གཟའ་ཉི་མ།
༡
དེ་རིང་ནི་མི་ཚོགས་རླབས་ལྟར་འཕྱོ་བའི་གཟའ་ཉི་མ་རེད། ཁོ་བོས་ཉལ་ཐུལ་ཁུལ་ནས་བཙན་གྱིས་མགོ་བོ་དགྱེ་ཅི་ཐུབ་བྱས་མོད། ཕ་གིའི་སྒེའུ་ཁུང་དུ་གསལ་ལ་བསིལ་བ་སྟེར་བའི་འོད་ཐིགས་རེ་རེ་འཕྲོས་ཡོང་བས། མིག་ལམ་རབ་རིབ་རབ་རིབ་ཏུ་གྱུར།
དེ་ནས་ཆུ་ཚོད་བལྟས་མུར་འཆར་གཞི་ཉ་ཉོག་རེ་བློ་ལ་ཤར་ཡོང་། སྔ་དྲོར་དཔེ་ཁང་དུ་སོང་ན་སྙམ། བར་དུ་NBAབལྟ་དགོས་བསམ། ཞོར་ལ་སྤང་ལ་སོང་ནས་ལྷོད་གཡེང་བྱས་ན་འགྲིག བུ་མོ་ཞིག་དང་དུས་གདབ་ཀྱང་འདོད། དེ་མིན་ལྒང་ལི་རྩེ་རྒྱུ་སོགས་རིག་པ་མག་མོག་ཅིག་གིས་ཡར་བརྩེངས་ལ་སྐྲ་ཚུགས་བཟོ་བ་དང་མེ་ལོང་ལ་བལྟ་རྒྱུ་སོགས་རིམ་གྱིས་ཚགས། ཆུ་ཚོད་དགུ་བར་སླེབས་མ་ཐག་རེད། མགྱོགས་མྱུར་ངང་སུའུ་ཧྥེ་ཡི་འཇིག་རྟེན་(苏菲的世界)ཅེས་པ་དང་རྒྱ་སེ་ནག་པོ་(黑玫瑰)ཞེས་པའི་དེབ། སྦྲང་ཆར་དེབ་ཅིག་དང་ཟིན་བྲིས་འབྲི་འཕྲོ་མ་བཅས་དཔེ་ཁུག་ཏུ་བརྫངས་ཏེ་ལ་མ་ལངས། འགྲོ་ཞོར་དུ་དེ་རིང་དེབ་འདི་གསུམ་པོར་ཉུང་ཉུང་རེ་བལྟ་ཐུབ་དགོས་པའི་རེ་བ་ནན་མོ་རང་ལ་བཏོན། ཡིན་ན་ཡང་། དེ་ནི་རླུང་གིས་བསྐྱོད་པའི་ཁུར་མོང་བཞིན་མྱུར་དུ་གཏོར་བཤིག་དང་གས་ཆག་ཤོར་འགྲོ་བ་ཁོ་བོའི་སེམས་ན་ཁྲིགས་ཁྲིགས་རེད། སྡོད་ཁང་སྒོར་ཐོན་མ་ཐག་ཁ་ཐུམ་བརྒྱབས་པའི་ལས་ཀ་བ་རེ་ཟུང་ངལ་དུབ་ཀྱིས་ཚུར་ལ་འོང་། ལྕུག་མའི་གསེང་གི་བྱིའུ་འགས་ཀུ་ཅོ་སྒྲོག་གིན་ཁང་ཀླད་དུ་འཕུར། ཞག་གང་བོར་ངལ་བ་མྱངས་འདྲའི་ཁྱི་གུ་ཆ་མེད་དེས་ལྕེ་ནར་ནར་བསྲིང་གིན་རྒྱང་དུ་རྒྱུག
༢
ཁོ་བོས་རྩྭ་ཐང་གི་གཟའ་ཉི་མ་མེད་པའི་ཉིན་མོ་དག་དྲན་ཡོང་། རྩྭ་ཐང་ལ་མཚོན་ན་ནམ་རྒྱུན་ཁུ་སིམ་པོར་གནས་ལ་དགུང་ན་མཆེད་པའི་དུ་བའང་དལ་དལ་ལྷོད་ལྷོད་ཀྱིས་རྒྱུ། དེར་འཚོ་བའི་མི་རྣམས་ཀྱང་འགྲོས་དལ་ལ་དུས་རྒྱུན་མཉམ་དུ་འཛོམས་ནས་ཁ་བརྡ་གློད་དེ་ཉིན་ཡོལ་པར་དགའ། ལུག་རྫི་ཞིག་ཡིན་པའི་དབང་དུ་བཏང་ན། སྔ་མོར་ལངས་ནས་ངོ་སྟབས་བདེ་བཀྲུས་འཕྲོར། སློག་རལ་ཡངས་ཤུབས་བྱས་ནས་གོ་ཁར་བསྡད་དེ་ཇ་ཁོལ་རེག་བར་དུ་སྐད་གསེང་མཐོན་པོས་མ་ཎི་འདོན་ངེས། ཕྲེང་བ་བགྲང་ངེས། བར་དུ་རླངས་པ་ལྷོག་ལྷོག་འཕྱོ་བའི་འོ་ཇ་དཀར་ཡོལ་གང་མདུན་ལ་བཞག ཇ་ཁར་གཡེང་བའི་མར་ཞགས་ལ་ཕུ་རིང་རེ་འདེབས་ཀྱིན། གོ་རེ་ཇ་ལ་སྦངས་ནས་ཧུབ་འཐུང་བྱེད། དེ་ནས་དཀར་ཡོལ་མཐུལ་གྱི་རྩམ་པ་རྡོག་པོར་བརྫིས་ཏེ་བཟས་ལ་ལག་པས་ཁར་ལན་འགར་ཕྱིས་རྗེས། སྐ་རགས་དམ་པོར་བཅིངས་ཏེ་ཉིན་གཅིག་གི་འཚོ་བར”མདུད”མགོ་བརྩམས། དེ་ཙ་ན་ཞོགས་པའི་འོད་ཐིགས་རེ་རེ་རྡང་དུ་འཐེན་ལ་ལུག་རྫིས་ལ་མགོའི་ལུག་ཁྱུར་ཀི་རིང་ཞིག་བཏབ། ལག་པ་གཉིས་ལྟག་རྒྱབ་ཏུ་སྦྲེལ་ཏེ་གོམ་པ་འཁྱར་འཁྱོར་སྤོ་བསྟུན་སྒང་ལ་འགོས་འགྲོ། འབར་འབུར་མང་བོར་ལྟེབས་ཆག་བརྒྱབ་ལ་དབུགས་པ་ཧལ་ཧལ་ངང་འགྲོ་དགོས་ཀྱང་། བསམ་པའི་དྲན་ངོགས་སུ་དེ་རིང་ལུག་རྫི་གཞན་ཞིག་ལ་ཐུག་ན་སྙམ་ཡོད། ལྷག་པར་གསར་མོ་ཞིག་ལ་ཐུག་པར་སྨོན་ཡོད། གལ་ཏེ་གསར་མོ་ཞིག་ལ་ཐུག་ན་གླུ་ལེན་ཤགས་འགྱེད་དང་ཁ་ཁོག་མེད་པའི་སྐད་ཆ་མང་བོ་བྱོ་ཆོག དེ་ནི་གཅིག་གིས་གཅིག་ལ་བདག་ཏུ་འཛིན་པའི”བརྩེ་དུང་གི་འདས་མཆོད”མིན་པར། སང་ཉིན་རི་ལུང་གཞན་ཞིག་ཏུ་ལུག་རྫི་གཞན་ལ་འགྲོགས་ཏེ་ལུ་ལུ་རྒྱག་པ་དང་རི་གླུ་འཐེན་ཡང་ཕན་ཚུན་ལ་སེར་སྣ་མེད་པ་ཞིག དེའི་ཕྱིར་ལུག་རྫི་ཕོ་མོའི་བར་དུ་ཁ་བརྡ་མི་བྱེད་པའི་དཔེ་མེད། ཁ་བརྡ་བྱས་ནས་མཐུན་པོ་ཡོང་ན་ཉི་མ་མ་ནུབ་བར་དུ་སྤེན་གསེང་ཞིག་ཏུ་ལུས་འབྲེལ་བྱུང་བའང་མང་། ལུས་ཀྱིས་ན་ཟུག་ལྕི་ལ་སེམས་སུ་འཁང་ར་མང་བའི་སྐབས་དེ་དག་ནི་གནམ་རྒན་མར་གསལ་ལོ།། མེ་ཏོག་རྣམ་པར་བཀྲ་བ་དང་བསྡུར་ན་འཚོ་ཐབས་འདི་ནི་སྐྱ་ཐང་ངེར་གནས་ཀྱང་། ལུག་ཁྱིའི་འབའ་སྒྲས་ཁེབས་ལ་ཆུ་ཕྲན་རེ་རེའི་ཤག་སྒྲས་བཀག་པའི་མི་ཡུལ་འདིའི་གསང་སྒྲུང་མག་མོག གསར་བུ་ཞིག་ལ་ཐུག་ན་ལུག་ཁྱུའི་ཤ་ཤེད་གླེང་ལ། ད་ལོའི་རྩྭ་ཆུའི་བཟང་ངན་གླེང་། ཆུང་དུས་དཔའ་བོ་ཡིན་རབས་དང་ཕོ་ཉུལ་བྱེད་སྲོལ་སོགས་སྦ་གསང་མེད་པར་གླེང་དཔེ། སུ་ལ་ཡང་མ་ཐུག་ན། ཉི་མ་གཉའ་ལ་གོན་ཚེ་སློག་པ་མགོར་མནབས་ཏེ་ལུང་ཁུག་ཅིག་ཏུ་གཉིད། ལུག་རྫིར་མཚོན་ན་ཁོ་ལ་འགྲན་རྩོད་ཅི་ཡང་མེད། ལུག་ཁྱུར་སྤྱང་ཀི་མ་རྒྱུགས་ན་ཁོ་ལ་སེམས་ཚེགས་སྐྱེ་ས་གང་ན་ཡོད། དྲག་ཆར་འབབ་པ་དང་ལྷགས་རླུང་གཡུགས་པ་སོགས་མ་བྱུང་ན་ཁོ་ལ་དགྲ་བོ་ཞིག་ཀྱང་མེད།
རྩྭ་ཐང་གི་མི་ལ་རྩྭ་ཐང་ལས་ཁོད་ཡངས་པའི་སེམས་རྒྱ་ཞིག་ཡོད། ལུག་རྫིར་མཚོན་ན་ལུག་གྲངས་ནི་ཁ་དོག་དང་དབྱིབས་གཟུགས་གཉིས་ལས་ཤེས་ཡོང་། ལུང་བ་འདིར་མི་ག་ཚོད་ཡོད་པའང་རང་གི་ཆུང་མར་མངལ་ཆགས་པ་བཞིན་གསལ་ཆ་ཡོད། དེ་བས་ལུག་རྫིའི་མི་ཆ་མེད་མགྲོན་བསུ་བྱེད་པར་ཧ་ཅང་དགའ། མི་ཆ་མེད་རིག་ན་རང་གི་སྐྱེ་བ་སྔོན་མའི་དྲིན་ཅན་འཕྲད་པ་ལྟ་བུའི་མཚར་སྣང་དང་སྤྲོ་སྣང་གི་བརྟས། འཇིག་རྟེན་ཅི་ལྟར་ཆུང་ན་བརྩེ་བ་དེ་ལྟར་ཟབ་མོ་ཡོང་བ་དཔེ་རེད། འཇིག་རྟེན་འདིར་ཕོ་མོ་གཉིས་ལས་མེད་ན་དེ་གཉིས་བར་གཅིག་མེད་ན་གཅིག་སྡོད་མི་ཚུགས་པའི་བརྩེ་བ་འབྱུང་ཁོ་ཐག ཡིན་ཡང་། ལུག་རྫིར་མཚོན་ན་ལུག་འཚོ་བ་དང་ཁ་ཏོན་འདོན་རྒྱུ་ནི་མེད་མི་རུང་བ་ཡིན། གལ་ཏེ་ཉིན་ཞིག་ལ་ལུག་ཚར་སོང་ན། ཁོ་རང་ངེས་པར་དུ་ཕྱི་ལ་འགྲོ་དགོས། ཕྱིའི་ཟང་ཟིང་གི་གྲོང་ཁྱེར་ལ་འགྲོ་དགོས་ཚེ་ཁོར་མཚོན་ན་འཆི་ལམ་དུ་བཅུག་པ་དང་ཁྱད་མེད།
༣
ཉི་ཐིགས་རེ་རེ་ལྗོན་འདབ་དང་མེ་ཏོག་གི་རྩེ་ན་དོ་ཤལ་འཕྱང་བ་ལྟར་སྣང་། ཉི་འོད་ཀྱིས་བདས་ཡོང་བ་ལྟ་བུའི་མི་རྣམས་དཔེ་ཁང་གི་གཡས་གཡོན་ན་མགྱོགས་མྱུར་ངང་འགྲོ་བཞིན་གདའ། མང་བོ་ཞིག་སྔ་མོ་ནས་ངོ་སྡུག་སྡུག་ངང་དེ་རིང་གི་གནམ་གཤིས་ལ་མི་འཚམ་པའི་སྡིགས་དམེ་རླུང་ལ་སྤུར། ཁོ་བོས“རྟེན་འབྲེལ་མི་ལེགས”ཞེས་ཆིག་ལབ་རྒྱག་གིན་དཔེ་ཁང་དུ་འཛུལ། མི་མང་བོ་སྔ་མོ་ནས་ཐོན་ཡོད་ལ། འགའ་ཤས་ཀྱིས་མྱུར་མྱུར་ངང་མང་བོ་ཞིག་འབྲི་བཞིན་འདུག སྤང་ལ་མེ་མཆེད་པ་ལྟ་བུའི་བྲེལ་བ་བསླངས་ཡོང་། ཁ་ཤས་ཀྱིས་ཤེལ་མིག་ཕུད་དེ་དཔེ་ཆ་ལས་གཞན་མི་རིག་པར་བལྟས་ན། འཇིག་རྟེན་མང་བོ་ཞིག་གི་གསང་རྣམ་བསློགས་ཡོང་བ་འདྲ། སྐོར་ཅིག་ཆ་དང་ཆ་བྱས་ན་གསང་བ་ཤབ་ཤུབ་སྨྲ་བ་དང་འཛུམ་ཆུང་ལྷུག་ལྷུག་གྲོལ་བར་བལྟས་ན། ཐོད་པས་ཐོད་པར་གླན་ཆོག་ལ། སེམས་པས་སེམས་པ་གསོས་ཡོང་བའི་ཇ་ཁང་ཞིག་ཨེ་ཡིན་སྙམ།
ཁོ་བོས་འཚང་ཁའི་གསེང་ནས་འདུག་སྟེགས་ཤིག་རེག་བྱུང་། གམ་ན་མི་རིགས་གང་ཡིན་མི་ཤེས་པའི་བུ་མོ་ཞིག་བསྡད་ཡོད། ཁོ་མོས་ཚུར་ལ་བལྟས་ཙམ་གྱིས་ཕྱིར་འཁོར། ཁོ་བོས་ཅི་མི་སྙམ་པར་སུའུ་ཧྥེ་ཡི་ལྷག་འཕྲོ་རྫོགས་ཏེ། རིམ་གྱིས་ཀློག་ཞོར་བུ་མོ་དེར་ཅི་ཞིག་བཤད་འདོད་ཀྱི་བློ་སྐྱེས། “ཆེད་ལས་ཅི་ཞིག་ཡིན། དཔེ་ཆ་ཀློག་རྒྱུ་དགའ་པོ་ཡོད་དམ། དགའ་ཕྱོགས་ག་རེ་ཡོད། གཟའ་ཉི་མར་སྒོར་མི་འགྲོ་དོན་ཅི”སོགས་སྐད་ཆ་དེ་ཚོ་བསྟུད་མར་ཞེ་ཡོང་ལ། སྔོན་ལ་གང་ལབ་དགོས་པའང་མ་ཤེས་པར་འདང་རྒྱག་ཏུ་ལྷུང་། མོའི་མདུན་ན་དེབ་མང་བོ་མེད། འབྲི་དེབ་སྲབ་བུ་ཞིག་དང་ཁ་བྱང་མི་གསལ་བའི་དཔེ་རྙིང་ཞིག་བཞག་འདུག སྐབས་དེར་མོས་ཅི་ཞིག་འབྲི་བའི་སྒང་རེད། ཁོ་བོས་མིག་ཟུར་གྱིས་མོའི་ད་སོ་མ་བཀྲུས་པ་ལྟ་བུའི་སྐྲ་ལོ་སྣུམ་ཞིང་སེེར་ཞད་ཆེ་བ་ནས་འཕོངས་ཚོས་མན་ཆད་རགས་བལྟ་ཙམ་བྱས། ལྭ་བ་ཧ་ཅང་སྲབ་མོ་གོན་ཡོད་པས་མོའི་ཉེ་སར་བཅར་ཡང་བསམ། ཡང་མོས་ཤེས་པར་དོགས་ནས་སྐྲག་སྣང་སྐྱེས། ཁ་ངོར་བྱུགས་སྐགས་ཤེས་མི་ཤེས་ཤིག་བྱུགས་ཡོད་པ་དང་ལུས་ན་དྲི་མ་གང་ཡང་འཐུལ་རྒྱུ་མེད། ལྭ་བ་སྤྱིར་བཏང་ཞིག་གོན་ཡོད་པར་དཔག་ན། མོ་ནི་དཔེ་ཆ་ཀློག་པར་དགའ་ལ་ཁ་བརྡ་ཡོད་པའི་བུ་མོ་ཞིག་རེད་སྙམ་པས་ཚོར་བ་ངང་གིས་བྱིན། དེ་འདྲ་ཞིག་ཡིན་ན། ངས་མོར་ང་ཡང་དེ་འདྲ་ཞིག་ཡིན། ང་ནི་དཔེ་ཆ་བལྟས་འཕྲོར་ཁ་བརྡ་གློད་རྒྱུ་ཞེ་དྲག་དགའ་པོ་ཡོད། ངས་བུ་མོ་དེ་འདྲ་ཞིག་ཀྱང་ལོ་དང་ཟླ་བ་བརྩེགས་ནས་འཚོལ་བཞིན་པ་མོར་ཤེས་སུ་བཅུག་ན་འགྲིག ཚོད་ཚོད་དུ་ང་ལ་ལས་འཕྲོ་རྙེེད་པའི་ཚོར་བ་བྱུང་། ཡིན་ཡང་ངས་སྐད་ཆ་གཅིག་ཀྱང་བཤད་མ་ཕོད། སྐབས་རེར་མོས་ཟུར་མིག་གིས་ང་ལ་ལྟ་བར་སྣང་ཡང་སྒོ་ཕྱེས་ནས་ནང་ལ་འཛུལ་ཡོང་བའི་མི་དེ་ཚོར་ལྟ་བ་ཡང་འདྲ། དེ་ཚོར་ལྟ་བ་ཡིན་ན་མོས་ཅི་ཞིག་ལ་བསྒུག་པ་ཡིན་ནམ། དེ་སུ་ཡིན་ནམ།་་་་་་་
སྐབས་ཤིག་ལ་ངས་མོའི་གདོང་ལ་ལྐོག་ལྟ་ཡག་པོ་ཞིག་བྱེད་ཐུབ་སོང་། དེ་འདྲའི་དཀར་རྒྱུ་མེད་ལ་སྨུག་ཞད་ཆེ་ཞིང་ཁ་ན་སྨེ་ཤ་ཆུང་ངུ་ཅན་ཞིག་རེད། མཚམས་མཚམས་སུ་མོའི་ཐོད་པར་མདུད་པ་བརྒྱབ་ཏེ་བསམ་གཞིག་གཏོང་ཡུན་རིང་པོ་གདའ། ངའི་འདོད་པའི་རྟ་ཕོ་བང་གིས་བརྒྱུགས་ལ། འུ་གཉིས་ལ་ཅིས་ཀྱང་ཐུན་མོང་གི་སྐད་ཆ་མང་བོ་ཡོད་པར་སྙམ། དཔེ་བཞག་ན་མོའི་བསམ་གཞིག་གི་ངང་ཚུལ་དེ། མོའི་བབ་ཆགས་ཀྱི་འདུག་སྟངས་དེ། མོའི་རྒྱུན་ལྡན་གྱི་བལྟ་སྟངས་དེ། དེ་ཚོ་ནི་དཔེ་ཆ་ཀློག་པར་དགའ་བའི་བུ་མོ་ཞིག་དང་རྩོམ་རིག་ལ་དགའ་བའི་བུ་མོ་ཞིག་གི་ཆ་བྱད་རེད། བག་ལ་ཞ་ཞིང་ཧ་ཅང་ཡིད་འཕྲོག་གི་ཆ་དེ་ངའི་ནང་སེམས་ལ་བབས་ཡོང་། བར་དུ་ངས་མོས་འབྲི་བཞིན་པ་ཅི་ཞིག་ཡིན་པར་འདང་བརྒྱབ། གང་ལ་ཡང་ལྟ་མི་དགོས་པ་བལྟས་ན་མོས་ཅི་ཞིག་བློར་འབྲི་བ་ཡིན་ནམ། དལ་མོ་ཡིན་པར་བལྟས་ན་མོས་རྩོམ་ཐུང་ཞིག་འབྲི་བ་ཡིན་ནམ། དེ་འདྲ་ཡིན་ན། ང་ནི་མོའི་ཆེས་ཐོག་མའི་ཀློག་པ་པོ་བྱ་སྙམ་པ་མོས་ཤེས་ན་ཅི་འདྲའི་སྐྱིད། བར་དུ་མོས་ལག་པ་ཡར་བཀྱགས་ཏེ་མདུན་གྱི་དཔེ་རྙིང་མར་བླངས། མིག་ལམ་དང་ལག་བར་དུ་གཏན་དུ”ཐར”ཆེ་མྱོང་འདྲ་བའི་རྒྱབ་ཤོག་ཐེད་པོ་ཡུན་གྱིས་རྫོགས་པ་ན། ངའི་མདུན་དུ་ཡིག་འབྲུ་ནག་པོ་འགའ་ཤེད་ཀྱིས་ལྡིང་ཡོང་། སུའུ་ཧྥེ་ཡི་འཇིག་རྟེན་ཅེས་པའོ།།
༢༠༡༨/༤/༢༡
རྩོམ་སྒྲིག་པ། གངས་དགའ།
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།