འཁྱམ་རུ་གནམ་ལྷ་རྒྱལ་གྱི་སྒྲུང་ཐུང་། 《གཅེས་ཕྲུག》
བུད་མེད་ཀྱིས་གཅེས་ཕྲུག་ཁྲིད་ནས་ཕྱི་རོལ་ལ་ཁམས་སངས་གོམ་བསྐྱོད་དུ་ཕྱིན། ཉི་མ་ནུབ་རིར་ཡོལ་ལ་ཉེ། གནམ་གཤིས་ཧ་ཅང་འཇམ། དུས་སྐབས་འདིར། བུད་མེད་དེ་དང་འདྲ་བའི་བུད་མེད་གཞན་དག་གིས་ཀྱང་རང་རང་གི་གཅེས་ཕྲུག་ཁྲིད་དེ་ཁམས་སངས་གོམ་བསྐྱོད་བྱེད་པར་དགའ། གཅེས་ཕྲུག་ཚོ་ཇི་འདྲའི་སྙིང་དུ་སྡུག་ཨང་། མ་གཞི་ཚེ་སྲོག་ནི་ཡིད་དུ་འོང་བ་ཞིག་ཡིན་ལ། ཡུན་གྱིས་ན་སྨིན་ཅིང་ནར་སོན་པའི་གོ་རིམ་ནི་མཛེས་སྡུག་ཅིག་དང་བདེ་སྐྱིད་ཅིག་ཅི་ལ་མིན།
བུད་མེད་ནི་རང་གི་གཅེས་ཕྲུག་ལ་འདང་རྩིས་ཤིན་ཏུ་ཆེ། དེའང་ལོས་ཡིན། འཇིག་རྟེན་གྱི་ཨ་མ་སུ་ཞིག་རང་གི་གཅེས་ཕྲུག་ལ་འདང་རྩིས་མི་ཆེའམ། གཅེས་ཕྲུག་སྔ་མོ་ནས་འགྲེང་སྟབས་ཀྱིས་འགྲོ་ཐུབ་ལ། པྲ་ཆལ་ཆེ་བས་ནམ་རྒྱུན་བུད་མེད་ཀྱི་གཡས་གཡོན་དུ་ཡར་རྒྱུག་མར་རྒྱུག་བྱེད། བུད་མེད་ཀྱིས་དུས་དང་རྣམ་པ་ཀུན་དུ་གཅེས་ཕྲུག་གི་འགྲོ་འདུག་སྤྱོད་གསུམ་ལ་དཀར་རྩེ་འབྲུག་མ་བཞིན་མིག་གིས་འཚོ་བཞིན་ཡོད། ད་ལྟ། གཅེས་ཕྲུག་ནི་མོའི་བརྩེ་བ་བཅོལ་ས་ཉག་གཅིག་ཏུ་གྱུར་ཡོད་སྟབས། མོ་དུས་ཚོད་སྐར་ཆ་གཅིག་ལའང་གཅེས་ཕྲུག་དང་ཁ་འབྲལ་མི་ཕོད། འོ། མོ་ལ་ད་དུང་བུ་ཆུང་ཞིག་ཀྱང་ཡོད་མོད། འོན་ཀྱང་བུ་ཆུང་དེ་རང་དང་ཁ་ཐག་ཤིན་ཏུ་རིང་བའི་རྒྱལ་ཁབ་གཞན་ཞིག་ཏུ་སློབ་གཉེར་བྱེད་བཞིན་ཡོད་པས། མ་བུ་གཉིས་ལྷན་འཛོམས་ཀྱི་དུས་ཤིག་ཡོད་རེ་སྐན། ཡིན་ཡང་བུད་མེད་ཀྱིས་དེར་འཁང་ར་ཅི་ཡང་བྱེད་ཀྱིན་མེད། རྒྱུ་མཚན་ནི་རང་ལ་ད་དུང་སྙིང་དུ་སྡུག་པའི་གཅེས་ཕྲུག་ཡོད་པས་མ་ཡིན་ནམ།
“གཅེས་ཕྲུག ཤོག ཨ་མར་ཤོག”
གཅེས་ཕྲུག་ངོ་མ་པྲ་ཆལ་ཞིག་རེད་ཨང་། ཨ་མའི་གམ་དུ་སྐར་ཆ་གཅིག་ལའང་མི་འདུག་པར། ལམ་དཀྱིལ་དུ་ཕར་རྒྱུག་ཚུར་རྒྱུག་བྱེད་ཅིང་། མི་ཆ་མེད་རྒྱུས་མེད་སུ་ལ་ཕྲད་ཀྱང་འཛེམ་དོགས་ཅི་ཡང་མི་བྱེད་པར་ཁོ་ཚོའི་རྐང་པར་རེག་ཅིང་རྗེས་སུ་བསྙེགས། ལན་རེར་རང་ན་མཉམ་གྱི་གཅེས་ཕྲུག་གཞན་གྱི་ཉེ་སར་བཅར་ཏེ་རྩེད་མོ་སྣ་ཚོགས་ཀྱི་ལས་ལ་རོལ་ནས་མཚམས་མི་འཇོག གཅེས་ཕྲུག་ཚོ་དེ་ལྟར་རྩེད་འཇོ་ལ་རོལ་དུས། བུད་མེད་ཀྱིས་ཇི་ལྟར་བོས་ནའང་གཅེས་ཕྲུག་གིས་ཨ་མའི་ཕྱོགས་སུ་ལྟ་ཙམ་ཡང་མི་བྱེད།
“གཅེས་ཕྲུག ཤོག ད་འགྲོ” བུད་མེད་ཀྱིས་སྐད་མགོ་ཇེ་མཐོར་བཏང་།
གཅེས་ཕྲུག་ད་གཟོད་དགའ་ལྷང་ལྷང་གིས་ཨ་མའི་ཕྱོགས་སུ་ཤུགས་ཀྱིས་རྒྱུགས་འོང་། གཅེས་ཕྲུག་ཨ་མའི་ཕྱོགས་སུ་རྒྱུགས་པའི་རྣམ་པ་དེ་དངོས་གནས་སེམས་འགུལ་ཐེབས་པ་ཞིག་རེད། འཇིག་རྟེན་ན་དྭ་ཕྲུག་མང་དྲགས་པས། དེ་ཚོ་དང་བསྡུར་ན་གཅེས་ཕྲུག་འདི་ཉིད་ཇི་འདྲའི་བདེ་སྐྱིད་ལྡན་ཞིང་བསོད་ནམས་ཆེ་བ་ཞིག་རེད་ཨང་།
བུད་མེད་ཀྱིས་གཅེས་ཕྲུག་ཁྲིད་ནས་རང་ཁྱིམ་དུ་བསླེབས།
བུད་མེད་ཀྱི་ཁྱོ་གས་རང་ཁྱིམ་ན་ལས་ཀ་གང་ཞིག་གཟབ་ནན་གྱིས་སྒྲུབ་བཞིན་ཡོད་ལ། ནམ་རྒྱུན་དང་འདྲ་བར། བུད་མེད་དང་གཅེས་ཕྲུག་གཉིས་ཁྱིམ་དུ་སླེབས་ཀྱང་། ཁོས་ཁ་ཡ་ཙམ་ཡང་མི་བྱེད་པར་འདུག
“ཁྱོད་ཀྱིས་གཅེས་ཕྲུག་ལ་ཁ་ཡ་མི་བྱེད་དོན་ཅི་ཡིན།”བུད་མེད་དེ་མ་ཐག་ཡི་མ་རངས་པར་གྱུར།
ཁྱོ་ག་སྔར་བཞིན་ལས་ཀ་གང་དེར་གཟབ་ནན་གྱིས་འཇུག་བཞིན་མཆི།
སྐབས་ཤིག་ལ། གཅེས་ཕྲུག་ཅི་མི་སྙམ་པར་ཁྱོ་གའི་གམ་དུ་སོང་ཙ་ན། ཁྱོ་གས་ཧ་ཅང་སུན་མདོག་གི་རྣམ་འགྱུར་ཞིག་སྟོན་བཞིན་གཅེས་ཕྲུག་ལ་“ཕར་སོང”ཞེས་བརྗོད། གཅེས་ཕྲུག་གིས་ཀྱང་ཅི་ཞིག་གི་ནང་དོན་རྟོགས་པ་ལྟར་འཕྲལ་མར་ཕྱིར་བུད་མེད་ཀྱི་ཕྱོགས་སུ་རྒྱུགས།
ཁྱོ་ག་གཅེས་ཕྲུག་ལ་མི་དགའ་དོན་བུད་མེད་ཀྱིས་གསལ་བོར་ཤེས་ཏེ། ཁོ་ནི་གཅེས་ཕྲུག་གི་ཨ་ཕ་ངོ་མ་དེ་མིན། ཕྱི་རྒྱལ་ན་སློབ་གཉེར་བྱེད་བཞིན་པའི་བུ་ཆུང་ནི་ད་གཟོད་ཁོའི་ཤ་ལས་ཆད་པའི་གཅེས་ཕྲུག་ཡིན།
དེ་ལྟར་ཡིན་ནའང་། མིག་མདུན་གྱི་གཅེས་ཕྲུག་འདི་ནི་མོའི་བརྩེ་བ་བཅོལ་ས་ཉག་གཅིག་ཡིན་པས། བུད་མེད་ཀྱི་སེམས་སུ་ཁྱོ་ག་ངེས་པར་གཅེས་ཕྲུག་འདི་ལ་དགའ་ན་འགྲིག་སྙམ།
“ཁྱོད་ཀྱིས་གཅེས་ཕྲུག་ལ་མ་གཅེས་པ་ཡིན་ན། ང་ལ་མ་གཅེས་པ་དང་ཁྱད་མེད། ང་ལ་མ་གཅེས་པ་ཡིན་ན། ཁྱིམ་ཚང་འདི་ལ་མ་གཅེས་པ་དང་ཅི་ཁྱད།”བུད་མེད་ཅུང་ཁོང་ཁྲོ་ལངས་འདུག
ཁྱོ་གས་བུད་མེད་ལ་སྡང་མིག་ཅིག་བསྟན་རྗེས། ཁ་ཅི་ཡང་མ་གྲགས་པར་སྔར་བཞིན་རང་གི་ལས་ཀ་སྒྲུབ་འགོ་བརྩམས། ཁྱོ་གའི་སྡང་མིག་དེ་ལ་ནང་དོན་གྱིས་ཁེངས་འདུག དེའི་ནང་དོན་བུད་མེད་ཀྱིས་གསལ་བོར་རྟོགས་ཐུབ།
ཕལ་ཆེར་ཐོག་མ་ནས་རང་ཉིད་འཕྱུག་སོང་བ་འདྲ། བུད་མེད་ཀྱི་སེམས་སུ་དེ་ལྟར་བསམས།
“གལ་སྲིད་ང་འཕྱུག་སོང་ན། འུ་གཉིས་ཀྱིས་ཡང་བསྐྱར་བྱིས་པ་ཞིག་བཙའ།” བུད་མེད་ཀྱིས་དེ་ལྟར་བརྗོད།
ཁྱོ་གས་སླར་ཡང་བུད་མེད་ལ་སྡང་མིག་ཅིག་བསྟན།
སྡང་མིག་དེའི་ནང་དོན་ནི་གཞན་ཞིག་ཡིན་ཏེ། དེའང་བུད་མེད་ཀྱིས་གསལ་ལེར་རྟོགས་ཐུབ། མོས་སྐད་ཆ་དེ་ཐེངས་མང་པོར་བརྗོད་མྱོང་མོད། འོན་ཀྱང་ཁྱོ་ག་བྱིས་པ་བཙའ་རྒྱུར་མོས་འཐད་མིན་པའི་བསམ་ཚུལ་དེར་མོ་ཡང་འཐད་པ་བྱུང་ཡོད། ཡིན་ཡང་། ཁྱོ་གས་ནམ་རྒྱུན་གཅེས་ཕྲུག་ལ་“ཕར་སོང” “གདོན་ཕྲུག” “ལན་ཆགས་འདི”ཞེས་བརྗོད་པའི་སྐབས་ཐོག་དེར། བུད་མེད་ཀྱི་སེམས་པ་འཁྱག་ཤུར་ཤུར་བྱེད་ཅིང་། མོ་ལ་ཡང་བསྐྱར་བྱིས་པ་ཞིག་བཙའ་བའི་འདུན་པ་དྲག་ཏུ་ཁོལ་ཡོང་།
འོན་ཀྱང་། ཁྱོ་ག་ནི་གཅེས་ཕྲུག་ལ་ཇི་ལྟར་མི་དགའ་ཡང་། བུད་མེད་ཀྱིས་དེའི་ཕྱིར་དུ་ཁྱོ་ག་དང་ཁ་འཛིང་ཞེ་འཛིང་བྱེད་མི་སྲིད། སྐབས་རེར་མོས་འདི་ལྟར་གླེན་འདང་ཡང་རྒྱག་སྟེ། གལ་སྲིད་ཁྱོ་ག་རང་ཉིད་ནང་བཞིན་གཅེས་ཕྲུག་ལ་ཧ་ཅང་དགའ་ཞིང་དུང་ན། དེ་ནི་ཁོ་གཉིས་ཀྱི་བདེ་སྐྱིད་ཅིག་ཅི་ལ་མིན་ཨང་།
མཚན་མོ་དེར། ཁྱོ་གས་རང་གི་ལས་ཀ་གྲུབ་རྗེས་སྔ་མོ་ནས་གཉིད་དུ་ཡུར།
བུད་མེད་ཀྱིས་གཅེས་ཕྲུག་པང་དུ་བཟུང་ནས་ཡུན་རིང་ལ་གཉིད་མ་ཁུག མོས་གཅེས་ཕྲུག་གི་མགོ་བོར་བྱིལ་བྱིལ་བྱེད་བཞིན་ཟླ་འགའི་ཡར་སྔོན་དུ་རང་གིས་གཅེས་ཕྲུག་ཁྱེར་ཏེ་དགའ་
ལྷང་ལྷང་གིས་ཕྱིར་ཁྱིམ་དུ་སླེབས་པའི་དོན་དག་དེ་ཝ་ལེར་དྲན་བྱུང་།
“དེ་ཅི་ཞིག་རེད།”ཉིན་དེར་བུད་མེད་ཀྱིས་གཅེས་ཕྲུག་པང་སྟེ་ཁྱིམ་དུ་འབྱོར་མ་ཐག ཁྱོ་གས་མཚར་སྣང་དང་བཅས་དེ་ལྟར་དྲིས།
“ངས་ཉོས་པ་ཡིན།”
“དེ་ཉོས་ནས་ཅི་བྱ།” ཁྱོ་ག་ཁོང་ཁྲོ་ལངས་བྱུང་།
“མི་ཞིག་གིས་འཚོང་གིན་འདུག འདི་དྭ་ཕྲུག་ཅིག་རེད།”
“སྒོར་ག་ཚོད་བྱིན་ཏེ་ཉོས་པ་ཡིན།” ཁྱོ་གས་སྡིགས་མོ་གཏོང་འགོ་བརྩམས་བྱུང་།
བུད་མེད་ཀྱིས་ཁྱི་གུ་ཆུང་ཆུང་དེའི་མགོ་ལ་བྱིལ་བྱིལ་བྱེད་བཞིན་འདི་ལྟར་ལན་བཏབ།
“སྒོར་ལྔ་བཅུ།”
2018/6/1ཉིན་བཟོ་བཅོས་ཐེངས་གཉིས་པ་བརྒྱབ།
རྩོམ་སྒྲིག་པ། གངས་དགའ།
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།