ཚེ་རིང་དོན་གྲུབ་ཀྱི་བརྩམས་སྒྲུང་གསར་པ། 《དབྱར་གཞུང་གི་མཚན་མོ》
ཕྱི་དྲོའི་ཆུ་ཚོད་དྲུག་པ་ཡས་མས་སྟེང་ཁོ་ཚོས་མཱ་ཅང་རྒྱག་མཚམས་བཞག གསང་བདག་སྲང་ལམ་ཆུང་ཆུང་དེ་བརྒྱུད་ནས་སྒེར་གཞུང་སུ་ཞིག་གིས་ཅིའི་ཕྱིར་བརྐོས་པ་མི་ཤེས་པའི་རྒྱ་ཁྱོན་ལ་རྨིད་གྲུ་བཞི་མ་གཅིག་ཙམ་དང་། གཏིང་ཚད་ལ་རྨིད་གཉིས་ཙམ་ཡོད་པའི་ས་དོང་དེར་གཟུར་ནས་རང་ཁྱིམ་དུ་སླེབས། སྤྱིར་ན་ཉིན་འདི་འགར་ཁོའི་སེམས་ཁམས་སྐྱིད་རྒྱུ་མེད་མོད། འོན་ཀྱང་དེ་རིང་ལྷག་ཏུ་མི་སྐྱིད་པའི་སྣང་བའང་མེད་དེ། མདོར་དེད་ན་ཁ་སང་དང་གཅིག་པ་གཅིག་རྐྱང་རེད་ཅེས་བཤད་ནའང་མི་ཆོག་པ་མེད།
ཁོ་རང་དམིགས་ཡུལ་མེད་པར་གླང་ཀོ་ནག་པོས་གཡོགས་པའི་ནེམ་ཁྲིའུའི་སྟེང་ལྗིད་ཏིག་གེར་བསྡད་དེ་རྒྱང་འཛིན་བཟུང་ནས་བརྙན་འཕྲིན་འཕྲུལ་ཆས་ཀྱི་ཁ་ཕྱེ་བ་ན་ཁུལ་ཨུའི་ཧྲུའུ་ཅི་འཁོར་དང་བཅས་པས་རང་རྫོང་ལ་གཟིགས་ཞིབ་གནང་བའི་སྐོར་གྱི་ས་གནས་གསར་འགྱུར་རྒྱ་སྐད་ཀྱིས་སྒྲོག་བཞིན་པའི་སྒང་ཡིན་ལ། རིང་པོ་མ་འགོར་བར་རང་རྫོང་གི་ལས་བྱེད་བསྐོ་དབྱུང་མིང་ཐོ་ཁྱབ་བསྒྲགས་བྱས་པའི་ཁྲོད་དུ་ཁོའི་བུ་ཆུང་བའི་མིང་ཐོ་མེད་པ་དང་། དེ་བས་ཀྱང་བཟོད་ཐབས་བྲལ་བ་ཞིག་ནི་མི་འགྱང་བའི་སྔོན་ལ་ཁོ་དང་མཉམ་དུ་གོ་གནས་ལས་བུད་པའི་རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞི་ཟུར་བའི་བུ་མོ་ཆུང་བ་དེ་རྫོང་བུད་མེད་ལྷན་ཚོགས་ཀྱི་ཀྲུའུ་རེན་གཞོན་པར་བསྐོ་འཇོག་བྱས་པའི་མིང་ཐོ་ཡོད་འདུག གནས་ཚུལ་གློ་བུར་བ་དེས་ཅུང་ཙམ་མིན་ན་ཁོའི་ལག་གི་རྒྱང་འཛིན་ཡང་ཤོར་བ་དང་། དེ་མུར་ཁོའི་མིག་ལམ་གྱི་བརྙན་འཕྲིན་བརྙན་རིས་རབ་རིབ་ཏུ་གྱུར། ཁོ་དབུགས་འཚང་ཞིང་ལག་པ་འདར་བཞིན་ཐ་མག་ལ་མེ་བསྒོས་ཏེ་རྔུབ་འཐེན་བྱེད་བཞིན་ལག་འཁྱེར་ཁ་པར་བླངས་ཏེ་རྩ་འཛུགས་པུའུ་ཀྲང་ལ་ཁ་པར་གཏོང་རྩིས་བྱས་པ་དང་། ཡང་རྩ་འཛུགས་པུའུ་ཀྲང་ནི་ལག་ཕྱིས་ཙམ་ཡིན་པ་མ་གཏོགས་མི་དོན་བཀོད་སྒྲིག་དང་ཐག་གཅོད་བྱེད་མཁན་ངོ་མ་ནི་རྫོང་ཨུའི་ཧྲུའུ་ཅི་ཡིན་པ་ཡིད་ལ་དྲན། དེ་ནི་རང་གིས་ཀྱང་སྔོན་ཆད་རྩ་འཛུགས་པུའུ་ཀྲང་ཁུར་མྱོང་བས་ཉམས་མྱོང་བསླབ་བྱ་ཡོད།
“འདི་འདྲའི་དཔེ་ཞིག་གང་ན་ཡོད། དེང་སང་ངེས་ངེས་རྒྱུ་འབྲས་ལུགས་མཐུན་ཟེར་བ་སྤུ་ཙམ་ཡང་མི་འདུག”ཁོས་ཐ་མག་ཤུགས་ཀྱིས་འཐེན་བཞིན་ངག་ལས་དེ་སྐད་ཤོར་བ་དང་། མུ་མཐུད་དུ“འདི་འདྲ་ཡིན་པ་ནི་ངས་སྔོན་མ་ནས་ཤེས་ཡོད། ཡིན་ནའང་འདི་ལྟར་མངོན་སུམ་འཛེམ་མེད་ཀྱིས་ཁྱད་པར་གཏོད་སྲོལ་གང་ན་ཡོད། ཡོན་ཏན་བྲང་འབུར་དང་ངེད་གཉིས་ལ་མི་འདྲ་ས་ཅི་ཞིག་ཡོད། གལ་ཏེ་མི་འདྲ་ས་ཞིག་ཡོད་ཟེར་ན་དེ་ནི་ང་རང་ཁོའི་སྔོན་ལ་གསར་བརྗེའི་བྱ་བར་ཞུགས་པ་དང་། ཁོའི་སྔོན་ལ་ཏང་ནང་དུ་ཞུགས་པ། ང་ནི་ཞིང་ཆེན་ཡོངས་ཀྱི་ཏང་ཡོན་ཕུལ་བྱུང་ཡིན་པ་དེ་རེད། གལ་ཏེ་མི་འདྲ་ས་ཞིག་ཡོད་ཟེར་ན་དེ་ནི་ཁོའི་བུ་མོ་འདྲེ་ཕྲུག་མ་དེས་མགོ་ཁྲིད་ཚོའི་མདུན་དུ་རྐུབ་འཕོངས་གཡུག་ཤེས་པ་དེ་རེད།”ཟེར།
ཁོས་བཤད་པའི“ཡོན་ཏན་བྲང་འབུར”ནི་མི་འགྱང་བའི་སྔོན་ལ་ཁོ་དང་མཉམ་དུ་གོ་གནས་ལས་བབས་པའི་རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞི་རེད། དེ་དུས་རྩ་འཛུགས་ཀྱིས་ཁོ་གཉིས་སོ་སོར་ལོ་ཚད་བརྒལ་བས་གོ་གནས་ལས་འབབ་དགོས་པའི་ཁ་བརྡ་བྱས་ཚེ་ཁོས“གལ་ཏེ་ཡོན་ཏན་བྲང་འབུར་གོ་གནས་ལས་མི་འབབ་ན་ངའང་མི་འབབ་ཁོ་ཐག་ཡིན།”ཞེས་མངོན་སུམ་འཛེམ་མེད་ཀྱིས་བཤད་མྱོང་ལ། ཡོན་ཏན་གྱིས་ཇི་ལྟར་བཤད་ཡོད་པ་གོ་མ་མྱོང་ནའང་འདི་ལས་དམར་རྗེན་དང་བཙོག་པོ་ཞིག་བཤད་མེད་ནའང་འདི་དང་དོ་མཉམ་ཞིག་བཤད་ཡོད་པ་ནི་ཁོས་མནའ་བསྐྱལ་ཐུབ། རྒྱུ་མཚན་ནི་སྐབས་བརྗེ་སྔོན་མའི་སྔོན་མ་སྟེ་ཁོ་པ་རྫོང་དཔོན་གཙོ་བོའི་གོ་གནས་སུ་འཇོག་དུས་ནས་ཁོ་གཉིས་བར་ལ་འགལ་བ་བྱུང་བའམ་དམར་རྗེན་དུ་བཤད་ན་ཁོ་གཉིས་ཀས་རྫོང་དཔོན་གྱི་གོ་གནས་བརྩད་ཅིང་། འགལ་བ་དེ་མུ་མཐུད་དུ་ཛ་དྲག་དང་ཉོག་འཛིང་། མངོན་གསལ་དུ་གྱུར་ཏེ་ད་ལྟ་ཕན་ཚུན་ཁ་བསྲེའང་མེད་པའི་ཚད་དུ་སླེབས་ཡོད་པས་རེད། དེ་དུས་གལ་ཏེ་ཁོ་གཉིས་ཀའི་སུའང་རྫོང་དཔོན་དུ་འཇོག་པའི་རེ་བ་མེད་ཚེ་ཁོ་གཉིས་སྔར་བཞིན་གྲོགས་པོ་ཡིན་སྲིད་པའམ་མ་མཐའ་ཡང་ཁྱོད་བཟང་ང་བཟང་གི་ཚུལ་དུ་གནས་ཡོད་སྲིད། ཡིན་ནའང་འདས་ཟིན་པ་ལ་གལ་ཏེ་ཞིག་གང་ན་ཡོད། ཁོའི་མིག་ལམ་དུ་ཡོན་ཏན་གྱི་བཞིན་རས་ཤར་ཡོང་། རྒྱུ་འབྲས་ཀྱི་སྐད་ཆ་ཞིག་བཤད་ན་ཡོན་ཏན་གྱི་བྲང་རུས་ཅུང་ཕྱིར་འབུར་ཡོད་པས་མི་རྣམས་ཀྱིས“ཡོན་ཏན་བྲང་འབུར”དང“ཡོན་ཏན་བྱ་བྲང”ཞེས་པའི་མཚང་མིང་ཞིག་ཀྱང་བཏགས་ཡོད་པ་ཙམ་མ་གཏོགས་འདི་ནི་བཞིན་རིས་བཙོག་པོ་ཞིག་གཏན་ནས་མིན་པར་མ་ཟད་ལོ་ན་གཞོན་དུས་ཡོན་ཏན་ནི་ཕོ་སྒོ་ཅན་ཞིག་ཡིན་པ་སུས་ཀྱང་ཁས་ལེན་མོད། འོན་ཀྱང་ད་ལྟ་ཁོ་པར་མཚོན་ན་འདི་འདྲའི་འཚིག་པ་ཟ་བའི་ངོ་གདོང་ཞིག་འཇིག་རྟེན་འདི་ན་ཡོད་མི་སྲིད། དེའི་ཕྱིར་གལ་ཏེ་ཁོ་པར་ཁྲིམས་ཀྱི་འགན་འཁུར་མི་དགོས་པར་མི་གཅིག་གི་ཚེ་སྲོག་ལེན་པའི་དབང་ཆ་ཡོད་ཚེ་ཁོས་འདང་རྒྱག་མེད་པར་ཡོན་ཏན་ཕྱི་མར་མངག་སྲིད། ཁོས་བསམས་ན་གལ་ཏེ་ཡོན་ཏན་ལ་དེ་འདྲའི་དབང་ཆ་ཡོད་ན་དེས་ཀྱང་འདང་རྒྱག་མེད་པར་ཁོ་པ་གསོད་སྲིད་སྙམ།
སྐབས་འདིར་ཁོའི་ཆུང་མའམ་ཡང་ན་ཚ་མོ་སུ་ཞིག་གིས་དགོང་ཟས་བཟའ་རན་པའི་འབོད་བརྡ་བཏང་བྱུང་། ཁོ་པ་སྤྲོ་བ་སྤུ་ཙམ་ཡང་མེད་པར་ཡར་ལངས་ཏེ་ཟས་ཅོག་གི་མཐའ་རུ་བསྡད། དགོང་ཟས་ནི་ལུག་ཤ་བཙོས་མ་དང་འཐེན་ཐུག་ཡིན་ལ། ཏག་ཏག་ཆུ་ཚོད་ཕྱེད་ཀ་ཙམ་གྱི་སྔོན་ཏེ། ཁོ་རང་ཁྱིམ་ལ་འཛུལ་སྐབས་ཤ་བཙོ་བའི་དྲི་མ་ཞིམ་པོ་ཞིག་སྣ་ལམ་དུ་འཐུལ་ཡོང་བ་དང་མཉམ་དུ་རང་ཉིད་ཅུང་ལྟོགས་བཞིན་པའི་ཚོར་སྣང་ཞིག་ཀྱང་སྐྱེས་མོད། འོན་ཀྱང་ད་ལྟ་ཁོ་པར་ཡི་ག་ཅུང་ཙམ་ཡང་མེད་ལ། ཨུ་ཚུགས་ཀྱིས་ཤ་ཚིལ་འདྲེས་མ་རྡོག་པོ་གཉིས་གསུམ་ཙམ་ཁ་ནང་ལ་བཞག་པར་ས་ནག་ཟོས་པ་བཞིན་བྲོ་བ་ཅི་ཡང་མི་འདུག ཁོས་མུ་མཐུད་དུ་ཨུ་ཚུགས་ཀྱིས་འཐེན་ཐུག་ཁམ་བུ་གང་འཐུངས་པར་ཡང་སྔར་བཞིན་ཆུ་རྐྱང་འཐུང་བ་ནང་བཞིན་བྲོ་བ་ཅི་ཡང་མེད་པ་དང་། ཐ་ན་ཅུང་ཞེན་པ་ལོག་པའི་ཚོར་སྣང་ཞིག་སྐྱེས་པས་ཟ་མཚམས་བཞག་སྟེ་ཇ་ཕོར་བཟུང་ནས་ནེམ་ཁྲིའུའི་སྟེང་དུ་བསྡད། གཤིས་རྒྱུད་བལ་ལྟར་འཇམ་པའི་བཟའ་ཟླས་ཧ་ཅང་སེམས་ཁུར་གྱིས“ཁྱོད་ཀྱི་ལུས་པོ་མི་བདེ་བ་ཡིན་ནམ། ” “ཞོ་འཐུང་ངམ།”སོགས་དྲིས་ནའང་ཁོས་ཨ་ལན་ཙམ་ཡང་མ་བྱིན།
བརྙན་འཕྲིན་དུ་གསར་འགྱུར་མཉམ་བསྒྲོག་ལེ་ཚན་གཏོང་བཞིན་པའི་སྒང་ཡིན་ལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མགྲིན་ཚབ་པ་ཞིག་གིས་ཁ་སང་ཉི་ཧོང་གི་སྲིད་འཛིན་ཨ་བྷེ་ཞིན་བཟོས་ཡ་སོ་ཀུ་ནེ་ལྷ་ཁང་ལ་ཕྱག་མཆོད་ཕུལ་བའི་བྱ་སྤྱོད་ལ་ཁོས་ཀྲུང་གོའི་སྲིད་གཞུང་གི་ཚབ་བྱས་ཏེ་ཁ་རྡུང་ནན་མོ་བཏང་བ་ཡིན་ཟེར་བ་དང་། བརྙན་འཕྲིན་ངོས་སུ་ཨ་བྷེ་ཞིན་བཟོས་ཁུག་རྟའི་རྔ་སྒྲོའི་དབྱིབས་ཅན་གྱི་ལྭ་བ་ནག་པོ་ཆ་ཚང་གྱོན་ནས་ཡ་སོ་ཀུ་ནེ་ལྷ་ཁང་དུ་འགྲོ་བཞིན་པའི་བརྙན་རིས་འཆར་གྱིན་འདུག
ཁོའི་དང་བ་འདྲེན་པའི་ཆ་ཅི་ཡང་མེད་པའི་གསར་འགྱུར་མཉམ་བསྒྲགས་ལེ་ཚན་མཇུག་རྫོགས་མ་ཐག་ཡང་བསྐྱར་ས་གནས་གསར་འགྱུར་བཏང་བ་དང་། ཡང་བསྐྱར་ལས་བྱེད་བསྐོ་དབྱུང་གི་མིང་ཐོ་ཁྱབ་བསྒྲགས་བྱས་པའི་ཁྲོད་དུ་ཁོའི་ཤ་ཉེ་ཞིག་ཡོད་པ་ནི་བོད་ཡིག་ཆེད་ལས་སློབ་ཆེན་མཐར་ཕྱིན་པའི་ན་གཞོན་ཞིག་རེད། སྤྱིར་ན་ཁོ་པའང་བོད་ཡིག་ཆེད་ལས་སློབ་གྲྭ་མཐར་ཕྱིན་པ་ཡིན་མོད། འོན་ཀྱང་དེ་དུས་ཏང་སྲིད་ལས་ཁུངས་ནང་ནའང་བོད་ཡིག་བོད་སྐད་བཀོལ་ས་ཡོད། ད་ལྟ་ནི་མི་རིགས་སློབ་གྲྭ་ཆུང་འབྲིང་དག་ན་བོད་ཡིག་གི་སློབ་ཁྲིད་རེ་ཡོད་པ་མ་གཏོགས་ཏང་སྲིད་ལས་ཁུངས་ནང་ན་བོད་ཡིག་བོད་སྐད་སྤྱོད་ས་མེད། དེའི་ཕྱིར་མི་རིགས་སྐད་ཡིག་ཆེད་ལས་སློབ་གྲྭར་འགྲོ་མཁན་ཉུང་ལ། གལ་ཏེ་སུ་ཞིག་དེ་ནས་མཐར་ཕྱིན་ནའང་ལས་ཀ་རྙེད་དཀའ་བ་དང་། དེ་བས་ཀྱང་འབྲེལ་བ་ངེས་ཅན་ཞིག་མེད་ན་མགོ་ཁྲིད་ཀྱི་གོ་གནས་ལ་འཇོག་མི་སྲིད། འདི་གཅིག་པོས་ཀྱང་ཐེངས་འདིའི་ལས་བྱེད་བསྐོ་འཇོག་ལ་གནད་དོན་ཡོད་པ་སྔར་ལས་ར་སྤྲོད་ཐོབ། དེ་ལྟར་བསམ་བཞིན་ཁོ་པ་སྔར་ལས་ཁོང་ཁྲོ་ལངས་པ་དང་། རིམ་བཞིན་སླར་ཡང་ཡོན་ཏན་གྱི་བུ་མོ་མགོ་ཁྲིད་ལས་གནས་སུ་བསྐོ་འཇོག་བྱས་པ་དེར་སྔར་ལས་ཁོང་ཁྲོ་ལངས་ཏེ་ཐ་མག་གཅིག་འཕྲོར་གཅིག་མཐུད་ནས་འཐེན། སྟབས་ལེགས་པ་ཞིག་ལ་སྐབས་འདིར་ཁོའི་རོགས་པ་ཞིག་གིས་ཁ་པར་བཏང་སྟེ་མཱ་ཅང་རྒྱག་ཏུ་ཤོག་ཟེར། སྤྱིར་བཏང་དུ་མཱ་ཅང་ནི་ཁོ་པ་གོ་གནས་ལས་མ་བབས་སྔོན་ནས་དགའ་ཕྱོགས་གཙོ་བོ་དང་། དེ་བས་ཀྱང་ཉི་མ་གཏོང་བྱེད་གཙོ་བོ་ཡིན་ལ། རྫོང་དཔོན་གྱི་གོ་གནས་ལས་བབས་པ་དང་། ལྷག་པར་དུ་དམངས་ཆེན་ཀྲུའུ་རེན་གྱི་གོ་གནས་ལས་བབས་མ་ཐག་ཁོ་པ་གསོལ་སྟོན་ཆེན་པོ་ཞིག་གྲོལ་ནས་ཕྱིར་ཁྱིམ་སྟོང་དུ་ལོག་པ་བཞིན་གློ་བུར་དུ་ལུས་སེམས་གཉིས་ཀ་སྟོང་བར་གྱུར་ཏེ་ཡོད་ཚད་དང་ལེན་བྱེད་དཀའ་བའི་གནས་སུ་ལྷུང་། དེ་ནས་བཟུང་ཁོ་པར་སྔར་ལས་ཀྱང་མཱ་ཅང་མ་གཏོགས་སྤྲོ་རྩེད་དང་ལས་ཀ་ཅི་ཡང་མེད་པས་ནམ་རྒྱུན་སེམས་ལ“གལ་ཏེ་མཱ་ཅང་ཟེར་བ་འདི་མེད་ན་རང་གིས་ཉི་མ་ཇི་ལྟར་གཏོང་། ཚེ་མཇུག་ཇི་ལྟར་སྐྱེལ།”བསམས་མྱོང་། ཡིན་ནའང་སྐབས་འདིར་ཁོ་པར་དེ་ལ་སྤྲོ་བ་སྤུ་ཙམ་ཡང་མེད་མོད། ཡང་གཅིག་བསམས་ན་གང་ལྟར་ཁོང་ཁྲོ་ལངས་ནས་སྡོད་པ་ལས་མཱ་ཅང་སྟེང་ལ་སེམས་པ་གཡེངས་ན་དགའ་བསམས་ཏེ་ཐ་མག་ཤོག་སྒམ་གང་ཁུག་མར་བཅུག་ནས་སྒོ་ལ་བུད།
འདི་ནི་ཕྱི་ནས་བལྟས་ན་ཁྱིམ་ཚང་ཞིག་གི་སྡོད་ཁང་ཡིན་ལ། ནང་དུ་སོང་ན་ཁང་མིག་རེ་རེའི་ནང་ན་རང་འགུལ་ཅན་གྱི་མཱ་ཅང་ཅོག་ཙེ་རེ་ཡོད་པ་དང་། མཱ་ཅང་རྒྱག་མཁན་ནམ་དམར་རྗེན་དུ་བཤད་ན་རྒྱན་འཇོག་མཁན་དག་གིས“ཙི་ཁུག་ཧྥེ”འམ་ཐུད་གསོག་ཐེངས་རེར་སྒོར་ལྔ་བཅུ་རེ་སྤྲད་ན་ཁྱིམ་བདག་གིས་ཇ་དང་ཆུ་ཁོལ་རིན་མེད་དུ་མཁོ་སྤྲོད་བྱེད་སྲིད། འདིའི་རིགས་ནི་དང་པོ་བློ་རིག་ལྡན་པ་སུ་ཞིག་གིས་གསར་གཏོད་བྱས་པ་དང་། ད་ལྟ་ས་ཁུལ་སོ་སོར་ཅི་ཙམ་ཡོད་པ་ནི་དེབ་ཐེར་དང་རྒྱུ་ཆ་གང་དུའང་བཙལ་ཐབས་མེད།
ཁོའི་བློ་ཡུལ་ལས་འདས་པ་ནི་རང་གི་ཀླད་པའི་ནང་དུ་ད་སོ་མའི་ལས་བྱེད་བསྐོ་དབྱུང་གི་མིང་ཐོ་དང་རྫོང་ཨུའི་ཧྲུའུ་ཅི། ལྷག་པར་དུ་ཡོན་ཏན་བྲང་འབུར་སོགས་རེས་མོས་ཀྱིས་ཤར་ཏེ་སྔར་བཞིན་ཁོང་ཁྲོ་ལངས་པ་ལས་མཱ་ཅང་སྟེང་ལ་རྣམ་རིག་སྒྲིམ་ཐབས་བྲལ་བས་ཕལ་ཆེར་ཆུ་ཚོད་གསུམ་ཙམ་ལས་མ་འགོར་བར་སྒོར་མོ་དྲུག་སྟོང་ཙམ་ཤོར་སོང་། མཇུག་མཐར་སྔར་ལས་ཁོང་ཁྲོ་དང་འགྱོད་སེམས་ངང་མཱ་ཅང་རྒྱག་མཚམས་བཞག
ཕྱི་རོལ་ན་ཆར་བ་འབབ་བཞིན་ཡོད་པ་དང་། ཁོས་ལྗིད་ཏིག་ཏིག་གི་གོམ་པ་སྤོ་བཞིན་ཕྱིར་ལོག་སྐབས་གློ་བུར་དུ་རྐང་འོག་སྟོང་ངེར་གྱུར་ཅིང་། གཡང་དུ་ལྷུང་བའི་སྣང་བ་ཞིག་སྐྱེས་པའི་དུས་མཚུངས་སུ་དཔྲལ་བ་ཚ་ལམ་མེར་གྱུར། སྐད་ཅིག་ཙམ་གྱི་རྗེས་སུ་རང་ཉིད་གནམ་མ་གཏོགས་མཐོང་རྒྱུ་མེད་པའི་དོང་ཞབས་སུ་ཡོད་པ་ཚོར་བ་དང་། ད་གཟོད་ཉིན་བཅུ་ཡས་མས་ཀྱི་སྔོན་ནས་སྲང་ལམ་འདིར་སྒེར་གཞུང་སུས་བརྐོས་པ་དང་ཅིའི་ཕྱིར་བརྐོས་པ་མི་ཤེས་པའི་ས་དོང་ཞིག་ཡོད་པ་དེ་ཡིད་ལ་དྲན། ཁོའི་དཔྲལ་བ་ཚ་ལམ་ལམ་ཡོད་པ་དང་། ལག་པས་རེག་ཙམ་བྱས་ཚེ་སྔར་ལས་ཚ་ལམ་ལམ་དུ་གྱུར་པའི་དུས་མཚུངས་སུ་འབྱར་བག་ཅན་གྱི་གཤེར་ཁུ་ཞིག་ལ་ཕྲད་པ་ནི་ཁྲག་ཡིན་པ་སྨོས་ཅི་དགོས།
“གནའ་ཤི་ད་ཤི། དོང་འདི་རྐོ་མཁན་དེས་རང་གི་ཕ་མ་གཉིས་ཀ་གསོན་སྦེད་བྱེད་རྩིས་ཡོད་པ་མིན་ནམ།”ཁོས་གནས་སྐབས་ཙམ་ལ་ལས་བྱེད་བསྐོ་དབྱུང་གི་མིང་ཐོ་དང་ཡོན་ཏན་བྲང་འབུར་ཡང་བརྗེད་པར་གྱུར་ཏེ་དེ་ལྟར་དམོད་མོ་བྱས་པ་དང་། ནུས་ཤུགས་ཡོད་རྒུ་བཏོན་ནས་དོང་ཁར་བུད་རྗེས་སྙིང་ལྟིག་ལྟིག་ལྡིང་ཞིང་དབུགས་ཧལ་ཧལ་འབྱིན་བཞིན་ངལ་གསོ་སྐབས་གློ་བུར་དུ་དུ་སྐོམ་དྲག་པོ་ཞིག་སྐྱེས་ནའང་གློ་ཁུག་ནང་གི་ཐ་མག་ཤོག་སྒམ་གང་པོ་མཱ་ཅང་རྒྱག་སྐབས་ཚར་སོང་བ་རང་གི་སེམས་ན་གསལ་པོ་ཡིན།
ཅུང་ཙམ་འགོར་རྗེས་ངལ་དུབ་སངས་ནའང་སྙིང་གི་འཕར་ལྡིང་དྲག་པོ་དེ་མཚམས་མི་འཇོག ཁོ་པ་སེམས་ཁམས་ཧ་ཅང་མི་སྐྱིད་པའི་ངང་ཁྱིམ་ལ་སླེབས་དུས་བཟའ་མི་རྣམས་སོ་སོའི་མལ་ཁང་དུ་འཛུལ་ནས་གཉིད་དུ་ཡུར་འདུག ཁོ་པ་གཙང་སྤྱོད་ཁང་དུ་འཛུལ་ཏེ་སྙུང་དབྱིབས་ཀྱི་མེ་ལོང་ཆེན་པོར་བལྟས་ཚེ་རང་གི་སྙུང་དབྱིབས་ཀྱི་ཀླད་ལ་དམར་གོག་དེའི་འོག་གི་དཔྲལ་བ་གཡས་པའི་སྨིན་མའི་གོང་ན་སྐྱི་ལྤགས་མཐེབ་མགོ་ཙམ་བཤུས་ཡོད་པའི་སྟེང་ན་ཁྲག་ཅུང་ཙམ་འཛུམ་ཡོད་པ་དེ་ད་ལྟ་ཕལ་ཆེར་སྲད་འདུག ཁོས་གྱོན་པའི་སྟེང་གི་ས་འདམ་ཡང་ཉར་འདོད་མེད་པར་གཅིན་པ་ཞིག་བཏང་རྗེས་ཐ་མག་ཤོག་སྒམ་གང་བླངས་ཏེ་རྔམ་འཐེན་བྱས། ཁོ་པ་བཟོ་ལྟ་རྦད་དེ་ཤོར་ནས་ནེམ་ཁྲེའུའི་སྟེང་བསྡད་པ་དང་། ཡང་བསྐྱར་ཐ་མག་རྐང་གཅིག་བཏོན་ཏེ་མེ་བསྒོ་མིན་ལ་བསམ་བློ་ཏོག་ཙམ་བཏང་། རྒྱུ་མཚན་ནི་ད་ལྟ་ཁོས་ཐ་མག་གི་བྲོ་བ་མི་ཤེས་པར་མ་ཟད་ལྕེ་སྦྲིད་ཅིང་ཁ་ནང་ཡོངས་རྫོགས་ཧ་ཅང་མི་བདེ་བའི་ཚོར་བ་ཞིག་འདུག དོན་དངོས་སུའང་ཉིན་རེའི་ཞོགས་པའི་ཐ་མག་རྐང་དང་པོ་དེ་ཧ་ཅང་ཞིམ་སྣང་ལྡན་པ་མ་གཏོགས་དེ་ནས་རིམ་བཞིན་བྲོ་བ་དེ་ཚོར་རྒྱུ་མེད་པ་དང་། ཅི་ཙམ་མང་པོ་འཐེན་ན་བྲོ་བ་དེ་ཙམ་མི་ཞིམ། ལྷག་པར་དུ་དེ་རིང་ཕྱི་དྲོ་ནས་ཁོས་ཚད་ལས་འདས་པའི་ཐ་མག་མང་པོ་འཐེན་ཡོད་པས་ན་ད་ནི་ཁ་ལུད་མང་ཞིང་ཁ་ནང་ཡོངས་རྫོགས་ཧ་ཅང་མི་བདེ་བར་འདུག ནམ་རྒྱུན་ཡིན་ན་མཱ་ཅང་མཚམས་བཞག་རྗེས་ཡུན་རིང་བར་དུ་རྣ་ལམ་ལ་སུན་སྣང་སྐྱེ་བའི་ཁྲོག་སྒྲ་གྲགས་པ་དང་། མིག་ལམ་དུ་མཱ་ཅང་གི་རི་མོ་སྣ་ཚོགས་ཤར་ནས་ཡལ་ཐབས་མེད་ནའང་དེ་རིང་དེ་དག་གཅིག་ཀྱང་མེད་མོད། འོན་ཀྱང་དེ་ལས་ཀྱང་སུན་སྣང་དང་ཁོང་ཁྲོ་མཉམ་དུ་སྐྱེ་བ་ཞིག་ནི་ལས་བྱེད་བསྐོ་དབྱུང་གི་མིང་ཐོ་དང་ཡོན་ཏན་བྲང་འབུར་སོགས་རེད།
ཁོས་ཡང་བསྐྱར་ཐ་མག་རྐང་གཅིག་ལ་མེ་བསྒོས་པ་དང་མཉམ་དུ་མི་འདོད་བཞིན་དུ་བརྙན་འཕྲིན་འཕྲུལ་ཆས་ཀྱི་ཁ་ཕྱེ་བར་མ་ཟད་དེ་བས་ཀྱང་མི་འདོད་བཞིན་དུ་ས་གནས་ཀྱི་ལེ་ཚན་བཙལ།
ཆུ་ཚོད་ཕྱེད་ཀ་རེའི་རྗེས་སུ་བསྐྱར་གཏོང་བྱེད་པའི་ས་གནས་གསར་འགྱུར་ལེ་ཚན་དུ“ཁ་སང་ཁུལ་ཨུའི་ཧྲུའུ་ཅི་འཁོར་དང་བཅས་པས་རང་རྫོང་ལ་གཟིགས་ཞིབ་གནང་བ་དང······”ཞེས་རྒྱ་སྐད་ཀྱི་བརྙན་སྒྲོན་དང་མཉམ་དུ་ཁུལ་ཨུའི་ཧྲུའུ་ཅིའི་བརྙན་རིས་ཤར། ཟླ་འགའི་སྔོན་ཏེ་རང་ཉིད་གོ་གནས་ལས་བབས་མ་ཐག་པའི་ཉིན་ཞིག་ཁུལ་ཨུའི་ཧྲུའུ་ཅི་འདི་རང་རྫོང་དུ་ཕེབས་ཏེ་རྫོང་རིམ་པ་ཡན་ཆད་ཀྱི་མགོ་ཁྲིད་ལས་བྱེད་ཚོགས་འདུ་ཞིག་བསྡུས་པའི་སྟེང་ལ་ཁོ་པ་ལས་བྱེད་རྒན་པའི་འཐུས་ཚབ་ཏུ་གདན་འདྲེན་ཞུས་པ་དང་། ཁུལ་ཨུའི་ཧྲུའུ་ཅིས་ཧ་ཅང་དུངས་དུངས་ཀྱིས་ཁོ་པར་ལག་འཇུ་བྱས་པར་མ་ཟད། རྫོང་ཨུའི་ཧྲུའུ་ཅི་ལ“ལས་བྱེད་རྒན་པ་ནི་རང་རེའི་ཏང་གི་རིན་ཐང་བྲལ་བའི་ནོམ་པ་ཡིན་ལ། ལྷག་པར་དུ་བློ་མཐུན་གསང་བདག་ནི་ཞིང་ཆེན་ཡོངས་ཀྱི་ཏང་ཡོན་ཕུལ་བྱུང་ཡིན་པ་དང་། ཁོང་གིས་རྩེ་གཞུང་རྫོང་གི་དཔལ་འབྱོར་འཛུགས་སྐྲུན་དང་མི་རིགས་མཐུན་སྒྲིལ་སོགས་ཀྱི་ཐད་ལ་བྱས་རྗེས་བཞག་ཡོད་པས་རྩ་འཛུགས་ཀྱིས་ངེས་པར་དུ་བློ་མཐུན་གསང་བདག་ཁོང་དང་ཁོང་ལྟ་བུའི་ལས་བྱེད་རྒན་པ་ཚོའི་ཆབ་སྲིད་དང་འཚོ་བའི་ཐད་ལ་ཐུགས་ཁུར་གནང་དགོས།”ཞེས་བཤད་པར་རྫོང་ཨུའི་ཧྲུའུ་ཅིས་མགོ་ལྡེམ་ལྡེམ་དང་གཉའ་སྒུར་སྒུར་གྱིས་ལགས་སོའི་སྟེང་ལ་ལགས་སོ་བཞག་པ་ད་ལྟའང་མིག་ལམ་ན་གསལ་ལེ་དང་སྣ་ལམ་ན་ལྷང་ངེ་རེད།
དེ་ཡང་འཚོ་བའི་ཐད་ལ་ཐུགས་ཁུར་ཟེར་བ་ནི་གཙོ་བོ་གོ་གནས་ལས་མ་བུད་སྔོན་གྱི་རླངས་འཁོར་དེ་མུ་མཐུད་དུ་བེད་སྤྱོད་ཆོག་པའམ་ཡང་ན་རྟེན་འབྲེལ་ཙམ་གྱི་རིན་པ་ཞིག་སྤྲད་རྗེས་རྦད་དེ་སྒེར་ལ་དབང་བར་བྱེད་པ་དང་། གཞན་ཡང་མ་མཐའ་ཡང་ལོ་རེར་ཡུལ་སྐོར་ལྗོངས་རྒྱུར་ཐེངས་རེར་འཁྲིད་པ་ལྟ་བུ་ཡིན་ནའང་ཀྲུང་དབྱང་གི“གཏན་ཁེལ་བརྒྱད”ལག་བསྟར་བྱས་པ་ནས་འདིའི་རིགས་ཕལ་ཆེར་མེད་པར་བཟོས་པའམ་མ་མཐའ་ཡང་མངོན་གསལ་དུ་དེ་ལྟར་བསྒྲུབ་ཕོད་པ་མ་རེད། དེས་ན་གཙོ་བོ་ཆབ་སྲིད་ཐད་ཀྱི་ཐུགས་ཁུར་ཏེ་འགོ་ཁྲིད་ལས་བྱེད་ཀྱི་བུ་ཕྲུག་འགོ་ཁྲིད་ལས་གནས་སུ་བསྐོ་འཇོག་བྱེད་པ་དེ་རེད། དཔེར་ན་ཁོའི་སྔོན་གྱི་རྫོང་དཔོན་གཙོ་བོའི་བུ་དེ་རྫོང་ཡོངས་ཀྱི་ལས་བྱེད་དང་མང་ཚོགས་སུས་བཤད་ནའང“དེའི་ཁ་ན་ལབ་དང་ཁོག་ན་ཧེབ་མ་གཏོགས་ཅི་ཡང་མེད།”ཟེར་ནའང་གཞན་དང་བསྡུར་ན་མེ་ཤུགས་འཕུར་མདའ་ལྟ་བུའི་མགྱོགས་ཚད་ཀྱིས་རྫོང་འཛུགས་སྐྲུན་ཅུའུའི་ཅུའུ་ཀྲང་གི་གོ་གནས་སུ་བསྡད་པར་མ་ཟད། ད་དུང་རྫོང་རིམ་པའི་རྗེས་གྲབས་ལས་བྱེད་ནང་ལ་བཞག་ཡོད་པ་ལྟ་བུ་རེད།
འདི་དག་ཡིད་ལ་དྲན་པས་ཁོ་པ་སྔར་ལས་ཁོང་ཁྲོ་ལངས་ཏེ“ཁྱོད་ཚོས་ང་ལ་འདི་ལྟར་ཐུགས་ཁུར་གནང་བ་ཡིན་ནམ།”ཞེས་ཁེར་བཤད་བྱས་པ་དང་། སླར་ཡང“ཡོན་ཏན་བྱ་བྲང་དང་ངེད་གཉིས་མི་འདྲ་ས་ཅི་ཞིག་ཡོད། གལ་ཏེ་མི་འདྲ་ས་ཞིག་ཡོད་ཟེར་ན་དེ་ནི་ཁོའི་བུ་མོ་འདྲེ་ཕྲུག་མ་དེས་མགོ་ཁྲིད་ཚོའི་མདུན་དུ་རྐུབ་འཕོངས་གཡུག་ཤེས་པ་གཅིག་པོ་རེད།”ཅེས་ཁོག་བཤད་བྱས་པ་དང་། དེ་མུར་ཡོན་ཏན་གྱི་བུ་མོར་སྐྱེ་གཟུགས་བཟང་ལ་སྐད་ངག་ཀྱང་བདེ་བས་མཚམས་རེར་མགོ་ཁྲིད་ཚོས་ཇ་ཁ་ཆང་ཁར་བོས་ནས་གླུ་ལེན་དུ་འཇུག་པ་དང་བྲོ་འཁྲབ་ཏུ་འཇུག་ལ། དེ་བས་ཀྱང་དོགས་པ་མི་ཟ་ཐབས་མེད་ཅིག་ནི་ཐེངས་ཤིག་རྩ་འཛུགས་པུའུ་ཀྲང་གིས་ཉི་མ་དཀར་དཀར་ལ་གཞུང་ལས་ཁང་དུ་སྒོ་དམ་པོར་རྒྱག་རྒྱུ་བརྗེད་དེ་ནེམ་ཁྲིའུའི་སྟེང་ཡོན་ཏན་གྱི་བུ་མོ་པང་དུ་བཟུང་ཞིང་ལག་པ་མོའི་སྟོད་གོས་འོག་ཏུ་བསྲིངས་ནས་བྲང་ཁར་འཕུར་འཕུར་བྱེད་བཞིན་འདུག་ལ། མི་མང་པོས་སྒོ་བར་ནས་ནང་ལ་བལྟས་ཏེ་སྔར་ལས་མི་སེམས་སྐྱོམ་པར་བྱེད་པའི་འཁྲབ་སྟོན་ལ་རེ་སྒུག་ཞེ་དྲག་བྱེད་སྐབས། སུ་ཞིག་གིས་ཤི་མ་གསོན་གྱི་གཡག་ཉམས་ངན་ཞིག་ཤོར་བ་དང་མཉམ་དུ་ཚང་མ་ཧབ་ཆ་དིར་རེ་དང་གོམ་སྒྲ་ཐག་གེར་བྲོས་སོང་།
གསང་བདག་གིས་སྐབས་འདིར་རང་གི་ལག་མཐིལ་དང་རྐང་མཐིལ་རློན་པར་གྱུར་འདུག་པ་ཚོར་ནས་སེམས་ལ“ཨ་ཧོ། ཡང་མ་བཟང་།”བསམས་ནས་སེམས་ཁྲལ་བྱས། འདི་ནི་ན་ཟུག་བཟོད་ཐབས་བྲལ་བ་དེའི་རིགས་མིན་ནའང་ཧ་ཅང་སུན་སྣང་སྐྱེ་བ་ཞིག་ཡིན། ཕལ་ཆེར་ལོ་བདུན་བརྒྱད་ཙམ་གྱི་ཡར་སྔོན་ཏེ། རང་ཉིད་རྫོང་དཔོན་ཡིན་དུས་ཤ་ཟོས། ཁྲག་འཐུངས། རུས་པ་ཁྱི་ལ་བྱིན། པགས་པ་སྟན་དུ་བཏིངས་ནའང་སྙིང་ནད་དྭངས་ཐབས་མེད་པའི་མ་རུངས་པ་སུ་ཞིག་གིས་ཁོ་པར་དཔལ་འབྱོར་གྱི་གནད་དོན་ཆེན་པོ་ཡོད་པ་བདེན་དཔང་དང་བཅས་གཏུག་བཤེར་བྱས། ཁོ་པར་དེ་མ་ཐག་སྔངས་འཚབ་ཆེན་པོ་ལངས་ཏེ་ཕྱོགས་གཅིག་ནས་རང་ཉིད་གཏུག་མཁན་སུ་ཡིན་པར་ཡོན་ཏན་བྲང་འབུར་གཙོ་བྱས་པའི་མི་མང་པོར་དོགས་པ་ཟོས་པ་དང་། ཕྱོགས་གཅིག་ནས་གལ་ཏེ་རང་ཉིད་འཛིན་བཟུང་བྱས་ཏེ་ཁྲིམས་ཐག་བཅད་ན་ཅི་བྱེད་བསམས་ཏེ་སྔངས་སྐྲག་སྐྱེས། གོ་ཐོས་སུ་བཙོན་ཁང་དུ་ཆེས་སྐྱི་གཡའ་བ་ནི་འགྲིག་ལམ་དོག་མོ་དང་ངལ་རྩོལ་ལྗིད་མོ། ཁ་ཟས་སྡུག་པོ་སོགས་མ་ཡིན་པར་狱霸ཟེར་བའི་ཆེས་གཏུམ་སྤྱོད་ལྡན་ཞིང་ཆེས་སྙིང་རྗེ་བྲལ་བ། ཆེས་གནས་ལུགས་མི་རྩི་བ། རང་གཞན་གཉིས་ཀའི་ཚེ་སྲོག་འདོར་བ་ནི་རྩྭ་རྐང་གཅིག་བཏོག་པའི་སྣང་དོགས་ཙམ་ཡང་མེད་པའི་བཙོན་མའི་མགོ་དཔོན་དེ་དག་ཡིན་ལ། འདི་ནི་ཁོ་པར་མཚོན་ན་རྣ་ཐོས་ཁོ་ན་ཙམ་མ་ཡིན་པར་གློག་བརྙན་དང་བརྙན་འཕྲིན་ཟློས་གར་སོགས་ལས་ཀྱང་མཐོང་མྱོང་བས་མ་འཁྱགས་གྲང་འདར་ཞིག་བརྒྱབ་ཅིང་། དེ་མུར་ཉིན་མཚན་གཉིས་ཀར་ཁོའི་ལག་མཐིལ་དང་རྐང་མཐིལ་རློན་པར་གྱུར་ཏེ་ཧ་ཅང་སུན་པོ་བཟོས། དེ་བས་ཀྱང་བཟོད་ཐབས་བྲལ་བ་ནི་དུས་མཚུངས་སུ་གཉིད་ཀྱང་བོར། དེ་དུས་ཁོས་གཟའ་མཇུག་ཏུ་རང་གི་ཁུག་མའི་ནང་ན་གློག་བརྙན་གྱི་སྤ་སེ་ཉོ་བྱེད་ཀྱི་སྒོར་ཟུར་འགའ་ཡང་མེད་ནའང་ཕྲག་དོག་དང་འགྲན་རྩོད་ཅི་ཡང་མེད་པའི་དགའ་དགའ་སྤྲོ་སྤྲོའི་སློབ་མའི་དུས་སྐབས་ཡིད་ལ་ཤར་ཞིང་ཡིད་སྨོན་ཤོར། དེ་བས་ཀྱང་སེམས་ཁྲལ་དང་ཁུར་བོ་ཅི་ཡང་མེད་པར་གདོང་ཡོངས་འཛུམ་གྱིས་ཁེངས་ཏེ་ཡངས་ཤིང་དབེན་པའི་སྤང་ཐང་དང་དྭངས་ཤིང་གཙང་བའི་ཆུ་འགྲམ་དུ་གཅེར་བུར་བུད་དེ་རང་དང་འདྲ་བའི་བྱིས་པ་འགའ་དང་མཉམ་དུ་དམིགས་ཡུལ་མེད་པར་ཕར་རྒྱུག་ཚུར་རྒྱུག་བྱེད་པའི་ངང་ཚུལ་དེ་ཡིད་ལ་ཤར་ཞིང་ཡིད་སྨོན་ཤོར། གང་ལྟར་ནུས་ཤུགས་ཡོད་རྒུ་བཏོན་ཏེ་འབྲེལ་བ་སྣ་ཚོགས་བརྒྱུད་ཅིང་རྒྱུ་ནོར་འབོར་ཆེན་བརླགས་མཐར་སྐྱི་གཡའ་བའི་དོན་དག་དེ་གླེང་རྒྱུ་མེད་པ་བཟོས་པར་མ་ཟད་མུ་མཐུད་དུ་རྫོང་དཔོན་གྱི་གོ་གནས་སུ་འདུག་ཐུབ་པ་བྱུང་། ཡིན་ནའང་ལག་མཐིལ་རྐང་མཐིལ་རློན་པར་གྱུར་པའི་སུན་སྣང་སྐྱེ་བའི་གནས་ཚུལ་འདི་ཡུན་རིང་བར་དུ་མ་དྭངས།
ནམ་གུང་སྔར་ནས་ཡོལ་ཟིན་ནའང་གཉིད་ཀྱི་གྲིབ་མ་ཙམ་ཡང་མི་འདུག དོ་དགོང་ནི་གཉིད་བོར་བའི་མཚན་མོ་ཞིག་ཡིན་པ་ཐག་ཆོད་རེད། གལ་ཏེ་གཉིད་བོར་བ་གཅིག་པོ་ཡིན་ན་ད་དུང་མི་སྐྱོན་ལ། ཆེས་སྙིང་ལ་གཟན་པ་ནི་ལས་བྱེད་བསྐོ་དབྱུང་གི་མིང་ཐོ་དང་ཡོན་ཏན་བྲང་འབུར་ཡིན་ལ། ཆེས་སུན་སྣང་སྐྱེ་བ་ནི་ལག་མཐིལ་རྐང་མཐིལ་རློན་པར་གྱུར་པ་དེ་རེད། ཁོས་ཡང་བསྐྱར་ཐ་མག་རྐང་གཅིག་ལ་མེ་བསྒོས་ནའང་འཇིབ་གཅིག་བླངས་མ་ཐག་ཁ་ནང་ཡོངས་རྫོགས་སྔར་ལས་མི་བདེ་བར་གྱུར་པར་མ་ཟད་མིད་ཐག་ལ་ཟ་འཕྲུག་ལངས་ཏེ་གློ་ལུ་དྲག་པོ་ཞིག་བརྒྱབ་པས་དུ་སྣེ་ཐལ་ཕོར་ནང་འཕུར་འཕུར་བྱས་ནས་མེ་བསད། ཁོས་ཇ་འཁྱག་ཧུབ་གང་བཏུངས་པ་ན་ཕོ་བ་ལྟོགས་པའི་སྣང་བ་ཞིག་སྐྱེས་པ་དང་མཉམ་དུ་དགོང་ཟས་སྐབས་ཀྱི་ལུག་ཤ་བཙོས་མ་དེ་ཡིད་ལ་དྲན། ཁོ་པ་ཡར་ལངས་ཏེ་མགྲོན་ཚོམས་ཀྱི་ཁ་གཏད་དུ་ཡོད་པའི་ཟས་ཚོམས་སུ་སླེབས། ཟས་ཚོམས་ཀྱི་གྱང་ངོས་སུ་ཤེལ་གྱི་འདེད་སྒོ་ཅན་གྱི་སྦྱར་སྒྲོམ་ཞིག་ཡོད་པའི་ནང་ན་དཀར་ཡོལ་འབྲུག་རིས་མ་དང་བཀྲ་ཤིས་རྟགས་བརྒྱད་འགའ་བསྒྲིགས་ཡོད་པ་འདི་དང་། ཉི་རའི་ཟུར་ཞིག་ན་མཆོད་སྒྲོམ་ཆུང་ཆུང་ཞིག་ཡོད་པ། སྒོའི་ཕྱི་ངོས་སུ་རྣམ་བཅུ་དབང་ལྡན་ལག་མཐིལ་ཙམ་སྦྱར་ཡོད་པ་བཅས་ནི་ཁོ་ཚང་བོད་ཁྱིམ་ཞིག་ཡིན་པའི་མཚོན་རྟགས་ཉག་གཅིག་རེད།
ཕངས་པ་ཞིག་ལ་ཁོ་རང་དགོང་ཁར་ཕྱི་རོལ་ཏུ་སོང་རྗེས་ངོ་ཚ་མེད་པའི་མགྲོན་པོ་ལྟོ་ཆེ་ཞིག་སླེབས་པའམ་ཡང་ན་ཡུལ་ཚོ་ཞིག་ན་ཏང་ཨུའི་ཧྲུའུ་ཅིའི་འགན་འཁུར་བཞིན་པའི་བུ་རྒན་པ་སླེབས་པ་གང་ཡིན་མི་ཤེས་མོད། འོན་ཀྱང་གང་ལྟར་དགོང་ཁར་ལུག་ཤ་སྡེར་མ་གང་བཙོས་ཡོད་པའི་ཤུལ་ན་རུས་པ་འགའ་དང་རྨེན་བུ་འབྱར་བའི་ཚིལ་རྡོག་འགའ་ལས་ཅི་ཡང་མི་འདུག ཁོ་པ་ཅུང་སེམས་ཕམ་སྟེ་ཕྱིར་ནེམ་ཁྲིའུའི་སྟེང་བསྡད་དེ་སྨྱུག་མའི་མཐིལ་ཅན་གྱི་འདྲུད་ལྷམ་ཕུད་ནས་རྐང་པ་ཐད་ཀར་ས་གདན་སྟེང་ལ་བཞག་ནའང་རྐང་མཐིལ་རློན་པ་དེ་ཅུང་ཙམ་སྲད་པའི་སྣང་བའང་མི་འདུག ཁོས་ཡང་བསྐྱར་མི་འདོད་བཞིན་དུ་བརྙན་འཕྲིན་འཕྲུལ་ཆས་ཀྱི་ཁ་ཕྱེ། བརྙན་འཕྲིན་དུ་ཁོ་པ་ཆུང་དུས་ནས་ཆེས་དགའ་བའི་ཉི་ཧོང་དང་རྒྱ་ནག་བར་གཡུལ་འགྱེད་པའི་མུ་འབྲེལ་བརྙན་འཕྲིན་ཟློས་གར་ཞིག་གཏོང་བཞིན་ཡོད་མོད། འོན་ཀྱང་སྐར་མ་བཅུ་ཙམ་ལ་བལྟས་ནའང་ཀླད་པ་ཡོངས་རྫོགས་ལས་བྱེད་བསྐོ་དབྱུང་མིང་ཐོ་དང་ཡོན་ཏན་བྲང་འབུར་གྱིས་ཁེངས་ཏེ་བརྙན་འཕྲིན་སྟེང་ལ་རྣམ་རིག་སྒྲིམ་ཐབས་བྲལ། ཁོས་བསྟུད་མར་གླལ་སྒྱིང་འགའ་བྱས་ཚེ་ད་གཟོད་རང་ཉིད་ཧ་ཅང་ཐང་ཆད་ཡོད་པ་ཚོར། མགྲོན་ཚོམས་ཡོངས་སུ་དུ་སྨུག་གིས་གང་སྟེ་ཐ་ན་ཁོ་རང་ཉིད་ཀྱི་མིག་ཟུང་ཡང་ཧ་ཅང་མི་བདེ་བའི་ཚད་དུ་སླེབས་ཡོད། ཁོ་ཡར་ལངས་ཏེ་འདྲུད་ལྷམ་ནང་ལ་རྐང་བ་བཅུག་ནས་སྒེའུ་ཁུང་འགྲམ་དུ་སོང་། འདི་ནི་ཐོག་བརྩེགས་ལྔ་ཅན་གྱི་ཁང་བརྩེགས་ཤིག་ཡིན་ལ། རྩྭ་ཐང་གི་རྫོང་མཁར་ཆུང་ཆུང་འདིའི་འཛུགས་སྐྲུན་མཐོ་ཤོས་ཀྱང་ཡིན། ཁོ་པ་ཁང་བརྩེགས་བཞི་བར་ཡོད་པས་སྒེའུ་ཁུང་ཕྱེ་ཚེ་ཕལ་ཆེར་རྫོང་མཁར་ཡོངས་ཀྱི་ཕྱེད་ཀ་མིག་ལམ་དུ་མངོན་ཐུབ། ཕྱི་རོལ་ན་ད་དུང་ཆར་བ་ཟམ་ཟིམ་འབབ་བཞིན་ཡོད་པ་དང་། མཚམས་རེར་ཁྱིའི་ཟུག་སྐད་རེ་གྲགས་པ་མ་གཏོགས་ཉིན་མོར་རྣ་བ་འོན་པར་བྱེད་པའི་རླངས་འཁོར་དང་འཕྲུལ་རྟའི་སྒྲ་དེ་དག་གོ་རྒྱུ་མེད་པར་ཧ་ཅང་ལྷིང་འཇགས་རེད། ཁོས་ལུས་སྟོད་ཕྱི་རུ་ཕུད་ཅིང་ལག་ངར་གཉིས་ཀ་སྒེའུ་ཁུང་ཁར་བསྙེས་ཏེ་ཐ་མག་འཐེན་བཞིན་ཕྱི་རུ་བལྟས་འདུག ཁོ་ཚང་སྡོད་པའི་ཁ་གཏད་ཀྱི་སྲང་ལམ་གྱི་ཕ་རོལ་ནི་རྩེ་གཞུང་རྫོང་ཆ་ཚང་སློབ་ཆུང་ཡིན་ལ། ལོ་ངོ་བཞི་བཅུ་ལྷག་གི་གོང་རོལ་ཏུ་ཁོ་པའང་སློབ་གྲྭ་འདིའི་ནང་གི་སློག་པ་རྙིང་ཧྲལ་གྱོན་ཞིང་། བདག་འཛིན་དང་འདོད་རྔམ། སེམས་ཁྲལ། གནོན་ཤུགས། འགྲན་རྩོད་ཅི་ཡང་མེད་པའི་སློབ་ཕྲུག་ཅིག་ཡིན། ཁོའི་སློག་པ་རྙིང་ཧྲལ་དེའི་ཐོག་ཐུའི་སྟེང་ན་བལ་སྐུད་སྦོམ་པོས་བཙེམས་པའི་ལྷན་པ་ལག་མཐིལ་ཙམ་ཞིག་ཡོད་པ་དེའང་ཁ་སང་ནང་བཞིན་ད་དུང་མིག་ལམ་ན་གསལ་ལེར་འདུག
“ཨ་ཁ། དུས་ཚོད་ནི་མགྱོགས་པ་ལ། མི་ཚེ་ནི་ཐུང་བ་ལ།”ཁོས་དེ་ལྟར་བསམ་བཞིན་རང་དབང་མེད་པར་དབུགས་རིང་པོ་ཞིག་བཏོན། ཏག་ཏག་སྐབས་འདིར་ལས་བྱེད་བསྐོ་དབྱུང་གི་མིང་ཐོ་དེ་སླར་ཡང་ཁོའི་ཀླད་པའི་ནང་འཛུལ་ཡོང་བ་དང་མཉམ་དུ་ལག་མཐིལ་རྐང་མཐིལ་སྔར་ལས་རློན་པར་གྱུར་པའི་ཚོར་སྣང་ཞིག་སྐྱེས་པས་ཧ་ཅང་སུན་སྣང་དང་སེམས་པ་ཕམ་པའི་ངང་སྒེའུ་ཁུང་བརྒྱབ་སྟེ་ཁ་ཕྱིར་འཁོར། ཁོས་སླར་ཡང་གླལ་སྒྱིང་ཞིག་བྱས་ཤིང་། རང་ཉིད་ཤིན་ཏུ་ཐང་ཆད་འདུག་པ་ཚོར་ནའང་མལ་དུ་ཉལ་ན་གཉིད་དུ་ཡུར་ཐབས་མེད་པ་རང་ཉིད་ལ་ཧ་ཅང་གསལ་ཆ་ཡོད། རྒྱུ་མཚན་ནི་ཁོ་པ་ནམ་རྒྱུན་སེམས་ཁྲལ་ཆེ་ཞིང་ཁོང་ཁྲོ་ལང་བའི་དོན་དག་ཅིག་ལ་ཕྲད་ཚེ་དགོང་མོ་དེ་དང་ཐ་ན་དེའི་ཕྱི་ཉིན་དགོང་མོའང་གཉིད་བོར་བའི་གནས་ཚུལ་མང་པོར་ཕྲད་མྱོང་བ་དང་། ལྷག་པར་དུ་དེ་རིང་གི་དོན་དག་འདི་དང་འདྲ་བའི་འཚིག་པ་ཟ་བ་དང་བཟོད་ཐབས་བྲལ་བ་ཞིག་ལ་ཕལ་ཆེར་ཕྲད་མ་མྱོང་། གལ་ཏེ་ལས་བྱེད་བསྐོ་དབྱུང་གི་མིང་ཐོའི་ཁྲོད་དུ་ཡོན་ཏན་གྱི་བུ་མོ་མེད་ཚེ་ཁོའི་བུ་ཆུང་བར་གོ་གནས་མ་བྱིན་ནའང་ད་དུང་བཟོད་ཐུབ་པ་ཞིག་རེད། ཡིན་ནའང་ཡོན་ཏན་བྲང་འབུར་གྱི་བུ་མོ་དང་ཁོའི་བུ་ཆུང་བ་གཉིས་ཀར་མི་འདྲ་ས་ཅི་ཞིག་ཡོད། གལ་ཏེ་མི་འདྲ་ས་གཅིག་ཡོད་ཟེར་ན་དེ་ནི་ངོ་ཚ་མེད་པའི་འདྲེ་ཕྲུག་མ་དེས་མགོ་ཁྲིད་ཚོའི་མདུན་དུ་རྐུབ་འཕོངས་གཡུག་པ་དང་ཐ་ན་རྐུབ་འཕོངས་ཕུལ་ཡོད་ཀྱང་སྲིད་པ་གཅིག་པོ་རེད། སྤྱིར་ནའང་ཡོན་ཏན་བྱ་བྲང་གི་རྒྱུད་ལ་བཟང་པོ་ཞིག་གང་ན་ཡོད། དེང་སྐབས་ངེས་ངེས་རྒྱུ་འབྲས་ལུགས་མཐུན་ཟེར་བ་ཞིག་མི་འདུག དེ་ལྟར་བསམ་བཞིན་ཁོའི་སྙིང་རླུང་སྟོད་ལ་འཚང་ཞིང་ལག་མཐིལ་རྐང་མཐིལ་སྔར་ལས་རློན་པར་གྱུར་ནས་ཧ་ཅང་མི་བདེ་བར་གྱུར། ཁོས་འདྲུད་ལྷམ་ཕུད་དེ་རྐང་པ་གཉིས་ཀ་ཐད་ཀར་ས་གདན་སྟེང་བཞག་པ་དང་ལག་མཐིལ་གཉིས་ཀ་རང་གི་བརླ་སྒང་དུ་འབྱིད་ཙམ་བྱས་ནའང་ཕན་པ་ཅི་ཡང་མ་ཐོན།
ཁོས་སླར་ཡང་གླལ་སྒྱིང་ཞིག་བྱས། འདི་ནི་གཉིད་བབས་པའི་གླལ་སྒྱིང་མ་ཡིན་པར་ཐང་ཆད་པའི་གླལ་སྒྱིང་རེད། ཁོས་ཡང་བསྐྱར་བྲོ་བ་ཅི་ཡང་མེད་པའི་ཐ་མག་རྐང་གཅིག་ལ་མེ་བསྒོས་ནས་རྔུབ་འཐེན་ཞིག་བྱས་པ་ན་མིད་ཐག་ནང་ལ་ཟ་འཕྲུག་ལངས་པ་དང་མཉམ་དུ་གློ་ལུ་དྲག་པོ་བརྒྱབ་པ་དང་། དུས་མཚུངས་སུ་སྙིང་རླུང་སྟོད་ལ་འཚང་ཞིང་ལག་མཐིལ་རྐང་མཐིལ་ཆུ་ལ་བྲན་པ་ཇི་བཞིན་རློན་པར་གྱུར། ཁོས་ཁོང་ཁྲོའི་ངང་འཇིབ་གཅིག་ལས་མ་བླངས་པའི་ཐ་མག་གི་སྣེ་མོ་ཐལ་ཕོར་ནང་ལ་བཙུགས་ཏེ་ཤུགས་ཀྱིས་མེ་བསད། སྐབས་འདིར་ཁོས་ཐལ་ཕོར་ནང་ན་དུ་སྣེ་མགོ་སྤུངས་ཙམ་ཡོད་ལ། དེའི་ནང་ན་ད་སོ་མའི་དུ་སྣེ་འདི་ལྟར་འཇིབ་གཅིག་ལས་མ་བླངས་པ་དང་། ཡང་ན་སུམ་ཆའི་གཅིག་ཙམ་ལས་འཐེན་མེད་པ་མང་ཤོས་ཡིན་པ་ཚོར།
ད་ལྟ་ནི་ཏག་ཏག་དབྱར་གཞུང་ཡིན་པས་ཉིན་གུང་ཉི་འོད་ཤིན་ཏུ་ཚ་མོད། འོན་ཀྱང་ནམ་གུང་ཕྱི་རོལ་ནས་དྲོད་ཚད་ཏུའུ་བཞི་ལྔ་ཙམ་ལ་བབས་ཏེ་ཕྱི་གོས་ཅུང་འཐུག་པོ་གྱོན་དགོས་པའི་ཚད་དུ་འདུག ད་ནི་ཁོའི་ལུས་པོ་ཡོངས་རྫོགས་འཁྱག་པར་གྱུར་ཏེ་རང་དབང་མེད་པར་གྲང་འདར་ཞིག་ཀྱང་བརྒྱབ་པའི་ཁར་ཤིན་ཏུ་ཐང་ཆད་འདུག་པས་ཐབས་ཟད་འུ་ཐུག་གིས་མལ་ཁང་དུ་འཛུལ། དཀར་འོད་མག་མོག་ཁྲོད་ཀྱི་མལ་ཁྲི་ཆེན་པོ་དེའི་ཕྱེད་ཀའི་སྟེང་ན་བཟའ་ཟླས་ཚ་མོ་རུམ་སྟེ་སྔུར་བ་དམའ་མོ་ཞིག་འཐེན་བཞིན་འདུག་ལ། ཕར་བལྟས་ན་ཧ་ཅང་སྐྱིད་པའི་རྨི་ལམ་གྱི་ཞིང་ཁམས་སུ་མྱུལ་བཞིན་ཡོད་པ་འདྲ། ངང་ཚུལ་འདི་མཐོང་རྗེས་ཁོའི་སེམས་ལ་ཁྱིམ་འདིར་རྒྱུ་ནོར་བཙལ་བ་དང་ཕྲུ་གུར་ལས་ཀ་བཙལ་བ། དེ་ནས་གོ་གནས་བཙལ་བ་སོགས་ཡོད་ཚད་ཀྱི་ཡོད་ཚད་རང་ཉིད་གཅིག་པོས་བསྒྲུབ་དགོས་པར་མ་ཟད་དཔེར་ན་དེ་རིང་གི་གནས་ཚུལ་འདི་ལྟ་བུའི་བཟོད་ཐབས་བྲལ་བའི་དོན་དག་དང་། ཐ་ན་བཙོན་ཁང་དུ་འགྲོ་བའི་ཉེན་ཁར་ཕྲད་ནའང་རང་ཉིད་གཅིག་པོས་ལུས་སེམས་གཉིས་ཀས་འཁུར་དགོས་པ་འདི་ཅི་ཡིན། འདི་ནི་རྒྱུ་འབྲས་ལུགས་མཐུན་ཞིག་གཏན་ནས་མ་རེད། ཁྱོད་ཀྱིས་ནམ་རྒྱུན“གོ་གནས་མེད་ན་མེད། འབྱོར་བ་ཞན་ན་ཞན། ཁྱོད་ལ་དོན་དག་རེ་མི་འབྱུང་བ་དང་བྱིས་པ་ཚོར་ན་ཚ་རེ་མ་བྱུང་ན་དེ་ལས་དགའ་བ་མེད།”ཅེས་ཧ་ཅང་བསམ་ཤེས་ཀྱི་ཚུལ་དུ་བཤད། ཡིན་ནའང་འཇིག་རྟེན་འདི་གཅན་གཟན་གྱི་ཚོགས་བཞིན་འགྲན་རྩོད་དང་རྒྱལ་ཕམ་ངང་གནས་པ་ཁྱོད་ཀྱིས་ག་ལ་ཤེས་བསམ་བཞིན་བཟའ་ཟླའི་སྟེང་ལའང་ཁོང་ཁྲོ་ལངས།
ནམ་རྒྱུན་ཡིན་ན་མལ་དུ་ཉལ་རྗེས་ཡུན་རིང་བར་དུ་དང་། ཐ་ན་གཉིད་མ་སད་ཀྱི་མཚམས་སུའང་རྣ་ལམ་དུ་མཱ་ཅང་གི་ཁྲོག་སྒྲ་གྲགས་པ་དང་མིག་ལམ་དུ་མཱ་ཅང་གི་རི་མོ་སྣ་ཚོགས་འཆར་སྲིད་མོད། འོན་ཀྱང་དེ་རིང་དེ་དག་གི་ཚབ་ཏུ་བརྙན་འཕྲིན་ནས་ལས་བྱེད་བསྐོ་དབྱུང་གི་མིང་ཐོ་སྒྲོག་འདོན་བྱེད་པའི་སྐད་སྒྲ་དང་ཡོན་ཏན་བྲང་འབུར་གྱི་ཞེན་པ་ལོག་པའི་ངོ་གདོང་ཤར་འདུག་པར་མ་ཟད་སྔར་ལས་ཇེ་གསལ་ནས་ཇེ་གསལ་དུ་གྱུར། གལ་ཏེ་སྐྱེས་པ་ཞིག་བུ་མོ་ཞིག་ལ་སེམས་གཏིང་ནས་དགའ་བར་གྱུར་ཚེ་དེའི་འགྲོ་འདུག་འཆག་གསུམ་དང་ལུས་གཟུགས་ངོ་གདོང་སོགས་ཡོད་ཚད་ཡིད་དུ་ཡོང་བར་སྣང་ལ། ཐ་ན་དེའི་མིག་ཟུང་ཤིན་ཏུ་ཆུང་ནའང་དེ་ཆད་སྐྱོན་ཞིག་ཏུ་མི་མཐོང་བར་མ་ཟད་དེ་ལས་ལྡོག་སྟེ་སྙིང་དུ་སྡུག་པའི་ཆ་ཞིག་ཏུ་མཐོང་བ་ཇི་བཞིན་གསང་བདག་གི་མིག་ལམ་དུ་ཡོན་ཏན་གྱི་འགྲོ་འདུག་འཆག་གསུམ་དང་ལུས་གཟུགས་ངོ་གདོང་སོགས་ཡོད་ཚད་ཞེ་མེར་བར་སྣང་ལ། ཐ་ན་ཡོན་ཏན་གྱི་ལོ་དྲུག་ཅུར་བུད་ནའང་ད་དུང་ནག་ཀྲིག་གེར་འདུག་པའི་སྐྲ་དང་དཀར་ཆིལ་ལེར་འདུག་པའི་སོ་དག་ཀྱང་ཧ་ཅང་མིག་ལ་མི་མཛེས་པ་དང་ཞེན་པ་ལོག་པར་སྣང་། ལག་མཐིལ་རྐང་མཐིལ་སྔར་ལས་ཇེ་རློན་དུ་གྱུར་པས་ཁོ་པ་ཐབས་ཟད་དེ་ལག་མགོ་རྐང་མགོ་མལ་ཐུལ་ཕྱི་རུ་བསྲིངས་ནས་བསྡད། ཏག་ཏག་སྐབས་འདིར་ཁོའི་དཔྲལ་བའི་རྨ་ཁར་ཟ་འཕྲུག་གམ་ན་ཟུག་ཅིག་ལངས་ཏེ་རང་དབང་མེད་པར་འཕུར་ཙམ་བྱས་པ་ན་སྔར་ལས་ལྷག་པའི་ཟ་འཕྲུག་གམ་ན་ཟུག་ཅིག་ལངས་ཤིང་། དེ་མུར་མགོ་བོ་ཡོངས་རྫོགས་ན་བཞིན་པའི་ཚོར་སྣང་ཞིག་སྐྱེས། ཞིབ་ཏུ་བརྟགས་ཚེ་སྙིང་ལ་གཟེར་རྒྱག་བཞིན་ཡོད་པ་དང་། མདོར་ན་ལུས་པོ་ཡོངས་རྫོགས་མི་བདེ་བ་འདྲ་བས་རྐང་པ་གཉིས་ཀ་མལ་ཐུལ་ནང་ལ་བཅུག་སྟེ་འགྲེ་ལོག་ཅིག་བརྒྱབ། སྐར་ཆ་བཞི་ལྔ་ཙམ་ལས་མ་འགོར་བར་སྔར་ལས་ཀྱང་མི་བདེ་བའི་ཚོར་སྣང་ཞིག་སྐྱེས་ཏེ་སླར་ཡང་ཁ་ཕྱིར་འཁོར། འདི་ལྟར་ལས་བྱེད་བསྐོ་དབྱུང་གི་མིང་ཐོ་དང་ཡོན་ཏན་བྲང་འབུར་གྱི་ངོ་གདོང་གཉིས་ནི་རང་གི་ཡན་ལག་ཅིག་དང་འདྲ་བར་སྐད་ཅིག་ཙམ་ལའང་འདོར་ཐབས་བྲལ་བའི་ངང་ཡུན་རིང་བར་དུ་ཁ་ཕར་འཁོར་ཚུར་འཁོར་གྱིས་འགྲེ་ལོག་བརྒྱབ། འཇམ་ཡུག་ཡུག་གི་དར་གོས་དམར་པོའི་སྔས་ཤུབས་སྟེང་གི་སྔས་ཁེབས་ཡང་ཡང་ཕར་ཤུད་ཚུར་ཤུད་དང་ཡར་ཤུད་མར་ཤུད་བྱས་པས་མཇུག་མཐར་ཁོས་ཁོང་ཁྲོས་ངང་སྔས་ཁེབས་དེ་བླངས་ནས་ཕར་གཡུགས། ཞིབ་འདང་བརྒྱབ་ན་ཡོན་ཏན་བྲང་འབུར་དང་ཁོ་གཉིས་ཀས་རྫོང་དཔོན་གྱི་གོ་གནས་རྩོད་པ་མ་བརྒྱབ་གོང་ཁྱོད་བཟང་ང་བཟང་ཡིན་པར་མ་ཟད་ཕན་ཚུན་ལ་རོགས་རམ་དང་རྒྱབ་སྐྱོར་རེའང་བྱས་མྱོང་སྟེ། དཔེར་ན་ཁོའི་བུ་རྒན་པས་མཐོ་འབྲིང་ལ་རྒྱུགས་མ་འཕྲོད་ནའང་སྐབས་དེར་ཡོན་ཏན་རྫོང་སློབ་གསོ་ཅུའི་ཅུའུ་ཀྲང་ཡིན་པས་གོང་རིམ་སློབ་གསོའི་སྡེ་ཁག་ན་ངོ་ཤེས་ཡོད་པས་སློབ་གྲྭར་འགྲོ་ཐུབ་པ་བྱུང་བ་དང་། རང་ཉིད་དམངས་སྲིད་ཅུའི་ཅུའུ་ཀྲང་ཡིན་སྐབས་ཡོན་ཏན་གྱི་ཨ་ནེ་ཞིག“ལྔ་སྲུང་ཁྱིམ་ཚང”གི་གྲས་སུ་བཞག་པ་ལྟ་བུ་རེད། ཡིན་ནའང་ཁོ་པ་རྫོང་དཔོན་ལ་འཇོག་རྩིས་ཡོད་པ་གོ་མ་ཐག་ཡོན་ཏན་གྱིས་ཧ་ཅང་ཐབས་མཁས་ཀྱིས“གསང་བདག་ལ་མི་རིགས་ཀྱི་འདུ་ཤེས་མེད་པ་དང་། ལྷག་པར་དུ་ཆོས་ལུགས་ལ་གཏན་ནས་མི་དགའ་ནའང་གང་ལྟར་ཁོ་ནི་མི་ནུས་པ་ཅན་ཞིག་ཡིན་པས་རྫོང་དཔོན་དུ་བཞག་ན་རང་རྫོང་གི་མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བརྟན་འཇགས་ཐད་སྔར་ལས་ལྷག་པའི་ནུས་པ་འདོན་སྲིད།”ཅེས་འདེམ་དམངས་ཁྲོད་དུ་བརྒྱུད་བསྒྲགས་བྱས། དེ་ཡང་འཇིག་རྟེན་གཏམ་དཔེ་ལ་ཆུ་ཚོགས་པའི་སྣོད་ཡོད་ཀྱང་གཏམ་ཚོགས་པའི་སྣོད་མེད་ཟེར་བ་ལྟར་སྐད་ཆ་དེ་ཉིན་གཉིས་གསུམ་ཙམ་ལས་མ་འགོར་བར་ཁོའི་རྣ་བར་ཐོན། དེས་ན་ཡོན་ཏན་དམངས་ཆེན་ཀྲུའུ་རེན་ལ་འཇོག་པར་གོང་རིམ་རྩ་འཛུགས་ནས་ཁོ་པར་བསམ་འཆར་ལེན་སྐབས་ཁོས་ཀྱང“བློ་མཐུན་ཡོན་ཏན་ལ་ས་གནས་མི་རིགས་རིང་ལུགས་ཀྱི་འདུ་ཤེས་ཐལ་དྲགས་པ་དང་། ལྷག་པར་དུ་ཆོས་ལུགས་ཀྱི་ལྟ་བ་ཤ་གསེང་རུས་གསེང་དུ་ཟུག་ཡོད་ནའང་ཁོ་པར་རིག་གནས་ཆུ་ཚད་ཅུང་མཐོ་བས་དམངས་ཆེན་ཀྲུའུ་རེན་ལ་བཞག་ན་འགྲིག་ཅིང་འགྲིག”ཅེས་བཤད་པ་ཡོན་ཏན་གྱིས་ཀྱང་དེ་མ་ཐག་གོ་ནས་ཁོང་གཉིས་བར་འགལ་བ་བྱུང་བ་དང་། འགལ་བ་དེ་མངོན་གསལ་དང་ཛ་དྲག་ཏུ་གྱུར་ཏེ་རྫོང་མི་དམངས་སྲིད་གཞུང་གི་སྙན་ཞུ་དང་ཐག་ཆོད་སྣ་ཚོགས་དང་། ལྷག་པར་དུ་ཁོས་ཡར་འཐེན་བྱས་པའི་ལས་བྱེད་བསྐོ་འཇོག་གི་མིང་ཐོ་དམངས་ཆེན་རྒྱུན་ཨུ་བརྒྱུད་སྐབས་གྲོས་འཆམ་མི་འབྱུང་ལ། ཁོས་ཀྱང་དམངས་ཆེན་གྱི་གྲོན་དངུལ་སྙན་ཞུ་དག་ལ་ཆོག་མཆན་མི་འགོད་པ་དང་ཡང་ན་གྲོན་དངུལ་ཉུང་ཙམ་ལས་མི་སྟེར་བ་སོགས་མངོན་ལྐོག་གཉིས་ནས་ཕན་ཚུན་ལ་དཀའ་ལས་བཟོས། ཡིན་ནའང་གང་ལྟར་ཡོན་ཏན་ལ་དམངས་ཆེན་ཀྲུའུ་རེན་གྱི་གོ་གནས་ལས་མ་རེག་པར་རྫོང་དཔོན་གྱི་གོ་གནས་ཁོ་པར་རེག་པ་དང་། དེའི་རྗེས་སུ་ཁོ་པར་དམངས་ཆེན་ཀྲུའུ་རེན་གྱི་གོ་གནས་རེག་སྟེ་ཡོན་ཏན་སྲིད་གྲོས་ཀྱི་ཀྲུའུ་ཞིར་བཞག་པ་སོགས་ད་བར་དུ་གྲལ་བསྒྲིགས་དུས་ཁོ་པ་ཡོན་ཏན་གྱི་གོང་རོལ་དང་། གཏམ་བཤད་དུས་ཁོ་པ་ཡོན་ཏན་གྱི་སྔོན་མ་ཡིན་པ་སོགས་ལ་རྒྱ་ཤོར་མ་མྱོང་། ཡིན་ནའང་ཐེངས་འདིའི་ལས་བྱེད་བསྐོ་འཇོག་གི་སྟེང་ནས་རང་ཉིད་རྦད་དེ་ཕམ་སོང་བ་མིན་ནམ་སྙམ་པ་དང་མཉམ་དུ་ཞེ་སྡང་དྲག་ཏུ་ལངས་ཤིང་། དུས་མཚུངས་སུ་དུ་སྐོམ་དྲག་པོ་ཞིག་ཀྱང་སྐྱེས་པས་ད་ནི་འདི་ལྟར་སྡོད་པ་ལས་ནེམ་ཁྲིའུའི་སྟེང་དུ་འདུག་པའམ་ཡང་ན་མགྲོན་ཚོམས་ནང་དུ་ཕར་འགྲོ་ཚུར་འགྲོ་བྱས་ན་དགའ་བསམས་ཏེ་ཤུགས་རིང་ཞིག་འཐེན་བཞིན་ཡར་ལངས་ནས་མགྲོན་ཚོམས་སུ་སླེབས། ཁོས་གང་མྱུར་གྱིས་ཐ་མག་རྐང་གཅིག་ལ་མེ་བསྒོ་བའི་དུས་མཚུངས་སུ་ཤུགས་ཀྱིས་འཇིབ་འགའ་ལེན་བཞིན་ཕར་སོང་སྟེ་སྒེའུ་ཁུང་ཕྱེ། ཕྱི་རོལ་ཏུ་ཆར་བ་འབབ་མཚམས་ཆད་འདུག་ནའང་བར་སྣང་སྤྲིན་པ་ནག་པོས་ཡོངས་སུ་གཡོགས་ཏེ་སྐབས་འདིའི་ཁོའི་སེམས་ཁམས་དང་འདྲ་བར་ནག་རོག་གེར་འདུག ད་ལྟ་ནི་ཞོགས་པའི་ཆུ་ཚོད་ལྔ་བ་སྟེ་ཉིན་གང་གི་ཆུ་ཚོད་ཉེར་བཞིའི་ནང་གི་ཆེས་འཁྱག་པའི་དུས་ཡིན་པས་སྐར་མ་བཞི་ལྔ་ཙམ་ལས་མ་འགོར་བར་ཁོའི་ལུས་པོ་ཡོངས་རྫོགས་འཁྱག་པོར་གྱུར་པ་དང་། རང་དབང་མེད་པར་བསྟུད་མར་སྣ་སྦྲིད་འགའ་བྱས་ཤིང་སྣ་ཆུའང་བཞུར་ཡོང་། དུས་མཚུངས་སུ་ལག་མཐིལ་རྐང་མཐིལ་སྔར་ལས་རློན་པར་གྱུར། ཁོས་སྒེའུ་ཁུང་བརྒྱབ་སྟེ་ནེམ་ཁྲེའུའི་སྟེང་གི་སྟོད་གོས་གཡང་ཤམ་བྱས་ནས་མར་བསྡད། ཁོས་ནམ་ལང་བར་རེ་སྒུག་བྱས། ཡང་ནམ་ལངས་ན་དགེ་མཚན་ཅི་ཞིག་ཡོད་པ་ཁོས་ཀྱང་བཤད་མི་ཤེས། ཁོས་སྤྱི་ཐེར་དུ་གྱུར་འདུག་པའི་ཀླད་གོག་དམར་པོ་དེ་ལག་པས་བསྐྱོར་ཞིང་གྲུ་མོ་གཉིས་ཀ་བརླ་སྒང་དུ་གཏད་དེ་དབུགས་རིང་ཞིག་ཕྱུང་ནས་སྡོད་སྐབས་བཟའ་ཟླས་ཚ་མོ་ཁྲིད་ནས་མགྲོན་ཚོམས་སུ་སླེབས་ཏེ་ཧ་ལས་པའི་མིག་མདངས་ཀྱིས་ཁོ་པར་ཞིབ་ཏུ་བལྟས་ཤིང་། ཅི་ཞིག་བཤད་རྩིས་བྱས་ནའང་མཇུག་མཐར་ཅི་ཡང་མ་བཤད་པར་ད་དུང་གཉིད་མ་སད་དུ་གནས་པའི་ཚ་མོར་ཁ་ངོ་བཀྲུ་རུ་བཅུག་པ་དང་། མདང་དགོང་གི་ཐུག་ལྷག་ལས་ཅུང་ཙམ་བསྲོས་ནས་འཐུང་དུ་བཅུག ཚ་མོས་ལྗིད་ཏིག་ཏིག་གི་དཔེ་ཁུག་ཆེན་པོ་དེ་རྒྱབ་ཏུ་ཁུར་རྗེས“爷爷再见!”(ཨ་མེས་བདེ་མོ།)ཟེར་བཞིན་ལག་པ་གཡུག་ཙམ་བྱས་ནས་བྲེལ་མྱུར་གྱིས་སློབ་གྲྭར་སོང་།
སྐབས་འདིར་གསང་བདག་གིས་གློ་བུར་དུ་མདང་དགོང་རང་ཉིད་ནང་ལ་ལྷུང་བའི་ས་དོང་དེ་ཡིད་ལ་དྲན་ཞིང་། ཚ་མོར་ས་དོང་དེ་ལ་གཟབ་གཟབ་བྱོས་ཞེས་བཤད་བསམས་ནའང་ཚ་མོ་སྔར་ནས་སྒོར་བུད་ཅིང་སྐས་ཐེམ་ལས་བབས་ཟིན་ནོ།།
——2018ལོའི《བོད་ཀྱི་རྩོམ་རིག་སྒྱུ་རྩལ》དེབ་ལྔ་བ་ལས་བདམས།
རྩོམ་སྒྲིག་པ། ལྷ་སྐྱིད།
རྩོམ་ཁུངས། ངེད་དྲ་བ།