ཁ་བ་ནག་པོ།

ཀླུ་སྨྱོན་ཧེ་རུ་ཀ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2017-10-20

ངོ་སྤྲོད་མདོར་བསྡུས།
《ཁ་བ་ནག་པོ》ཞེས་པའི་སྒྲུང་ཐུང་འདི་ནི་རྩོམ་པ་པོས་དུས་རབས་ཉི་ཤུ་བའི་ནང་དུ་བོད་ནང་དུ་ཡུམ་སྐད་ཀྱི་ལམ་ནས་བྲིས་ཏེ་བོད་ཡིག་གི་དུས་དེབ《གངས་རྒྱན་མེ་ཏོག》ཏུ་བཀོད་པ་དང་། དུས་རབས་འདིའི་ནང་དུ་བོད་ཀྱི་འཁྲབ་ཁྲིད་པ་པད་མ་ཚེ་བརྟན་ལགས་ཀྱིས་རྒྱ་ཡིག་ཏུ་བསྒྱུར་ནས་ལྷ་ས་ན་འདོན་སྤེལ་བྱེད་བཞིན་པའི《བོད་ཀྱི་རྩོམ་རིག》ཏུ་བཀོད་འདུག་ལ། ཉེ་ཆར་རྩོམ་པ་པོ་རང་ཉིད་དང་མི་གཞན་པ་རེ་ཟུང་མཉམ་འབྲེལ་གྱིས་དབྱིན་ཡིག་ཏུ་ཡང་བསྒྱུར་ཟིན། སྒྲུང་ཐུང་འདི་བརྒྱུད་དེ་རྩོམ་པ་པོས་རྟོག་གཞིག་གསར་རྙིང་གི་འཇིག་རྟེན་མི་འདྲ་བ་གཉིས་སུ་འགྲིམ་སྟེ། དེར་འཚོ་སྡོད་བྱེད་པའི་མི་སོ་སོའི་མཛེས་དཔྱོད་ཀྱི་མཐོང་སྣང་མི་འདྲ་བ་སྣ་ཚོགས་ཞིབ་འབྲི་བྱས་ནས་གནའ་དེང་ཤེས་རིག་གཉིས་རྐྱ་བཀར་ཅིང་ལྷན་དུ་བསྲེས་ཡོད་ལ། འཇིག་རྟེན་འདིའི་གྲུ་ཟུར་གང་རུང་ཞིག་ན་ལུས་པའི་གསང་བ་ལྐོག་གྱུར་གྱི་འདྲི་རྟགས་རེ་རེར་བསམ་གཞིག་བྱས་པ་བརྒྱུད། དོན་དམ་འཕྲུལ་སྣང་འབའ་ཞིག་གི་ངོ་བོར་གྲུབ་ཡོད་པ་གསལ་བཤད་བྱས་འདུག དེ་བས《ཁ་བ་ནག་པོ》ནི་བོད་ཀྱི་སེར་མོ་བས་བྲིས་པའི་སྒྱུ་འཕྲུལ་དངོས་ཡོད་རིང་ལུགས་ཀྱི་བརྩམས་སྒྲུང་ཐོག་མ་དེ་ཆགས་འདུག་པར་བསམས་སོ།། ཀླུ་སྨྱོན་གྱི་ནུ་བོ་གཟི་མིག་གསུམ་པས།

ཁོ་རང་རིན་གོང་དམའ་བའི་མགྲོན་ཁང་དེའི་སྒོར་བུད་ནས་སྒྱིད་ལུག་གི་གོམ་པ་སྤོ་བཞིན་ཁྲོམ་སྲང་དུ་ཉུལ། ཉིན་འདི་དག་གི་རིང་ལས་བཟོ་བ་ཡིན་མིན་ཐམས་ཅད་དེ་འདྲའི་བྲེལ་བ་ལ། སྔོན་ཆད་ཀྱི་རྫིག་ཉམས་ཅན་གྱི་མི་ཆེན་དེ་དག་གིས་ཀྱང་ཁུག་ཀྱོག་རེ་ན་ཚོང་རྫས་རྩག་རྩིག་རེ་བཤམས་ནས་ཁུ་སིམ་མེར་བསྡད་འདུག

དེ་རིང་གཟའ་ཉི་མ་ཡིན་པས་རྫོང་གློག་བརྙན་ཁང་ན་ཁ་བ་ནག་པོ་ཞེས་པའི་གློག་བརྙན་ཞིག་སྟོན་གྱིན་འདུག སྤ་སེ་འཚོང་མཁན་བུ་མོ་དེ་ཁོས་ངོ་ཤེས། ནམ་རྒྱུན་གཞན་ལ་མེད་པའི་ཁོའི་འཛུམ་མདངས་དེས་རིན་གོང་མཐོ་བའི་སྤ་སེ་གང་མང་ཞིག་ཉོས་མྱོང་། གློག་བརྙན་ལ་བལྟས་ནས་སྐར་མ་བཅུ་ཡང་མ་འགོར་བར་ཕྱི་རོལ་ནས་ཁ་བ་སག་སག་ཏུ་འབབ་པའི་སྒྲ་ཞིག་ཁོའི་རྣ་ལམ་དུ་ལྷུང་། ཁོ་རང་མྱུར་དུ་སྒོར་བུད་པ་ན། ཕྱི་རོལ་ཏུ་ཁ་བའི་འདབ་མ་མང་པོ་ངང་དཀར་གྱི་སྒྲོ་སྤུ་ཐོར་བ་ལྟར་གྲང་རླུང་གི་རྒྱུ་བ་དང་བསྟུན་ནས་དཀར་སབ་སིབ་ཏུ་འབབ་བཞིན་འདུག “ཁ་བ་ནག་པོ། ཁ་བ་དཀར་པོ། ཨ་ཙི།” ཁོས་མགོ་རྔ་མེད་པའི་ཆིག་ལབ་ཅིག་བརྒྱབ་རྗེས་ཁ་ཕྱིར་འཁོར་བ་ན། བློ་ཡུལ་ལས་འདས་པ་ཞིག་ལ། ཁོའི་མིག་མདུན་དུ་གློག་བརྙན་ཁང་ཟེར་བ་ཞིག་མེད་ལ་ཁ་བ་ནག་པོ་ཞེས་པའི་གློག་བརྙན་ནི་དེ་བས་ཀྱང་མི་འདུག དཀར་ཆེམ་ཆེམ་གྱི་ཁ་བ་ཁྲུ་གང་བབས་འདུག་པའི་ཐང་ཆེན་དང་རི་ཀླུང་གིས་ཁོར་རང་དབང་མེད་པར་གྲང་འདར་ཞིག་རྒྱག་ཏུ་བཅུག ཧ་ཅང་ཟབ་པའི་རྐང་རྗེས་ཟབ་མོ་ཞིག་ཁོའི་རྐང་འོག་ནས་གངས་སྨུག་གིས་བཏུམས་པའི་རྒྱང་རིང་གི་འཇིག་རྟེན་ཞིག་ཏུ་འཐེན་འདུག ཁོའི་སྙིང་གསེང་ལ་ཙག་ཤད་ཅིག་བརྒྱབ་ནས་རྐང་ལག་ཀྱང་སྦྲིད།

“ང་རང་འདིར་ཇི་ལྟར་བསླེབས་སམ།”

ཁོས་རྒྱང་རིང་གི་ཁངས་སྨུག་ཁྲོད་དུ་སྦྲ་ནག་ཅིག་དང་ནོར་ནག་འགའ་ཡོད་པ་མཐོང་བས། སེམས་སུ་སྤྲོ་བ་ཆེན་པོ་ཞིག་སྐྱེས་ཏེ་མྱུར་དུ་སྦྲ་ནག་དེའི་འགྲམ་དུ་བཅར། ཁོས་སྦྲ་སྒོ་ནས་ནང་དུ་བལྟས་པ་ན། སྦྲའི་སྟོད་དུ་སྟོད་ལྭ་གྱོན་མེད་ཅིང་ཤ་མདོག་སྨུག་པའི་སྐྱེས་པ་ཞིག་དང་བྱིས་པ་པང་བའི་བུད་མེད་ཅིག་གིས་སོམ་ཉིའི་མིག་མདའ་ཁོའི་ལུས་སྟེང་དུ་འཕེན་ཞོར་ཁམ་ཆེན་པོས་འོ་ཇ་འཐུང་བཞིན་འདུག “ཨ་ཁུ། ས་ཆ་འདི་གང་ཞིག་རེད། ཁྱེད་ཚོ།” ཁོས་མཆིལ་མ་མིད་ཞོར་དུ་དེ་སྐད་དྲིས་པ་ན། སྐྱེས་པ་དེས་རང་གི་སྐེ་ལ་བཏགས་པའི་མདོག་སྣ་ཚོགས་པའི་ཕྱག་མདུད་དང་སྲུང་འཁོར་དེ་དག་སྟོན་བཞིན། “ས་ཆ་འདི་གཡུ་ཐང་རེད། ང་ཚོ་བོད་མི་ཡིན། དབྱིན་སྐད་དུ་Tibetan ཧྥ་རན་སིའི་སྐད་དུ་་་ ་་་ རྒན་མོ། སྤྲང་རྒན་དེར་ཇ་གང་བླུགས་དང་” ཟེར་བ་ན། ཁོའི་སེམས་སུ་ལོ་ལྔའི་སྔོན་དུ་དངུལ་ཁང་ནང་བཅོལ་བའི་སྒོར་ཁྲི་ཉི་ཤུའི་འཛིན་བྱང་དེ་ལམ་ལམ་ཤར་བཞིན་ཁྲོ་བ་ཁོག་ཏུ་བཅུག་ནས་བསྡད། བུད་མེད་དེས་རླངས་པ་འཕྱུར་བཞིན་པའི་འོ་ཇ་དཀར་ཡོལ་གང་དང་རྩམ་པ་ཤིང་སྡེར་གང་ཁོའི་མདུན་དུ་བཞག་པ་ན། ཁོས་དཀར་སོབ་སོབ་ཀྱི་རྩམ་པ་མཐོང་མ་ཐག “ཁ་བ” ཞེས་སྐད་ཅོར་ཞིག་བརྒྱབ་པས། སྐྱེས་པ་དེས “སྤྲང་རྒན་འདི་ད་དུང་གཉིད་ལས་སད་མི་འདུག” ཟེར་ཞོར་ཐབ་འདབས་ཀྱི་མེ་ཐུར་བླངས་ནས་སྦྲ་ངོས་སུ་ལན་འགའ་བརྡུངས་པ་ན། དུད་དྲེགས་དང་ས་རྡུལ་འདྲེས་མ་ཞིག་གིས་སྦྲ་ནང་ཡོངས་སུ་གཏིབས་པས། ཁོས་དག་གཙང་གི་ལྭ་བར་འཛེམས་ནས་མཆོང་མ་ལྡིང་གིས་སྒོར་བུད་པ་ན། རྒྱབ་ཕྱོགས་ནས་སྐྱེས་པ་དེས་དམོད་མོ་བྱེད་པའི་སྐད་སྒྲ་ཁོའི་རྣ་ལམ་དུ་ཐད་གར་གྲག་འོང་། “སྤྲང་རྒན་དེས་གཉིད་མ་སད་གོང་ནས་གཙང་བཙོག ད་དུང་ཁ་བ་་་ ་་་ རྩམ་པ་ཡང་ངོས་མི་ཟིན། ཧ་ཧ་ཧ ་་་ ་་་” ཁོ་རང་ངུ་འདོད་ཀྱང་མིག་ཆུ་མེད།
ཁོ་བརྩམས་སྒྲུང་ཀློག་པར་ཧ་ཅང་དགའ། དངོས་ཡོད་དང་སྒྱུ་འཕྲུལ་གྱི་མི་སྣ་དེ་ཚོས་ཁོ་རང་མི་མིན་འདྲེ་མིན་ཞིག་ཏུ་བསྒྱུར་པས། ལས་ཁུངས་ཀྱི་མི་ཚང་མས་ཁོར་བཟུང་བའི་ལྟ་ཚུལ་ནི་ཧ་ཅང་རབ་རིབ་ཀྱི་གབ་ཚིག་ཅིག་དང་འདྲ། ཁོ་རང་སྨྱོན་པ་ཞིག་དང་འདྲ་བར་རྒྱང་རིང་དུ་འཐེན་པའི་རྐང་རྗེས་དེད་ནས་ཁ་བའི་ཁྲོད་དུ་བརྒྱུགས། ཡིད་ཀྱི་ཟུར་དུའང་མ་ཤར་བ་ཞིག་ལ། ཁོའི་ལས་གྲོགས་འགས་རླངས་འཁོར་ཆུང་ཆུང་ཞིག་བསྐོར་ནས་དེ་གར་ཡོང་སྟེ་ཁ་བའི་དཀྱིལ་གྱི་གཞུང་ལམ་སྟེང་དུ་ཁོར་བསྒུགས་འདུག ཁོའི་སྣང་བ་ཞིག་ལ་ཁོ་ཚོ་སྔར་ལས་རྒས་འདུག ཁོ་ཚོས་ཁོ་མཐོང་མ་ཐག་མགྲིན་གཅིག་ཏུ་སྐད་གདངས་ཅུང་དྲག་པོས། “ཁ་བའི་དཀར་ནག་མི་ཤེས་པའི་སྨྱོན་པ་ཁྱོད། ཁ་བའི་དཀར་ནག ་་་ ་་་” ཁོ་ཚོ་རླངས་འཁོར་ལ་བསྡད་ནས་ལམ་ལ་ཆས་ཤིང་། ཁོས་འོད་འགོག་ཤེལ་སྒོ་བརྒྱུད་ནས་བར་སྣང་དང་ས་གཞིར་བལྟས་པ་ན། ཁ་བ་ལྗང་ཁུ་དང་སྔོན་པོ་ཡང་མིག་ལམ་དུ་སྣང་བས། ཁོར་ཁོག་འདར་ཕྲན་བུ་ཞིག་རྒྱག་ཞོར་ད་སོ་མ་བྱུང་བའི་སྣང་ཚུལ་དེའི་བརྒྱུད་རིམ་ཁོ་ཚོར་བཤད་ཀྱང་། ལས་གྲོགས་ཚོས་རང་རང་ས་ནས་རྐང་ལག་ཕྱིད་པར་སྡུག་སྨྲོས་འདོན་པ་མ་གཏོགས་ཁོའི་སྐད་ཆར་དོ་སྣང་བྱེད་མཁན་གཅིག་ཀྱང་མ་བྱུང་། ཁོ་ཚོ་ལས་ཁུངས་སུ་བསླེབས་མ་ཐག་ཁོས་རྒྱལ་ཡོངས་ཀྱི་གློག་བརྙན་བཟོ་གྲྭ་ཡོད་ཚད་ལ་ཁ་པར་བརྒྱབ་ནས་ཁ་བ་ནག་པོ་ཞེས་པའི་གློག་བརྙན་ཞིག་འཁྲབས་མྱོང་མིན་དྲིས་པ་ན། པེ་ཅིང་གྲོང་ཁྱེར་གྱི་གློག་བརྙན་བཟོ་གྲྭ་ཞིག་གི་མགོ་གཙོས་ཁ་བ་ནག་པོ་ཞེས་པའི་གློག་བརྙན་ཞིག་འཁྲབ་སྦྱོར་བྱས་པ་ཁས་བླངས་ཀྱང་། གློག་བརྙན་དེའི་སྒྱུ་རྩལ་གྱི་ནུས་པའི་སྐོར་ནས་ཚིག་གཅིག་ཀྱང་བཤད་རྒྱུ་མི་འདུག་པས། ཁོས་དངན་པ་རིང་བོ་ཞིག་འཐེན་ཞོར་ཀླད་པའི་ནང་དུ་འདྲི་རྟགས་མང་པོ་སྐར་ཚོགས་བཞིན་འཚང་ཡོང་།
གཞུང་ལས་ཁང་གི་ནང་དུ། ལས་གྲོགས་ཚོས་གཅིག་ཁ་གཅིག་གིས་འཕྲོགས་ནས་ཁོ་རང་ལ་འཕྲད་པའི་དོན་རྐྱེན་དེར་ཚོད་དཔག་སྣ་ཚོགས་བྱེད་ཀྱིན་འདུག ཁོས་སྣང་མེད་དུ་མདུན་ཅོག་སྟེང་གི་སྒྲ་ཕབ་འཁོར་ལོའི་གློག་སྒོ་མནན་པ་ན། “ཁ་བར་རྣམ་ཤེས་ལྡན་ན། །སེམས་པ་དཀྲུགས་པ་མ་གནངས། ། ་་་ ་་་”

དྭངས་ཤིང་སྙན་པའི་གླུ་དབྱངས་ཀྱི་འགྱུར་ཁུག་དང་བསྟུན་ནས་ཁོ་ཚོ་རེ་རེའི་གདོང་གཤིས་ཀྱང་འགྱུར། ཁོ་དེ་མ་ཐག་སྒོར་བུད་དེ་གློག་བརྙན་གྱི་སྤ་སེ་འཚོང་བའི་བུ་མོ་དེ་འཚོལ་དུ་སོང་། ཁོས་ཟ་ཁང་དང་ཇ་ཁང་། བྲོ་ཁང་དང་བརྙན་འཕྲིན་ཁང་སོགས་སུ་ཉིན་ཧྲིལ་བོ་གསུམ་ལ་བཙལ་བཙལ་བའི་མཐར་སྐད་ཆ་ཞིག་ཐོས་པ་ནི། བུ་མོ་དེ་ཟླ་འགའི་སྔོན་གྱི་མཚན་མོ་ཞིག་ལ། ཁང་བརྩེགས་ཤིག་གི་སྒེའུ་ཁུང་ནས་ཁ་བའི་འོག་གི་མཚན་ལྗོངས་ལ་ལྟ་སྐབས། སྟབས་མ་ལེགས་པར་མར་ལྷུང་ནས་ཤ་ཉོག་རུས་ཉོག་ཏུ་སོང་ནས་ཚེ་ལས་འདས། ཕྱི་ཉིན་སྔ་མོར་ལམ་འགྲོ་བ་ཞིག་གིས་མཐོང་སྐབས། ཁོ་མོའི་བེམ་པོའི་སྟེང་དུ་ཁ་བ་ནག་པོ་རིམ་པ་ཞིག་ཆགས་འདུག་ལ། ཅུང་མ་འགོར་བར་ཞུ་ནས་ཤུལ་མེད་དུ་གྱུར་སོང་ཟེར།

ཁོ་རང་ཐམ་ཐོམ་ངང་ཕྱིར་ལོག་སྐབས། རྫོང་ཉེན་རྟོག་ཁང་གི་སྒོ་ཁར་མི་མང་པོ་ཞིག་གིས་སྦྱར་བྱང་ཞིག་ལ་ལྟ་བཞིན་འདུག་པས། ཁོ་ཡང་དེར་འཚངས་ནས་སྦྱར་ཡིག་དེར་བལྟས། “xརྫོང་མི་དམངས་ཁྲིམས་ཁང་གིས་ཟླ་འདིའི་ཚེས་བཞི་ཉིན་མིང་ཚབ་ལ་ཁ་བ་ནག་པོ་ཞེས་པའི་ཉེས་ཅན་***ལ་སྲོག་ཐོག་གི་ཉེས་ཆད་གཅོད་རྒྱུ་ཡིན། ཁོའི་ཉེས་པ་ཆུང་གྲས་ནི་མི་ལུས་ཀྱི་བ་སྤུ་བཞིན་མང་བས་འདིར་བགྲང་ཐབས་མི་འདུག ཉེས་པ་ལྕི་ཤོས་ནི་ཟླ་*ཚེས*དགོང་མོར། ཁོའི་དགའ་གྲོགས་***རྫོང་ནོར་སྲིད་སྡེ་ཁག་གི་ཐོག་ཁང་གི་སྒེའུ་ཁུང་ལས་དབྱུགས་ནས་ཚེ་སྲོག་བཅད་ཅིང་། ད་དུང་མི་སུས་བལྟས་པ་ཙམ་གྱིས་སྨྱོ་བར་འགྱུར་བའི་གློག་བརྙན་ཁ་བ་ནག་པོ་ཞེས་པ་ཞིག་ལྐོག་ཏུ་བསྟན་ནས་མི་དམངས་ཀྱི་ཚེ་སྲོག་ལ་གནོད་སྐྱོན་ཚབས་ཆེན་བཟོས། ་་་ ་་་”

ཁོ་རང་གོག་མ་ནུར་གྱིས་ཕྱིར་མལ་ཁང་དུ་བསླེབས་ཤིང་། མིག་ལམ་ནས་མེ་སྟག་མཆེད་ཅིང་སྙིང་སྟིག་སྟིག་ཏུ་ལྡིང་བའི་མོད་ལ། གློ་བུར་དུ་ཕྱི་རོལ་ནས་ཁ་བ་སག་སག་ཏུ་འབབ་པའི་སྒྲ་ཞིག་ཁོའི་རྣ་ལམ་དུ་ལྷུང་་་ ་་་

རྗེས་ཀྱི་ཚིག་འགའ།
སྤྱི་ལོ་༡༩༩༤ལོའི་དབྱར་ཁའི་ཕྱི་དྲོ་ཞིག་ལ། ང་དང་ངའི་ཕུ་བོ་རྒན་པ་ལྡོང་ཕྲུག ནུ་བོ་ཆུང་ཆུང་གཟི་མིག་གསུམ་པ་གསུམ་གྱིས་ལུག་ཤའི་འཐེན་ཐུག་ཅིག་འཐེན་རྗེས། སླ་ང་བཀྱགས་ནས་གྲྭ་ཤག་ཐེབས་ཆག་དེའི་རྭ་སྐོར་གྱི་དཀྱིལ་དུ་བཞག་སྟེ་འཐུང་མགོ་བརྩམས། སྐབས་དེར་ཕུ་བོ་ལྡོང་ཕྲུག་གིས་ཁོའི་གོམས་གཤིས་ཏེ་སྟོད་འགག་ཕུད་ནས་ལུས་སྟོད་དམར་ཧྲེང་མར་བསྡད་ནས་འཐེན་ཐུག་ཚ་བོ་བཏུངས། ངས་ལག་གི་ཕོར་བ་ཁ་རུ་འཁྱེར་གྲབ་བྱེད་དུས་གློ་བུར་དུ《ཁ་བ་ནག་པོ》ཞེས་པའི་བརྩམས་སྒྲུང་ཞིག་གི་བློས་བསླངས་ཡིད་ལ་ཤར་བས། དེ་མ་ཐག་ཡར་ལངས་ནས་ཤག་ཏུ་བརྒྱུགས་ཏེ་ཤོག་བུ་ཞིག་དང་སྨྱུ་གུ་ཞིག་ཁྱེར་ཡོང་ནས་སྒྲུང་ཐུང་འདི་མ་ཟིན་དུ་བཏབ་ཅིང་། ཐུག་པ་བཏུངས་ཚར་བ་དང་མཉམ་དུ་སྒྲུང་ཐུང་འདི་ཡང་མཇུག་གྲིལ། དེ་ནས་ཉིན་འགའི་རྗེས་སུ་ངས་དེ་མཚོ་ནུབ་ཁུལ་དུ་པར་སྐྲུན་བྱེད་བཞིན་ཡོད་པའི《གངས་རྒྱན་མེ་ཏོག》རྩོམ་སྒྲིག་ཁང་དུ་བསྐུར་པ་ཡིན་ལ། ཟླ་བ་རྗེས་མ་དེར་ང་རང་ཕྱི་རྒྱལ་དུ་སོང་། རྗེས་སུ་ཕུ་བོའི་འཕྲིན་ཡིག་ཅིག་ལས་སྒྲུང་ཐུང་དེ་གངས་རྒྱན་མེ་ཏོག་སྟེང་བཀོད་འདུག་ཟེར་ལ། ལོ་མང་རྗེས་སུ་ཕུ་བོས་ཡང་སྐྱར་འཕྲིན་ཡིག་ཅིག་བསྐུར་ནས་དེང་སྐབས་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གྲགས་ཅན་པད་མ་ཚེ་བརྟན་ལགས་ནས་སྒྲུང་ཐུང་དེ་རྒྱ་ཡིག་ཏུ་བསྒྱུར་ཏེ་ལྷ་སའི《བོད་ཀྱི་རྩོམ་རིག》དུས་དེབ་ཏུ་བཀོད་འདུག་ཟེར། དེ་ནས་ལོ་ཤས་རྗེས་སུ་འདི་གར་རྒྱ་རིགས་གྲོགས་མོ་ཞིག་གི་རོགས་རམ་འོག་སྒྲུང་ཐུང་འདི་དབྱིན་ཡིག་ཏུ་ཡང་བསྒྱུར་པ་ཡིན།

རྩོམ་སྒྲིག་པ། དབང་མོ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁ་བ་ནག་པོ།

2017-10-20 ཀླུ་སྨྱོན་ཧེ་རུ་ཀ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།