེས་ནག་མོ་དེ་ལ་རོགས་པ་གཞོན་ནུ་ཞིག་ཡོད་རབས་གླེང་། ལོ་བཅུ་གསུམ་གྱི་སྔོན་དུ“ནག་མོ་དེ”ཞེས་ཟེར་བ་ལས“གཞོན་ནུ་དེ”མེད། ཡིན་ཡང་ང་རང་ལོ་བཅུ་གསུམ་ལ་ཐོན་པ་ན་མ་ཐག་མི་རྣམས་ཀྱིས“ནག་མོ་དེ་དང་གཞོན་ནུ་དེ”ཞེས་འཆད་ཀྱིན་འདུག ལོ་དེར་ངས་མི་རྣམས་ལ“གཞོན་ནུ་དེ་སུ་ཡིན་ནམ”ཞེས་ཡང་ཡང་དྲིས་ཀྱང་ལན་བཏབ་ཕོད་མཁན་གཅིག་ཀྱང་མི་འདུག ཕ་ཡུལ་དུ་གཞོན་ནུ་སུ་ཡང་ཤི་མི་འདུག་པས་གློ་བུར་ཐོན་པའི་གཞོན་ནུ་དེ་སུ་ཡིན་ནམ་སྙམ།
སླར་ཡང་མོ་ཊ་ནང་གི་མི་རྣམས་ཀྱིས་ཕ་ཡུལ་གྱི་མི་སུ་ཞིག་འདས་སོང་རབས་བཤད་བྱུང་།
ང་རང་ཁྱིམ་དུ་སླེབས་དུས་ངེད་ཚང་གི་མུ་ཁའི་ངས་བཙུགས་པ་རེད་ཟེར་བའི་སྟར་སྡོང་ཆེན་པོ་དེ་བསྐམས་འདུག
ང་རང་ལོ་གསུམ་ལ་སོན་དུས་ཨ་མེས་ཀྱིས་ང་ལ་སྟར་རྡོག་གསུམ་སྦྱིན། ང་རང་མོ་ཁར་རྩེད་མོར་མགོ་འཁོར་ནས་བསྡད་པས། སྟར་རྡོག་གསུམ་པོ་བོར། ལོ་གཅིག་གི་རྗེས་སུ་མུ་ཁ་དེ་རུ་སྟར་ཕྲུག་གསུམ་སྐྱེས་ཡོང་བ་ལ་ཁྱིམ་མི་རྣམས་ཀྱིས་སྟར་ཕྲུག་དེ་གསུམ་ངས་བཙུགས་པ་རེད་ཅེས་བཤད། དེ་ནས་བཟུང་སྟར་ཕྲུག་དེ་གསུམ་ངའི་ཡིན་ཞེས་བདག་པོ་བརྒྱབ་པ་ཡིན། ལོ་མང་པོའི་རིང་ངས་སྟར་ཕྲུག་དེ་གསུམ་ལ་ཆུ་དང་ལུད་མང་པོ་ཞིག་དྲངས་ཀྱང་སྟར་ཕྲུག་གཉིས་སྔར་རྗེས་སུ་རྒྱུ་མཚན་གང་ཡང་མེད་པར་བསྐམས་སོང་། སྟར་ཕྲུག་གཞན་ཞིག་དེ་ཆེན་པོར་ཆགས་ཅིང་འབྲས་བུ་ཡང་བཏགས། འབྲས་བུ་སྨིན་དུས་ང་ཚོ་གྲོང་ཚོར་སྐད་གྲགས་ཡོད་པའི་སྒོ་ང་སྟར་ག་ཞེས་པ་དེ་ཡིན་པ་ཤེས།
སྟར་སྡོང་དེ་ཆེན་པོ་ཆགས་ཟིན་པས་སྐམ་མི་སྲིད་སྙམ་ཡང་། ཆར་ཆུ་མོད་པའི་དབྱར་ཁ་འདི་ཁོ་རང་རྒྱུ་མཚན་མེད་པར་བསྐམས་འདུག ཤི་འདུག
སྔོན་མ་ང་རང་ཐག་རིང་དུ་སོང་ནས་ཁྱིམ་དུ་སླེབས་དུས་ཁྱིམ་མི་རྣམས་ཀྱི་མཚར་མཚར་འདྲ་བྱས་ཤིང་ཉིན་གསུམ་གྱི་རྗེས་སུ་རྒྱུན་ལྡན་དུ་གྱུར། ཡིན་ཡང་ད་ནི་མཚར་མཚར་འདྲ་བྱེད་ཀྱིན་མི་འདུག ང་རང་ཁྱིམ་དུ་འབྱོར་རྗེས་མུན་རུབ་ཅིང་ང་རང་ཁྱིམ་དུ་འབྱོར་མ་ཐག་ཁྱིམ་མི་རྣམས་ཀྱིས་དགོང་ཐུག་འཐུང་འགོ་བརྩམས།
ཁོ་ཚོས་ང་ལ་མི་ཡུལ་གྱི་གནས་ཚུལ་གང་ཡང་འདྲི་མ་བྱུང་། ངས་ཐུག་པ་ཁམ་གང་བཏུང་མ་ཐག་ཁོ་ཚོས་ད་ལོར་ང་ཚོ་ལུང་པའི་བྲག་དམར་ཚང་གི་ཁང་མེ་ཤོར་བའི་དོན་དེ་གླེང་། ང་རང་མི་ཡུལ་དུ་ཡོད་དུས་ཕ་ཡུལ་གྱི་གྲོགས་པོ་རྣམས་ཀྱིས་བྲག་དམར་ཚང་གི་ཁང་པར་མེ་ཤོར་བའི་གནས་ཚུལ་ཁ་པར་ནས་བཤད་བྱུང་ལ་སྐད་འཕྲིན་ནང་དུ་མེ་འབར་གྱིན་པའི་ཁང་པ་ཞིག་གི་པར་བསྐུར་ནས་ཁུག་དམར་སློང་གིན་པ་མཐོང་། མེ་འབར་གྱིན་པའི་ཁང་པའི་རྒྱབ་ལྗོངས་སུ་ཁམ་བུ་མེ་ཏོག་དཀར་པོ་བཞད་ཅིང་དེས་མེ་དང་དུ་བ་ནི་འཇིགས་སུ་རུང་བ་ཞིག་ཏུ་བཏང་འདུག ཡིན་ཡང་གྲོགས་པོ་ཚོས་ཁང་མེ་ཤོར་བའི་རྒྱུ་མཚན་གསལ་པོ་ཞིག་བཤད་མ་བྱུང་།
ངས“ཁང་མེ་ཅིའི་ཕྱིར་ཤོར་བ་ཡིན་ནམ”ཞེས་དྲིས།
ཨ་ཕས“མི་རྣམས་ཀྱིས་ཟེར་ན་གློག་སྐུད་ལ་སྐྱོན་བྱུང་ནས་མེ་འབར་བ་ཡིན་ས་རེད་ཟེར”ཞེས་ལབ།
ནུ་བོས“འདས་པོའི་གནོད་པ་རེད་ཟེར”ཞེས་བཤད་བྱུང་བས་ཁྱིམ་མི་རྣམས་ཀྱིས་ངོ་གནག་སོང་།
“ཕེ། ཁྱོད་ཀྱི་ཁ་དེ”
ངས“འདས་པོ་སུ”ཞེས་དྲིས།
“དུད་ཁ་ཚང་གི་མ་འདས་ནས་ཉིན་དྲུག་གི་རྗེས་སུ་ཁང་མེ་ཤོར་བ་རེད”ནུ་བོ་ཁ་བདེ་དེས་ཁ་ཟུམ་མི་ཐུབ་པར་འདི་ལྟར་བཤད།
“རང་ཉིད་ཤི་རྗེས་ཕྲུ་གུ་རྣམས་བསྡད་ས་མེད་པ་བཟོས་ན་སྡུག་ག”ཟེར།
དེ་ནས་ཁོ་ཚོས་ད་ལོ་ང་ཚོ་ལུང་པ་རུ་མི་མང་པོ་ཞིག་འདས་སོང་རབས་གླེང་། དེ་ཚོ་ནི་གད་ཆད་དུ་ལྷུང་བའི་ནག་མོ་དེ་དང་བུ་དེ་གཉིས་ཀྱིས་གནོད་པ་རེད་ཟེར། བླ་མ་ཚང་གིས་ཐབས་ཤིག་ཚད་དགོས་འདུག་ཟེར་གྱིན་ཡོད་ཅེས་བཤད་བྱུང་།
“གད་ཆད་དུ་ལྷུང་སོང་བའི་བུ་དེ་ཡང་སྙིང་སུ་ཡིན་ནམ”
ངས་སྔོན་མར་ཡང་ཡང་དྲིས་མྱོང་བའི་སྐད་ཆ་དེ་སླར་ཡང་ཐེངས་གཅིག་དྲིས། མི་གཞན་གྱིས་གཞོན་ནུ་དེ་ཟེར་ནའང་ཁྱིམ་མི་རྣམས་ཀྱིས་བུ་དེ་ཟེར་གྱིན་འདུག
ཁྱིམ་མི་རྣམས་ཁུ་སིམ་མེར་གནས། ངའི་ནུ་བོ་ཁ་བདེ་དེས་ཀྱང་ཁ་གྲགས་མ་བྱུང་།
ཐུག་པ་བཏུང་རྗེས་ངས་མལ་ས་སྟབས་བདེ་ཞིག་བཟོས་ནས་ཉལ་བ་ཡིན། སྐྲག་ནས་གཉིད་སྐྱིད་པོ་ཞིག་མི་ཁུག མལ་དུ་ཙོག་སྟེ་འདོན་པ་ཞིག་འདོན་བསམ་ཡང་དུས་རྒྱུན་འདོན་གྱིན་མེད་པས་ཅི་ཞིག་འདོན་དགོས་པའང་མི་ཤེས།
ང་རང་གཉིད་དུ་མ་ལྷུང་གོང་དུ་རྨི་ལམ་རྨིས་བྱུང་། དང་པོ་རང་ཉིད་ཀྱི་ལག་པས་རེག་མི་ཐུབ་པའི་སྒལ་ཚིགས་ཞིག་ལ་ཟ་འཕྲུག་བརྒྱུགས་ཤིང་རྨ་རུ་གྱུར། རྨ་ཁ་ཇེ་ཆེར་སོང་ནས་ལུས་པོ་ཡོངས་རྨ་ཁའི་དོང་དུ་ལྷུང་མ་ཐག་ཟ་འཕྲུག་དང་ན་ཟུག་ཡོད་ཚད་མེད་པར་གྱུར་སོང་།
ངའི་ལུས་པོ་ནི་ཤིང་བལ་ཞིག་དང་འདྲ། མལ་ས་ནས་ཡར་ལྡིང་ཞིང་གྱང་ལ་ཐུག་པ་ན་གྱང་དེ་ནི་འོད་ཡིན་པ་བཞིན་མི་ཐོགས་པར་ཕ་རོལ་དུ་ཐོན་སོང་། ང་རང་འདི་ལྟར་བྲག་སྒོ་ལུང་པའི་ཕྱོགས་སུ་ལྡིང་། བྲག་དང་རྡོ་ཡོད་ཚད་ལ་ངའི་ལུས་པོ་ཐོགས་ཀྱིན་མི་འདུག
སང་ཉིན་ཞོགས་པར་གཉིད་ལས་སད་དུས། གོམ་པ་ས་ཐོག་ཏུ་སྤོས་མ་ཐག རྨི་ལམ་ནང་དུ་གང་ལའང་མི་ཐོགས་པའི་རྣམ་ཤེས་རྣལ་མ་དེ་ཤ་ཁྲག་གིས་གྲུབ་པའི་ལུས་པོ་ཞིག་ཏུ་གྱུར་འགྲོ་བ་ཚོར།
ང་རང་དང་པོར་ཁང་སྟེང་དུ་འཛེགས་ནས་ཕ་ཡུལ་གྱི་ཁྱོན་ཡོངས་སུ་མིག་ཉུལ་བྱས། ཆུང་དུས་གྲོང་ཚོའི་དཀྱིལ་དུ་བཞུར་གྱིན་པའི་ལུང་ཆུའི་གཡས་གཡོན་དུ་རྒྱ་ལྕང་དང་གླང་མ། ཤུག་པ་བཅས་སྐྱེས་ཡོད་ལ་དེ་དག་གི་ཁྲོད་དུ་སྟར་སྡོང་དང་རྒྱ་སེའི་སྡོང་པོ། ཁང་སྡོང་སོགས་ཤིང་འབྲས་ཀྱི་སྡོང་པོའང་མང་པོ་སྐྱེས་ཡོད། དེ་དག་གི་འོག་ཏུ་རྩྭ་རྩེ་མེ་ཏོག་བཞད་པའི་སྤང་ཐང་ཡིན། ཆུང་དུས་ང་རང་སྤང་ཐང་གི་ཐོག་ཏུ་རྩེད་མོ་རྩེ་ཞོར་བེའུ་རྟེའུ་རྣམས་ཀྱི་རྟོད་སྤོ་དགོས། དུས་ད་ལྟ་ཆུང་དུས་ཀྱི་རྩེད་རར་ཞིབ་ལྟ་ཞིག་བྱས་དུས་གད་པ་ཞིག་ཏུ་གྱུར་འདུག བྱེ་མ་དང་རྡོ་བ་ཆེན་པོ་དག་གིས་སྔོན་གྱི་ཤིང་འབྲས་ལྗོན་པ་མེ་ཏོག་བཅས་ཀྱི་ཚབ་བྱས་འདུག སྔོན་མ་ལྷ་ལས་སྐྱེས་པ་དང་འདྲ་བའི་བུ་ཆུང་དེ་ཡང་འཚོ་བའི་བྱ་དངོས་ཡོད་དོ་ཅོག་ལ་ཞེན་པ་ལོག་མཁན་ཞིག་ཏུ་གྱུར་ཡོད།
ང་རང་ཕ་ཡུལ་གྱི་གད་པ་འདི་ལའང་སུན་གྱི མི་ཡུལ་དུ་སྐྱིད་ཅིག་མེད་ནའང་དོན་དག་གལ་ཆེན་འདྲ་མེད་ན་ང་རང་ཕ་ཡུལ་དུ་མི་ལོག
ལོ་བཅུ་གསུམ་གྱི་སྐབས་སུ། ང་རང་སློབ་གྲྭ་ནས་ཕ་ཡུལ་དུ་རྐང་ཐང་ངང་ལོག་དགོས་བྱུང་། སློབ་མ་གཞན་དག་ལ་མཚོན་ན་ཕ་ཡུལ་དུ་ལོག་པ་ནི་དགའ་འོས་པ་ཞིག་ཡིན་མོད། ང་ལ་མཚོན་ན་ཉིན་མཚན་གསུམ་མི་མེད་ལུང་སྟོང་གི་གངས་རི་དང་རྫ་རི་བརྒལ་དགོས། ང་རང་ས་མཁའ་དམའ་བའི་སློབ་གྲྭ་ནས་ཤོམ་ལ་གྲུ་ཁུག་བཅུ་བརྒྱད་ཅེས་པའི་རི་བོ་དེ་བརྒལ་རྗེས་དབྱར་ཁ་ཡང་བུ་ཡུག་འཚུབ་ཀྱིན་པའི་ས་མཐོ་སར་སླེབས་དུས། མགོ་ཡུ་བར་མེད་དུ་འཁོར་ཞིང་ཐེངས་ཁ་ཤས་ལ་དྲན་མེད་དུ་རྒྱལ། ངས་རྫ་རིའི་ཁྲོད་དུ་འགྲོ་བཞིན་པའི་དོམ་མཐོང་ལ་མཚན་མོར་སྤྱང་ཀིའི་ང་རོ་ཐོས། དོམ་ཕྲུག་ཁྲིད་ཡོད་པའི་དོམ་རྒན་ཞིག་ངའི་ཁ་གཏད་དུ་ཚུར་འོང་གིན་པ་རིག ཡིན་ཡང་དེ་དུས་ང་ལ་སྐྲག་སྣང་ཅི་ཡང་མི་འདུག འཆི་ནའང་འདྲ་གསོན་ནའང་འདྲ། མ་འོངས་པ་ནི་གཅིག་འདྲ་ཞིག་ཡིན་ས་རེད་སྙམ་བྱུང་། ང་རང་དོམ་མ་བུ་ཡོད་སར་སླེབས་ཚེ་ལམ་འོག་གི་ནགས་ཚལ་ནས་ཡལ་ག་བཅད་པའི་སྒྲ་ཐོས་པ་ལས་མཐོང་ཡུལ་དུ་མི་འདུག
ང་རང་ཉིན་མཚན་གསུམ་སོང་སོང་ནས་ཡུལ་དུ་སླེབས་ན་ངལ་སྐྱིད་པོ་གསོ་དགོས་བསམས་ཀྱང་ཡུལ་མི་རྣམས་ཀྱིས་ང་རང་ཀླ་ཀློར་གྱུར་འདུག་ཟེར། ཁྱིམ་དུ་མགྲོན་པོ་འདྲ་འོང་ན་ཁྱིམ་མི་རྣམས་ཀྱིས་ང་རང་ཀློ་ཀློར་ཇི་ལྟར་འགྱུར་ཚུལ་བཤད་ཅིང་མགྲོན་པོ་ཚོས་ཀྱང་ཤ་ཚ་མདོག་བྱེད་ཀྱིན་འདུག ཁོ་ཚོའི་རྣམ་འགྱུར་གྱི་འོག་ཏུ་སྦས་པའི་དངོས་པོ་ལྐུག་འགྱུར་ཅན་ལ་ཞིབ་ལྟ་བྱས་ན་མང་ཆེ་བ་སེམས་པ་དགའ་བཞིན་འདུག
ངས་ང་རང་ཀླ་ཀློར་ཇི་ལྟར་འགྱུར་བ་ཡིན་ནམ་སྙམ། ངས་རང་གི་མགོ་ལྤགས་བཤུས་ནས་འོག་གི་ཀླད་པ་ལ་སྐྱོན་བྱུང་ཡོད་མེད་ལ་ཅིག་ལྟ་བསམ་ཡང་ལྟ་ཐུབ་མ་སོང་། ཡུལ་མི་རྣམས་ཀྱིས་གནོད་པ་རེད་ཟེར། དེ་ནས་བཟུང་ཁྱིམ་དུ་རྔ་སྦུབ་གྱི་སྒྲས་ཁེངས་པར་བྱས། རྔ་སྦུབ་བརྡུངས་རྗེས་རྡུང་མཁན་རྣམས་ཀྱིས་ཀྱང་ང་རང་ཀླ་ཀློར་འགྱུར་འདུག་ཟེར།
དེ་ནས་བཟུང་རྣམ་ཤེས་ཀྱིས་ང་རང་ཁྲིད་ནས་ཐག་རིང་གི་མི་ཡུལ་དུ་ཕྱིན་སོང་། ལོ་བཞི་ལྔ་ཙམ་སོང་རྗེས་ཕ་ཡུལ་དུ་ཐེངས་རེར་ལོག་པ་ཡིན། ང་རང་ཕ་ཡུལ་དུ་སླེབས་དུས་མི་ཀུན་གྱིས་ང་རང་ངོ་ཤེས་ཀྱི་འདུག ངའི་ཨ་མས་ཡུལ་མི་རྣམས་ལ“འདི་ནི་ངའི་བུ་རེད”ཅེས་གསལ་བཤད་ཡང་ཡང་བྱས་མོད། ཁ་ཤས་ཀྱིས“ཁྱོད་ཀྱིས་ནམ་ཞིག་ལ་བུ་འདི་འདྲ་ཞིག་སྐྱེས་མྱོང”ཟེར་ཞིང་ལ་ལས“སྐྱེ་བ་སྔོན་མར་སྐྱེས་པའི་བུ་ཡིན་ནམ”ཟེར།
ཕ་ཡུལ་གྱི་གད་པའི་ཐོག་ཏུ་ཞིང་ས་ཐར་ཐོར་དག་མར་ལྷུང་ལ་ཁད་འདུག དེ་དག་གིས་ལྟ་མཁན་གང་དེའི་སེམས་པ་སྐྱོ་བ་བྱས། ང་རང་དེ་དག་ལ་མུ་མཐུད་དུ་ལྟ་འདོད་མེད་པས་མར་ཁྱིམ་དུ་བབས།
ཁྱིམ་དུ་ངའི་སློབ་གྲོགས་ཤིག་སླེབས་འདུག
ངས“ཁྱོད་རང་སླེབས་ཡོང་ངམ”ཞེས་དྲིས་ཀྱང་ཁོས་ང་རང་མ་མཐོང་བ་བཞིན་ལན་གང་ཡང་བརྒྱབ་མ་བྱུང་།
ཁོས་ངའི་ཨ་ཕ་ལ“ཁྱོད་ཚང་ལ་ཉིན་ཐོ་མཚར་པོ་ཞིག་ཡོད་ཟེར། དེ་ང་ལ་ཨེ་འཚོང”ཞེས་འདྲི་བཞིན་འདུག
ཨ་ཕས“བླ་མ་ཚང་གིས་ཉིན་ཐོ་འདི་གཟིགས་རྗེས‘འདི་གཟབ་གཟབ་ཉར་དགོས། རྗེས་སུ་མཁོ་གལ་ཆེ’ཞེས་ཡང་ཡང་གདམས་བྱུང་། འཚོང་མི་ཉན”ཞེས་ལབ།
“ངས་གོང་མཐོན་པོར་སྤྲད་ཆོག”
“བླ་མའི་བཀའ་དང་འགལ་མི་ཉན”
སློབ་གྲོགས་འདིའི་མིང་ལ་རྒྱམ་བློ་ཟེར། ངེད་གཉིས་འཛིན་གྲྭ་གཅིག་ཡིན་དུས་ཁོ་རང་ཆེས་མཐའ་མའི་འདུག་སྟེགས་ཐོག་ཏུ་ཙོག་གིན་མཆུ་འགྲམ་དུ་ཟུར་ཟའི་འཛུམ་ཡ་མཚན་ཞིག་ཡལ་བ་མེད་པར་ཁུར་ཡོད། དགེ་སློབ་ཀུན་ཁོའི་འཛུམ་དེ་ལ་ཤིན་ཏུ་སུན། དགེ་རྒན་གྱིས་ཁོ་ལ་འགྲམ་ལྕག་ཞིག་ཞུས་རྗེས་ཞིབ་ལྟ་ཞིག་བྱས་དུས། ཁོ་རང་ད་དུང་འཛུམ་བཞིན་པ་རིག་ཚེ་བསྟུད་མར་འགྲམ་ལྕག་ཞུས་པ་ཡིན།
ད་ལྟ་ཁོ་ལ་བྱ་བ་ཅི་ཡང་མེད། ཡིན་ཡང་ཁོ་རང་ནི་མིང་དུ་གྲགས་པའི་རྒྱ་ཡིག་གི་རྩོམ་པ་པོ་ཞིག་ཏུ་གྱུར་ཡོད། ལས་ཀ་ཞིག་ངེས་པར་དུ་བགྲང་དགོས་ན་རྟ་མཆོག་རྟགས་ཅན་གྱི་མོ་ཊ་དེ་བཏང་ནས་གང་སར་འཁྱམས་པ་དང་རང་ཉིད་ཀྱི་བློ་ལ་བབས་པའི་དངོས་པོ་འདྲ་མཐོང་ཚེ། དེ་མ་ཐག་པར་བླངས་ཤིང་མི་འཕྲད་ཚད་ལ་སྐད་ཆ་ཡ་མཚན་འདྲ་དྲིས། ཡུལ་མི་རྣམས་ཀྱིས་སྐད་ཆ་ཡ་མཚན་དེ་དག་ལ་ལན་གང་ཡང་བརྒྱབ་མི་སྲིད་མོད། སྐབས་རེར་ཁོའི་བསམ་དོན་ལྟར་མི་ཡ་མཚན་འདྲ་དང་འཕྲད་ཅིང་དེ་ཚོས་ཁོའི་དྲི་བ་ཡ་མཚན་དག་ལ་ལན་ཡ་མཚན་འདྲ་བཏབ་སོང་ན་ཁོས་དེ་ཚོའི་སྐད་ཆ་ཇི་བཞིན་དུ་ཁ་པར་ནང་ཡི་གེར་གཏག་པ་ཡིན། དེ་ནས་ཁོ་རང་ཁྱིམ་དུ་འཛུལ་ནས་ཉིན་གསུམ་ཙམ་ཕྱི་རུ་མི་ཐོན། “ངས་རྩོམ་ཞིག་བློས་བསླངས་བྱེད་ཀྱིན་ཡོད”ཟེར་བཞིན་ཁོ་རང་འབོད་མཁན་དག་ལའང་ཁ་ཡ་མི་བྱེད།
ཁོའི་རྩོམ་དག་རྒྱ་ནག་ཏུ་གྲགས་པ་འབར་བ་ནས་བཟུང་། སྐད་ཆ་ཡ་མཚན་བཤད་མཁན་རྣམས་ལ་གླ་ཆ་གསུམ་བརྒྱ་རེར་སྟེར་བས་མི་རིང་བར་ངའི་ཕ་ཡུལ་གྱི་མི་ཡོད་དོ་སྐད་ཆ་ཡ་མཚན་རྐྱང་རྐྱང་འཆད་མཁན་དུ་གྱུར་འདུག
དེ་རིང་ཁོ་རང་ངེད་ཚང་དུ་ཡོང་དོན་ཡང་རྩོམ་འབྲིའི་རྒྱུ་ཆ་འཚོལ་དུ་ཡོང་བ་རེད་ཟེར།
ངས་ཨ་ཕ་ལ“ཁོས་བཤད་པའི་ཉིན་ཐོ་ཡ་མཚན་དེ་ཡང་སྙིང་ཅི་ཡིན་ནམ”ཞེས་ཡང་ཡང་དྲིས་མོད། ལན་གང་ཡང་སྟེར་རོགས་མ་བྱས།
ཨ་ཕ་མཆོད་ཁང་དུ་སོང་ནས་ཉིན་ཐོ་འཚོལ་དུས་རྩོམ་པ་པོ་ཁོ་རང་ཁྱིམ་ཕུག་ཏུ་ཙོག་གིན་བསམ་གཞིག་གི་ཀློང་དུ་འཐིམས་འདུག
རྩོམ་པོ་ཁོས་བོད་ཡིག་མི་ཤེས་པ་རེ་ཞིག་བརྗེད་ནས་ངས་རང་ཉིད་ཀྱིས་བྲིས་པའི《ཟླ་བ་དཀར་དཀར》ཞེས་པའི་སྒྲུང་རིང་དེ་ཁོ་ལ་གཟིགས་འབུལ་བྱེད་དགོས་སྙམ། ང་རང་མཛོད་ཁང་དུ་སོང་ནས་དཔེ་ཁུག་རྙིང་པ་ཞིག་གི་ནང་ཡོད་པའི་སྒྲུང་དེབ་དེ་བླངས་ཏེ། ཁ་ཕྱེ་བ་ན་ཡིག་འབྲུ་གཅིག་ཀྱང་མཐོང་རྒྱུ་མི་འདུག ད་ལྟ་ངས་སྒྲུང་འདི་ལོ་མང་པོའི་སྔོན་ལ་གློག་ཀླད་ཀྱི་ངོས་སུ་ཟླ་བ་གཅིག་ཙམ་ཅེར་ནས་བྲིས་པ་དྲན་མོད། སྒྲུང་འདིའི་ནང་དུ་ཡང་སྙིང་ཅི་ཞིག་བྲིས་པ་དྲན་མ་ཐུབ། ངས་གློག་ཀླད་ཀྱི་ངོས་སུ་ཟླ་བ་གཅིག་ཙམ་ཅེར་ཡང་ཡིག་འབྲུ་གཅིག་ཀྱང་མ་གཏག་པ་ཡིན་ནམ། གང་ལྟར་སྒྲུང་དེབ་དེ་ནི་ཤོག་སྟོང་བག་ཆ་ཞིག་རེད།
ང་རང་ལག་སྟོང་ངང་ཁྱིམ་དུ་སོང་དུས། རྩོམ་པ་པོས་ཟིན་དེབ་ཆེན་པོ་ཞིག་གི་ནང་དུ་ལྟ་བཞིན“ཡ་མཚན་རེད། ངོ་མ་ཡ་མཚན་རེད”ཟེར།
“བྲག་སྒོ་ལུང་ཟེར་བ་དེ་གད་ཆད་འོག་གི་ལུང་པ་དོག་པོ་དེ་མིན་ནམ”
“རེད”
“ལྟོས་དང་། ཟླ་དང་པོའི་ཚེས་གསུམ། དགུན་ཁར་བྲིས་པ་རེད་འདུག ཡིན་ཡང་ཉིན་ཐོ་འདིའི་ནང་དུ་ཞིབ་འབྲི་བྱེད་པ་ནི་དབྱར་གྱི་རྣམ་པ་རེད”
རྒྱམ་བློས“ཡ་མཚན་པ་ལ། ཡ་མཚན་ལ”རང་གཏམ་ལྟ་བུ་མང་པོ་ཞིག་ལབ་རྗེས་ཟིན་བྲིས་རྐོ་ཤན་མ་དེ་ཅོག་ཙེའི་ཐོག་ཏུ་བཞག་ཅིང“ཁྱོད་རང་ངའི་རོགས་པ་འགྲོ་རོགས། ང་རང་གད་ཆད་ཁ་ནས་པར་ཞིག་བརྒྱབ་དགོས”ཟེར།
ཁོ་གཉིས་སྒོ་བུད་པ་དང་ངས་ལྐོག་ལྐོག་སུད་སུད་ཀྱིས་ཟིན་བྲིས་ཀྱི་ཁ་ཕྱེ།
ཟིན་བྲིས་དཀྱིལ་གྱི་ཤོག་ལེབ་གང་མ་གཏོགས་གཞན་སྟོང་པ་རེད། ཤོག་ལེབ་གང་དེ་མི་མང་པོས་བཀླགས་མྱོང་བ་འདྲ་ནག་པོར་གྱུར་འདུག
ངས་འགོ་བརྗོད་མེད་པའི་ཉིན་ཐོ་ཤོག་ལེབ་གང་དེར་ལྟ་མ་ཐག རང་ཉིད་ཀྱི་ཡིག་གཟུགས་ངོ་ཤེས་ཤིང་འདི་ངས་བྲིས་པ་རེད་འདུག་ཨང་སྙམ་གྱིན་མཚར་སྣང་གིས་བཀླགས་པ་ན་འདི་ལྟར།
དེ་རིང་ང་རང་གད་ཆད་ཀྱི་ཁ་རུ་ཙོག་གིན་བྲག་སྒོ་ལུང་པའི་ཕྱོགས་སུ་བལྟས། བྲག་སྒོ་ལུང་པ་ནི་མུ་མཐའ་མེད་པའི་རྩྭ་ཐང་ཆེན་པོ་ཞིག་ཡིན་འདུག རྩྭ་རྩི་མེ་ཏོག་ཐོག་གི་ཟིལ་བ་ལས་འཆར་ཀའི་ཉི་འོད་འཚེར་ཞིང་ཟིལ་བ་དེ་དག་རྟ་ནོར་ལུག་གསུམ་གྱིས་ལྡག ངས་བལྟས་ན་ཁོ་ཚོས་ཟིལ་བ་འཐུང་གིན་པ་མིན་པར་ཟིལ་བའི་ངོས་ཀྱི་ཉི་འོད་འཐུང་གིན་འདུག རྟ་ནོར་ལུག་གསུམ་གྱི་གདོང་ལ་འཛུམ་གྱིས་རྟས། དེ་ནི་ཁོ་ཚོས་ཉི་འོད་ཀྱི་བྲོ་བ་ཚོར་བས་ཡིན། རྟ་ནོར་ལུག་གསུམ་གྱི་བདག་པོ་སྟེ་འབྲོག་མོ་མཛེས་མ་ཞིག་གིས་ལ་གཞས་དབྱངས་ཀྱིས་ལེན་བཞིན་སྐྲ་ལོ་ཤད་ཀྱིན་འདུག
ང་རང་རྩྭ་ཐང་དེའི་ཐོག་ཏུ་འགྲོ་དགོས།
འཚོ་བ་ནི་འདི་འདྲའི་མཛེས་ཤིང་སྡུག་ལ་རེ་བས་ཁེངས་པའི་མ་འོངས་པའི་ལམ་བུ་ཞིག་བྲག་སྒོ་རྩྭ་ཐང་དུ་འཐེན་འདུག དེ་ནི་ང་རང་འགྲོ་ས་ཡིན
༢༠༠༩ལོའི་ཟླ་༡ཚེས་པ་༣ཉིན།
སྔོན་མ་ངས་བྲག་སྒོ་ལུང་པ་ནི་རྩྭ་ཐང་ཆེན་པོ་ཡིན་པའི་ཉིན་ཐོ་འདི་འདྲ་ཞིག་བྲིས་མྱོང་བ་དྲན་རྒྱུ་མི་འདུག ཉིན་ཐོ་འདི་ཀློག་དུས་ལག་པས་རེག་མི་ཐུབ་སའི་སྒལ་ཚིགས་ཤིག་ལ་ཟ་འཕྲུག་རྒྱུག་གིན་པ་ཚོར། ཟ་འཕྲུག་དེ་རིམ་གྱིས་རྨ་རུ་འགྱུར་ནས་ངའི་ལུས་པོ་ཡོངས་རྨ་ཁས་ཁམ་མོ་གང་གིས་མིད་ལ་ཉེ།
སྐབས་དེར་ཟིན་བྲིས་ཀྱི་རྒྱབ་ཤའི་ངོས་སུ་བྲིས་ཡོད་པའི་གསེར་འོད་ཅན་གྱི་ཡི་གེ་དག་ངའི་མིག་ལམ་དུ་མངོན་ཡོང་། གསེར་འོད་ཀྱི་ཡི་གེ་དེ་དག་གི་ཡིག་གཟུགས་ནི་ཡིག་དཀར་རེད་འདུག ང་ཚོ་ཕ་ཡུལ་དུ་ཡིག་དཀར་འབྲི་ཤེས་མཁན་བླ་མ་ཚང་ལས་མེད།
“བུ། འདས་པོ། ཁྱོད་རང་འདས་ནས་ལོ་བརྒྱད་ཙམ་སོང་གཤིས། བར་དོ་མ་འཁྱམས་ལ། ད་ནི་ལས་ཀྱི་འབྲས་བུ་ལྟར་ལུས་བསྟན་བླངས་པའི་དུས་ལ་བབས་ཡོད། ལོ་བརྒྱད་རིང་ཀྱི་ཁྱོད་རང་གི་བླ་མ་དང་སློབ་མ། ཉེ་བ། མཛའ་བོ་མཛའ་མོ་ཡོད་ཚད་ཀྱང་ཁྱོད་རང་ནང་བཞིན་རང་ཉིད་ཀྱིས་རང་ཉིད་ཤི་ཚར་བ་མི་ཤེས་པའི་བར་དོའི་སེམས་ཅན་ཡིན་པས་ཞེ་འཁྲེང་མི་ཉན། ང་ལ་གུས་པས་གསོལ་བ་འདེབས་དང་། ངས་ཁྱོད་ཡར་འདྲེན་ཆོག”
ཡི་གེ་དེ་དག་ཀློག་གིན་ཀློག་གིན་ང་རང་ངུས། མིག་ཆུ་བར་མེད་དུ་ཟགས། ལག་པ་ཡར་བཀྱགས་ནས་མིག་ཆུ་འབྱིད་གྲབས་བྱས་ཀྱང་། མིག་ཆུ་ཕར་ཞོག་རང་ཉིད་ཀྱི་ངོ་གདོང་ཡང་ལག་པས་རེག་སར་མི་འདུག རང་ཉིད་ཀྱི་ལག་པ་ལ་ཞིབ་ལྟ་ཞིག་བྱས་དུས་ལག་པ་ཡང་མཐོང་སར་མི་འདུག
ང་ལ་ལུས་པོ་མི་འདུག ད་ནི་ངའི་མིག་གི་ཤེས་པས་མཐོང་ཐེངས་གཅིག་གིས་ཕྱོགས་བཞི་་མཚམས་བརྒྱད་མཐོང་ཐུབ་ཀྱི་འདུག ཅི་ཡང་མེད་པའི་ང་རང་བར་སྣང་དུ་ཡར་ལྡིང་ཞིང་ཅོག་ཙེ་དང་ཀ་བ། གྱང་། རྡོ་བ། ཤིང་སོགས་རྒྱུན་ལྡན་གྱི་དངོས་པོ་དག ད་ནི་ན་བུན་དང་འཇའ་ཚོན་ལ་གྱུར། ང་རང་དེ་དག་ལ་ཐོགས་པ་མེད་པར་བྲག་སྒོ་ལུང་གི་ཕྱོགས་སུ་འཕུར། དུས་རྒྱུན་སྐར་མ་སུམ་བཅུ་ཙམ་འགྲོ་དགོས་ཀྱང་ད་ལྟ་སྐད་ཅིག་ཉིད་ལ་གད་ཆད་ཁར་སླེབས།
གད་ཆད་ཁར་རྒྱམ་བློས་པར་ཆས་ཆེན་པོ་དེའི་པར་མིག་བྲག་སྒོ་ལུང་པའི་མུན་ནག་ལ་གཏོད་ཀྱིན“ཁྱོད་ཀྱིས་བཤད་པ་བལྟས་ན། མི་སུ་ཡང་ལུང་པ་འདི་རུ་འགྲོ་མི་ཐུབ་ཟེར། དེ་ན་ཁྱོད་ཀྱི་བུ་འདི་ནས་ལྕེབས་པ་ཅི་འདྲས་ཤེས”ཞེས་དྲིས།
ངའི་ཨ་ཕས“བུ་ག་སོང་ཆ་མེད་དུ་གྱུར་ཏེ་ཟླ་གཅིག་གི་རྗེས་སུ་ངས་བླ་མ་ཚང་ལ་ཕྱག་མོ་ཞིག་འདེབས་རོགས་ཞུས་པས་བླ་མས‘མོ་ཅི་ལ་འདེབས། ཁྱོད་ཀྱི་བུ་གད་ཆད་ནས་ལྕེབས་འདུག’ཅེས་གསུངས་བྱུང”ཞེས་ལབ།
ངས་ཁོ་གཉིས་ཀྱི་སྐད་ཆ་ལ་ཁ་ཡ་མ་བྱས་པར་གད་ཆད་ནས་བྲག་སྒོ་ལུང་པའི་ནང་དུ་འཕུར།
བྲག་སྒོ་ལུང་པའི་ནང་དུ་དཀར་ལྷང་ངེའི་རུས་པས་ཁེངས། ང་རང་རུས་པའི་ཁྲོད་དུ་ཡར་འགྲོ་མར་འགྲོ་བྱས་ནས་ལོ་ན་བཅུ་གསུམ་ཅན་གྱི་གཞོན་ནུ་ཞིག་གི་རུས་པ་འཚོལ།
གཞོན་ནུ་ཞིག་གི་རུས་པ་ཆ་ཚང་བྲག་ལ་རྒྱབ་བསྙེས་ནས་འདུག ཁོའི་ནག་ལྷང་ངེར་ཡོད་པའི་མིག་དོང་དེ་གནམ་ལ་གཏད་དེ། ཅི་ཞིག་ལ་ཅེར་བའི་ཚུལ་དུ་འདུག ངས་ཁོའི་ཀ་པར་སྐྱོན་ཡོད་མེད་ལྟ་དགོས་སྙམ་ཡང་ཁོའི་མིག་དོང་ནས་བྱེའུ་གཉིས་འུར་རེ་འདྲོགས་ཏེ་འཕུར་སོང་། ཁོའི་མགོ་རུས་ནང་སྒོ་ང་ཆུང་ཆུང་གསུམ་ཡོད་པ་ལས་གཞན་ཅི་ཡང་ལྷག་མི་འདུག སྒོ་ང་དེ་གསུམ་ནི་ཁོའི་ཀླད་པའི་སྐྱོན་དེ་ཡིན་ནམ།
རྣམ་ཤེས་བོར་བའི་རུས་པ་དཀར་པོའི་ཁྲོད་ཀྱི། ལྷག་སོང་བ་དང་འདྲ་བའི་ང་རང་གི་ཚེ་སྲོག་ན་བླུགས་པའི་སྡུག་ཡོད་ཚད། རྫིང་བུའི་ཁ་བརྟོལ་བ་བཞིན་ཕྱི་རུ་འཕྱུར།
“ཨ་འ། ཨ་འ།”
ལོ་ཉི་ཤུ་རྩ་གཉིས་ལ་ཟོན་པའི་ངའི་རྣམ་ཤེས་དེ་ལོ་བཅུ་གསུམ་ལས་མ་ཟིན་པའི་ངའི་རུས་པར་འཐམས་ནས་སྐད་ཤུགས་ཆེན་པོས་ངུས།
ཕྱོགས་བཞིར་བྲག་ཆ་ལྷང་ལྷང་མཆེད།
བྲག་ཆ་དེ་ནི་ངའི་ངུ་སྐད་རེད་མི་འདུག ནག་མོ་ཞིག་གིས་ང་རོ་རེད།
མོས“ཁྱོད་མ་ངུ། ཁྱོད་མ་ངུ”ཟེར།
“ཁྱོད་མ་ངུ་། ཨོ། ཁྱོད་མ་ངུ”
རྩོམ་སྒྲིག་པ། གངས་དགའ།
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།