ཚེ་རིང་དོན་གྲུབ་ཀྱི་བརྩམས་སྒྲུང་། 《ཝ་ནག་ལུང་བ》

ཚེ་རིང་དོན་གྲུབ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2018-06-10

《ཝ་ནག་ལུང་བ》ཞེས་པའི་བརྩམས་སྒྲུང་འདི་དང་པོ2012ལོའི《སྦྲང་ཆར》དེབ་བཞི་བར་སྤེལ་ཅིང་། 2014ལོའི《མི་རིགས་ཀྱི་རྩོམ་རིག》དེབ་དང་པོར་བརྒྱུད་འགོད་བྱས། བརྩམས་སྒྲུང་འདི་དབྱིན་ཇི་དང་ཧྥ་རན་སི། ཉི་ཧོང་། རྒྱ་ནག སོག་པོ་སོགས་ཀྱི་ཡི་གེར་བསྒྱུར་ཡོད་པར་མ་ཟད་ད་དུང་ཡིག་རིགས་མང་པོར་སྒྱུར་བཞིན་ཡོད་པ་དང་། སློབ་ཆེན་ཁག་ཏུ་འཆད་ཁྲིད་དང་བགྲོ་གླེང་བྱེད་བཞིན་ཡོད་པ། དྲ་བ་དང་འཕྲིན་སྟེགས་སྣ་སོགས་སུ་ཡང་ཡང་སྤེལ་བཞིན་པ་སོགས་མདོར་ན་ཉེ་བའི་ལོ་འགའི་རིང་ཤུགས་རྐྱེན་ཆེས་ཆེ་བའི་བརྩམས་སྒྲུང་ཞིག་ཡིན་པས་ད་རེས་རྩོམ་མཁན་གྱི་ཆོག་མཆན་བརྒྱུད་ངེད་དྲ་བར་སྤེལ་བ་དགེའོ། །

             གཅིག

རྩེ་གཞུང་རྫོང་མཁར་དང་སྤྱི་ལེ་དྲུག་ཅུ་ཙམ་གྱི་བྱང་ཕྱོགས་ན། ལབ་ཙེ་ཆུང་ཆུང་ཞིག་དང་དར་ལྕོག་འགའ་འཐེན་ཡོད་པའི་ཉག་ག་ཞིག་ཡོད་ལ། ཉག་ག་དེ་ནས་ཕར་བལྟས་ན་ཁ་བྱང་ཕྱོགས་སུ་འཁོར་བའི་ལུང་བ་ཞིག་ཡོད་པ་དེར་རྩྭ་སྣ་མང་ཞིང་རྩྭ་རྫོང་མཐུག་པ། ལུང་རྐེད་ན་འདམ་ར་ལུག་ལྷས་ཙམ་ཞིག་ཡོད་པ་དེ་རུ་ག་ས་ག་ནས་ཆུ་མིག་མང་བོ་བརྡོལ་ཅིང་ཕན་ཚུན་འདྲེས་ཏེ་ཆུ་ཕྲན་དྭངས་མོ་ཞིག་ལུང་དཀྱིལ་བརྒྱུད་ནས་བཞུར་བཞིན་ཡོད། སྤྱི་ཟླ་བདུན་པ་དང་བརྒྱད་པའི་དུས་སུ་ལུང་བའི་མགོ་སྟོད་དུ་སྨག་ཤད་དང་། སྤེན་དཀར། སྤེན་ནག སུ་རུ་སོགས་ཚང་ཚིང་སྡོང་ཕྲན་གྱི་མགོ་ལ་མེ་ཏོག་སྣ་ཚོགས་བཞད་པ་དང་། སྒང་རྒྱུད་དུ་སྤྲ་དང་རེ་ལྕག་ཆུན་པོ་དང་ཆུན་པོར་སྐྱེ་བ། སྟོན་དུས་སུ་སྤང་རྒྱན་བཞད་པ། ལུང་དཀྱིལ་གྱི་ཆུ་ཕྲན་དེའི་འགྲམ་གཉིས་སུ་བོང་སེར་དང་ལུག་རུ་སེར་པོ། མ་ནིང་གླང་སྣ། སྔོ་ཁྱུང་སྡེར་སྨུག་པོ་སོགས་བཞད་པ། ལུང་མཐིལ་གྱི་བདེ་ཐང་སྤང་གཞོང་དུ་རི་ཤོ་དང་རམ་བུ། རྟ་ལྤགས་པ། སྔོ་ཁྱུང་སྡེར་དཀར་པོ། ཀྱི་ལྕེ་དཀར་ནག ལུག་མིག་དཀར་སྔོ། ཁུར་མོང་། མཁན་དཀར། གྲོ་མ། གཞན་ཡང་སྐྱེ་དངོས་རིག་པའི་ཁྱུ་མཆོག་ཏུ་རློམ་པ་དག་གིས་ཀྱང་ངོས་ཟིན་དཀའ་སྙམ་པའི་མེ་ཏོག་རིགས་སྣ་ཚོགས་བཞད་དེ། ཉིན་འགའ་རེར་ས་གཞིའི་ཁ་དོག་རེ་བརྗེ་ཞིང་དྲི་ངད་མི་འདྲ་བ་རེས་ཁྱབ་ཀྱིན་འདུག་པས་ན། 《གླིང་སྒྲུང》དུ་བརྗོད་པའི“རྩྭ་ར་པདྨ་སྟོང་ལྡན”ཟེར་བ་འདི་ལོས་ཡིན་སྙམ་པར་བྱེད། དེའི་སྟེང་དུ་འབྲོག་ཁྱིམ་ཞིག་ཡོད་པ་དེའི་རྟ་ནོར་ལུག་གསུམ་ལྔ་བརྒྱ་དྲུག་བརྒྱ་ཙམ་གྱིས་མཚམས་རེར་འཚེར་སྐད་དང་ངུར་སྐད། འབའ་སྐད་རེ་སྒྲོག་ཞོར་དལ་ལྷོད་བག་ཕེབས་སུ་གནས་པའི་རྣམ་པ་འདི་མཐོང་ཚེ། རང་དབང་མེད་པར“མཛེས་ཤིང་སྡུག་ལ་འབྱོར་ཕྱུག་ལྡན་པའི་རྩྭ་ཐང”ཞེས་པའི་ཚིག་དེ་དྲན་པར་བྱེད།

ལུང་བ་འདི་ལ་ཅུང་ཁྱད་པར་ཅན་གྱི་ས་མིང་ཞིག་ཡོད་དེ། “ཝ་ནག་ལུང་བ”ཟེར། རྒྱུ་མཚན་ནི་ལུང་བ་འདིའི་ནང་གི་ཝ་མོ་ཚང་མ་ནག་པོ་ཡིན་པར་མ་ཟད། འཕྱི་བ་རྣམས་ཀྱང་ནག་པོ་འདུག སྔོན་ཆད་རྩེ་གཞུང་སྡེ་བའི་མི་སུས་ཀྱང་དོན་དག

འདི་ལ་དོ་སྣང་བྱས་མ་མྱོང་ནའང་། རྩྭ་སའི་འགན་གཙང་ལེན་བྱས་ཏེ་ལུང་བ་འདི་སངས་རྒྱས་ཚང་ལ་ཐེམས་པ་ན། སངས་རྒྱས་ཀྱིས་ཁ་སྤུ་འཐོག་བཞིན“ཐན་ལྟས། གཞན་གྱི་ས་སྟེང་གི་ཝ་མོ་ཚང་མ་དམར་པོ་རེད། ཏག་ཏག་ལུང་བ་འདིའི་ནང་གི་ཝ་མོ་རྣམས་ནག་པོ་ཡིན་པའི་རྒྱུ་མཚན་ཅི་ཡིན་ནམ”ཟེར་བཞིན་འདང་རྒྱག་ནང་དུ་ལྷུང་བར་མ་ཟད། ཐེངས་ཤིག་རྩེ་གཞུང་སྡེ་བས་ཨ་ལགས་འབྲོང་ཚང་ཁྱིམ་ཞུ་བྱེད་སྐབས་ཀྱང་། སངས་རྒྱས་ཀྱིས་ཨ་ལགས་འབྲོང་གི་མདུན་དུ་པུས་མོའི་ལྷ་ང་སར་བཙུགས་ཏེ“རིན་པོ་ཆེ་ལགས། གཞན་པའི་ས་སྟེང་གི་ཝ་མོ་ཚང་མ་དམར་པོ་རེད། ཏག་ཏག་ངེད་ཚང་གི་རྩྭ་སའི་སྟེང་གི་ཝ་མོ་རྣམས་ནག་པོ་རེད། དེའི་ཕྱིར་ལུང་བ་འདིའི་མིང་ལའང་ཝ་ནག་ལུང་བ་ཟེར། འདི་ལ་རིམ་གྲོ་འདྲ་བསྒྲུབ་ཨེ་དགོས་ལགས”ཞེས་ཞུས། ཁོས“ངེད་ཚང་གི་རྩྭ་ས”ཞེས་བཤད་པའི་རྒྱུ་མཚན་ནི། དེ་སྔོན་རྫོང་དང་ཡུལ་ཚོའི་ལས་བྱེད་པ་ཚོས་ས་ཁྲའི་སྟེང་ནས་ཚད་འཇལ་བྱས་ཤིང་། ཤོག་བུའི་སྟེང་ལ་རི་མོ་བྲིས་རྗེས“རྩྭ་ས་བེད་སྤྱོད་དཔང་རྟགས”ཞེས་པའི་དེབ་ཅིག་སྤྲད་པའི་ནང་། རྩྭ་ས་འདིའི་སྤྱིའི་རྒྱ་ཁྱོན་ལ་མུའུ་ཅི་ཙམ་ཡོད་པ་དང་། ཕྱོགས་བཞིའི་ས་མཚམས་གང་དག་ཡིན་པ། ལོ་ངོ་ལྔ་བཅུའི་རིང་ལ་སངས་རྒྱས་ཚང་གིས་བེད་སྤྱོད་བྱ་ཆོག་པ་སོགས་བོད་རྒྱ་ཡིག་རིགས་གཉིས་ཀྱིས་བྲིས་ཡོད་པས་རེད།
ཨ་ལགས་འབྲོང་གིས་སངས་རྒྱས་ཀྱི་ལག་ལ་དབུ་མེད་ཀྱི་ཡི་གེ་ཐིག་ཕྲེང་གཉིས་བྲིས་ཡོད་པའི་ཤོག་ལྷེ་ཞིག་བཞག

སངས་རྒྱས་ཀྱིས་ཤོག་ལྷེ་དེ་བཟུང་སྟེ་རྩེ་གཞུང་དགོན་པར་སོང་ནས་གྲྭ་བ་ངོ་ཤེས་ཤིག་ལ་སྒོར་མོ་བརྒྱ་དང་མཉམ་དུ་བྱིན།

                     གཉིས།

ལུས་པོ་སྐེམ་ཞིང་ཤ་མདོག་སྨུག་པའི་སངས་རྒྱས་ལོ་ལྔ་བཅུ་ཡིན་ལ། ཁོའི་གདོང་སྨད་ཡོངས་རྫོགས་རིང་ཐུང་མི་མཉམ་པའི་ཁ་སྤུ་ཐར་ཐོར་གྱིས་ཁེབས་འདུག ལོ་འགའི་སྔོན་ལ་ཁོར་ཕ་ཝང་གི་འབུར་རིས་ཅན་གྱི་འཇབ་ཙེ་ཞིག་ཡོད་པས་ད་ལྟ་ལྟ་བུའི་ཁ་སྤུ་འདི་འདྲ་མང་བོ་ཞིག་མེད་མོད། འོན་ཀྱང་ཐེངས་ཤིག་ཁོ་རང་ཉིད་དམ། ཡང་ན་ཁོའི་ཆུང་མ་ཀླུ་སྒྲོན། ཡང་ན་ཁོ་ཚང་གི་བྱིས་པ་ཞིག་གིས་མཉམ་མ་བཞག་པར་འཇབ་ཙེ་དེའི་སྟེང་ལ་རྐང་པ་སྤོས་པའམ། ཡང་ན་པུས་བཙུགས་བྱས་ཏེ་ཁ་འཆོལ་དུ་བཅུག་པས་ཁ་སྤུ་ཟིན་ཚད་ཇེ་ཉུང་དུ་སོང་བ་དང་། དེ་བས་ཀྱང་ཕངས་པ་ཞིག་ལ་ཁོ་ཚང་གི་རུ་སྤོར་སྐབས་ཤིག་ལ་འཇབ་ཙེ་དེ་བོར་སོང་བས། དེ་ནས་བཟུང་ཁོའི་ཁ་སྤུ་ནི་ཇེ་མང་ནས་ཇེ་རིང་ལ་སོང་། ཁོ་ཐབས་ཟད་དེ་ལག་པ་ཅུང་ཙམ་ཁོམ་ནའང་གོ་སྐབས་མི་འཆོར་བར་གཡོན་ལག་གིས་ཕྲེང་བ་འདེད་པ་དང་། གཡས་ལག་གི་མཐེ་བོང་དང་གོང་མཛུབ་ཀྱི་སེན་མོས་ཁ་སྤུ་འཐོག་པར་བྱེད་ལ། ལྷག་པར་ཁོས་ཅི་ཞིག་ལ་བསམ་བློ་གཏོང་བའམ་བྲེལ་བ་ལང་སྐབས། མིག་གིས་ཟིན་དཀའ་བའི་མྱུར་ཚད་ཀྱིས་ཁ་སྤུ་འཐོག་པར་བྱེད་མོད། ཕངས་པ་ཞིག་ལ་སེན་མོས་ཟིན་ཚད་དེ་འཇབ་ཙེ་ཁ་འཆོལ་ལས་ཀྱང་ཤིན་ཏུ་ཞན།

སངས་རྒྱས་ནི་ནམ་རྒྱུན་སྨྲ་བ་ཧ་ཅང་ཉུང་བའི་མི་ཞིག་ཡིན་ལ། དེ་བས་ཀྱང་གཤིས་རྒྱུད་ཤིན་ཏུ་འཇམ་པའི་མི་ཞིག་ཀྱང་ཡིན། ཡིན་ནའང་དོན་དངོས་སུ་ཁོ་མི་ཁ་རྒོད་ཅིག་ཡིན་ཏེ། རྩྭ་ས་འགན་གཙང་ལེན་མ་བྱས་པའི་སྔོན་ལ། སྡེ་བའི་ཕོ་གསར་ཚོ་མཉམ་དུ་འདུས་ཏེ་ནམ་རྒྱུན་ཕན་ཚུན་ལ་རབ་བཏགས་འུད་བརྗོད་ཀྱིས་མཚང་འབྲུ་ཀུ་རེ་བྱེད་པ་ཡིན། ཤ་མདོག་ཧ་ཅང་གནག་ཅིང་ལུས་པོ་ཤིན་ཏུ་ཚོ་བའི་མགོན་པོ་བཀྲ་ཤིས་ཀྱིས་སངས་རྒྱས་ལ“ཡ——མག་པ་སངས་སྐེམ། ཨ་ཁུ་འཇམ་དབྱངས་ཚང་གིས་ཁྱོད་མག་པ་པགས་པ་མཉེད་མཉེད་བྱས་ཤིང་། ཟ་མའང་བཟའ་རུ་མ་བཅུག་པས། ད་ནི་དཔྱིད་རིང་བོ་འདི་ཇི་ལྟར་འཁྱོལ། སྙིང་རེ་རྗེ།”ཞེས་བཤད་པར་ཚང་མ་ཧབ་ཆ་ཤོར།

སངས་རྒྱས་ཀྱིས“ཡ——མགོན་ལུག ཁྱོད་ཀྱིས་རང་སྐལ་རོགས་སྐལ་གཉིས་ཀ་ཟོས་པས། ད་ནི་ལྟོ་བ་གཡག་གྲོད་འདྲ་བ་འདི་ཡང་ཁྱག་དཀའ་བར་འདུག གལ་ཏེ་ཁྱོད་འདི་གཡག་སྐམས་ཤིག་ཡིན་ན་ཅི་མ་རུང་། ལྟོ་བ་གྲི་ཡིས་གཤགས་པ་ཙམ་གྱིས་ཚིལ་སེར་པོ་ཞིག་མངོན་ཡོང་བ་ཁོ་ཐག་རེད། ཡིན་ནའང་དྲི་མ་ཤིན་ཏུ་བཙོག་པས། མི་ཕར་ཞོག་ཁྱིས་ཀྱང་མི་བཟའ་བ་འདྲ།”ཟེར་བ་ན། ཚང་མ་ཧབ་ཆ་དིར་རེར་སོང་།

མགོན་པོ་བཀྲ་ཤིས་ཀྱིས་རྒོད་ལན་སྤྲོད་རྩིས་བྱེད་སྐབས། སངས་རྒྱས་ཀྱིས་གོ་སྐབས་མ་བྱིན་པར“ཡ་མགོན་ལུག ཁ་སང་དེ་རིང་སྲིང་མོ་ལ་ལ་གཞས་ལེན་གྱིན་ཨེ་ཡོད།”ཟེར་བ་ན། ཚང་མ་སྔར་ལས་ཀྱང་ཧབ་ཆ་དིར་རེར་སོང་བས། མགོན་པོ་བཀྲ་ཤིས་ཀྱིས་དེ་རིང་རང་ཉིད་སངས་རྒྱས་ཀྱི་དོ་ཟླར་མི་ཡོང་བ་ཤེས་ཏེ། ལྷུག་ལྷུག་ཏུ་དགོད་ཞོར་“ད་ཆོག་གི་ཆོག་གི དེ་རིང་ངས་ཁྱོད་ལ་མགོ་བསྒུར་བ་ཡིན།”ཟེར།

དེ་ཡང“སྲིང་མོ་ལ་ལ་གཞས་ལེན”ཞེས་པ་དེ་མགོན་པོ་བཀྲ་ཤིས་ཀྱི་མཚང་ལ་ཕོག་པའི་དོན་དག་ཅིག་ཡིན་ཏེ། ཁོས་ཆུང་མ་བླངས་ནས་རིང་བོ་མ་འགོར་བའི་ཉིན་ཞིག རྫོང་མཁར་ལ་སོང་ནས་ཕྱིར་ཡོང་དུས་མདུན་ན་བུ་མོ་གཡག་བཞོན་ཞིག་འགྲོ་བཞིན་ཡོད་པ་མཐོང་བས། རང་ཉིད་ཕོ་རྐྱང་ཡིན་རབས་དང་བུ་མོ་དེར་དགའ་རོགས་ཡོད་མེད། གལ་ཏེ་མེད་ན་ཁོ་དང་འགྲོག་འདོད་ཡོད་མེད་སྐོར་གྱི་ལ་གཞས་གཅིག་འཕྲོར་གཅིག་གཏོང་བཞིན་རྗེས་དེད། བུ་མོ་དེ་ཧ་ཅང་སྐྲག་པ་ལྟར་གཡག་ལ་ཡོབ་རྡུང་བྱས་ཏེ་གང་མགྱོགས་ཀྱིས་གཡོལ་བར་བྱས་ནའང་། རྟ་ཡི་དོ་ཟླར་གཡག་གིས་ག་ལ་ནུས་ཏེ། མ་འགྱངས་པར་ཁོས་བུ་མོ་དེའི་རྗེས་ཟིན་དུས། དེ་ནི་ཏག་ཏག་སྡེ་བ་གཞན་ཞིག་ལ་བག་མར་སོང་ཡོད་པའི་རང་གི་སྲིང་མོ་ཡིན་པས། ཁོ་ཧ་ཅང་ངོ་ཚ་ནས་ཅི་བྱེད་འདི་བྱེད་མ་ཤེས་པར་རྟ་ཁ་ཕྱིར་བསྐོར་ནས་བྲོས་སོང་བ་དེ་རེད།

ནམ་རྒྱུན་གཉིད་ལོག་རེག་བར་དུ་སྐད་ཆ་ཚར་རྒྱུ་མེད་པའི་ཆུང་མ་ཀླུ་སྒྲོན་གྱིས་སྡེ་བའི་ཀྲི་པུའུ་ཧྲུའུ་ཅི་ཚང་གི་ཞི་ལི་རབ་ཏུ་བྱུང་བ་དང་། སྡེ་དཔོན་གྱིས་རླངས་འཁོར་ཆུང་ཆུང་ཞིག་ཉོས་པ། རུ་ཡོང་ཚང་གིས་ལུག་ལྔ་བཅུ་བཙོངས་པའི་རིན་གྱི་སྒོར་མོ་ཚང་མ་རྫུན་མ་ཡིན་པ། ཨ་མ་ལ་ད་ལོ་ངེས་པར་དགུན་སློག་ཅིག་བཟོ་དགོས་པ། ཞི་མོ་མི་རྐྱང་ཁ་ཤོ་ཚང་ལ་མནའ་མར་སྟེར་རྒྱུ་ཡིན་མིན་སྔ་ས་ནས་ལན་བྱིན་ན་འགྲིག་པ་སོགས་རྫོགས་མཐའ་མེད་པར་བཤད་པས། སངས་རྒྱས་ཀྱིས་གཞི་ནས་“ཨེ——ཁྱོད་ཅུང་ཙམ་ཁ་རོག་ཏུ་བསྡད་ན་ཨེ་ཆོག ཁྱོད་ཀྱི་ཁ་མི་ནའང་ངའི་རྣ་ན་འོང་།”ཟེར།

“ཁ་ཞིག་ཡོད་ན་བཤད་དབང་ཡོད་དགོས་རྒྱུ་རེད། ཁྱོད་ཀྱི་རྣ་ན་ཚེ་མ་མཉན་ན་ཆོག”

སངས་རྒྱས་ཀྱིས་མོ་དང་ཁ་རྩོད་རྒྱག་འདོད་མེད་པས་ཁ་སྤུ་འཐོག་ཞོར་ཁ་རོག་གེར་བསྡད་པ་ན། ཀླུ་སྒྲོན་གྱིས་མུ་མཐུད་དུ“རྩྭ་སའི་འགན་གཙང་ལེན་བྱེད་སྐབས། ལོ་ལྔ་བཅུའི་རིང་ལ་འགྱུར་བ་མེད་ཟེར་བ་མིན་ནམ། ད་ཡང་ཕྱུགས་དོར་རྩྭ་སྐྱོང་ཟེར་བ་དེ་ཅི་རེད། གྱང་ར་སྐམ་པོ་ཞིག་གི་ནང་ལ་སོང་ཚེ་ཤ་དང་མར་ཆུར་གང་ནས་ཡོང་། ཨ་ཁུ་བསོད་ནམས་ཚང་གིས་ཀྱང་རྫོང་ཐོག་ལ་མི་སྤོར་ཁོ་ཐག་ཡིན་ཟེར་བཞིན་འདུག ……”ཅེས་བཤད་པ་ན། སངས་རྒྱས་ལ་སྔར་ལས་ཀྱང་སུན་སྣང་སྐྱེས་ཏེ་“ཨེ——ད་དེ་དག་བཤད་ནས་ཕན་པ་ཅི་ཡོད། ཕྱུགས་ཟོག་འགའ་བོ་ཡང་བཙོངས་ཟིན། ཙི་ཁྲིག(རང་བསྡུ)གི་སྒོར་མོ་ཡང་སྤྲད་ཟིན། སྲིད་གཞུང་གིས་ཁང་བ་ཡང་ལས་ནས་འཚག་འདུག ཁྱིམ་ཚང་མང་ཤོས་རྫོང་ཐོག་ལ་སྤར་སོང་། ཡང་གཅིག་བཤད་ན་རྩྭ་ས་ལ་ལོ་འགར་ངལ་གསོ་རུ་བཅུག་པ་ཙམ་ལས། རྩྭ་སའི་བདག་དབང་སྔར་བཞིན་འབྲོག་ཁྱིམ་རང་གི་ཡིན། གལ་ཏེ་ནམ་ཞིག་ངོ་མ་ཁ་མི་སོས་ན་དེ་དུས་ཕྱིར་ཡོང་། ད་ཨ་ཕ་ཨ་མ་གཉིས་ཀ་ལྷ་ས་ནས་ཕྱིར་བསླེབས་རྗེས་ང་ཚོའང་རྫོང་ཐོག་ལ་འགྲོ།”ཟེར།

“ཅི་ཟེར། ལོ་སར་རྗེས་འགྲོ་རྒྱུ་བྱས་ཡོད་པ་མིན་ནམ།”
        “ད་ཁྱིམ་ཚང་མང་ཤོས་རྫོང་ཐོག་ལ་སྤར་སོང་བས་ལོ་སར་ལ་ཡོང་མཁན་ཡང་མེད། ད་དུང་གོ་ཐོས་ལྟར་ན་རྫོང་མཁར་གྱི་སྡོད་ཁང་དེ་དག་ཧ་ཅང་ཡག་པོ་རེད་ཟེར། དེས་ན་ཁང་བ་སོ་མའི་ནང་ནས་ལོ་སར་ན་མི་བཟང་ངམ།”
        “……”

ཀླུ་སྒྲོན་གྱི་ཨ་ཕ་འཇམ་དབྱངས་ལོ་བདུན་ཅུ་དོན་གཉིས་ཡིན་ལ། ཨ་མ་གཡང་འཛོམས་ཀྱང་ལོ་བདུན་ཅུར་བསླེབས་ཡོད། ཁོ་གཉིས་ཀར་ད་དུང་ངལ་རྩོལ་ནུས་པ་ཡོངས་སུ་ཤོར་མེད་ནའང་། ཁྱིམ་ཚང་འདིའི་དབང་ཆ་ཡོད་ཚད་སྔར་ནས་མག་པ་སངས་རྒྱས་ལ་སྤྲད་འདུག་པས། ད་ལྟ་སྡེ་མི་མང་ཤོས་ཀྱིས་ཁོ་ཚང་ལ“འཇམ་དབྱངས་ཚང”མི་ཟེར་བར“སངས་རྒྱས་ཚང”ཞེས་འབོད་བཞིན་འདུག སངས་རྒྱས་ཀྱི་བུ་ལྷ་མགོན་སྐྱབས་དང་པོར་སློབ་གྲྭར་བསྐྱལ་ཅིང་། སློབ་ཆུང་མཐར་ཕྱིན་རྗེས་བླ་བྲང་ལ་སོང་ནས་རབ་བྱུང་བསྒྲུབས་ཏེ་མིང་ལ་དགེ་འདུན་རྒྱ་མཚོ་ཟེར། ཁོས་ཉིན་འགའི་སྔོན་ལ་སྤོ་བོ་སྤོ་མོ་གཉིས་དང་། ཨ་ཅེ་ལྷ་འཚོ་སྐྱིད་མ་སྨད་གཉིས་ཁྲིད་དེ་ལྷ་སར་གནས་མཇལ་དུ་བུད་སོང་།
ད་ལྟ་སངས་རྒྱས་ལ་ལས་ཀ་ཅི་ཡང་མེད་ནའང་། ཁོའི་སེམས་ཁམས་ནི་སྔོན་ཆད་ལས་ཀྱང་འཇགས་ཐབས་བྲལ་བས། གང་མྱུར་གྱིས་ཁ་སྤུ་འཐོག་གིན་འདུག

                       གསུམ།

ཧ་ཅང་འཁྱག་པའི་ཞོགས་པ་ཞིག་ལ། སངས་རྒྱས་ཀྱིས་འབྲོག་པ་ཚོས“ཧྲིག་ཧྥུའུ”རུ་འབོད་པའི་ལག་སྐྱོར་འདྲུད་འཐེན་འཁོར་ལོ་གཉིས་གླས་ཡོང་སྟེ། གཅིག་གི་ནང་ལ་ཨོང་བ་སྒྱེ་མང་བོ་བསྒྲིགས་ཤིང་། སྟེང་ལ་སྐམས་ཤ་བུབས་གཅིག་དང་རྐྱལ་མར་གཅིག་སོགས་བཟའ་བཏུང་གི་སྐོར་དང་། བལྟེབས་ནས་གྲུ་བཞི་ནར་མོར་བསྡམས་ཡོད་པའི་མགོ་སྦྲ། སློག་པ། པགས་སྟན། སླ་ང་། དཀར་ཡོལ་སོགས་གྱོན་ཆས་དང་སྣོད་ཅ་ལག་རྣམས་བརྩིགས་པ་དང་། ཅིག་ཤོས་ཀྱི་ནང་ལ་རིལ་མ་སྒྱེ་འགའ་བརྩིགས་པའི་སྟེང་དུ་མཆོད་སྒྲོམ་དང་བཟའ་མི་དག་དང་། སྒོ་ཁྱི་བཅས་བཞག་སྟེ་སྦག་སྦག་གི་འོ་དོད་དང་ལྷོག་ལྷོག་གི་དུ་ནག་ཁྲོད་ཝ་ནག་ལུང་བའི་ཉག་གའི་སྟབས་བདེའི་གཞུང་ལམ་དེད་ནས་འགྲོ་སྐབས། བཟའ་མི་ཡོངས་ཀྱིས་མ་བགྲོས་རང་མཐུན་གྱིས་ཁོ་ཚང་གི་ས་ཁང་ཆུང་ཆུང་དེ་གཙོར་བྱས་པའི་ལུང་ཁོག་ཡོངས་ལ་ཕྱིར་མིག་ལྟ་བཞིན་སོང་། ཏག་ཏག་ཉག་ག་དེར་བསླེབས་སྐབས། སངས་རྒྱས་ཀྱིས་གློ་བུར་རུམ་ནས་རླུང་རྟ་བསྡམས་ལོག་གཅིག་བླངས་ཏེ་ནམ་མཁར་གཏོར་ཞོར། ཤུགས་གང་ཡོད་བཏོན་ནས་ཀི་བསྭོ་ལྷ་རྒྱལ་ཞིག་བསྒྲགས་ནའང་། ཏག་ཏག་སྐབས་འདིར་ལག་སྐྱོར་འདྲུད་འཐེན་འཁོར་ལོའི་སྣུམ་སྒོ་ཆེས་ཆེར་ཕྱེ་ཡོད་པས། ཁོའི་ཀི་སྒྲ་དེ་གསལ་ལ་མི་གསལ་བ་ཙམ་ལས་གོ་མི་ཐུབ་པར་གྱུར།
ཁོ་ཚོ་ཕྱི་དྲོའི་ཆུ་ཚོད་གསུམ་ཡས་མས་སུ་གཞི་ནས་རྩེ་གཞུང་རྫོང་མཁར་དུ་བསླེབས་བྱུང་། འདི་རུ་ཁོ་ཚོའི་ཡིད་ལ་ཟབ་མོར་ངེས་དགོས་པའི་ཚིག་ཅིག་ལ་ཕྲད་པ་ནི“ཞིན་ཧྥུའུ་ཧྲིན་ཐའེ་ཡེའུ་མེན་ཚོན”(བདེ་སྐྱིད་སྐྱེ་ཁམས་སྤོས་འབངས་སྡེ་བ)ཞེས་པ་དེ་རེད། རྒྱུ་མཚན་ནི་ཁོ་ཚོས་མི་ཞིག་ལ་རང་ཚང་ཕྱུགས་དོར་རྩྭ་སྐྱོང་བྱས་ནས་རྫོང་མཁར་དུ་སྡོད་པར་ཡོང་མཁན་ཡིན་པས། གང་དུ་སྡོད་དགོས་དྲིས་ཚེ། མི་དེས“དེ་ན་ཁྱོད་ཚོ་ཧྲིན་ཐའེ་ཡེའུ་མེན་ཚོན་ལ་འགྲོ་དགོས་རྒྱུ་རེད། ཡིན་ནའང་ཧྲིན་ཐའེ་ཡེའུ་མེན་ཚོན་མང་བོ་ཡོད། ཁྱོད་རྣམས་ཡུལ་ཚོ་གང་གི་ཡིན”ཟེར།

“ང་ཚོ་རྩེ་གཞུང་ཡུལ་ཚོའི་ཡིན།”
        “རྩེ་གཞུང་ཡུལ་ཚོ། རྩེ་གཞུང་ཡུལ་ཚོ། རྩེ་གཞུང་ཡུལ་ཚོའི་ཡེའུ་མེན་མང་ཤོས་རྫོང་མཁར་གྱི་བྱང་ཕྱོགས་ན་ཡོད་པ་འདྲ། གང་ལྟར་ཁྱོད་ཚོས་‘ཞིན་ཧྥུའུ་ཧྲིན་ཐའེ་ཡེའུ་མེན་ཚོན’ཞེས་དྲིས་ན་ཤེས་ཡོང་།”
        “ཅི་ཞིག” སངས་རྒྱས་ཀྱིས་ཁ་སྤུ་བར་མེད་དུ་འཐོག་ཞོར“ཞིམ་པོ་ཧྲིན……”
        “ཞིན་ཧྥུའུ་ཧྲིན་ཐའེ་ཡེའུ་མེན་ཚོན།”

སྐབས་དེར་ལག་སྐྱོར་འདྲུད་འཐེན་འཁོར་ལོའི་ཁ་ལོ་པས་ཁོ་ཚོ་འདི་རུ་འབབ་དགོས་པ་དང་། གལ་ཏེ་མུ་མཐུད་དུ་སྡོད་གནས་བཙལ་དགོས་ན་གླ་ཆ་ཁ་སྣོན་བྱ་དགོས་ཟེར།
         “ཅི་ཙམ་བསྣན་དགོས།”
         “ཧྲིག་ཧྥུའུ་གཅིག་རེར་སྒོར་བཅུ་རེ་སྣོན་དང་། ཁྱོད་ཚོ‘ཞིན་ཧྥུའུ་ཧྲིན་ཐའེ་ཡེའུ་མེན་ཚོན’ལ་བསྐྱལ་ཆོག”
         “ཡ། ད་དེ་བྱེད།”

ལག་སྐྱོར་འདྲུད་འཐེན་འཁོར་ལོ་ཁ་ཕྱིར་འཁོར་མ་ཐག འགྲིམ་འགྲུལ་ཉེན་རྟོག་པ་ཞིག་གིས་ལག་སྐྱོར་འདྲུད་འཐེན་འཁོར་ལོ་སྡོད་དགོས་པའི་བརྡ་བསྟན་པ་ན། ཁ་ལོ་པ་གཉིས་ཀྱི་གདོང་མདོག་སྐད་ཅིག་ཉིད་ལ་སྐྱ་བོར་གྱུར་ཏེ་བསྒགས་ཟྭ་གནོན་པ་དང་ས་ལ་ལྡིང་བ་དུས་མཚུངས་བྱས། ཡིན་ནའང་ཉེན་རྟོག་པས་ཁ་ལོ་པ་གཉིས་ལ་ཁ་ཡ་མི་བྱེད་པར་མིག་ཧུར་ཧུར་གྱིས་འཁོར་ལོའི་སྟེང་ལ་ལྟ་བཞིན“ཅ་ལག་རྙིང་བ་བཙོང་རྒྱུ་ཨེ་ཡོད། དཔེར་ན་འཁར་སླང་དང་ཟངས་དེམ། ལི་མ་དང་ཐང་ག ས་གདན་རྙིང་བ་དང་མེ་ཆ་ཟད་པོ། ཤི་བོའི་དཀར་ཤུབས་དང་ཤི་མོའི་སྐྲ་ཤུབས་སོགས་གང་ཞིག་ཇི་ལྟར་རྙིང་ན་དེ་ལྟར་བཟང”ཟེར།

“རྟ་སྒ……” ཀླུ་སྒྲོན་གྱིས་ཅི་ཞིག་བཤད་རྩིས་བྱས་པ་ན། སངས་རྒྱས་ཀྱིས“ཞིམ་པོ་ཧྲིན་ཐའེ…… ཚང་གང་ན་ཡོད”ཅེས་དྲིས།
         ཉེན་རྟོག་པས་སངས་རྒྱས་ཀྱི་སྐད་ཆ་ཧ་མ་གོ་བས། ཀླུ་སྒྲོན་ལ་ཁ་གཏད་དེ“རྟ་སྒ་བཙོང་རྒྱུ་ཡོད་དམ། ཤན་མ་ཨེ་ཡིན། རྙིང་བ་ཨེ་ཡིན”ཟེར།
        “ཀན།” ཀླུ་སྒྲོན་གྱིས་འཁོར་ལོ་ཅིག་ཤོས་ཀྱི་སྟེང་ན་ཡོད་པའི་སངས་རྒྱས་ཀྱི་རྟ་སྒ་ཤན་མ་དེར་མཛུབ་སྟོན་བྱེད་ཞོར“ད་རྟ་མེད་པར་སྒ་ཡིས་ཅི་ཞིག་བྱེད། ཀན་ཉོ་མཁན་ཡོད་ན་བཙོང་ན་དགའ། གདོས་རེད”ཟེར།
         ཉེན་རྟོག་པས་རྟ་སྒ་དེར་ཞིབ་ཏུ་བལྟས་རྗེས་“སྟོང་ལྔ་སྟེར”ཟེར།
         “རྟ་སྒ་བཙོང་རྒྱུ་མིན།”
          གློ་བུར་ཉེན་རྟོག་པའི་མིག་ཟུང་སངས་རྒྱས་ཚང་གི་སྒོ་ཁྱིའི་སྟེང་ལ་འཁོར་ཏེ“ཁྱི་རྒན་དེར་སྒོར་མོ་དུ་དགོས”ཟེར།
         “ཁྱི་རྒན་མི་བཙོང་ཁོ་ཐག་ཡིན།” ཕལ་ཆེར་བཟའ་མི་ཚང་མས་མགྲིན་གཅིག་ཏུ་དེ་ལྟར་བཤད་པ་དང་། སངས་རྒྱས་ཀྱིས་སླར་ཡང“ཞིམ་པོ་ཧྲིན་ཐའེ……”ཟེར་བ་ན། ཉེན་རྟོག་པས་དེར་ཁ་ཡ་མ་བྱས་ལ། དེ་བས་ཀྱང་ཁ་ལོ་པ་གཉིས་ཀར་ཁ་ཡ་མི་བྱེད་པར་འཕྲུལ་རྟར་བཞོན་ནས་བུད་སོང་།
         སྤྱི་ལེ་གསུམ་ཡས་མས་སུ་སོང་རྗེས་ལག་སྐྱོར་འདྲུད་འཐེན་འཁོར་ལོ་འགྲོ་མཚམས་བཞག་སྟེ་“འདི་ཞིན་ཧྥུའུ་ཧྲིན་ཐའེ་ཡེའུ་མེན་ཚོན་རེད། མར་བོབས། སྒོར་མོ་བྱིན”ཟེར།

                         བཞི།

རྒྱང་ནས་བལྟས་ན་གྱོ་མོ་བཟོ་གྲྭ་ཞིག་གིས་གྱོ་མོ་སྐེམ་པ་དང་གཉིས་སུ་མ་མཆིས་པར་གྲ་དག་ཅིང་ཆེ་ཆུང་མེད་ལ། ཁ་དོག་གཅིག་ཅིང་བགྲང་གིས་མི་ལང་བའི་ཁང་བ་གྲལ་ཤར་མང་བོ་ཞིག་མཆིས་པར། དེ་དང་འདྲ་མཚུངས་ཀྱི་གྲ་དག་ཅིང་ཆེ་ཆུང་མེད་པའི་ལྕགས་རི་རེ་རེས་བསྐོར་ཡོད་པ་འདི་ལ“ཞིན་ཧྥུའུ་ཧྲིན་ཐའེ་ཡེའུ་མེན་ཚོན”ཞེས་རྒྱ་ཡིག་གི་སྒོ་བྱང་ཆེན་པོ་ཞིག་བཀལ་འདུག གལ་ཏེ་ཁྱོད་ཀྱིས་འདི་རུ་ཁྱིམ་ཚང་ཞིག་བཙལ་དགོས་ཚེ།“ཨ་རོག རྩེ་གཞུང་སྡེ་བའི་སངས་རྒྱས་ཚང་གང་རེད”ཅེས་པ་ལྟ་བུའི་རྗེས་ལུས་བླུན་རྨོངས་ཀྱི་སྲོལ་རྒྱུན་བྱེད་ཐབས་དེ་འདྲ་གཏན་ནས་སྤྱོད་ཐབས་མེད་པར། ངེས་པར་སངས་རྒྱས་ཟེར་བ་དེ་ཚང་གི་སྒོ་རྟགས་ཨང་གྲངས་ཤེས་དགོས་པ་དེ་རེད། དཔེར་ན་སངས་རྒྱས་ཟེར་བ་དེ་ཚང་ལྕགས་རིའམ་ར་སྐོར་ཉེར་གཅིག་པའི་ཁང་གྲལ་བཅུ་བདུན་པའི་ཁྱིམ་ཚང་བཞི་པ་ཡིན་ན། ངེས་པར“211704”ཞེས་པའི་སྒོ་རྟགས་ཨང་གྲངས་འདི་བཙལ་དགོས་འདུག འདི་ནི་འབྲོག་པ་ཡིག་རྨོངས་པ་ཞིག་ལ་མཚོན་ན་དེ་འདྲའི་ལས་སླ་བོ་ཞིག་གཏན་ནས་མ་ཡིན་མོད། འོན་ཀྱང་དེ་རིང་ཁོ་ཚང་གི་བན་ཕྲུག་དགེ་འདུན་རྒྱ་མཚོ་ཡོད་པ་དང་། དེ་བས་ཀྱང་སྟབས་ལེགས་པ་ཞིག་ལ་ཁོ་ཚང་ཉིན་བཅུ་ལྷག་གི་སྔོན་ལ་འདི་རུ་གནས་སྤར་ཡོང་བའི་ཁོ་ཚོའི་སྡེ་མི་ཞིག་དང་ཕྲད་ཅིང་། སྡེ་མི་དེས་སངས་རྒྱས་སྐྲ་དམར་པོ་ཁྲག་ལ་བྲན་འདྲ། ངོ་འཁྱག་པོ་དགུན་ཁ་འདྲ་བ། ལག་དལ་མོ་རུས་སྦལ་འདྲ་བའི་བུད་མེད་ལས་བྱེད་ཅིག་གི་གམ་ལ་ཁྲིད་པས། ཉོག་དྲ་མང་བོ་བརྒྱུད་མ་དགོས་པར་ལྡེ་མིག་མང་བོ་ཞིག་དང་མཉམ་དུ། སྒོ་རྟགས་ཨང་གྲངས་བྲིས་ཡོད་པའི་ཤོག་ལྷེ་ཞིག་ལག་ལ་ཐོབ་བྱུང་།

དེར་ཁྱིམ་ཚང་རེ་ལ་ཁང་བ་གྱན་གསུམ་རེ་ཡོད་པ་དང་། དེའི་མདུན་དུ་མེ་ཏོག་ལྡུམ་ར་རུ་འབོད་པའི་ར་སྐོར་ཆུང་ཆུང་རེ་ཡང་འདུག དེར་ལྕགས་སྦུག་གིས་ཀ་བ་བྱས་ཤིང་སྒོ་གླེགས་ལ་ལྕགས་ལེབ་སྤྲད་པའི་རྒྱ་སྒོ་ཞིག་ཀྱང་མཆིས། རྒྱ་སྒོའི་ཀླད་དུ་སྐར་མ་སེར་པོ་ལྔ་ཡོད་པའི་དར་དམར་རེ་བཙུགས་ཡོད་ཅིང་། རྩིག་གྱང་ནི་ཨར་འདམ་གྱི་གྱོ་མོ་ཁོག་སྟོང་ངོས་ལ་རྡོ་དཀར་ཕྱེ་མས་བྱུགས་པ་ཅན་ཏེ། དེའི་སྟེང་དུ་ས་ཚོན་དམར་སྨུག་གིས་སྤེན་ཏོག་བྱུགས་ཐོག་ས་ཚོན་དཀར་པོས་དུང་ཕྲེང་བྲིས་ཡོད་དེ། མི་རིགས་ཀྱི་ཁྱད་ཆོས་འབུར་དུ་ཐོན་པའི་ཁང་བ་དེ་དག་མཐོང་མ་ཐག སངས་རྒྱས་ཚང་གི་མི་རྣམས་ཀྱི་སེམས་ཁོང་དྲོད་ལམ་མེར་གྱུར་ལ། ལྷག་པར་འཇམ་དབྱངས་ལ་སེམས་འགུལ་ཆེན་པོ་ཐེབས་ཏེ། མིག་མཐར་མཆི་མ་འཁོར་བཞིན་ངུ་ངག་གིས“གོང་མ་ཚང་གི་དྲིན་འདི་གང་ལ་འཇོག འབྲོང་རིན་པོ་ཆེ་ཚང་གི་ནང་ཆེན་ཡང་འདི་ལས་ལྷག་པ་ཅི་ཡང་མེད། འདི་འདྲ་འུ་ཚོའི་བསོད་ནམས་ཀྱིས་ཁྱག་གམ”ཟེར་ནས་ཁང་བ་རེ་རེའི་ནང་ལ་ཡང་ཡང་ལྟ་སྐོར་བྱེད་བཞིན་འདུག

ཁང་བ་གྱན་གཅིག་གི་བར་ལ་གྱང་ཞིག་གིས་གཉིས་སུ་བཅད་ཡོད་པ་ལས་གཅིག་ནི་ཟས་གཡོ་ཁང་ཡིན་པ་འདྲ་ཞིང་། ཅིག་ཤོས་ནི་གསང་སྤྱོད་ཁང་ཡིན་པ་འདྲ་སྟེ། རྒྱུ་མཚན་ནི་གྲུ་ཟུར་ཞིག་ན་རྫ་ཆས་དཀར་པོའི་ཆབ་གཞོང་ཆེན་པོ་ཞིག་བཞག་འདུག སངས་རྒྱས་ཁྱོ་ཤུག་གཉིས་ཀས་དང་ཐོག་འདི་ནི་ཁྲུས་གཞོང་ཡིན་རྒྱུ་རེད་ཟེར་བར། དགེ་འདུན་རྒྱ་མཚོས་དེ་མ་ཐག་མཐོང་ཆུང་གིས་ཧབ་ཆ་ཞིག་བརྒྱབ་ནས“འདི་གཅིན་སྐྱག་གཏོང་ས་རེད”ཟེར།
“ཅི་ཟེར། འདི་འདྲའི་གཞོང་བ་ཡག་པོ་ཞིག་གི་ནང་ལ་གཅིན་སྐྱག་བཏང་ན་བསོད་ནམས་ཟད་ནས་བཤང་སྒོ་ཡང་རུབ་མི་འགྲོའམ།” སྤོ་བོ་འཇམ་དབྱངས་ཀྱིས་དེ་ལྟར་བཤད་པར། ཁོའི་བཟའ་ཟླ་གཡང་འཛོམས་ཀྱང་མོས་མཐུན་བྱུང་སྟེ“ད་དེ་ཅི་ཡིན་མི་ཤེས་ན་བསྐྱུར་ཞོག གང་ལྟར་གཅིན་སྐྱག་གཏོང་ས་རེད་ཟེར་ན་ང་རྒན་མོར་དགོད་རྒྱུ་ཡོང་གི”ཟེར།

“ཨ་ཙི། འདི་གཅིན་སྐྱག་གཏང་ས་མིན་ན་དཀོན་མཆོག་གསུམ།” དགེ་འདུན་རྒྱ་མཚོས་མནའ་བསྐྱལ་ཏེ“ད་ལྟ་འདི་འདྲའི་སྤྱོད་ཁང་ག་ས་གང་དུ་ཡོད། ངས་འདི་འདྲའི་སྤྱོད་ཁང་ནང་དུ་གཅིན་སྐྱག་ཐེངས་མང་བོར་བཏང་མྱོང”ཟེར། སྐབས་དེར་ཏག་ཏག་ཁོར་གཏང་རྒྱུ་ཞིག་ཡོད་པའི་སྣང་བ་འགོག་མེད་དུ་སྐྱེས་པས། དེ་མ་ཐག་ཤམ་ཐབས་ཡར་འདེགས་ཞོར་ཆབ་གཞོང་དེའི་སྟེང་དུ་ཙོག་སྟེ་སྐྱག་རྒན་ཞིག་བཏང་བྱུང་བ་དང་མཉམ་དུ་བདེ་སྣང་ཞིག་ཤར། འོན་ཀྱང་ཁོའི་བློ་ཡིད་ལས་འདས་པ་ཞིག་ནི་ཆུ་སྒོ་ཇི་ལྟར་མནན་ཡང་ཆུ་ཐིགས་པ་གཅིག་ཀྱང་དབབ་རྒྱུ་མ་བྱུང་། ཁོས་ཞིབ་ཏུ་བལྟས་ཚེ་ད་གཟོད་ཆབ་གཞོང་འདིར་ཆུ་ཡར་འོང་མར་འབབ་ཀྱི་སྦུ་གུ་གཏན་ནས་མེད་པ་ཤེས། དེའི་ཕྱིར་ཁོའི་ཨ་ཅེ་ལྷ་མཚོ་སྐྱིད་ཀྱིས་གཡོན་ལག་གིས་ཁ་སྣ་བཀབ་ཅིང་གཡས་ལག་གིས་སྤྱོད་ཁང་ནང་གི་མི་གཙང་བ་ཕྱིར་བཏོན་ཏེ་གཙང་སྦྲ་མི་བྱེད་ཐབས་མེད་བྱུང་།

ཁང་བའི་ནང་དུ་སྤྱོད་ཁང་ཡོད་ཀྱང་ཐབ་ཀ་མེད་པས། སངས་རྒྱས་རྫོང་མཁར་ལ་སོང་སྟེ་ལྕགས་ཐབ་ཅིག་ཉོས་ཤིང་། ཞོར་དུ་འོ་མ་འགྱིག་དམ་གང་ཉོས་ཏེ“རྐང་གསུམ”དུ་འབོད་པའི་འཁོར་ལོ་གསུམ་ཅན་གྱི་འཕྲུལ་རྟ་ཞིག་གླས་ནས་ཕྱིར་ཡོང་། ཀླུ་སྒྲོན་སྒོར་བུད་ནས་ཇ་མཆོད་འཕེན་སྐབས་ཕལ་ཆེར་ས་རུབ་འདུག་པ་དང་། སྒོ་རའི་གྲུ་ཟུར་དུ་བཏགས་ཡོད་པའི་ཁྱི་རྒན་གྱིས་སེམས་སྐྱོ་བའི་སྐད་སྒྲ་ཞིག་ཕྱུང་བས། མོས་ད་གཟོད་ཁྱི་རྒན་གྱིས་དེ་རིང་ཉིན་གང་བོར་ལྟོ་ཁམ་གང་ཡང་འཐུང་མེད་པ་ཡིད་ལ་ཤར་ཞིང་། སེམས་གཏིང་ནས་སྙིང་རྗེ་ཞིག་སྐྱེས་ཏེ་དེ་མ་ཐག་ཁྱིམ་ལ་འཛུལ་ནས་སྐམས་ཀྱི་ཁྲག་རྒྱུ་བཙོས་མ་སྤྱི་རྒྱ་གཅིག་ལྷག་ཡོད་པ་དེ་འདང་རྒྱག་མེད་པར་ཁྱེར་ཡོང་ནས་ཁྱི་རྒན་ལ་བྱིན། བློ་ཡིད་ལས་འདས་པ་ཞིག་ལ་འདི་ནི་སྐད་ཆ་སྨྲ་ཤེས་མི་ཤེས་པ་དང་། སྒོ་ཕྱི་ཁྱིམ་ན་བསྡད་ཡོད་མེད་མ་གཏོགས་བཟའ་མི་རྣམས་དང་ཁྱད་མེད་པར། ལོ་ངོ་དྲུག་བདུན་ཙམ་ལ་གཟུགས་དང་གྲིབ་མ་ཇི་བཞིན་མཉམ་དུ་འགྲོགས་པའི་ཁྱི་རྒན་གྱིས་བཟའ་མི་རྣམས་དང་ལྷན་དུ་ཆེས་མཇུག་མཐའི་ཟས་ཐུན་ལ་རོལ་པ་ཡིན་འདུག རྒྱུ་མཚན་ནི་ཕྱི་ཉིན་ནམ་ལངས་དུས། ཁྱི་རྒན་ནི་ལྕགས་ཐག་དང་བཅས་པ་ས་འོག་ཏུ་འཛུལ་བ་བཞིན་མཐོང་རྒྱུ་མ་བྱུང་། བཟའ་མི་རེ་རེའི་སེམས་ཁོང་སྟོང་བར་གྱུར་པའི་དུས་མཚུངས་སུ། ཁྱི་རྒན་ཁོ་ཚོ་དང་ཁ་གྱེས་ཁར་དགོང་ཟས་འགྲང་ཚད་ཅིག་ཟོས་པ་དེར་ཡིད་ཚིམས་པའི་ཚོར་སྣང་ཞིག་ཀྱང་སྐྱེས།

                        ལྔ།

འབྲོག་པ་ཚོས་ཟས་རྐུ་བའི་ཁྱི་ལ“ཁྱི་རྐུན”ཟེར་བ་དང་། དེ་དང་འདྲ་བར་ངོ་ཚ་མེད་པའི་རྐུན་མ་ལའང“ཁྱི་རྐུན”ཟེར། ཡིན་ནའང་ཁྱི་རྐུ་བའི་རྐུན་མ་ནི་དངོས་གནས་ངོ་གནོང་མི་དགོས་པའི“ཁྱི་རྐུན”ཡིན་པས། སངས་རྒྱས་ཀྱིས་ཁ་སྤུ་འཐོག་ཞོར། ཕྱོགས་གཅིག་ནས་ཡང་དང་ཡང་དུ“ཁྱི་རྐུན་དེ་སུ་ཡིན་ནམ”ཟེར་བ་དང་། ཕྱོགས་གཅིག་ནས་བརྙན་འཕྲིན་འཕྲུལ་ཆས་དང་འཁྱག་སྒམ། མལ་ཁྲི། ཚ་དེམ། སྒེའུ་ཡོལ་སོགས་ཉོ་དགོས་པའི་དངོས་རྫས་དག་ལ་བསམ་བློ་གཏོང་བཞིན་འདུག
སྐབས་འདིར་སྤྱི་ལུགས་ཀྱི་ལོ་གསར་འདས་ཟིན་པ་དང་ལུགས་རྙིང་གི་ལོ་གསར་བསླེབ་ལ་ཉེ། རྫོང་དང་ཡུལ་ཚོའི་མགོ་ཁྲིད་ཚོས་ཕྱུགས་དོར་རྩྭ་སྐྱོང་གི་ཁ་གསབ་སྒོར་མོ་དང་། “ལོ་གསར་གཉིས”སམ“དུས་ཆེན་གཉིས”ཀྱི་འཚམས་འདྲིར་ཕྱེ་དང་འབྲས། གཡིས། ཇ་བག ཚོན་མདོག་ལི་ཐོ་སོགས་བསྐྱལ་ཡོང་བར་མ་ཟད། ད་དུང་དཀའ་ཚེགས་དང་རེ་བ་ཅི་ཞིག་ཡོད་ན་ཤོད་དང་དུས་ལྟར་ཐག་གཅོད་བྱ་ངེས་ཟེར་བས། སངས་རྒྱས་ཚང་གི་བཟའ་མི་རྣམས་ཧ་ཅང་སེམས་འགུལ་ཐེབས་ཤིང་། ལྷག་པར་འཇམ་དབྱངས་ཁྱོ་ཤུག་གཉིས་ལ་མིག་ཆུ་འགོག་མེད་དུ་བཞུར་བཞིན“གོང་མ་ཚང་དྲིན་ཆེན་པོ། རྒྱལ་ཁབ་དྲིན་ཆེན་པོ། ལས་ཀ་ཅི་ཡང་མ་ལས་པར་འདི་འདྲའི་སྒོར་མོ་དང་དངོས་རྫས་མང་བོ་སྟེར་བ་འདི་རྨི་ལམ་མིན་ནམ། ཐུགས་རྗེ་ཆེ། དྲིན་ཆེན་པོ། དྲིན་ཆེན་པོ། ད་ནི་དཀའ་ཚེགས་དང་རེ་བ་ཅི་ཡང་མེད……”ཟེར་བཞིན་ཕྱག་ཀྱང་འཚལ་ལ་ཁད་བྱེད། དེ་ཚོ་སོང་རྗེས་སུ་བཟའ་མི་ཚང་མ་དང་ལྷག་པར་སངས་རྒྱས་ཕ་བུ་གཉིས་ལ་གུང་ཁྲན་ཏང་གི་བཀའ་དྲིན་ནམ་ཡང་བརྗེད་མི་རུང་བ་དང་། སྒར་གྲོང་གང་དུ་བསྡད་ཀྱང་འགྲོ་ཤེས་འདུག་ཤེས་བྱ་དགོས་པ་སོགས་ཀྱི་ཁ་ཏ་སློབ་གསོ་གང་མང་བྱས་རྗེས“རྫོང་ཐོག་ཏུ་སོང་དུས་གཙོ་འཛིན་གྱི་སྐུ་པར་ཞིག་ཉོས་ནས་ཤོག”ཅེས་གདམས། འཇམ་དབྱངས་ཀྱིས་བཤད་པའི“གཙོ་འཛིན”ནི་མའོ་ཙེ་ཏུང་གཅིག་པོ་ཡིན་ནའང་། སངས་རྒྱས་ཀྱིས་ཞིན་ཧྭ་དཔེ་ཁང་དུ་བཙོང་རྒྱུ་ཡོད་པའི་གཙོ་འཛིན་གཞན་དག་གི་འདྲ་པར་ཡང་ཉོས་ཡོང་བར་མ་ཟད། ད་དུང་ལོ་མང་བོར་ཉོ་མཁན་མ་བྱུང་བར་ཡུན་རིང་བཤམས་ནས་ཚོན་མདངས་ཀྱང་ཤོར་འདུག་པའི་སི་ཏ་ལིན་གྱི་འདྲ་པར་ཞིག་ཡོད་པ་དེའང་ཉོས་ཡོང་སྟེ། ཨ་ལགས་འབྲོང་སོགས་བླ་སྤྲུལ་ཆེ་ཆུང་མང་བོའི་འདྲ་པར་གྱིས་བཀང་འདུག་པའི་མཆོད་སྒྲོམ་དེའི་གོང་དུ་སྦྱར་བ་ན། ཁྱིམ་ཚང་འདིར་གཟི་འོད་དང་བཀྲག་མདངས་སྔར་ན་མེད་པ་ཞིག་བསྣན་པའི་སྣང་བ་སྟེར། དེའི་ཕྱིར་འཇམ་དབྱངས་ཀྱིས་མ་ཎི་འཁོར་ལོ་སྐོར་སྐབས་དང་། སངས་རྒྱས་ཀྱིས་ཁ་སྤུ་འཐོག་པའི་བར་གསེང་ནས་དད་གུས་དང་གོང་བཀུར་གྱི་མིག་མདངས་རང་དབང་མེད་པར་གཙོ་འཛིན་རྣམས་ཀྱི་ཕྱོགས་སུ་འཆོར་བཞིན་འདུག

ལས་ཀ་ལས་མི་དགོས་པར་ཁ་རྒྱབ་རེག་ཐུབ་པ་འདི་ནི་ཁོ་ཚོའི་རྨི་ལམ་ལའང་འཆར་ཐུབ་པ་ཞིག་མ་རེད། དེའི་ཕྱིར“བདེ་སྐྱིད་སྐྱེ་ཁམས་སྤོས་འབངས་སྡེ་བ”ཞེས་པ་འདི་ཕར་བལྟས་ན་དངོས་གནས་བདེ་སྐྱིད་ལྡན་པའི་གནས་ཤིག་ཡིན་པ་འདྲ་མོད། ཡིན་ནའང་ཡུན་རིང་མ་འགོར་བའི་ཉིན་ཞིག་ལ། འཇམ་དབྱངས་རྫོང་མཁར་ལ་སོང་ནས་ལྟ་སྐོར་ཞིག་བྱེད་པའི་ཞོར་དུ། གར་སོང་ཆ་མེད་དུ་གྱུར་པའི་ཁྱི་རྒན་སྐོར་གྱི་སྐད་ཆ་རེ་ཨེ་གོ་བལྟ་རུ་འགྲོ་འདོད་སྐྱེས། ལོ་ངོ་མང་བོའི་སྔོན་དུ་ཁོ་ནི་གཞི་རིམ་ལས་བྱེད་ཅིག་ཡིན་པ་དང་། ནམ་རྒྱུན་རྫོང་མཁར་ལ་སོང་ནས“རིམ་པ་གསུམ་གྱི་ཚོགས་འདུ”སོགས་ལའང་ཞུགས་མྱོང་། དེ་དུས་རྫོང་མཁར་ཆུང་ཆུང་འདི་རང་གི་ལག་མཐིལ་ཇི་བཞིན་ཁོར་གསལ་ཆ་ཡོད་མོད། འོན་ཀྱང་ད་ལྟ་རྫོང་མཁར་འདི་ལ་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འགྱུར་ལྡོག་དང་། རྟ་མཆོག་བང་གིས་རྒྱུག་པ་ལྟ་བུའི་འཕེལ་རྒྱས་བྱུང་བས། ཁོ་ཕྱིར“བདེ་སྐྱིད་སྐྱེ་ཁམས་སྤོས་འབངས་སྡེ་བ”རུ་ལྡོག་ཤེས་མིན་ཧ་ཅང་བཤད་དཀའ་ལ། གལ་ཏེ་ཕྱིར་ལྡོག་ཤེས་ནའང་གནམ་ཡིག་དང་འདྲ་བའི་ཁོ་ཚང་གི་སྒོ་རྟགས་ཨང་གྲངས་དེ་གཏན་ནས་ཡིད་ལ་ངེས་མི་སྲིད་པས་་་་་ཁོ་དེ་མ་ཐག་དཔའ་ཞུམ་པར་གྱུར་ཅིང་། དུས་མཚུངས་སུ་རང་ཉིད་ནམ་ཡང་ཕྱི་རོལ་ཏུ་འགྲོ་བའི་སྐལ་བ་མེད་པས། གནས་དེ་རུ་བཙོན་ལ་བཅུག་པ་འདྲ་བའི་ཚོར་སྣང་སྡུག་པོ་ཞིག་སྐྱེས་བྱུང་། ཁོ་ཐབས་ཟད་དེ་ཉིན་ལྟར་གྲལ་ཤར་གཅིག་གིས་གཅིག་གི་མདུན་བཀག་སྟེ་རྒྱང་མི་མཐོང་བའི་ཁང་བའི་སྒོ་ཁར་བསྡད་དེ། ཐེངས་གཅིག་ལ་ཁྱི་རྒན་བཏགས་མྱོང་བའི་ར་སྐོར་གྱི་གྲུ་ཟུར་དེར་ཅེར་འདུག་ཅིང་། མིག་ལམ་དུ་ཝ་ནག་ལུང་བ་ཤར། རྣ་ལམ་དུ་སྒོ་ཁྱིའི་ཟུག་སྐད་གྲགས། སྐད་ཆ་ཉིན་རེ་ནས་ཉིན་རེར་ཇེ་ཉུང་དུ་སོང་།

སངས་རྒྱས་ཀྱིས་ཚོན་མདོག་གི་བརྙན་འཕྲིན་འཕྲུལ་ཆས་དང་འཁྱག་སྒམ། འབོལ་ཁྲི་སོགས་ཉོས་ཡོང་། བརྙན་འཕྲིན་འཕྲུལ་ཆས་ལས་བོད་སྐད་ཀྱི་ལེ་ཚན་ལ་ལྟ་ཐུབ་པས། ཁོ་ཚོའི་འཚོ་བར་སྤྲོ་སྣང་གསར་བ་གང་མང་ཞིག་བསྣན། ལྷག་པར་གནམ་གང་གི་དགོང་མོར“ལོ་སར་དགོང་ཚོགས”ཟེར་བའི་གླུ་གར་སྤྲོ་རྩེད་ཅིག་གིས་ཁོ་ཚོའི་མིག་དང་རྣ་བའི་དབང་བོ་ཅིག་ཅར་དུ་ཕྲོགས།

ལོ་གསར་སྐབས་སུ། སངས་རྒྱས་ཚང་གིས་དོན་དག་ཆེན་པོ་གཉིས་བསྒྲུབས་པའི་ནང་གི་གཅིག་ནི་བུ་མོ་ལྷ་མཚོ་སྐྱིད་མི་རྐྱང་ཁ་ཤོ་ཚང་ལ་བག་མར་བྱིན་པ་དང་། ཅིག་ཤོས་ནི་གཡང་འཛོམས་ཀྱི་རེ་བ་ལྟར་ལྷ་མཚོ་སྐྱིད་ཀྱི་ནལ་ཕྲུག་ལྷ་རིས་སྐྱིད་མི་རྐྱང་ཚང་ལ་མི་འཁྲིད་པར། སངས་རྒྱས་ཚང་ངམ་ལྷ་མཚོ་སྐྱིད་ཀྱི་མ་ཁྱིམ་དུ་འཇོག་རྒྱུ་ཐག་བཅད་པ་དེ་ཡིན་ལ། ཆ་རྐྱེན་ནི་སྟོན་མགོར་སློབ་མགོ་བརྩམས་ཚེ་མོ་སློབ་གྲྭར་བསྐྱལ་རྒྱུ་དེའོ།།

                       དྲུག

དཔྱིད་ཀ་བསླེབས་བྱུང་། དབྱར་རྩྭ་དགུན་འབུ་རྐོ་མཁན་དང་ཁང་བ་བཟོ་མཁན། གཞུང་ལམ་ལས་མཁན་སོགས་ཕོ་མོ་ཁྲི་སྟོང་མང་བོ་ཕལ་ཆེར་དུས་གཅིག་ལ་རྩེ་གཞུང་རྫོང་མཁར་དུ་འདུས་ཏེ། ཞོ་ཆགས་པ་ལྟ་བུའི་རྩྭ་ཐང་འདི་སྐད་ཅིག་ཙམ་ལ་ཆུ་གདུས་པ་བཞིན་དུ་གྱུར།

སངས་རྒྱས་ཚང་གིས་ལོ་གསར་སྔོན་ལ་ཝ་ནག་ལུང་བ་ནས་ཁྱེར་ཡོང་བའི་ཤ་དང་མར་ཆུར། ཨོང་བ་དང་རིལ་མ་སོགས་འཕྲོ་རིམ་འཕྲོར་ཚར་སོང་བས། ཀླུ་སྒྲོན་དང་ཁོ་གཉིས་རེས་མོས་ལྟར་ཕལ་ཆེར་རྫོང་མཁར་ལ་མ་མཐར་ཡང་ཉིན་རེར་ཐེངས་རེ་སོང་ནས་དངོས་རྫས་ཉོ་དགོས་ལ། དངོས་རྫས་ཀྱི་རིན་གོང་ཡང་ཉིན་རེ་ནས་ཉིན་རེར་འཕར་གྱིན་འདུག སངས་རྒྱས་ཀྱིས་སྤྱི་ལེ་གསུམ་བཞིའི་ལམ་གྱི་རྫོང་མཁར་དུ་ལས་ཀ་ཞིག་ཀྱང་འཚོལ་བཞིན་ཡོད་པས། ཁོ་ལ་མཚོན་ན་འཕྲུལ་རྟ་ཞིག་ཉོ་རྒྱུ་དེ་ཁ་ཚ་དགོས་གཏུག་གི་དོན་དག་ཅིག་ཏུ་གྱུར། འོན་ཀྱང་ཆེ་བཤད་བྱེད་པར་ཤིན་ཏུ་དགའ་བའི་འབྲོག་པ་ཚོས“མགོ་བསྒུར་ན་རླིག་པ་གཅོད་ཀི”ཟེར་བའི་རྐུན་མ་དེ་ཚོ་དོན་དངོས་སུ་ཆེས་དགའ་བ་ནི་རླིག་པ་མ་ཡིན་པར་འཕྲུལ་རྟ་ཡིན་པས། གལ་ཏེ་འཕྲུལ་རྟ་རྐུན་མར་དབུལ་འདོད་མེད་ན། ཕལ་ཆེར་ཉིན་མཚན་གཉིས་ཀར་ཁང་བའི་ནང་ལ་བཅུག་ནས་ཟྭ་རྒྱག་དགོས། དེས་ན་དང་ཐོག་ཤིན་ཏུ་ཡངས་ཤིང་རྒྱ་ཆེ་བའི་ཚོར་སྣང་སྟེར་བའི་ཁང་བ་གྱན་གསུམ་པོའི་ནང་དུ་ཁོ་ཚང་གི་སྔོན་གྱི་ཅ་ལག་རྣམས་ཀྱི་སྟེང་ལ་ཅ་ལག་གསར་བ་འགའ་ཡང་ཉོས་ཡོད་པས། ད་ལྟ་ཁྱིམ་འདིའི་ཁང་བ་ཧ་ཅང་གུ་དོག་པའི་ཚད་དུ་འདུག་པར་བརྟེན། སངས་རྒྱས་ཐབས་ཟད་དེ་བེད་སྤྱོད་ཀྱི་རིན་ཐང་ཅི་ཡང་མེད་པའི་ཆབ་གཞོང་ཆེན་པོ་དེ་བཀོག་ནས་སྒོ་ཁར་བཞག

“ཨ་མ་མ……” དང་ཐོག་སངས་རྒྱས་ལ་ལྡེ་མིག་དང་སྒོ་རྟགས་ཨང་གྲངས་སྤྲོད་མཁན་གྱི་བུད་མེད་ལས་བྱེད་མགོ་དམར་མ་དེ་ཁོ་ཚང་དུ་བསླེབས་འཕྲལ། གློ་བུར་སྐད་ཅོར་བརྒྱབ་སྟེ“འདིས་མཱ་ཐོང(ཆབ་གཞོང)བཀོག་ནས་སྒོ་ལ་གཡུགས་འདུག ཨ་མ་མ…… ད་སང་ཉིན་ཧྲི་ཁྲ(གཟིགས་ཞིབ)ལ་ཡོང་རྒྱུ་རེད། ཨ་མ་མ…… ད་མ་འགྲིག ད་མ་འགྲིག ངོ་མ་མི་འདི་ཚོ་ལན་ཆགས་རེད”ཟེར་ནས་ཅི་བྱེད་འདི་བྱེད་མ་ཤེས་པར་ཕར་འགྲོ་ཚུར་འགྲོ་བྱས་སོང་།
སངས་རྒྱས་སྐྲག་ཐག་ཆོད་དེ་ཁ་གདངས་ནས་སྡོད་སྐབས། ཀླུ་སྒྲོན་གྱིས“འདིས་ས་གཅོད་པ་མ་གཏོགས་བེད་སྤྱོད་ཅི་ཡང་མེད་པས……”ཟེར།
        “བེད་སྤྱོད་མེད་ཀྱང་ཧྲི་ཁྲ(གཟིགས་ཞིབ)ཡོང་དུས་བསྟན་རྒྱུ་དགོས། ཨ་མ་མ། ད་མ་འགྲིག ད་ཚར་སོང་།”
         ཀླུ་སྒྲོན་གྱིས་སླར་ཡང་ཅི་ཞིག་བཤད་རྩིས་བྱེད་སྐབས། སངས་རྒྱས་ཀྱིས“ཨ་ཙི་ཨ་ཙི། ད་ཅི་ཞིག་བྱས་ན་དགའ”ཞེས་སྐྱབས་རེ་བའི་ཚུལ་གྱིས་མགོ་དམར་མའི་གདོང་ལ་བལྟས།
         “ད་ཨ་ཕའི་མགོ་བྱས་ན་དགའ། མྱུར་དུ་ཀོང་རིན(བཟོ་པ)ཞིག་ཚོལ་ལ་ཕྱིར་སྤྲོད་དུ་ཆུགས། ཧྲི་ཁྲ་ཡོང་ནས་ཤེས་ན་ཚར་སོང་བ་རེད།”
         “ཀོང་རིན།”
         “འོ་ལེ། ལས་ཀ་པ་ཞིག་ཚོལ་ལ་ཤོག རེམ།”

སངས་རྒྱས་དེ་མ་ཐག་འཕྲུལ་རྟར་བཞོན་ནས་རྫོང་མཁར་ལ་སོང་སྟེ། གླ་རིན་ཡང་མ་གཏམས་པར་སྒོར་བརྒྱ་བྱིན་ནས་མི་ཞིག་ཁྲིད་ཡོང་བ་དེས་ཨར་འདམ་སྤར་བ་གང་དང་ཕྱེ་མ་སྤར་བ་དོ་ཙམ་བརྫིས་ཏེ་ཆབ་གཞོང་དེ་ཕྱིར་སྤྲད་བྱུང་། ཡིན་ནའང་སངས་རྒྱས་ཀྱིས་མགོ་དམར་མའི་ཉམས་འགྱུར་ཡིད་ལ་ཤར་ཚེ། སང་ཉིན་ནམ་གནངས་ཉིན་ཡོང་རྒྱུའི“ཧྲི་ཁྲ”ཟེར་བ་དེ་ནི་ཧ་ཅང་འཇིགས་སུ་རུང་བ་ཞིག་ཡིན་ཐག་ཆོད་རེད་སྙམ་སྟེ་སེམས་བདེ་ལ་འབབ་ཐབས་བྲལ་བས། ཁ་སྤུ་བར་མེད་དུ་འཐོག་ཞོར་མཚམས་རེར་སྒོ་ལ་འགྲོ་བ་དང་ལན་རེར་ཁྱིམ་ལ་ཡོང་བར་བྱེད།

རླུང་དམར་གཡུགས་ནས་མིག་འབྱེད་དཀའ་ནའང་། འཇམ་དབྱངས་སྔར་བཞིན་ཉིན་གང་བོར་ཁང་བའི་སྒོ་འགྲམ་དུ་ཙོག་སྟེ་མ་ཎི་འཁོར་ལོ་སྐོར་ཞོར་དུ། དང་པོ་ཁྱི་རྒན་འདོགས་སའི་སྒོ་རའི་གྲུ་ཟུར་དེར་ཅེར་འདུག་པ་ལས་སྐད་ཆ་སྔར་ལས་ཀྱང་ཇེ་ཉུང་དུ་སོང་འདུག མཚམས་རེར་བཟའ་ཟླ་གཡང་འཛོམས་ཁོའི་གམ་ལ་ཡོང་ནས་རྡུལ་འཚུབ་ཅིག་གཙུབ་བཞིན་སར་ཙོག་སྟེ་སྐད་ཆ་རེ་བཤད་ནའང་། ཁོས་ཚིག་གཅིག་གཉིས་ཀྱིས་ལན་ཐུང་ངུ་རེ་སྟེར་བ་ལས་དེ་འདྲའི་ཁ་ཡ་བྱེད་འདོད་མི་འདུག དེའི་ཕྱིར་གཡང་འཛོམས་ཀྱང་ཐབས་ཟད་དེ་ཅུང་ཙམ་བསྡད་རྗེས་སླར་ཡང་རྡུལ་འཚུབ་ཅིག་གཙུབ་བཞིན་ཡར་ལངས་ཏེ་ཁྱིམ་ལ་འཛུལ་ནས་མུ་མཐུད་དུ་བརྙན་འཕྲིན་ལ་ལྟ་བཞིན་སྡོད། མོར་རྒྱ་སྐད་བོད་སྐད་ལ་ཁྱད་མེད་པར་གཟུགས་རིས་ཡོད་པ་ཙམ་གྱིས་ཆོག་པར་བལྟས་ན། བརྙན་འཕྲིན་དུ་བཤད་པའི་ཡིག་སྐད་ཤུགས་ཆེ་བའི་བོད་སྐད་དེ་ཡང་ཧ་གོ་ཡི་མེད་པ་འདྲ། ཡིན་ནའང་། མོ་འདི་ལ་བལྟ་རྒྱུར་ཤིན་ཏུ་དགའ། དེའི་ཕྱིར་མོར་མཚོན་ན་ཁྱོ་ག་འཇམ་དབྱངས་ལས་ཉི་མ་འཁྱོལ་སླ་བ་རེད།

སངས་རྒྱས་ཀྱིས་སེམས་ཁྲལ་བྱེད་བཞིན་པའི“ཧྲི་ཁྲ”ཟེར་བ་དེ་རྫོང་དང་ཡུལ་ཚོའི་མགོ་ཁྲིད་མང་བོ་དང་། བརྙན་ལེན་པ། པར་ལེན་པ་མང་བོས་བསྐོར་ཏེ་གཞི་ནས་བསླེབས་བྱུང་། ཡིན་ནའང་དེ་ནི་སངས་རྒྱས་ཀྱིས་བསམ་ཚོད་བྱས་པ་ལྟ་བུའི་འཇིགས་སུ་རུང་བ་ཞིག་གཏན་ནས་མ་ཡིན་པར་མ་ཟད། དེ་ལས་ལྡོག་སྟེ་ང་ཚོས་རྒྱུན་དུ་མཐོང་བའི་རྒྱ་ནག་ཧ་ཤང་གི་འདྲ་སྐུ་ཞིག་དང་འདྲ་བར་ལུས་པོ་ཤིན་ཏུ་ཚོ་ཞིང་ངོ་གདོང་འཛུམ་གྱིས་ཁེངས་པའི་མཛའ་ཞིང་བརྩེ་བའི་མི་ཞིག་རེད། ཁོས་གཞན་གྱིས་ཅི་ཞིག་བཤད་ནའང“ཧ་ཧ་ཧ། ཧོ་ཧོ་ཧོ། བཟང་གི་བཟང་གི་བཟང་གི”ཟེར་བཞིན་འདུག་ལ། ཐ་ན་ས་གཅོད་པ་ལས་བེད་སྤྱོད་ཀྱི་རིན་ཐང་ཅི་ཡང་མེད་པའི་ཆབ་གཞོང་དེར་ཡང་རྒྱང་ནས་བལྟས་ཙམ་བྱས་རྗེས“ཧོ་ཧོ”ཟེར་བས། སངས་རྒྱས་ཀྱི་སེམས་པ་གཞི་ནས་བདེ་ལ་བབས་སོང་། མཛའ་ཞིང་བརྩེ་བའི“ཧྲི་ཁྲ”ཚོགས་པ་དེ་ཕྱིར་སོང་རྗེས། ཁྱིམ་ཚང་རེ་རེས་སྔ་གཞུག་ཏུ་ཆབ་གཞོང་བཀོག་ནས་སྒོ་ལ་གཡུགས་ནའང་མགོ་དམར་མས་ཅི་ཡང་མི་བཤད་པས། ཉིན་འགའི་རྗེས་སུ་སངས་རྒྱས་ཀྱིས་ཀྱང་སྤོབས་པ་ཆེ་རུ་བསྐྱེད་དེ་སླར་ཡང་ཆབ་གཞོང་དེ་བཀོག་ནས་སྒོ་ལ་གཡུགས།

                      བདུན།

བསྟུད་མར་ཟླ་གཉིས་ཙམ་ལ་རླུང་དམར་གཡུགས་རྗེས། གཞི་ནས་གངས་ཆར་འདྲེས་མ་ཞིག་བབས་པ་དང་། དེ་ནས་རིམ་བཞིན་ཆར་ནག་མཚམས་མ་ཆད་པར་བབས་པ་ན། “བདེ་སྐྱིད་སྐྱེ་ཁམས་སྤོས་འབངས་སྡེ་བའི”ཁང་བ་རྣམས་ཀྱི་ཀླད་ནས་ཐིགས་ཆུ་ཟགས་ཏེ་ཁང་བའི་ནང་དུ་སྡོད་ཐབས་མེད་པར་གྱུར། དེ་བས་ཀྱང་ཚབས་ཆེ་བ་ཞིག་ནི། ཁང་ཀླད་ཀྱི་ཆར་ཆུ་དེ་ཁང་བའི་ཕྱི་ནང་གཉིས་ནས་ཕྱོགས་བཞིའི་གྱང་ངོས་བརྒྱུད་དེ་བཞུར་བ་ན། མ་གཞི་ནས་གྱོ་མོ་ཁོག་སྟོང་སྦྱོར་བྱེད་དེ་ཨར་འདམ་མིན་པར་ས་འདམ་ཡིན་པས། འདམ་ཁུ་ནག་པོ་དེས་རྡོ་ཐལ་དཀར་པོ་མར་དེད་དེ་ཁང་བ་རྣམས“གཅེར་བུར”ཕུད་པ་དང་། གྱོ་མོའི་སྲུབས་ཀ་ནས་ཕྱི་ནང་ཡང་མཐོང་བ་ཞིག་ཏུ་བཟོས་སོང་། ཐ་ན་སངས་རྒྱས་ཚང་གི་གྱང་ངོས་སུ་སྦྱར་ཡོད་པའི་གཙོ་འཛིན་རྣམས་ཀྱི་འདྲ་པར་ལའང་འཇིགས་སྣང་ཚབས་ཆེན་བཟོས་པས། སངས་རྒྱས་ཀྱིས་འདྲ་པར་དེ་དག་ཕྱིར་མི་ལེན་ཐབས་མེད་བྱུང་།

“དེ་འདྲའི‘ཙི་ཁྲིག’གི་སྒོར་མོ་མང་བོ་བསྡུས་པ་ལ་འདི་འདྲའི་ཁང་བ་ཞིག་ཅི་ཡིན། ད་རུང་སྲིད་གཞུང་གི་ཁ་གསབ་སྒོར་མོ་དེ་བས་ཀྱང་མང་བོ་བཏང་ཡོད་རབས་ཟེར།”  ཀླུ་སྒྲོན་གྱིས་འཁང་ར་བྱས་ཏེ“ཝ་ནག་ལུང་བའི་ནང་གི་ས་ཁང་དེའི་ཚུགས་ཀ་བཙོག་རུང་ཐིགས་ཆུ་མི་ཡོང་། ད་རུང་དྲོན་པོ་ཡིན། ད་ཨ་ཕ་ཨ་མ་གཉིས་ཀ་ཕྱིད་རྒྱུ་རེད”ཟེར་བ་དང་། གློ་བུར་ཅི་ཞིག་ཡིད་ལ་དྲན་པ་ལྟར“ཝེ། སྒོ་རའི་ནང་ནས་སྦྲ་ཕུབ་སྟེ་ལྕགས་ཐབ་བཙུགས་ན་མི་བཟང་ངམ”ཟེར།
         “དེ…… ད་དེ་ལྟར་བྱེད་པ་ལས་ཐབས་མེད་པ་འདྲ། ཡིན་ནའང……” སངས་རྒྱས་ཀྱིས་ཁ་སྤུ་འཐོག་ཞོར“ཡིན་ནའང་མགོ་དམར་མས་ཅི་ཟེར་རམ”ཟེར།
        “རེད་ཡ། དེ་ལྟར་བཤད་ན་མགོ་དམར་མ་དེ་འུ་ཚོའི་འགན་འཁུར་པ་ཡིན་པ་འདྲ། མོ་བོས་ཡོང་ནས་ཁང་བ་འདིར་བལྟ་རུ་བཅུག་ན་བཤད་རྒྱུ་ཞིག་ལོས་ཡོད། དེ་འདྲའི‘ཙི་ཁྲིག’སྒོར་མོ་མང་བོ་སྤྲད་ནས་འདི་འདྲའི་ཁང་བ་ཞིག་དཔེ་མི་སྲིད།”
        “ཡུམ་དུམ་པ་བཅུ་གཉིས། ང་མགོ་དམར་མ་དེ་ལ་སྐྲག་གི”
        “སྐྲག་རྒྱུ་ཅི་ཡོད། ཁྱོད་སྐྲག་ན་ང་འགྲོ།” ཀླུ་སྒྲོན་གྱིས་དེ་ལྟར་བཤད་དེ་ཡར་ལངས་ནས་སྒོར་བུད། དྲང་མོར་བཤད་ན་མོར་ཡང་མགོ་དམར་མ་དང་སྐད་ཆ་བཤད་པའི་སྤོབས་པ་ཡོད་མེད་མི་ཤེས་ནའང་། ད་ནི་གང་ལྟར་ཁྱོ་གའི་མདུན་ནས་དཔའ་ཁས་ལེན་བྱས་ཟིན་པས། དེའི་གམ་ལ་མི་འགྲོ་ཐབས་མེད་བྱུང་། སྟབས་ལེགས་པ་ཞིག་ལ་མོ་དེར་བསླེབས་དུས། མགོ་དམར་མའི་གཞུང་ལས་ཁང་དུ་རྩེ་གཞུང་ཡུལ་ཚོའི་ཧྲུའུ་ཅི་སོགས་མགོ་ཁྲིད་རྣམས་དང་འབྲོག་པ་ཕོ་མོ་མང་བོ་འདུས་ཡོད་ལ། བོད་སྐད་ཤེས་པའི་མགོ་ཁྲིད་ཅིག་གིས་བཤད་ན་ཁོ་ཚོས་གནས་ཚུལ་འདི་སྔར་ནས་རྫོང་ཨུ་དང་རྫོང་སྲིད་གཞུང་ལ་ཡར་ཞུ་བྱས་ཟིན་པ་དང་། རྫོང་ཨུ་དང་རྫོང་སྲིད་གཞུང་གིས་ཀྱང་གནད་དོན་འདིར་ཧ་ཅང་མཐོང་ཆེན་གནང་གིན་ཡོད། དེ་རིང་སང་ཉིན་གྱི་གནམ་གཤིས་བཙོག་པོ་འདི་ཡལ་མ་ཐག ཁང་བ་ཡོངས་ལ་ཉམས་གསོ་བྱ་ངེས་ཡིན་པས། རྒྱ་ཆེ་བའི་མང་ཚོགས་ཀྱིས་གནས་སྐབས་ཙམ་ལ་བཟོད་བསྲན་གནང་རོགས་ཟེར།

“ད་དེས་ན་བཤད་རྒྱུ་མེད། ཏང་དང་རྒྱལ་ཁབ་ལ་བཀའ་དྲིན་ཞུ།” སྐད་ངག་ཧ་ཅང་སྦོམ་པའི་གསར་བུ་ཞིག་གིས་ཚང་མའི་ཚབ་བྱེད་པ་བཞིན་དེ་ལྟར་བཤད་ནས་སྒོར་བུད་པ་ན། གཞན་རྣམས་ཀྱང་གཅིག་རྗེས་གཉིས་མཐུད་ཀྱིས་ཕྱིར་བུད་སོང་།

ཀླུ་སྒྲོན་འཛུམ་དང་བཅས་ཕྱིར་ཡོང་སྟེ“མགོ་ཁྲིད་ཚོས་ཉིན་འགའ་ལ་བཟོད་བསྲན་བྱོས་དང་། ཁང་བར་མྱུར་དུ་ཉམས་གསོ་བྱ་ཟེར”ཞེས་བཤད།

“ཏང་དང་རྒྱལ་ཁབ་ཕ་མ་འདྲ་བོ་དེ་འདྲ་ཞིག་ལོས་ཡིན།” འཇམ་དབྱངས་ཀྱི་དུས་ཡུན་རིང་བོར་གྲག་རྒྱུ་མེད་པའི་ཁ་དེ་གཞི་ནས་གྲགས་བྱུང་བ་དང་མཉམ་དུ་གདོང་ལ་སྤྲོ་ཉམས་ཤིག་ཀྱང་རྒྱས་བྱུང་། སངས་རྒྱས་ཀྱིས་ཀྱང་ཁ་སྤུ་འཐོག་མཚམས་བཞག་སྟེ“ང་རྫོང་མཁར་ལ་སོང་ནས་ལུག་ཤ་ཅུང་ཙམ་ཉོས་ཡོང་། རྫོང་མཁར་དུ་ཡོང་ན་ངོ་མ་ཡ་མཚན་རེད། དཔྱིད་ཟླ་གསུམ་པའི་ནང་ལའང་ལུག་ཤ་ཚོན་པོ་དཔེ་མེད་པ་བཙོང་རྒྱུ་འདུག”ཟེར།

ཆར་ཞོད་གཞི་ནས་འཇགས་སོང་། ཁང་བ་རེ་རེའི་ཉིན་ཁའི་གྱང་རྩ་རུ་སྔོ་མ་སོར་ལྔ་ཙམ་རེ་ཐར་ཐོར་དུ་སྐྱེས་ཡོད། རྩེ་གཞུང་རྫོང་མཁར་གྱི་མཐའ་འཁོར་དུ་སྔར་ལས་མང་ཞིང་རྒྱ་ཆེ་བའི“སྐྱེ་ཁམས་སྤོས་འབངས་སྡེ་བ”སོགས་ཀྱི་ཁང་བར་ཉམས་གསོ་བྱེད་མགོ་ཡང་བརྩམས། དེ་ཡང་ཉམས་གསོ་བྱེད་ཐབས་ཧ་ཅང་སྟབས་བདེ་ཡིན་ཏེ། ཁང་ཀླད་ཀྱི་རྫ་ལེབ་བླངས་ནས་འགྱིག་ཤོག་ཐར་རེ་བཀབ་པའི་སྟེང་ལ་ས་ནག་སོར་གང་ཙམ་བརྡལ་རྗེས་རྫ་ལེབ་ཕྱིར་བསྒྲིགས་པ་དང་། གྱང་ངོས་ཡོངས་སུ་ཨར་འདམ་གྲི་ལྟག་ཙམ་བྱུགས། དེའི་སྟེང་ལ་རྡོ་ཐལ་དཀར་པོ་བྱུགས་རྗེས་ས་ཚོན་དམར་སྨུག་དང་དཀར་པོས་སྤེན་ཏོག་དང་དུང་ཕྲེང་བྲིས་པ་ཙམ་གྱིས་ཆོག་པར་བྱས། དེ་ནས་ཁུལ་གྱི་ཡིན་ཟེར་བའི“ཧྲི་ཁྲ”ཚོགས་པ་ཞིག་ཡོང་བ་དེས་ཀྱང“བཟང་གི”ཟེར་ནས་བུད་སོང་། འདི་ངོ་མ་བཟང་བ་འདྲ་སྟེ། དེ་ནས་བཟུང་ཅི་འདྲའི་ཆར་ཞོད་ཆེན་པོ་བབས་ནའང་ཐིགས་ཆུ་གཅིག་ཀྱང་ཟགས་རྒྱུ་མེད་པར་གྱུར། ཡིན་ནའང་བློ་ཡིད་ལས་འདས་པ་ཞིག་ནི་ཕྱི་ལོའི་དཔྱིད་ཆར་བབས་དུས་ཁང་བ་ཡོངས་རྫོགས་ན་ནིང་བྱུང་བའི་དོན་དག་དང་འདྲ་བར་གྱུར།

འབྲོག་པ་ཚོ་སླར་ཡང་མགོ་དམར་མའི་གཞུང་ལས་ཁང་དུ་འདུས་ཤིང་། ལ་ལས་རང་གྲབས་སྒོར་མོ་ཕྱིར་སློགས་དང་ཕྱིར་རྩྭ་ཐང་ལ་འགྲོ་རྒྱུ་ཡིན་ཟེར།
རྫོང་ཨུ་དང་རྫོང་སྲིད་གཞུང་གིས་གནས་ཚུལ་འདི་ལ་ཧ་ཅང་མཐོང་ཆེན་གནང་བཞིན་ཡོད་པ་དང་། ཁང་བ་རྣམས་ལའང་རིན་མེད་ཀྱིས་ཉམས་གསོ་བྱས། ཕངས་པ་ཞིག་ལ་ཉམས་གསོ་བྱེད་ཐབས་ན་ནིང་གི་ཐབས་དེ་ལས་གཞན་མེད་པས། འབྲོག་པ་ཚོས་ཉམས་གསོ་བྱེད་ཐབས་འདི་ལ“སྐྱག་མགོར་ས་གཏོར”ཟེར།

                      བརྒྱད།

ད་ལྟ་རྩེ་གཞུང་རྫོང་མཁར་དུ་ཨོང་བ་འཚོང་མཁན་ཇེ་ཉུང་ནས་ཇེ་ཉུང་ཡིན་ནའང་འབར་རྫས་གཞན་ཞིག་སྟེ། སྔོན་ཆད་རྩེ་གཞུང་རྫོང་གི་དཔོན་པོ་མཐོན་པོ་དང་ལས་ཁུངས་ཕྱུག་པོ་ཚོས་མ་གཏོགས་ལོངས་སུ་སྤྱོད་མི་ཐུབ་པའི་རྡོ་སོལ་འཚོང་མཁན་ཇེ་མང་ནས་ཇེ་མང་རེད། ཡིན་ནའང་རྡོ་སོལ་གྱི་རིན་གོང་ཤིན་ཏུ་མཐོ་བས་འབྲོག་པ་ཚོས་འདི་ལ“རྡོ་ནག་གོང་ཆེན”ཟེར། དེ་རིན་གོང་མཐོ་བར་མ་ཟད་ཉེན་ཁའང་ཆེ་སྟེ། “བདེ་སྐྱིད་སྐྱེ་ཁམས་སྤོས་འབངས་སྡེ་བ”གཅིག་པོ་རུ་སྔ་གཞུག་ཏུ་ཁྱིམ་ཚང་གསུམ་གྱི་མི་དགུ་ལ་སོལ་རླངས་ཀྱི་དུག་ཕོག་ནས་ཤི་བ་དང་། རྫོང་མཁར་ནས་ལས་བྱེད་པ་བཞི་ཡིས་མཉམ་དུ་ཆང་མང་བོ་འཐུངས་རྗེས་ཚང་མ་ར་བཟི་བར་གྱུར་ནས་གཉིད་དུ་ཡུར་ཞིང་། ནམ་གུང་ཙམ་ལ་མི་ཞིག་སྐོམ་ནས་ཁྱར་ཁྱོར་གྱིས་ལྕགས་ཐབ་འགྲམ་དུ་སོང་སྟེ་དེམ་བླངས་རྗེས་ཕྱིར་མ་བཞག་པར་ལྕགས་ཐབ་ཀྱི་ཁ་ཕྱེ་བས། ནམ་ལངས་དུས་ཚང་མ་ཤི་འདུག་པ་སོགས་ཀྱིས་“སྐྱེ་ཁམས་སྤོས་འབངས་སྡེ་བའི”མི་རྣམས་ལ་འཇིགས་སྣང་རྒྱུན་དུ་སྐུལ་བཞིན་ཡོད། འོན་ཀྱང་དཀོན་མཆོག་གསུམ་པོའི་བཀའ་དྲིན་གྱིས་སངས་རྒྱས་ཚང་གི་མགོ་ལ་འདི་འདྲའི་རྐྱེན་ངན་བར་ཆད་མ་བྱུང་ནའང་། ད་ལྟ་ཁོ་ཚང་ལ་སྒོར་མོ་ཧ་ཅང་ཉུང་བའི་ཁར། ཉེ་སྔོན་ཉོས་པའི་རྡོ་ནག་གོང་ཆེན་དེའི་ནང་གི་སུམ་ཆའི་གཅིག་ཙམ་འབར་རྒྱུ་མེད་པའི་ཆུ་རྡོ་དང་བྲག་རྡོ་ཡིན་པས། སངས་རྒྱས་ཁོ་འདང་རྒྱག་གི་ནང་ལ་ལྷུང་སྟེ་ཁ་སྤུ་འཐོག་བཞིན་སྡོད་པའི་སྐབས་སུ། ཀླུ་སྒྲོན་གྱིས“ཁ་ཉིན་ཁྱོད་ཀྱིས་ཉོས་ཡོང་བའི་མར་དེ་རྙིང་བ་རྙིང་ནག་རེད། ཁ་སང་ཨ་ཕས་གཏུལ་མ་ཞིག་ཟོས་པས། ཉིན་གང་བོར་ཕོ་བ་གཟེར་སོང་ཟེར་ནས་ད་ནངས་རྩམ་ནག (མར་མེད་པའི་རྩམ་པ)ཅིག་ཟོས་ནས་བསྡད། ཁྱོད་ཀྱིས་ཀྱང་མར་གྱི་སོ་རྙིང་ལའང་མི་ལྟ་བར……”ཞེས་བཤད་སྐབས། སངས་རྒྱས་ཀྱིས་མོའི་ཚིག་མཚམས་བཅད་དེ“སོ་རྙིང་ལ་མ་བལྟས་པ་ག་ལ་ཡིན། མར་སོ་མའི་རིན་གོང་གནམ་ན་ཡོད”ཟེར་ནས་འཚིག་པ་ཟ་བཞིན་ཁ་སྤུ་འཐོག་བཞིན་བསྡད།

“ངས་བལྟས་ན་སྒ་དེ་བཙོང་རན་རེད། རྟ་མེད་པར་སྒ་ཡིས་ཅི་ཞིག་བྱེད།”
        “‘རྟ་སླ། སྒ་དཀའ’ཟེར་བ་གོ་མ་མྱོང་ངམ།”
        “‘སྐྱིད་ལ་རྟ་ཞིག་ཡོད་དང་ན། སྒ་ཞིག་སྟོད་རྒྱུ་སླ་མོ་རེད’ཟེར་བ་མིན་ནམ།”
        “རང་གའི་སྒ་ཞིག་སླ་མོ་ཡིན་མོད། འོན་ཀྱང་ངའི་སྒ་འདི་རང་ག་བ་ཞིག་མིན།”
        “གང་ལྟར་མར་སོ་མ་ཞིག་མེད་ན་ཨ་ཕ་ཨ་མ་གཉིས་ཀ་ཕར་ཞོག ང་ཚོ་ཡང་དཀའ་མོ་རེད།”
        “བརྒྱ་ཐམ་པ་དཀའ་ནའང་། རྩྭ་སའི་ཁ་གསབ་སྒོར་མོ་དེ་མ་བྱིན་ན་ང་ལ་ཐབས་བཀོད་མི་འདུག”
        “ཇ་ནག་པོ་ཡིན་པའི་ཁར་མར་རྙིང་བ་རེད། འེ— ལོ་ལོན་གཉིས་ཀ་སྙིང་རེ་རྗེ།”
        “ང་འོ་མ་ཞིག་ཉོ་རུ་འགྲོ།” སངས་རྒྱས་ཀྱིས་ལོ་ལོན་གཉིས་ཀར་སྙིང་རྗེ་སྐྱེས་པ་ཡིན་ནམ། ཡང་ན་ཀླུ་སྒྲོན་གྱི་སྡུག་གཏམ་ལ་སུན་སྣང་སྐྱེས་པ་གང་ཡིན་མི་ཤེས་མོད། གང་ལྟར་ཡར་ལངས་ནས་སྒོ་ཕྱེ་བ་ན། བུ་དགེ་འདུན་རྒྱ་མཚོ་སྒོ་རའི་ནང་ལ་བསླེབས་འདུག

དགེ་འདུན་རྒྱ་མཚོས་ཕ་མ་གཉིས་ཀྱི་གདོང་ནས་ཅི་ཞིག་ཤེས་སོང་བ་ལྟར། ལོ་ལོན་གཉིས་ཀར་ཁམས་འདྲི་བྱས་ཤིང་འོ་རེ་བྱས་རྗེས། སར་ཡང་མ་ཙོག་པར་རུམ་ནས་སྒོར་མོ་སྟོང་གཉིས་བཏོན་ནས་ཨ་ཕའི་ལག་ལ་བཞག་བྱུང་།

དངོས་གནས་ད་ལྟ་གྲྭ་བ་མང་བོ་སྐྱ་སར་བབས་བྱུང་ལ། གསར་བུ་མང་བོས་ཤོ་རྒྱག་པ་དང་རྐུ་འཕྲོག་བྱེད། གསར་མོ་མང་བོས་སྨད་འཚོང་གི་ལས་བྱེད་བཞིན་འདུག “བདེ་སྐྱིད་སྐྱེ་ཁམས་སྤོས་འབངས་སྡེ་བ”གཅིག་པོའི་ནང་དུའང་ན་ནིང་དོ་ཚིགས་ལ་གསར་བུ་ལྔ་དྲུག་ཙམ་འཛིན་བཟུང་བྱས་ཤིང་། གསར་མོ་གསུམ་བཞི་ཙམ་གར་སོང་ཆ་མེད་དུ་གྱུར། གྲྭ་བ་བཞི་ལྔ་ཙམ་སྐྱ་སར་བབས་པར་མ་ཟད། དེའི་ནང་གི་གཅིག་ཕྱིར་དགོན་པར་སོང་ནས་དགོན་པ་ལས་ཀྱང་ལོ་རྒྱུས་རིང་བའི་དཔལ་ལྡན་ལྷ་མོའི་ནག་ཐང་རྩ་ཆེན་ཞིག་ཡོད་པ་དེ་བརྐུས་ནས། ས་གཞན་ལ་འབྲོ་རྩིས་བྱེད་སྐབས་འཛིན་བཟུང་བྱས་ཏེ་ད་ལྟ་ད་དུང་ལྟ་སྲུང་ཁང་ན་ཡོད་པ་སོགས་རྣ་བས་གོ་ན་སྐྱི་གཡའ་བའི་དོན་དག་བྱུང་དང་འབྱུང་བཞིན་མཆིས། ཡིན་ནའང་དགེ་འདུན་རྒྱ་མཚོ་ནི་ཁ་ཏོན་དགེ་སྒྲུབ་ཁོ་ནར་གཞོལ་མཁན་ཞིག་སྟེ། གྲྭ་བ་གཞན་དང་འདྲ་བར་རྒྱས་ཟ་རྒྱས་འཐུང་མི་བྱེད་པར། དད་ལྡན་དག་གིས་ཕུལ་པའི་མང་འགྱེད་སྒོར་མོ་རྣམས་བསགས་ནས་རང་ཁྱིམ་ལ་རོགས་སྐྱོར་བྱེད་བཞིན་འདུག འདི་དག་དྲན་ཚེ་སངས་རྒྱས་ཀྱིས་དགེ་འདུན་རྒྱ་མཚོ་རང་གི་བྲང་ཁར་སྦྱར་ནས་འོ་ཞིག་བྱེད་བསམས་ནའང། དགེ་འདུན་རྒྱ་མཚོ་ནར་སོན་པ་ནས་འོ་ཞིག་བྱས་མ་མྱོང་བས། ད་ལྟ་དེ་ལྟར་བྱེད་པར་དངོས་གནས་དོགས་མི་བདེ་བ་ཞིག་དང་འདྲ་ལ། དུས་མཚུངས་སུ་ཁོར་ཧ་ཅང་སེམས་འགུལ་ཐེབས་ནས་སྣ་ནང་ལ་སྐྱུར་ཤ་ལངས་པས“ང་ཤ་རྡོག་ཅིག་ཉོ་རུ་འགྲོ”ཟེར་ཞོར་སྒོར་འབུད་ཐབས་བྱས།

ཀླུ་སྒྲོན་ཡང་སྒོར་བུད་དེ“འོ་མ་དམ་བེ་གང་ཉོ་རྒྱུ་མ་བརྗེད། ཀུང་ཧྲང་ཅུས(བཟོ་ཚོང་ཅུས)ཀྱི་སྒོ་ཁའི་ཚོང་ཁང་དེའི་ནང་ནས་ཉོ་མི་རུང་། རྫུན་མ་རེད”ཅེས་བཤད་བྱུང་། མོས་བཤད་པའི་འོ་མ“རྫུན་མ”ཟེར་བ་དེ་ལའང་རིགས་མང་སྟེ། གཙོ་བོ་འོ་མའི་ནང་ལ་ཆུ་བསྲེ་བ་དང་འོ་མའི་ནང་གི་འོ་ཁ་བླངས་ནས་བཙོངས་པ། འབྲིའི་འོ་མ་ཡིན་ཟེར་ནས་བ་མོའི་འོ་མ་བཙོངས་པ་སོགས་ཏེ། དེ་ལས་ཀྱང་བདུད་ཀྱི་སེམས་ལའང་འཆར་དཀའ་བ་ནི། དབྱར་ཁར་དྲོད་ཚད་མཐོ་དུས་འོ་མའི་ནང་ལ་དུག་སྲིན་འགོག་སྨན་གྱི་རིགས་བཏབ་ཚེ་འོ་མ་རུལ་རྒྱུ་མེད་པ་སོགས་རེད།

སངས་རྒྱས་ཀྱིས་འཕྲུལ་རྟའི་སྣུམ་སྒོ་ཆེ་རུ་ཕྱེ་ཡོད་པ་ལ། མོའི་སྐད་ཆ་མ་གོ་བའམ་གང་ལྟར་ཨ་ལན་མ་བྱིན་པས། ཀླུ་སྒྲོན་གྱིས“ཁོས་ད་ཡང་འོ་མ་རྫུན་མ་ཞིག་ཉོས་ནས་ཡོང་རྒྱུ་རེད”ཅེས་ཁེར་བཤད་བྱེད་ཞོར་ཁྱིམ་ལ་འགྲོ་རྩིས་བྱས་པར། སླར་ཡང་དང་པོ་ཁྱི་རྒན་བཏགས་ཤུལ་ལ་ཅེར་འདུག་པའི་ཕ་འཇམ་དབྱངས་མཐོང་བས། ཁོའི་ཕུ་རུང་ནས་བཟུང་སྟེ“ཨ་ཕ། ད་ཁྱིམ་ལ་འགྲོ།”ཟེར་ཞོར་ཡར་འཐེན།

                      དགུ།

འཇམ་དབྱངས་ཁྱིམ་ལ་འཛུལ་མ་ཐག་དགེ་འདུན་རྒྱ་མཚོ་ཡར་ལངས་པ་ལ། ཁོས་ཚ་བོའི་གདོང་ལ་བལྟས་ཙམ་བྱས་རྗེས“ཨ་ཁུ་འདི་སུ་རེད།”ཟེར།

དགེ་འདུན་རྒྱ་མཚོ་ཧ་ལས་ཏེ་ཀླུ་སྒྲོན་གྱི་གདོང་ལ་བལྟས་པར། ཀླུ་སྒྲོན་གྱིས་སྐད་དམའ་མོས“སྤོ་བོ་ཧོན་ལོག་འདུག”ཅེས་བཤད་བྱུང་། སྐབས་དེར་གཡང་འཛོམས་ཀྱིས“ཨ་ཙི། རྒད་པོ་འདིར་ཅི་བྱུང་བ་ཡིན་ནམ། འདི་འུ་ཚང་གི་བན་ཕྲུག་མིན་ནམ། ད་སོ་མ་ཁྱོད་ལ་ཁམས་འདྲི་བྱས་པ་མིན་ནམ།”ཟེར། ཡིན་ནའང་འཇམ་དབྱངས་ཀྱིས་དོན་དག་དེ་གཏན་ནས་ཁས་མི་ལེན་པར་མ་ཟད། ད་དུང“ཨ་ཙི། བན་ཕྲུག་ནམ་ཡོང་བ་ཡིན། ཁྱོད་བསླེབས་ན་སྤོ་བོ་ལ་ཁ་ཡ་མི་བྱེད་པ་ཅི་ཡིན།”ཅེས་འཁང་ར་བྱས་པས། དགེ་འདུན་རྒྱ་མཚོ་ཐབས་ཟད་དེ་ངུ་མ་དགོད་ཀྱིས་ཡང་བསྐྱར་སྤོ་བོ་འཇམ་དབྱངས་ཀྱི་སྐེ་ལ་འཁྱུད་དེ་འོ་ཞིག་བྱས་པ་ན། ཁོ་ད་གཟོད་ཡིད་ཚིམས་ནས་སར་བསྡད་བྱུང་།

“ཁྱོད་ཀྱི་སྤོ་བོ་ཧོན་ལོག་འདུག” ཀླུ་སྒྲོན་གྱིས་ཡང་བསྐྱར་སྐད་དམའ་མོས“དགོང་གར་སྒོ་ཁར་ཡོང་སྟེ‘ཁྱི་རྒན་ལ་ལྟོ་ཨེ་བླུད’དང་། ‘མཛོ་རྒན་རྒྱ་ཐོ་ལྷས་ལ་ཨེ་ཡོང་ཐལ། རྟ་རྒན་སྐྱ་ལོ་དང་ནག་སྒུར་གཉིས་ཀ་ལག་སྦྲེལ་བྱོས’སོགས་བཤད་ཀྱིན་འདུག ངས་འུ་ཚང་ལ་དེ་འདྲའི་སྒོ་ཟོག་ཡོད་མྱོང་བ་ཡིད་ལ་མི་དྲན་པར་འདུག ཁྱོད་ཀྱི་རྨོ་མོས་བཤད་ན་མཛོ་རྒན་རྒྱ་ཐོ་དང་རྟ་རྒན་སྐྱ་ལོ། ནག་སྒུར་ཟེར་བ་དེ་དག་ཁོ་གཉིས་ལོ་ཆུང་དུས་ཀྱི་སྒོ་ཟོག་ཡིན་ཟེར……”ཞེས་ཆུ་བཞུར་བཞུར་གྱིས་བཤད་སྐབས། བུ་མོ་ལྷ་རིས་སྐྱིད་ཀྱིས་སྒོ་ཁྲོག་གེར་ཕྱེ་སྟེ་དབུགས་ལྷེམ་ལྷེམ་གྱིས་ཁྱིམ་ལ་འཛུལ་ཡོང་ནས“ཨ་ཁུ་བསླེབས་བྱུང་ངམ།”ཟེར།

དགེ་འདུན་རྒྱ་མཚོའི་ཁ་མ་གྲགས་སྔོན་ལ་ཀླུ་སྒྲོན་གྱིས“ཨ་ཙི། དེ་རིང་ཁྱོད་ཚོ་འདི་འདྲའི་སྔ་མོ་ནས་སློབ་གྲྭ་གྲོལ་སོང་ངམ།”ཞེས་དྲིས་སོང་།

ལྷ་རིས་སྐྱིད་ཀྱིས་དཔེ་ཁུག་མར་བཞག་རྗེས། བོད་སྐད་དང་རྒྱ་སྐད་འདྲེས་མས་ཧ་ཅང་འབྲེལ་མི་ཆགས་པའི་གསར་འགྱུར་གཉིས་བཤད་པ་སྟེ། དང་པོ་ནི་ཁོ་ཚོའི་སློབ་གྲྭའི་སློབ་ཁང་ཞིག་གི་ཀླད་བརྡིབས་ཏེ་བྱིས་པ་གཉིས་གཅིར་ནས་ཤི་ཞིང་བཞི་རྨས་སོང་བ་དེ་ཡིན་པ་དང་། གཉིས་པ་ནི་ཁ་སང་སློབ་མ་ཞིག་དགེ་རྒན་ཞིག་གི་ཁྱིམ་ལ་འཛུལ་ནས་སྒོར་མོ་བརྐུས་པར། དགེ་རྒན་དེས་སློབ་མ་དེར་གཅར་རྡུང་བྱས་ནས་རྨས་སྐྱོན་བཟོས། དེ་རིང་སློབ་མ་དེའི་ཕུ་བོས་གསར་བུ་འགའ་ཁྲིད་ཡོང་སྟེ་དགེ་རྒན་དེ་ལ་གཅར་རྡུང་བྱས་ནས་ལང་རྒྱུ་མེད་པར་བཟོས་སོང་བ་དེ་ཡིན།

“ཞའོ་ཀྲང(སློབ་གཙོ)གིས་དེ་རིང་ཧྲང་ཁུ་(སློབ་ཁྲིད)བྱ་མི་དགོས་ཟེར།” ལྷ་རིས་སྐྱིད་ཀྱིས་མཇུག་མཐར་དེ་རིང་འདི་འདྲ་སྔ་མོ་ནས་སློབ་གྲྭ་གྲོལ་བའི་རྒྱུ་མཚན་ཚིག་གཅིག་གིས་གསལ་བཤད་བྱས།
        “ཨ་ཧོ། གལ་ཏེ་ངའི་ཞི་མོ་གཅིར་སོང་ན་ཅི་བྱ། སང་ཉིན་ནས་ངའི་ཞི་མོ་སློབ་གྲྭར་མི་མངག་ཁོ་ཐག་ཡིན།” གཡང་འཛོམས་ཀྱིས་ལྷ་རིས་སྐྱིད་རང་གི་མཆན་ལ་བཙིར་ཏེ་བློ་ཐག་རྦད་ཆོད་ཀྱིས་དེ་ལྟར་བཤད། མོ་བཟའ་མི་ཡོངས་ལས་ཆེས་འདང་ཆེ་བ་ནི་ལྷ་རིས་སྐྱིད་ཡིན་པས། དང་པོར་ལྷ་མཚོ་སྐྱིད་གནས་ལ་འགྲོ་སྐབས་ཨུ་ཚུགས་བྱས་ནས་འཁྲིད་དུ་མ་བཅུག་པ་དང་། རྗེས་སུ་སློབ་གྲྭར་མངགས་པར་ཡང་དེ་འདྲའི་འཐད་པ་མིན། དེའི་ཕྱིར་ད་ཐེངས་ཁ་གཡར་ས་འདི་བེད་སྤྱད་དེ་ཞི་མོ་ཉིན་མཚན་གཉིས་ཀར་རང་གི་གམ་དུ་འཛིན་དགོས་བསམ་བཞིན་འདུག

སྐབས་དེར་ཕྱི་རོལ་ནས་འཕྲུལ་རྟའི་སྒྲ་ཞིག་གྲགས་ཤིང་། ཅང་མ་འགོར་བར་སངས་རྒྱས་ཀྱིས་ཕྲག་པ་གཡོན་པར་ལྗིད་ཏིག་ཏིག་གི་ཏ་ལེན་ཞིག་འཁུར་བའི་བུད་མེད་དར་མ་ཞིག་ཁྲིད་ཡོང་བ་དེ་ཁོའི་སྲིང་མོ་གཡུ་སྒྲོན་རེད། གཡུ་སྒྲོན་གནས་ལ་སོང་སའི་སྡེ་བ་དེ་ད་རུང་སྐྱེ་ཁམས་གནས་སྤོར་བྱས་མེད་པས། ཕྱུགས་ལས་ཐོན་རྫས་ཉོ་མི་དགོས་པར་མ་ཟད་བཙོང་རྒྱུ་ཡོད་ལ། ད་དུང་གཏོང་ཕོད་ཆེ་ན་གཞན་ལ་སྟེར་རྒྱུའང་ཡོད། དེའི་ཕྱིར་མོ་རྫོང་མཁར་ལ་ཡོང་ཐེངས་རེར་ཕུ་བོ་ཚང་ལ་ཤ་དང་མར་ཆུར་འོ་ཞོ་སོགས་ཁྱེར་ཡོང་བཞིན་འདུག ད་ཐེངས་ཀྱང་མོས་ལུག་གི་ཚང་ར་ཞིག་དང་སྤྱི་རྒྱ་གཉིས་ཙམ་ཡོད་པའི་སྐམས་ཀྱི་ནང་ཁྲོལ་ཐུམ་ཞིག སྤྱི་རྒྱ་ལྔ་ཙམ་ཡོད་པའི་མར་རྡོག་ཅིག འགྱིག་ཤོག་ཁུག་མ་ནག་པོ་ཞིག་གི་ནང་ལ་ཆུར་བ་སྤྱི་རྒྱ་གསུམ་ཙམ། ཞོ་འགྱིག་ཟེའུ་གང་། འོ་མ་འགྱིག་དམ་གཉིས་བཅས་ཁྱེར་ཡོང་ཡོད་པར་མ་ཟད། ད་དུང་འཇམ་དབྱངས་དང་གཡང་འཛོམས་གཉིས་ཀར་ཁམས་འདྲི་རེ་བྱེད་ཞོར་ལྷ་རིས་སྐྱིད་དང་བཅས་པར་སོ་སོར་སྒོར་མོ་བཅུ་རེ་བྱིན།

སངས་རྒྱས་ཀྱིས་ཀྱང་ཁོ་ཚོས“ཁི་ལི”རུ་འབོད་པའི་སྐོམ་ཆུ་མངར་མོ་འགྱིག་དམ་འགའ་དང་སྐམས་ཤ་སྤྱི་རྒྱ་གསུམ་ཙམ་ཉོས་ཡོང་ཡོད་པས། ཀླུ་སྒྲོན་གྱིས་དེ་མ་ཐག་ཤ་འཐག་ཅིང་ཕྱེ་བརྫིས་ནས་ཤ་ཁོན་བཅོས། རྡོ་སོལ་ཕངས་མེད་དུ་སྦར་ཏེ་ལྕགས་ཐབ་ཀྱི་རྐེད་པའང་དམར་པོར་གྱུར་ཅིང་། ཁྱིམ་ཡོངས་དྲོད་ཀྱིས་ཁེངས་འདུག ཁོ་ཚོས་ཁ་བརྡ་སྣ་ཚོགས་བྱས་པ་ན། མཚམས་ལན་རེར་ཁྱིམ་འདིར་དུས་ཡུན་རིང་བོར་གོ་དཀོན་པའི་དགོད་སྒྲ་ལྷང་ལྷང་ཞིག་ཀྱང་གྲགས་ཀྱིན་འདུག་པས། ཆུ་ཚོད་འགའི་སྔོན་ལ་སངས་རྒྱས་ཁྱོ་ཤུག་གཉིས་ཀྱིས་ཧ་ཅང་སེམས་ཁྲལ་བྱེད་བཞིན་པའི་མེད་མུག་དེ་དག་དང་། ལྷ་རིས་སྐྱིད་ཀྱིས་བཤད་པའི་སློབ་གྲྭའི་ནང་བྱུང་བའི་སྐྱི་གཡའ་བའི་གནོད་འཚེ་དེ་དག་ཀྱང་བརྗེད་པར་གྱུར་པ་ལྟར་སྣང་། འཇམ་དབྱངས་སྔ་ས་ནས་ཉལ་བ་དང་། དེ་ནས་ཅང་མ་འགོར་བར་གཡང་འཛོམས་ཀྱིས་ཀྱང་ལྷ་རིས་སྐྱིད་རུམ་ནས་མལ་དུ་ཉལ། མི་གཞན་རྣམས་ནམ་རྒྱུན་ལས་ཆུ་ཚོད་གཉིས་ཙམ་གྱིས་འཕྱི་བའི་དུས་སུ་ད་གཟོད་མལ་དུ་ཉལ་རྩིས་བྱས།

ཁོ་ཚོ་དགའ་ལྷང་ལྷང་གིས་ཉིན་འདིའི་ཆེས་མཇུག་མཐའི་གཅིན་པ་གཏང་བར་སྒོ་རུ་བུད་པ་དང་མཉམ་དུ། སངས་རྒྱས་ཀྱིས་གློ་བུར“ཨ་ཧོ། ཨ་ཧོ། ངའི་མའོ་ཐོ(འཕྲུལ་རྟ)། ངའི་མའོ་ཐོ། ཁྱི་རྐུན་དེ་ཚོ། ཁྱི་རྐུན་དེ་ཚོ……”ཟེར་ནས་དམིགས་ཡུལ་མེད་པར་སྒོ་རའི་ནང་དུ་ཕར་འགྲོ་ཚུར་འོང་བྱས་སོང་།

                    བཅུ།

“བདེ་སྐྱིད་སྐྱེ་ཁམས་སྤོས་འབངས་སྡེ་བའི”མི་རྣམས་ཀྱིས་ལྐོག་ཏུ“མགོ་དམར་མ”རུ་འབོད་པའི་བུད་མེད་ལས་བྱེད་པ་དེ། སངས་རྒྱས་ཚང་གི་སྒོ་ཁར་ཡོང་སྟེ་གློག་རིན་ཆུ་རིན་ད་ལྟ་ཉིད་ལ་མ་སྤྲད་ན། གློག་གཅད་རྒྱུ་ཡིན་པ་དང་ཆུ་ལེན་དུ་མི་འཇུག་ཅེས་བཤད།

ད་ལྟ་སངས་རྒྱས་ཀྱི་སྤོབས་པ་ཇེ་ཆེར་སོང་ཞིང་གཤིས་ཀའང་ཇེ་བཙོག་ཏུ་གྱུར་ཡོད་པས། ཁོས་ཀྱང་དཔའ་མི་ཞུམ་པར“ཁྱོད་ཚོས་ག་དུས་རྩྭ་སའི་ཁ་གསབ་སྒོར་མོ་བྱིན་ན། ངས་དེ་དུས་གློག་རིན་ཆུ་རིན་སྤྲོད་ངེས་ཡིན། དེ་མིན་ན་ཁྱོད་ཀྱིས་གློག་སྐུད་ཆོད་དང་ངས་ཉི་གློག་བཀར་ཆོག ཆུ་ལེན་དུ་མི་འཇུག་ན་ང་ཚོ་རྩེ་ཆུའི་ཁར་ཆུ་ལེན་དུ་སོང་ཆོག”ཅེས་བཤད།

“ཧོ་ཧོ་ཡ།” མགོ་དམར་མས་ཧབ་ཆ་ཞིག་བརྒྱབ་སྟེ“རྩེ་ཆུ་བོའུ་རན(སྦགས་བཙོག)བཟོས་ནས་ད་ལྟ་ཕག་གིས་ཀྱང་མི་འཐུང་བ་སུས་མི་ཤེས།”ཟེར།

སངས་རྒྱས་ཀྱིས་ཅི་ཞིག་བཤད་རྩིས་བྱེད་སྐབས། ཀླུ་སྒྲོན་གྱིས་གློ་བུར་རྣར་གཟན་ཞིང་སྙིང་ལ་ཟུག་པའི་ཨག་རིང་ཞིག་འདེབས་ཞོར་གོམ་པ་གསུམ་བཞི་ཙམ་ལ་ཕར་བྲོས་ཤིང་། སླར་ཡང་ཕྱིར་འཁོར་ནས་བླ་འཁྱམས་པ་བཞིན་ཁ་ཆེ་རུ་གདངས་འདུག

སངས་རྒྱས་མྱུར་དུ་ཕྱིར་འཁོར་ནས་བལྟས་དུས་འཇམ་དབྱངས་ཁ་སྦུབ་ཏུ་འགྱེལ་འདུག་པས། ཁོ་རྒྱུག་མ་མཆོང་གིས་སོང་ནས་ཁོའི་མགོ་བོ་ཡར་བསྐྱོར་ནའང་། དེ་དུས་ལུས་པོའང་ཕལ་ཆེར་འཁྱག་པར་གྱུར་འདུག

ཀླུ་སྒྲོན་གྱིས་བཤད་ན་དང་པོར་ཨ་ཕ་དྲང་མོར་ཙོག་འདུག་པས། མོས་ཁོ་ཁྱིམ་ལ་འཁྲིད་བསམས་ནས་ཕུ་རུང་ནས་གཅིག་འཐེན་པ་ན། ཁ་སྦུབ་ཏུ་འགྱེལ་སོང་ལ། མོས་ཁོའི་མགོ་བོར་རེག་ཚེ་འཁྱགས་པ་རྡོ་དང་འདྲ་བས་སྐྲག་ཐག་ཆོད་སོང་ཟེར།

“རང་ཉིད་གམ་ན་ཡོད་བཞིན་དུ་ཕ་ལོའི་དབུགས་འཆད་ཁར་མགོ་བོ་ཞིག་ཀྱང་སྐྱོར་མ་ཐུབ། ངའི་བྱ་འདི……” ཀླུ་སྒྲོན་གྱིས་ངུ་ངག་གིས་དེ་ལྟར་བཤད།
        “ད་མ་ངུ་མ་ངུ…… མ་ཎི་ཐོན། མ་ཎི་ཐོན།”སངས་རྒྱས་ཀྱིས་ཀླུ་སྒྲོན་གྱི་ངུ་མཚམས་གཅོད་ཨེ་ཐུབ་ལ་བལྟས།
        “ཕ་ལོ་འགྲོ་ཁར་ངས་འོ་ཇ་དཀར་ཡོལ་གང་ཡང་ལྡུད་མ་ཐུབ། མར་སོ་མའི་རྩམ་པ་ཞིག་ཀྱང་བཟའ་རུ་འཇུག་མ་ནུས། ད་ནངས་ཀྱང་རྩམ་ནག་ཅིག་ལས་ཅི་ཡང་ཟ་མ་ཐུབ། ངའི་ཕ་ལོ་སྙིང་རེ་རྗེ……” ཀླུ་སྒྲོན་སྔར་ལས་སྐྱོ་གདུང་ཆེན་པོས་ངུས་པས། སངས་རྒྱས་ཀྱིས་ཀྱང་མ་སྲོན་པར་མིག་ཆུ་ཤོར་བ་དང་། སེམས་སུ་རྒད་པོ་འགྲོ་ཁར་ཇ་དཀར་པོ་ཞིག་དང་མར་སོ་མ་ཞིག་ཀྱང་ཁ་ལ་རེག་ཏུ་འཇུག་མ་ཐུབ་པ་འདི་ངོ་མ་སྙིང་རེ་རྗེ། འདི་ངས་མག་གོ་མ་ཆོད་པ་ཡིན་པས་ངོ་རེ་ཚ། ཡིན་ནའང་ད་དེ་དག་ཚར་སོང་བས་འགྱོད་པ་སྐྱེས་ཀྱང་ཕན་པ་མེད། དེའི་ཕྱིར་རྒད་པོའི་རྗེས་སུ་ངེས་པར་ཆོས་ཡག་པོ་ཞིག་བསྒྲུབ་དགོས་བསམས་ཏེ། ཀླུ་སྒྲོན་ལ་མུ་མཐུད་དུ་སེམས་གསོ་མ་བྱས་པར་རས་ལྭ་རྙིང་བ་ཞིག་གིས་གཅུད་ཡོད་པའི་རང་གི་རྟ་སྒ་ཤན་མ་དེ་ཐུམ་ལས་གྲོལ་ཞིང་རྒྱབ་ལ་ཁུར་ནས་རྫོང་མཁར་དུ་འགྲོ་རྩིས་བྱས་པ་དང་། སླར་ཡང་སེམས་ལ་བེམ་པོའི་གམ་དུ་བུད་མེད་གཉིས་བཞག་ནས་འགྲོ་སྲོལ་མེད་སྙམ་སྟེ་རྟ་སྒ་སར་བཞག་ནས་སྒོར་བུད་པ་ན། ཁྱིམ་མཚེས་ཚང་གིས་ཀྱང་ངུ་སྐད་གོ་སྟེ་ཅི་ཡིན་ནམ་བསམས་ནས་ཁྱོ་ཤུག་གཉིས་ཀ་བསླེབས་བྱུང་།

“རྒད་པོ་གློ་བུར་བུད་ཐལ།” སངས་རྒྱས་ཀྱིས་ཁྱིམ་མཚེས་ཚང་གི་ཁྱོ་བོ་དེར“དྲིན་ཆེན་པོ། ཁྱོད་འདིར་མ་སྨད་གཉིས་ཀའི་གམ་ནས་ཅུང་ཙམ་སྡོད་དང་། ང་རྫོང་མཁར་ལ་སོང་ནས་ཤ་ཉེ་ཚོར་བརྡ་ཞིག་གཏང་དགོས། ད་དུང་འབྲོང་རིན་པོ་ཆེ་ཨེ་བཞུགས་ལ་བལྟ་དགོས”ཞེས་བཤད་རྗེས། སླར་ཡང་རྟ་སྒ་ཁུར་ནས་སྒོར་བུད། ཡིན་ནའང་ཁོའི་སེམས་སུ་ཡང་བསྐྱར་ཅི་ཞིག་དྲན་པ་བཞིན་ཕྱིར་ཁྱིམ་ལ་ཡོང་སྟེ་བེམ་པོའི་སྟེང་གི་སློག་པ་རིམ་བཞིན་ཡར་བཀྱགས་པ་ན། རྒད་པོའི་གཡོན་ལག་གིས་ཕྲེང་བ་དང་གཡས་ལག་གིས་མ་ཎི་འཁོར་ལོ་བསྡམས་འདུག ཁོས་དེ་ལེན་རྩིས་བྱས་པ་ན། རང་ལས་ལོ་ན་ཆེ་བའི་ཁྱིམ་མཚེས་རྒད་པོ་དེས“ཨ་ཙི་ཨ་ཙི། མི་བསོད་ནམས་ཅན་རེད། མི་ཁྱད་པར་ཅན་རེད། ངས་བལྟས་ན་ད་དུང་མ་བླངས་ན་དགའ། གལ་ཏེ་ལེན་ནའང་བླ་མ་ཞིག་གིས་བླངས་ན་བཟང”ཟེར་བས། ཁོས་ཀྱང་སློག་པ་དེ་ཕྱིར་བཀབ་སོང་།

“རུན(རིན)གོང་མཐོ(མཐོན)པོ་བྱིན་ནས་ཇ(ཅ)ལག་སྙུང(རྙིང)བ་ཉོ་བ”ཞེས་ཡིག་ནོར་མང་ཞིང་གྲོག་མའི་སུག་རྗེས་ས་ལ་ཕབ་པ་ལྟ་བུ་ཟེར་བ་འདི་མིན་ན་གང་ཡིན་སྙམ་པར་བྱེད་པའི་སྒོ་བྱང་བཀལ་བའི་ཚོང་ཁང་དེའི་བདག་པོས། སངས་རྒྱས་ཀྱི་རྟ་སྒ་གཙོ་བྱས་པའི་ཡོབ་ཆེན་དང་བཅས་པའི་ལྷུ་ལག་རེ་རེ་བཞིན་ཞིབ་ཏུ་བལྟས་རྗེས་གུང་མཛུབ་ཡར་ལ་ཀེར་བྱུང་། སངས་རྒྱས་ཀྱིས་མགོ་བོ་ཐད་དུ་གཡུགས་པ་ན། ཚོང་ཁང་གི་བདག་པོས་བོད་སྐད་ཆ་མ་ཆོལ་གྱིས“འོ་ན་ཁྱོད་ཀྱིས་ཤོད་དང་། རིན་ག་ཚོད་དགོས”ཞེས་དྲིས་བྱུང་།

“སྟོང་བརྒྱད་དགོས།”
        “སྟོང་བརྒྱད།”
        “སྟོང་བརྒྱད།”
        “སྟོང་བརྒྱད། སྟོང་བརྒྱད།”ཚོང་ཁང་གི་བདག་པོས་ངུ་མ་དགོད་ཀྱིས་མགོ་བོ་ཐད་ལ་གཡུག་ཞོར་དེ་མ་ཐག་སྒོར་མོ་བརྩིས་ནས་སྤྲད་བྱུང་།

སངས་རྒྱས་ཅུང་ཡིད་ཚིམས་པའི་ངང་སྒོར་བུད་དུས། ཏག་ཏག་ཨ་ལགས་འབྲོང་ཚང་རླངས་འཁོར་ཞིག་གི་ནང་ནས་མར་འབབ་བཞིན་པ་མཐོང་། ཁོ་མྱུར་དུ་ཕར་སོང་སྟེ་རང་ཚང་གི་རྒད་པོ་གློ་བུར་ཚེ་ལས་འདས་སོང་བས། ངེས་པར་སྔས་མགོར་ཕེབས་དགོས་པའི་རེ་བ་བཏོན། བློ་ཡིད་ལས་འདས་པ་ཞིག་ལ་ཨ་ལགས་འབྲོང་ཕྱིར་རླངས་འཁོར་ནང་ལ་འཛུལ་ཏེ“འགྲོ། ད་འགྲོ”ཟེར། གསུང་ཚིག་དེས་སངས་རྒྱས་ཚབ་ཚུབ་ཏུ་བཏང་བས“ལགས…… ཨང…… ད་རུང་གྲ་སྒྲིག་ཅི་ཡང་བྱས་མེད་པས…… སང་ཉིན་ཕེབས་ན……”ཟེར་བར། ཨ་ལགས་འབྲོང་གིས“སང་ཉིན་ང་ཟི་ལིང་དུ་འགྲོ་དགོས། བཞོན་པ་མེད་ན་ཆི་ཁྲེའི(རླངས་འཁོར)ནང་ལ་ཤོག”ཅེས་བཀའ་འབེབས་པ་ལྟར་གསུངས་བྱུང་།

སྟབས་ལེགས་པ་ཞིག་ལ། སངས་རྒྱས་ཕྱིར་བསླེབས་དུས“བདེ་སྐྱིད་སྐྱེ་ཁམས་སྤོས་འབངས་སྡེ་བར”ཡོད་པའི་རྩེ་གཞུང་སྡེ་བའི་མི་མང་བོས་ཕན་ཚུན་ལ་ཁ་པར་བཏང་སྟེ་སངས་རྒྱས་ཚང་དུ་འདུས་ཡོད་པས། ཁོས་དཀའ་ངལ་ཆེན་པོ་མྱང་མ་དགོས་པར་བེམ་པོ་དུར་སར་སྐྱེལ་བའི་ཉི་མ་སོགས་ཀྱང་རྒད་པོ་ཚོས་ཨ་ལགས་འབྲོང་ལ་ཞུས་ནས་ཐག་གཅོད་བྱས་སོང་།

ཨ་ལགས་འབྲོང་གིས་སྐད་ཅིག་ཙམ་ལ་འདས་པོའི་རྣམ་ཤེས་འདྲེན་འོས་པའི་གནས་དེར་དྲངས་ཏེ་ཕྱིར་ཕེབས་རྩིས་བྱེད་སྐབས། ཁྱིམ་མཚེས་རྒད་པོ་དེས“རིན་པོ་ཆེ་ལགས། འདིར་གཟིགས་རོགས”ཟེར་ནས་བེམ་པོའི་སྟེང་གི་སློག་པ་ཡར་བཀྱགས་ཏེ། ཕྲེང་བ་དང་འཁོར་ལོ་ལག་ཏུ་བསྡམས་འདུག་པའི་ཚུལ་དེ་བསྟན་མོད། འོན་ཀྱང་ཡིད་ཕངས་པ་ཞིག་ལ། ཨ་ལགས་འབྲོང་གིས“དེ་དག་ད་རུང་ལག་ནས་མི་ལེན་པར་ཅི་བྱེད”ཟེར་བ་ལས། བཀྲ་ཤིས་པའི་གསལ་བཤད་ཅི་ཡང་མ་བྱས།

                      བཅུ་གཅིག

ཁྱོ་བོ་ཚེ་ལས་འདས་རྗེས། གཡང་འཛོམས་ཞོགས་པར་ཧ་ཅང་འཕྱི་བའི་དུས་སུ་ད་གཟོད་མལ་ལས་ལངས་པ་དང་། མལ་ལས་ལངས་རྗེས་ཀྱང་སྔོན་ཆད་ལྟར་བརྙན་འཕྲིན་ལ་མི་ལྟ་བར་སྒོར་བུད་དེ། སྔོན་ཆད་ཁྱོ་བོ་རྒྱུན་དུ་སྡོད་པའི་གནས་དེ་རུ་སྡོད་པ་དང་། རྒྱ་སྒོའི་ཁར་ཅེར་ནས་ལྷ་རིས་སྐྱིད་སློབ་གྲྭ་གྲོལ་ཏེ་ཡོང་བར་རེ་སྒུག་བྱས་ནས་འདུག་པ་རེད། ལྷ་རིས་སྐྱིད་བསླེབས་ན་བརྙན་འཕྲིན་ལས་ཀྱང་གསར་འགྱུར་མང་བོ་བཤད་རྒྱུ་ཡོད་མོད། འོན་ཀྱང་ཕངས་པ་ཞིག་ལ་མང་ཆེ་བ་སྐྱི་གཡའ་བའི་དོན་རྐྱེན་ཏག་ཏག་སྟེ། དཔེར་ན་ཁ་སང་མོས་གསར་འགྱུར་གཉིས་བཤད་པའི་གཅིག་ནི། སློབ་གྲྭར་བཅའ་སྡོད་བྱེད་བཞིན་པའི་སློབ་མ་རྣམས་ལ་ཟས་དུག་ཕོག་སྟེ་ཚང་མ་སྨན་ཁང་དུ་བསྐྱལ་ནའང་། དེའི་ནང་གི་མི་ལྔ་སྐྱོབ་ཐབས་བྲལ་ཏེ་ཚེ་ལས་འདས་སོང་ཟེར་བ་དེ་ཡིན་པ་དང་། ཅིག་ཤོས་ནི་རི་ལྟར་ཆེ་ཞིང་ཆུ་ལྟར་བཞུར་བཞིན་པའི་རྡོ་སོལ་འདྲུད་མཁན་རླངས་འཁོར་མང་བོའི་ནང་གི་གཅིག་གིས། མི་བཞི་བསྡད་ཡོད་པའི་རླངས་འཁོར་ཆུང་ཆུང་ཞིག་གཅིར་ནས་ལྕགས་ལེབ་ལྟ་བུར་བཟོས་འདུག་ཟེར་བ་དེ་ཡིན།

གཡང་འཛོམས་ཀྱིས་གནས་ཚུལ་དེ་དག་གོ་ཐེངས་རེར་མིག་ཟུང་བཙུམས་ཤིང་ལག་ཟུང་བྲང་ཁར་སྦྱར་ཏེ“དཀོན་མཆོག་གསུམ་པོས་མཁྱེན། མ་སེམས་ཅན་ཐམས་ཅད་ཀྱི་མགོ་ལ་དེ་འདྲའི་ཆག་སྒོ་ཞིག་མི་ཡོང་བའི་སྨོན་ལམ”ཟེར་བཞིན་འདུག་མོད། འོན་ཀྱང་དེ་འདྲའི་ཆག་སྒོ་ཞིག་ཏག་ཏག་རང་ཚང་དང་ཇེ་ཉེར་ཡོང་བཞིན་པ་སུས་ཤེས་ཏེ། ཤིན་ཏུ་འཁྱག་ཅིང་བསེར་བུ་ལྡང་བའི་ཞོགས་པ་ཞིག་ལ། ལྷ་རིས་སྐྱིད་སྔ་མོ་ནས་སློབ་གྲྭར་སོང་ཞིང་། གཡང་འཛོམས་ད་དུང་མལ་དུ་ཉལ་འདུག སངས་རྒྱས་ཁྱོ་ཤུག་གཉིས་ཀྱིས་ཕྱི་རོལ་ན་སྐ་རགས་རྙིང་ཧྲུལ་ཞིག་གཤགས་ནས་ཁང་བའི་སྲུབས་ཀའི་ནང་ལ་རྫོང་གིན་ཡོད་མོད། ཡིན་ནའང་སངས་རྒྱས་ཀྱི་སེམས་པ་མིག་མདུན་གྱི་ལས་ཀའི་སྟེང་ན་མེད་པར། རྫོང་གི་ལས་ཁུངས་ཤིག་གིས་སྒོ་སྲུང་པ་སྡུད་ལེན་བྱེད་རྩིས་ཡོད་ཟེར་བ་དེའི་སྟེང་ལ་ཤོར་འདུག མཚམས་ཤིག་ཁོ་གཉིས་ཀར་རྐང་བ་ས་ལ་འཛུགས་དཀའ་བའི་ཚོར་སྣང་ཞིག་སྐྱེས་པ་དང་མཉམ་དུ། བལྟས་བལྟས་རིག་རིག་ལ་ཁང་བ་གྲལ་ཤར་དེ་སྐད་ཅིག་ཙམ་ལ་ཉིལ་ནས་ས་རྡུལ་ནག་པོ་ཞིག་འཕྱུར་བ་ལས་ཅི་ཡང་མཐོང་རྒྱུ་མེད་པར་གྱུར། ཁོ་གཉིས་ཧ་ལས་ཤིང་ཧོན་ཐོར་ནས་སྡོད་སྐབས། ཉེ་འགྲམ་དུ་སྐྱེས་པ་ཞིག་གིས“ས་འགུལ། ས་འགུལ……”ཞེས་སྐད་ཅོར་རྒྱག་བཞིན་རྒྱུག་བཞིན་ཡོད་པས། ཁོ་གཉིས་གཞི་ནས་གཉིད་ལས་སད་པ་ལྟར་ཕལ་ཆེར་མགྲིན་གཅིག་ཏུ“ཨ་མ”ཞེས་ངག་ལས་ཤོར་བ་དང་མཉམ་དུ། སྨྱོན་པ་ཇི་བཞིན་རྫ་ལེབ་དང་གྱོ་མོ་རྣམས་ཕར་གཡུག་ཅི་ཐུབ་བྱས། གྲུ་བཞི་ནར་མོར་བལྟབས་ཡོད་པའི་སྦྲ་ནག་གི་སྟེང་ལ་ལྕམ་ཤིང་འགའི་སྣེ་མོ་ཁེལ་འདུག་པ་དེ་དག་ཕར་བླངས་ཚེ། གཡང་འཛོམས་ལ་རྨས་སྐྱོན་ཕྲན་ཙམ་ཡང་ཕོག་མེད་པས་སངས་རྒྱས་ཁྱོ་ཤུག་གཉིས་དགའ་ཐག་ཆོད་ཅིང་། སླར་ཡང་རང་གི་མིག་ལ་རློམ་ཐབས་བྲལ་ཏེ་རྒན་མོ་ཡར་བསླངས་ཏེ་ན་ཟུག་ཡོད་མེད་ཡང་ཡང་དྲིས། ཡོད་ཚད་མངོན་སུམ་ཡིན་པ་ཤེས་རྗེས་ད་གཟོད་དཀོན་མཆོག་གི་ཐུགས་རྗེ་ལ་ཡང་ཡང་བཀའ་དྲིན་ཞུ་བཞིན་པའི་སྐབས་སུ། མི་ཞིག་གིས“ཨ་ཧོ། ཨ་ཧོ། སློབ་མ་ཚོ་ཉོག་ཉོག་བྱས་འདུག་ཟེར་ཞོར་རྒྱུག་བཞིན་པ་མཐོང་བས། ཁོ་གཉིས་ཀས་ཕལ་ཆེར་ཡང་མགྲིན་གཅིག་ཏུ“ལྷ་རིས་སྐྱིད”ཅེས་ངག་ལས་ཤོར་ཏེ་མཉམ་དུ་ཡར་ལངས་ཤིང་མཉམ་དུ་ཕར་བརྒྱུགས་སོང་།

གཡང་འཛོམས་ལ་མཚོན་ན་ལོ་གཅིག་འགོར་བའི་སྣང་བ་སྟེར་ཞིང་། དོན་དངོས་སུ་ཆུ་ཚོད་གཅིག་གི་རྗེས་སུ་སངས་རྒྱས་ཀྱིས་ད་དུང་ཁྲག་འཛར་བཞིན་པའི་ལྷ་རིས་སྐྱིད་ཀྱི་བེམ་པོ་ཆུང་ཆུང་དེ་པང་ལ་བཟུང་ནས“གནམ་རྒན་མ་ལ་ངོ་མ་མིག་ཟེར་བ་མི་འདུག གནམ་རྒན་མ་ལ་ངོ་མ་མིག་མི་འདུག ……” ཅེས་ཟློ་ཞོར་གོམ་པ་ཁྱར་ཁྱོར་གྱིས་བསླེབས་བྱུང་། ཡ་མཚན་པ་ཞིག་ལ་ཀླུ་སྒྲོན་གྱིས་ཨ་ཕ་འདས་དུས་ལྟར་སྨྲེ་སྔགས་མི་འདོན་པར། མིག་ཆུ་ཐར་ཐོར་རེ་ལྷུང་བཞིན་ཤུགས་རིང་རེ་འབྱིན་པར་བྱེད།

རྗེས་སུ་ཤེས་གསལ་ལྟར་ན། འདི་ནི་ཚད་རིམ་བཞི་ཙམ་གྱི་ས་ཡོམ་ཞིག་སྟེ། “སྐྱེ་ཁམས་སྤོས་འབངས་སྡེ་བ”དང་སློབ་གྲྭ་འགའ་ལ་མ་གཏོགས་གནོད་འཚེ་ཆེན་པོ་བཟོས་མེད། སྲིད་གཞུང་གིས་དུས་ལྟར་གནོད་འཚེ་ཕོག་པའི་མི་རྣམས་ལ་རས་གུར་དང་ཟ་མ་བསྐྱལ་ཡོང་བ་དང་། གནོད་འཚེ་འདིའི་ཁྲོད་དུ་ཚེ་ལས་འདས་པ་དང་དབང་བོ་སྐྱོན་ཅན་དུ་བཟོས་པ་རྣམས་ལ་ཁ་གསབ་སྒོར་མོ་བྱིན་པར་མ་ཟད། ད་དུང་གང་མགྱོགས་ཀྱིས་རིན་མེད་དུ་སྔར་ལས་བཟང་ཞིང་སྲ་བའི་སྡོད་ཁང་བཟོ་རྒྱུ་ཁས་བླངས་པས། འབྲོག་པ་རྣམས་སླར་ཡང་སེམས་འགུལ་ཐེབས་ནས་མིག་ཆུ་ཤོར། ཡིན་ནའང་སངས་རྒྱས་ཚང་སྔར་ནས་ཀྱང་འདི་རུ་སྡོད་འདོད་མེད་ནའང་བུ་མོ་ལྷ་རིས་སྐྱིད་སློབ་གྲྭར་འགྲོ་ཆེད་ད་བར་དུ་བཟོད་བསྲན་བྱས། ད་ནི་ལྷ་རིས་སྐྱིད་མེད་པར་བརྟེན་མུ་མཐུད་དུ་འདི་རུ་འདུག་འདོད་མ་བྱུང་བས། ཉིན་ཞིག་གི་ཞོགས་པར་ལག་སྐྱོར་འདྲུད་འཐེན་འཁོར་ལོ་ཞིག་གླས་ཡོང་སྟེ་ཝ་ནག་ལུང་བའི་ཕྱོགས་སུ་སྐྱོད།

ལམ་བར་དུ་རི་ལྟར་ཆེ་ཞིང་ཆུ་ལྟར་བཞུར་བའི་རྡོ་སོལ་འདྲུད་མཁན་རླངས་འཁོར་རྣམས་ཀྱིས་རྡུལ་ནག་པོ་གཙུབ་བཞིན་ཕར་རྒྱུག་ཚུར་རྒྱུག་བྱས་ཏེ་ལག་སྐྱོར་འདྲུད་འཐེན་འཁོར་ལོ་དེ་རྨིག་རྫིས་སམ་འཁོར་རྫིས་གཏོང་ལ་ཁད་བྱེད་པས། སྔར་ནས་ཀྱང་སྙིང་ཁམས་མི་བདེ་བའི་ཀླུ་སྒྲོན་གྱིས་ཤུགས་རིང་འབྱིན་པ་དང་སྙིང་ཁར་ལག་པས་བྱིལ་བྱིལ་བྱེད་ཀྱིན་འདུག སངས་རྒྱས་ཀྱི་སེམས་ཁམས་ཀྱང་ཧ་ཅང་མི་བདེ་བ་འདྲ་སྟེ། ལམ་བར་དུ་དལ་མེད་ངང་ཁ་སྤུ་འཐོག་པ་ལས་སྐད་ཆ་ཚིག་གཅིག་ཀྱང་བཤད་རྒྱུ་མ་བྱུང་།

རླངས་འཁོར་མང་དྲགས་པས་ལག་སྐྱོར་འདྲུད་འཐེན་འཁོར་ལོ་ཧ་ཅང་དལ་མོས་འགྲོ་དགོས་ལ། འགྲོས་ཚད་དལ་དྲགས་པས་ཕལ་ཆེར་ཉི་མ་ནུབ་ལ་ཉེ་དུས། ཁོ་ཚོ་ད་གཟོད་ཝ་ནག་ལུང་བའི་ཉག་གར་བསླེབས། ཏག་ཏག་སྐབས་འདིར་ཁོ་ཚོ་ལྷ་རིས་སྐྱིད་ཤ་ཉོག་རུས་ཉོག་ཏུ་བཏང་བའི་དུས་ལས་ཀྱང་ཧ་ལས་ཤིང་ཧོན་ཐོར་སོང་། རྒྱུ་མཚན་ནི་ཝ་ནག་ལུང་བ་ཡོངས་རྫོགས་ས་རྐོ་རྡོ་སློག་བྱས་ཏེ་ནག་རོག་གེར་འདུག་ལ། ག་ས་གང་དུ་རྐོ་འཁོར་དང་ལྡུག་འཁོར། འདྲེན་འཁོར། འདྲུད་འཁོར་རྣམས་གྲོག་ཚང་བརྡོལ་བ་ཇི་བཞིན་ཟང་ཟིང་ལང་ལོང་བྱེད་པ་དང་། ལྡིར་སྒྲ་སྣ་ཚོགས་འབྲུག་སྟོང་དུས་གཅིག་ཏུ་གྲགས་པ་བཞིན་འདུག་པས་རེད།

ཉག་ག་ནས་ལུང་བའི་ནང་ལ་ལམ་མང་བོ་ཞིག་འཐེན་ཡོད་པས། ཁ་ལོ་པས་གང་ལ་ཞུགས་དགོས་པའང་མ་ཤེས་པར་བསྒགས་ཟྭ་མནན་ཏེ་གླ་བདག་གི་བཀོད་འདོམས་ལ་བསྒུགས་ནས་འདུག་མོད། འོན་ཀྱང་གླ་བདག་ལ་ཁ་གྲག་རྒྱུ་མེད་པར་མ་ཟད། ཐ་ན་ཁ་སྤུ་འཐོག་རྒྱུའང་བརྗེད་འདུག མཚམས་ཤིག་ལ་ཁོ་རིམ་བཞིན་དྲན་པ་སོས་ཏེ་ལམ་ནོར་སོང་བ་མིན་ནམ་སྙམ་ནས་ཕར་ལྟ་ཚུར་ལྟ་བྱས་ཚེ། ཉག་གའི་ལབ་ཙེ་དང་དར་ལྕོག་རྣམས་ནག་པོར་གྱུར་ཡོད་པ་ཙམ་ལས་འགྱུར་ལྡོག་མེད་པ་འདིས་ཁོ་ལ་ལམ་ནོར་མེད་པའི་བརྡ་བྱིན།

“ད་ནི་ངས་ལུང་བ་འདིའི་ནང་གི་ཝ་མོ་རྣམས་ནག་པོ་ཡིན་པའི་རྒྱུ་མཚན་ཤེས་སོང་།” སངས་རྒྱས་ཀྱིས་དེ་ལྟར་བཤད།

“རྡོ་ནག་གོང་ཆེན་དེ་མ་གཞི་འདི་ནས་བླངས་པ་ཡིན་འདུག” ཉིན་གང་བོར་ཁ་གྲག་རྒྱུ་མེད་པའི་ཀླུ་སྒྲོན་གྱིས་གཞི་ནས་དེ་ལྟར་བཤད་དོ།།

                                                               ——2012ལོའི《སྦྲང་ཆར》དེབ་བཞི་བ།

རྩོམ་སྒྲིག་པ། ལྷ་སྐྱིད།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། 《སྦྲང་ཆར》

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཚེ་རིང་དོན་གྲུབ་ཀྱི་བརྩམས་སྒྲུང་། 《ཝ་ནག་ལུང་བ》

2018-06-10 ཚེ་རིང་དོན་གྲུབ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།