གཟའ་འཁོར་གཅིག་གི་ཆོ་འཕྲུལ།

ཟླ་ཚང་ཨོ་རྒྱན་ཚེ་རིང་། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2018-12-17

  སྔ་ས་ནས་ཁ་ཆད་བྱས་ཡོད་པ་བཞིན། གཟའ་ཉི་མའི་དགོང་མོ་དེར་སློབ་གྲོགས་རྣམས་གནས་གཅིག་ཏུ་འཛོམས་ནས་གླུ་ལེན་གར་རྩེད་ལ་རོལ་དུས། སློབ་གྲོགས་ཨེ་རེ་ན་སླེབས་མ་སོང་། སྤྱིར་མོ་རང་ནམ་རྒྱུན་ཚང་མ་འཛོམས་སར་དུས་ལྟར་ཐོན་གྱིན་ཡོད་མོད། གནས་སྟངས་དེའི་རྐྱེན་གྱིས་ང་དང་ངའི་སློབ་གྲོགས་རྣམས་ལ་ཧ་ཅང་མི་སྲིད་པའི་སྣང་བ་ཞིག་འགོག་མེད་དུ་སྐྱེས། ལྷག་པར་ང་ཚོས་སྤྱི་ཚོགས་དྲ་གནས་དང་། ཁ་པར་གྱི་ལམ་ནས་འབྲེལ་གཏུགས་ཐེངས་འགར་བྱས་མོད། ཕྱིར་ལན་ཐེངས་གཅིག་ཀྱང་མ་བྱིན། ཕྱི་ཉིན་གཟའ་ཟླ་བའི་ཉིན་ཧྲིལ་བོར་སློབ་ཁྲིད་ལ་ཐོན་མ་སོང་བས། ང་རང་ཚོས་སྔར་ལྟར་ལན་གྲངས་མང་བོར་འབྲེལ་གཏུགས་བྱས་མོད། ཕན་འབྲས་གང་ཡང་མ་བྱུང་། མ་གཞིར་ངས་ནི་མཐའ་གཅིག་ཏུ་ཨེ་རེ་ནའི་ཐད་འདང་ཞིབ་མོ་བརྒྱབས་ཏེ། སེམས་ཁྲལ་ཆེན་པོ་ལ་ནི་བྱ་བརྩིས་མེད་མོད། སློབ་གྲོགས་རེ་འགས་ཁོ་བོའི་ཕྱོགས་སུ་རྒྱུན་ལྡན་མ་ཡིན་པའི་མིག་ཟུང་བགྲད་འདུག་ཅིང་། ལ་ལས་ང་ལ་སྐད་ཆ་ཡང་དྲིས་སོང་། ཨ་ཡ་མཚན། རེ་ཞིག་ང་རང་ཆེས་རྙོག་འཛིང་ཆེ་བའི་དོན་དག་ཅིག་གི་འོབས་སུ་ལྷུང་བ་བཞིན་མགོ་འཐོམས་པར་གྱུར་བ་ལས། བཅོས་ཡ་གང་ཡང་རྙེད་མ་སོང་། ག་ལེར་འདང་རྒྱག་གིན། ཧ་ལམ་ངས་དེ་སྔ་ཀུ་རེ་ཞིག་རྩེས་པ་མོ་རང་གིས་དོན་དམ་དུ་བསམས་ནས་སེམས་ལ་གནོད་སོང་བས་ཡིན་ནམ། ཡང་ན། ཁོ་བོའི་གྲོགས་བཟང་རྒྱ་སེར་བ་ཉ་དང་། མོ་རང་གི་བར་ལ་སྤྱིར་བཏང་གི་གྲོགས་པོའམ། དགའ་རོགས་ཀྱི་འབྲེལ་བ་གང་ཡིན་གསལ་ཁ་མི་ཆོད་པ་ཞིག་ཡོད་པ་དང་། བ་ཉས་ང་ལ། ཨེ་རེ་ན་དང་ཁོང་གཉིས་ཐུན་མོང་གི་གྲོགས་མོ་ཞིག་སྟེ། མིང་ལ་མ་རེ་ཡ་ཟེར་ཞིང་། སློབ་སྦྱོང་དང་། མི་གཤིས། ཁ་སྒོ་སྐྱེ་འབྲས་གང་གི་ཐད་ནས་ཀྱང་སྣང་དག་མེད་པ་ཞིག་ཡོད་པའི་ཁར། དགའ་ཕྱོགས་ང་དང་འདྲ་བོ་ཡོད་པ། ཁོ་མོ་དང་ངོ་ཤེས་བསྒྲིག་ན་ལེགས་པོ་ཡིན་ཚུལ། གལ་སྲིད་ང་རང་ལ་དེ་འདྲའི་རེ་བ་ཡོད་ན། ཁོས་མ་རེ་ཡ་ལ་སྔ་མོ་ནས་ངེད་ཀྱི་སྐོར་ཅུང་ཟད་བཤད་ཡོད་པ་དང་། མོ་རང་གིས་ང་དང་ངོ་ཤེས་བསྒྲིག་རྒྱུའི་འདོད་པ་ཡོད་པའི་རྣམ་འགྱུར་བསྟན་སོང་ཟེར་བས། ལོས་ཡིན་ཡ། གཟའ་ཉི་མའི་ཉིན་གུང་ཡོལ་མཚམས། ང་རང་ཁོང་ཅག་གིས་གཏན་འཁེལ་བྱས་པའི་ས་གནས་སུ་དུས་ཚོད་ནང་ལྟར་འབྱོར་བར་བྱས་ཤིང་། ཁ་བརྡའི་གླེང་བསླངས་པ་ནས་རིམ་བཞིན་ང་ཚོར་བཤད་རྒྱུ་ཇེ་མང་དུ་སོང་། མཐར་ཕྱི་དྲོའི་ཆུ་ཚོད་བཞི་བ་རྫོགས་ལ་ཉེ་དུས་ཏེ། ང་ཚོ་གནས་དེ་ནས་རང་རང་སར་གྱེས་ཁ་མར། ངས་ནི་ཨེ་རེ་ནའི་གདོང་ནས་དེ་འདྲའི་དགའ་ཡིན་མེད་པའི་རྣམ་འགྱུར་ཞིག་མཐོང་སོང་མོད། ཁོ་མོས་དེ་མ་ཐག་བཙན་གྱིས་འཛུམ་མདངས་བཅོས་མ་ཞིག་ཕྱུངས་ནས་ངེད་ལ“དགོང་མོ་ཐུག”ཟེར་བཞིན། བ་ཉ་དང་འགྲོགས་ནས་བུད་སོང་། དེ་རྗེས། ང་ནི་གསར་དུ་ངོ་ཤེས་མ་ཐག་པའི་མ་རེ་ཡ་དང་ལྷན་དུ་ཕྱི་རོལ་ནས་འཆམ་འཆམ་བྱེད་བཞིན་མལ་ཁང་དུ་ལོག་པ་ཡིན། གང་ལྟར་ང་ཚོ་གྱེས་ཁ་མ་དེར་གནད་དོན་ཅི་ཡང་བྱུང་མེད།

  ངས་འདི་ལྟར་འདང་རྒྱག་བཞིན་པའི་སྐབས་སུ། སློབ་གྲོགས་ཤིག་གིས“མོ་རང་ལ་གློ་བུར་བའི་དོན་དག་ཅིག་བྱུང་སོང་བ་ཡིན་ཡང་སྲིད”ཅེས་སྨྲས་བྱུང་སྟབས། ང་ནི་ཅུང་ཟད་ཧད་སེ་བཏང་སོང་།

  དེ་ལྟར། སློབ་གྲོགས་ཧ་ནེ་བོའི་བློ་ཁ་བདེ་མོ་ཞིག་ཁྱོན་ནས་ཡོང་གིན་མི་འདུག་པ་དང་། ངའི་བློ་ཁ་དེ་བས་ཀྱང་མི་བདེ་བ་བྱུང་སོང་། སྐབས་དེར། སློབ་གྲོགས་ཚོའི་མིག་ནང་གི་ང་ནི་ཨ་ན་མ་ན་དོགས་གཞི་ཅན་གྱི་ཉེས་ཅན་ལྟ་བུ་ཞིག་ཏུ་གྱུར་ཡོད་ཚོད་རེད་དེ། ཁོ་ཚོས་ཅི་ཞིག་བསམ་གྱིན་ཡོད་མེད་ང་ལ་མཚོན་ན་ལྐོག་གྱུར་ཞིག་རེད། དེ་བས། ངས་རང་གི་ནུས་ཚོད་ཀྱིས་སེམས་ལྷོད་ལ་བབས་ཏེ། རིམ་བཞིན་འདང་རྒྱག་གི་ནང་ལྷུང་བའི་མཚམས་ཤིག ངའི་ཡིད་ལ་བ་ཉ་དྲན་བྱུང་། བ་ཉ་ནི་ངའི་གྲོགས་པོ་དང་། འཛིན་གྲྭའི་སློབ་གྲོགས་ཆ་གའི་མིག་ནང་དུ་ཨེ་རེ་ན་དང་འབྲེལ་བ་ཅི་ཡིན་མི་ཤེས་པའི་ཕོ་གསར་ཞིག་ཡོད་པ་དེ་རེད། ཀུན་གྱིས་ཤེས་གསལ་ཡིན། དེ་འདྲ་ཡིན་ཙང་། སློབ་གྲོགས་ལ་ཤས་ཤིག་ད་དུང་ངའི་སྟེང་ལ་དོགས་པ་ཟ་བཞིན་ཡོད་པའི་བཟོ་ཐོན་འདུག

  ངས་བ་ཉ་ལ་ཁ་པར་ཐེངས་འགར་བཏང་བའི་རྗེས་སུ། ཁོས་ད་གཟོད་སྣེ་ལེན་བྱས་སོང་ལ། ངེད་ཀྱིས་ཨེ་རེ་ནའི་མིང་གླེང་མ་ཐག ཁོ་རང་གིས་ངའི་སྐད་ཆའི་མཚམས་བཅད་དེ། “ངེད་གཉིས་ལ་འབྲེལ་བ་ཅི་ཡང་མེད”ཟེར་བཞིན། ཁ་པར་གྱི་སྒོ་གཏན་སོང་བས། ང་རང་ལ་ཡ་མཚན་དང་ཞེད་སྣང་དུས་མཚུངས་སུ་སྐྱེས། ཨ་བྱ་འདི། དོན་ངོ་མར་ག་རེ་བྱུང་སོང་བ་ཡིན་ནམ།

  སྐབས་འདིར། སློབ་གྲོགས་ཚོའི་མིག་ནང་གི་ང་དང་ཨེ་རེ་ན་གཉིས་ཀྱི་བར་ཐག་ཇེ་ཉེ་ནས་ཇེ་ཉེ་ཡིན་ཁ་འདྲ་བོ།

  གཟའ་མིག་དམར་ཉིན་དགེན་ལགས་ཀྱིས་གསུངས་པ་ལྟར་ན། མོ་རང་ལ་ཆམས་པ་དྲོས་འཁྱག་བྱུང་ཡོད་པ་དང་། སེམས་ཁམས་སྡུག་པོ་ཆགས་ཡོད་སྟབས། ཉིན་འགའི་རིང་ཡུལ་ནས་སྨན་བསྟེན་ཏེ། ངལ་གསོ་ལེགས་པོ་ཞིག་བྱ་དགོས་ཀྱི་འདུག་ལ། ཧ་ལམ་གཟའ་རྗེས་མར་མ་གཏོགས་སློབ་ཁྲིད་ལ་ཞུགས་ཐུབ་ཀི་མ་རེད་ཟེར།

  ད་ལྟ་ཁྱོན་ཡོངས་ནས་དགུན་སླེབས་ཤིང་། ནམ་ཟླ་ཡང་ག་ལེར་ཇེ་འཁྱག་རེད་སྟབས། ཆམ་ནད་ཅིག་ཕོག་ན་ནི་རྒྱུན་ལྡན་རེད་མོད། འོན་ཀྱང་ཁོ་མོའི་སེམས་ཀྱི་གནས་སྟངས་ཡག་པོ་མི་འདུག་ཅེས་པའི་སྐད་ཆ་དེ་ཐོས་སྐབས། ངའི་ཡིད་ལ་ངང་ངམ་ཤུགས་ཀྱིས་འཁོར་ཡོང་བ་ནི། ཕྱི་དྲོ་དེར་ང་ཚོ་ཁོ་ཧྥེ་འཐུང་ས་ནས་རང་རང་སར་གྱེས་དུས། ཁོ་མོའི་བཞིན་རས་ལས་དགའ་ཡིན་མེད་པའི་རྣམ་པ་ཞིག་མངོན་ཡོང་བ་དེ་རེད།

  ཨེ་རེ་ན་དང་ངེད་གཉིས་ཀྱི་འབྲེལ་བ་བཤད་ན། དང་ཐོག་ང་ཚོ་འཛིན་གྲྭ་གཅིག་ཏུ་འཁེལ་བའི་ཉིན་མོ་དེར་ངེད་ཅག་ཕན་ཚུན་ངོ་ཤེས་པ་ཡིན་ལ། མོས་ང་ལ་རང་གི་ཕ་ཡུལ་གྲོང་ཁྱེར་ལས་འཕྲོས་པའི་སྐད་ཆ་དང་། ངས་མོ་ལ་ངེད་ཀྱི་ཕ་ཡུལ་ལུང་པ་ལས་འཕྲོས་པའི་སྐད་ཆ་སོགས། ཕན་ཚུན་བར་སྤྱིར་བཏང་གི་ཁ་བརྡ་དེ་འདྲ་མང་བོ་བཤད་མྱོང་ཡོད། གཞན་ཡང་། ཁོ་མོས་ང་ལ་མཚམས་ལན་རེར་ཕྱི་ཡིག་གི་ཐད་ནས་རོགས་རམ་ཡང་བྱས། ངས་ནི་ཁོ་མོ་རང་གི་བློས་ཐུབ་ཀྱི་སློབ་གྲོགས་ཤིག་གི་ཚད་དུ་བཞག་ཡོད་པ་མ་གཏོགས། སེམས་ལ་འདྲ་མིན་རིགས་གང་ཡང་བཅངས་མ་མྱོང་།

  མོ་རང་ཧྲིལ་ལོ་བཅོ་བརྒྱད་ལ་སོན་མ་ཐག་ཡིན་པ་དང་། ཕྱིའི་ལུས་ཀྱི་རྣམ་པའི་ཐད་ནས་ད་དུང་བྱིས་པའི་བཟོ་ལྟ་འཆོལ་མེད་ལ། སློབ་གྲོགས་ཕན་ཚུན་བར་འབྲེལ་བ་བྱེད་རྒྱུར་དགའ་ཞིང་། ནམ་ཡང་གདོང་ལ་འཛུམ་གྱིས་བརྟས་ནས་ཡོད་པ་དང་བཅས་རང་བཞིན་ལྷུན་ཆགས་པོ་ཞིག་ཡོད།

  ཐེངས་ཤིག ཁོ་མོས་ང་ལ་ཡིག་ཆུང་ཞིག་བསྐུར་བར། “ཁྱོད་དང་མཉམ་དུ་ཁ་བརྡ་བཤད་སྐབས་སེམས་པ་ཧང་སང་བའི་སྐྱིད་པོ་འདུག”ཅེས་བྲིས་འདུག

  དེ་ནས་ངས་ཀྱང་ཕར། “ང་ཡང་དེ་བཞིན་ཡིན”ཞེས་བྲིས།

  ངེད་གཉིས་ཀྱིས་ཁ་བརྡ་བཤད་ཀྱིན་བཤད་ཀྱིན། ཐེངས་ཤིག ཁོ་མོས་ང་ལ། “གལ་སྲིད་ཁྱོད་རང་མ་འོངས་པར་ནུབ་གླིང་གི་བུ་མོ་ཞིག་དང་བརྩེ་དུང་ཆགས་པ་ཡིན་ན། ཁྱོད་ཀྱིས་དེར་གཉེན་བསྒྲིག་རྒྱུ་ཡིན་ནམ། ཡང་ན། རང་གི་ཕ་ཡུལ་གྱི་བུ་མོ་ཞིག་འཚོལ་རྒྱུ་ཡིན”ཟེར།

  ངས་ནི། “རབ་ཡིན་ན་ང་དང་རིགས་རྒྱུད་གཅིག་པ་ཞིག་དང་འགྲོགས་ན་ད་གཟོད་ཕུན་སུམ་ཚོགས་པོ་ཡིན་ངེས” ཞེས་ལན་བསློགས་པ་ཡིན།

  དེ་མུར་ཡང་བསྐྱར་དྲི་བ་གཅིག་དྲིས་པ་ནི། “དེས་ན་མ་འོངས་པར་འཚོ་བ་གང་ནས་རོལ་བརྩིས་ཡིན” ཟེར།

  “གང་ན་བདེ་སྐྱིད་ཡོད་ན་དེ་ནས་རོལ་ཀི་ཡིན”བཤད་དུས།

  ཁོ་མོས་ཡང་བསྐྱར་དྲི་བ་གསུམ་པ་དེ་དྲིས་སོང་། “འོ་ན་གལ་ཏེ་ཁྱོད་ཀྱི་མ་འོངས་པའི་འཚོ་བ་འདི་གར་ཡོད་ན། དེ་དུས་མི་རིགས་གང་གི་བུ་མོ་ཆུང་མ་ལེན་རྒྱུ་ཡིན” ཟེར།

  ངས་ནི་སྔར་བཞིན། “དེ་འདྲ་ཡིན་ཙང་རང་དང་མི་རིགས་གཅིག་པ་ཞིག་ལེན་ཀི་ཡིན” ཞེས་ལན་བཏབ་དུས། ཁོ་མོས་ང་ལ། དེས་ན་ཁྱོད་རང་གིས་དུས་རྒྱུན་ང་ཚོར་བཤད་རྒྱུར། “ང་ལ་མཚོན་ན་འཇིག་རྟེན་སྟེང་གི་མི་རིགས་ཀུན་ལ་ཁྱད་པར་ཅི་ཡང་མེད། ཡོད་ཚད་ལ་འདྲ་མཉམ་གྱི་ལྟ་ཚུལ་ཡོད་ཟེར་བ་མིན་ནམ” འདི་སྐད་དྲིས་པས། ངས་ནི་སྐབས་དེར་ཕྱིར་ལན་ཅི་ཞིག་གདབ་དགོས་པ་ཤེས་མ་སོང་།

  གློ་རྡེག་ཏུ། འཁྲིས་ཀྱི་འདུག་རོགས་དགོད་ཀྱིན་དགོད་ཀྱིན། “རེད་རེད། ཁྱོད་ལ་རང་ཚུགས་འདུག ཁྱོད་ནི་དཔེར་མཚོན་གྱི་རིགས་རྒྱུད་རིང་ལུགས་པ་ཞིག་རེད ” ཟེར།

  ཁོ་མོས་འདི་བཞིན་ང་ལ་སྐད་ཆ་གང་མང་དྲིས་པ་འདིས་ཅི་ཞིག་མཚོན་མིན་ཐད། ངས་དེ་དུས་བསམ་བློ་ཞིབ་ཏུ་བཏང་མྱོང་མེད་དེ། མི་རིགས་མི་འདྲ་བ་དང་། རིག་གནས་ཀྱི་རྒྱབ་ལྗོངས་མི་འདྲ་བའི་མི་སྣའི་བར་ཁ་བརྡ་འདི་འདྲ་འབྱུང་བ་ནི། ང་ལ་མཚོན་ན་རྒྱུན་ལྡན་གྱི་སྣང་ཚུལ་ཙམ་ལས། མཐོང་ཆེན་དམིགས་བསལ་བ་བྱེད་ཀྱིན་མེད་ལ། མཚམས་ལན་རེར་ལན་འཇམ་པོ་བཏབ་ཅིང་། སྐབས་ལན་རེར་སྤྱང་རྟུག་འཕངས་དུས་ཀྱང་ཡོད། ད་ནི་གོམས་གཤིས་ཤིག་གམ། འགྲོ་སྟངས་ཤིག་ཏུ་གྱུར་ཡོད་པ་འདྲ།

  ཡིན་ཡང་། དང་ཐོག་གནས་ཚུལ་འདི་ཙམ་པོའི་སྟེང་ནས་ངེད་གཉིས་ཀྱི་བར་ཐག་སློབ་གྲོགས་ཚོས་བསམ་བཞིན་པ་དེ་ལྟ་བུའི་ཉེ་བོ་ཞིག་ཡིན་པ་མཚོན་ཐབས་མེད། དེ་ཡང་ལ་ལས་བཤད་ན། “ཁོ་མོར་སྔོན་ཆད་འགྲོགས་བཟང་ཞིག་ཡོད་རབས་དང་། དེ་ནས་འགལ་སོང་རབས།” ཡང་ལ་ལས། “ད་ལྟ་ཅི་ཡིན་འདི་ཡིན་མི་ཤེས་པའི་ཕོ་གསར་ཞིག་ཡོད་པ་དེ་ཁོ་མོའི་བདག་པོ་རེད”ཟེར་བ་སྣ་ཚོགས་ཤིག་ལབ་ཀྱིན་འདུག

  ཐེངས་ཤིག མོའི་འདུག་རོགས་ཀྱིས་ང་ལ། “ཁྱོད་རང་ཨེ་རེ་ན་ལ་དགའ་ཡིན་འདུག་གམ”ཟེར། དེ་ནི་རྒྱུན་ལྡན་ལྟར་ན་ངེད་གཉིས་ཀྱི་བར་དུ། ཕན་ཚུན་རོགས་རམ་དང་འབྲེལ་བའི་འགྲོ་འོང་སྤྱིར་བཏང་བ་ཞིག་ཡོད་པ་དེར་གོ་བ་སྐོར་ལོག་བླངས་པ་ཡིན་མི་སྲིད་པ་མ་རེད། ངས་དེ་དུས། “མོ་རང་སྙིང་རྗེ་བོ་ཞིག་དང་། སེམས་བཟང་བོ་ཅན་ཞིག་རེད”ཅེས་བཤད་པ་ལས། གཞན་ཅི་ཡང་མ་ལབ་སྟེ། གཅིག་ནས། གལ་སྲིད་ང་རང་དགའ་བོ་མི་འདུག་ཅེས་བཤད་ན། མོ་རང་གིས་ཐོས་སོང་ཚེ། སེམས་སྡུག་པའམ། ཡང་ན། ངའི་ཕྱོགས་སུ་ལྟ་སྟངས་ལ་འགྱུར་བ་འགྲོ་མི་སྲིད་པ་མ་རེད། གཉིས་ནས། གལ་སྲིད་ང་རང་ཁོ་མོར་དགའ་བོ་ཡོད་ཅེས་སྨྲ་རྒྱུར། བདག་ཉིད་ཁོ་མོར་བརྩེ་དུང་གི་ཐད་ནས་སྤྲོ་བ་ཡོད་མེད་ཐ་ན་རང་གིས་ཀྱང་མི་ཤེས་ལ། གྲོགས་བཟང་བ་ཉ་ཡིད་ལ་འཁོར་བ་ཡིན་ད་ཡིན། དེའི་ཕྱིར། རང་གཞན་གཉིས་ལ་འགན་འཁུར་མི་ཐུབ་པའི་སྐད་ཆ་བཤད་དུས། གནས་སྟངས་གཞན་ཞིག་ཆགས་པར་དོགས་པས་ཀྱང་ངོ་། །

  དང་པོ་ཙ་ན། མོ་དང་བ་ཉའི་བར་གྱི་འགྲོ་འོང་དེ་ཇི་འདྲ་ཡིན་མིན་ངེད་ཀྱིས་རྒྱུས་ལོན་ཆེད་དུ་བྱས་མྱོང་མེད་ལ། ཡང་གཅིག་བཤད་ན། ཉེ་འཁོར་གྱི་དོན་དག་ལ་ལ་ཞིག་ང་རང་ལ་ཁིར་དེང་མེད་པས་སོ། ། འོན་ཀྱང་རིམ་གྱིས་སྐད་ཆ་ནི་རླུང་ཡིན་ཟེར་བ་ནང་བཞིན། ངའི་རྣ་ལམ་དུ་ཐེངས་གཅིག་གཉིས་ཙམ་མིན་པར་གྲགས་ཡོང་བ་མ་ཟད། ཐ་ན་མོའི་འདུག་རོགས་ཀྱིས་ང་ལ་དེ་ལྟ་བུའི་དྲི་བ་དྲིས་པ་སོགས། རྒྱུ་དང་རྐྱེན་དུ་མ་འཚོགས་འོངས་པ་དེ་བསམ་ན། དོན་དག་འདི་ཡུན་གྱིས་ང་རང་སྒེར་ལ་འབྲེལ་བ་ཡོད་པ་ཞིག་ཏུ་འགྱུར་ཉེན་ཆེ་རུ་སོང་།

  ང་དང་བ་ཉའི་འབྲེལ་བ་ནི་གོང་ནས་གླེང་ཟིན་པ་ལྟར་ཡིན་ལ། ངེད་གཉིས་སློབ་གྲྭའི་རྩལ་སྦྱོང་ར་བ་ནས་ངོ་ཤེས་པ་ཡིན། རིམ་བཞིན་འབྲེལ་བ་ཇེ་བཟང་དུ་གྱུར། རྗེས་སུ་ཨེ་རེ་ན་དང་འབྲེལ་བ་ཡོད་པ་ཤེས་མོད། དོ་སྣང་ཆེན་པོ་བགྱིས་མེད། ཁོས་ང་ལ་མ་རེ་ཡ་ངོ་སྤྲོད་བྱས་པ་རེད། དྲང་མོར་བཤད་ན། དོན་དག་དེའི་སྟེང་ནས། ངས་ཁོ་ལ་བཀའ་དྲིན་ཆེ་ཞེས་ཡང་ཡང་ལབ་ཟིན།

  ང་རང་ཚོ་ཉིན་གུང་དེར་སློབ་གྲྭའི་གཡས་ཕྱོགས་ནས་ཕར་རྨིད་བརྒྱད་བརྒྱ་ཡས་མས་ཀྱི་སར་ཡོད་པའི་ཇ་ཁང་དེ་ནས་འཛོམས་པ་ཡིན། དེ་གར་གཞུང་ལམ་གྱི་མཐའ་ནས་རྐང་པ་བརྒྱབ་སྟེ་སོང་ན་མི་ཐོན་པ་གང་ཡང་མེད་ལ། གཟའ་མཇུག་རེ་རེར་སྤྱི་ཚོགས་སྟེང་གི་མི་དང་། སློབ་མ་རྣམས་དེ་བ་ཚང་ནས་རྒྱུན་མི་ཆད་པར་མཐོང་རྒྱུ་ཡོད།

  ངེད་ཅག་ཅོག་ཙེ་གཅིག་གི་སྟེང་ལ་འཛོམས་དུས། བ་ཉས་ང་ལ་རང་ཉིད་ངོ་སྤྲོད་བྱེད་དགོས་པའི་བརྡ་བསྟན་པར། ངས་ནི་དེ་ལས་ལྡོག་སྟེ། ཁོ་རང་གིས་ངོ་སྤྲོད་བགྱིད་ན་ཡག་པོ་ཡོད་པའི་བརྡ་ཙམ་བསྟན་པ་ན། མ་རེ་ཡ་ཡིས་གདོང་པ་ང་སར་གཏད་ཅིང་། སེམས་ཚབས་གང་ཡང་མེད་པའི་སྒོ་ནས་རང་ཉིད་ངོ་སྤྲོད་བྱས་སོང་།

  ལར་འཇིག་རྟེན་ཁྱིམ་པ་ཕོ་མོ་སུ་དང་གང་ཞིག་ཡིན་ཡང་། ཕ་རོལ་བོའི་སྟེང་གི་འདོད་པའི་ཡོན་ཏན་གྱིས་རང་གི་བློ་སེམས་གཡོ་བར་བྱེད་པ་ནི་ཆོས་ཉིད་ཅིག་དང་། དེ་ཡིས་རང་ལ་དགའ་བ་སྣ་ཚོགས་བསྐྱེད་པ་ཡང་སོ་སོ་སྐྱེ་བོའི་དེ་ཉིད་ཡིན་སྟབས། འདི་ལྟར། དངོས་ནས་དྲང་གནས་གྲོགས་བཟང་བ་ཉས་བཤད་པ་ནང་བཞིན། གཟུགས་བྱད་ཀྱི་མཛེས་པ་དཔེ་ཡག་པོ་གདའ་སྟེ། རྐང་པ་ཕྲ་ཞིང་རིང་ལ། དཔྱི་མགོ་ཅུང་ཟད་རྒྱས་ཡོད་པ་དེར་བལྟས་ན། ཧ་ལམ་ནུབ་གླིང་གི་མོ་སྒྲེལ་གྱི་བཟོ་ལྟ་ཐོན་འདུག་པ་དང་། དེ་ནས་སྐེད་པ་ཅུང་ཟད་ཕྲ་ཞིང་། མྱོས་བུམ་ཅུང་ཟད་རྒྱས། སྣའི་གཟེངས་ཅུང་ཟད་འབུར་དུ་ཐོན་པར་སྣང་ངོ་། ། དཔྲལ་བ་འབུར་འབུར་གྱི་འོག་ཏུ་མིག་ཟུང་ལྷང་ངེར་མངོན་ཞིང་། ཆག་ག་མངོན་གསལ་དོད་པོར་བསྡོ། དེ་ལས་གསལ་ཐིང་ཐིང་དུ་མངོན་པའི་སྨིན་མ་ནག་པོ་རིང་དུ་བསྒྱིངས་པ་དང་བཅས། གདོང་པ་ནུབ་གླིང་སྤྱིའི་མྱི་སེར་གྱི་རང་བཞིན་དུ་གྲུབ་པའི་ཁུད་དུ་ཧྲེ་ཐིག་ཆུང་ངུ་འགའ་ཐར་ཐོར་དུ་ཡོད་པ་དེར་ཡང་མཛེས་པ་གཞན་ཞིག་འདུག སྐྲ་ནི་མ་གཞི་ནས་སེར་པོ་ཡིན་པའི་སྟེང་ལ། སྐྲ་འདབས་དཔུང་བའི་བར་དཔྱངས་ཤིང་། ཅུང་ཟད་འགྱུ་ལིའི་རྣམ་པར་འཁྱིལ་པའི་ཁར། ལྭ་བ་འོས་འཚམ་ཞིག་གྱོན་ཡོད་པ་དེས། ནུབ་གླིང་གི་སྐྱེས་ཡག་མ་ཞིག་གི་སྣང་བརྙན་རེ་བའི་མིག་ལམ་ལ་ཅིག་ཅར་དུ་བཞེངས་འོངས། ཁྱད་པར་དུ་ཁ་བརྡ་སྐྱིད་པོ་བཤད་ཀྱིན། རོ་སི་མི་རིགས་ཀྱི་ཁྱད་ཆོས་ཀྱིས་ཕྱུག་པའི་མིག་ཟུང་གི་གཡོ་འགུལ་ལས། སྨིན་མ་ལྷེམ་ཙམ་ལྷེམ་ཙམ་བྱེད་དུས། སྨན་བུ་མོ་ཟེར་ན་དེ་འདྲ་གདའ་ཞེས་སྙམ་པའི་མོད་ལ། ཁྱོད་རང་སྐད་ཅིག་དེ་ཉིད་ལ་འདུག་བཟོད་མེད་པ་ཞིག་ཏུ་གཏོང་ངེས།

  དེ་བཞིན་ཁོ་མོའི་སྣང་བརྙན་ནི་ངའི་སེམས་ངོར་རྦད་དེ་རྡོ་ལ་རི་མོ་བརྐོས་པ་བཞིན་འཐིམས་ཚར། ངོས་རང་གི་འཚོ་བའི་ནང་ད་ལྟའི་བར་ཐེངས་གཅིག་ལ་ཐུག་པ་ལས། བག་ཆགས་གཏིང་ཟབ་མོ་འཇོག་མཁན་གྱི་བུ་མོ་ཐོག་མ་དེ་མོ་རང་ཆགས་ཡོད། ག་ལེར་རྗེས་ཀྱི་ཉིན་དེ་དག་རིང་། ངེད་གཉིས་ཕན་ཚུན་བར་སྤྱི་ཚོགས་དྲ་གནས་སུ་ཁ་བརྡ་བཤད་པའམ། ཡང་ན་ངེད་གཉིས་དངོས་སུ་འབྲོག་ཐུག་རྒྱག་ཐེངས་རེར། ཁོ་མོས་ངའི་སེམས་ལ་སྣང་བརྙན་ཡིད་འགུགས་པ་རེ་དང་། ཕྱིར་དྲན་བརྗིད་ཏིག་ཏིག་རེ་འཇོག་པར་བྱེད་སྟབས། ང་རང་སྒོ་ཕྱིར་འགྲོ་འོང་བྱེད་དུས་ཁོ་མོ་སེམས་སུ་འཁོར་ཡོང་ལ། ང་རང་གིས་ངལ་གསོ་བཞིན་ལུས་པོ་ལྷོད་ལྷོད་ངང་སྡོད་སྐབས། སེམས་ངོར་རྟག་ཏུ་མོ་རང་ཤར་ཡོང་གིན་འདུག་ཅིང་། མཚམས་མཚམས་སུ་མོའི་སྣང་བརྙན་དེས་ངའི་སེམས་པ་མི་མངོན་པའི་དབྱིངས་ནས་གཟུགས་མེད་ཀྱི་རྣམ་ཤེས་སུ་ཞིག་གིས་ཚོད་འཛིན་བྱས་པ་ལྟར། ནམ་ཡང་རང་དབང་ལ་ཡོང་དཀའ་བར་ཡང་བྱེད། སྐབས་ལ་ལར་ངའི་སེམས་ངོ་ནས་མོ་དང་མཉམ་དུ་སྟོང་བསམ་གྱི་འཆར་གཞི་རྒྱུན་རིང་བོ་ཞིག་ཀྱང་བྲིས་བཞག

  ངེད་གཉིས་ཐེངས་རེ་འགར་མཉམ་དུ་ཕྱི་རོལ་ལ་སོང་སྟེ། ཁོ་ཧྥེ་འཐུང་ཞོར་དང་། ལབ་གླེང་བྱེད་ཞོར་བྱས་དུས། ངས་ནི་མོ་རང་ལ་ཡིད་འཛིན་ཀྱི་ནུས་སྟོབས་ཁྱད་མཚར་བ་ཞིག་ཡོད་པ་ཤེས། དེ་ནི་ང་དང་གཏན་ནས་མི་འདྲ་བར་སྣང་སྟེ། ང་ཡིན་ན་སྔོན་ཆད་ནས་དཔེ་ཀློག་ཅུང་ཟད་རེ་བྱས་ཡོང་བ་ཞིག་ཡིན་མོད། བལྟས་ཟིན་པའི་དཔེ་ཆའི་ནང་དོན་འོལ་སྤྱི་ཙམ་ལས་བཤད་ཐུབ་ཀྱིན་མེད་ལ། ཡང་ན་འོལ་སྤྱི་ཙམ་པོའི་སྒྲིག་གཞི་ཡང་འཐོར་འགྲོ་ས་མང་མོད། མོ་རང་ནི་ཁྱོན་ཡོངས་ནས་མི་གཅིག་པ་རང་འདུག་སྟེ། གང་བརྗོད་པར་བྱ་བའི་ལས་ལ་ཞུགས་དུས། རིག་པ་ཤིན་ཏུ་སྐྱེན་པོ་ཉེ་འཁོར་གྱི་མིའི་གཞེན་སྐུལ་ལ་བརྟེན་མི་དགོས་པ་རེད། དཔེར་ན། ཁོ་མོས་རླབས་ཆེ་བའི་སྙན་ངག་པ་ཕོ་ཧྲི་ཀེན་གྱི་མི་ཚེའི་ལོ་རྒྱུས་དང་། ཁོང་གི་བརྩམས་སྒྲུང《རུ་གཙོའི་བུ་མོ》《བྷ་རེ་སི.གྷ་ངྷོ་ནོ་ཧྥུ》གཞན་རྩོམ་པའི་དབང་བོ་ལེ་ཧྥུ.ཏལ་སི་ཏོ་ཡེའི་སྒྲུང་རིང《དམག་འཁྲུག་དང་ཞི་བདེ》《ཨན་ན.ཀ་རེ་ནེ་ནའི》ནང་དོན་ཕལ་ཆེར་ཐར་ཆགས་སུ་བཤད་ཐུབ་པ་འདུག དེ་དུས་ངའི་ཡིད་ལ་བོོད་ཀྱི་དམངས་ཁྲོད་ཀྱི་གེ་སར་སྒྲུང་བ་རྣམ་པའི་རང་བཞིན་ཤར་ཡོང་བར་བྱེད། དེ་བས། ངས་མོ་རང་མི་ཡན་གར་བ་ཞིག་ཏུ་མཐོང་ཞིང་། ཁོ་མོའི་ཕྱི་ནང་གཉིས་ཀྱི་ཡོན་ཏན་ལ་དུང་བ་ཁྱད་པར་བ་ཞིག་ཚམ་ཚོམ་མེད་པར་ཇེ་ཆེ་ནས་ཇེ་ཆེར་གྱུར།

  ངེད་གཉིས་ཀྱིས་བརྩེ་དུང་གི་ཐད་ནས་ལབ་གླེང་བྱས་དུས། “ང་རང་ལ་མི་རིགས་རིང་ལུགས་ཀྱི་ལྟ་བ་ཡོང་ཡེ་མེད་ཅིང་། གཞུག་ཕྱོགས་སུ་ཞིག་གི་གན་དུ་བདེ་སྐྱིད་ཡོད་ན་དེ་དང་མཉམ་དུ་མི་ཚེ་བསྐྱལ་ངེས་ཡིན”ཟེར་བཞིན། ང་ལ་རྣམ་འགྱུར་ཡག་པོ་བསྟན་ལ། ཐེངས་ཤིག “གལ་སྲིད་ཁྱོད་ལ་འདོད་པ་ཡོད་ན། ང་དང་མཉམ་དུ་མཚན་ནམ་གཅིག་ལ་སྤྲོ་སྐྱིད་ཁང་དུ་འགྲོ”ཟེར།

  དྲང་མོར་བཤད་ན། ཁོ་མོ་དང་འབྲེལ་འདྲིས་བྱས་པའི་ཉིན་དེ་དག་རིང་། ང་ལ་བསམ་བརྗོད་ཀྱི་ཡུལ་ལས་འདས་པའི་སྤྲོ་བ་འཕེལ་ཏེ། ཨེ་རེ་ནའི་སྐོར་རམ། སློབ་གྲོགས་ཚོའི་ལྟ་སྟངས་ཐད་འདང་རྒྱག་གི་སེམས་ཤུགས་ཡུན་གྱིས་ཇེ་ཆུང་དུ་སོང་།

  ཧ་ལམ་གཟའ་པ་སངས་ཉིན་གྱི་མཇུག་མཐའི་སློབ་ཐུན་གྲོལ་མཚམས་མིན་འགྲོ། ཨེ་རེ་ནའི་འདུག་རོགས་ཀྱིས་ང་ལ། “ད་ལྟ་ཁོ་མོའི་སེམས་ཁམས་དང་། ཆམས་ནད་ཇེ་དགར་སོང་ཡོད་པ་རེད། རབ་ཡིན་ན། ཁྱོད་ཀྱིས་འཚམས་འདྲི་ཞིག་བགྱིད་ན་ཡག་ས་རེད”ཟེར། ངས་ནི་དང་ཐོག་གཟའ་ཉི་མའི་དགོང་མོ་དང་། གཟའ་ཟླ་བའི་ཉིན་མོར་འབྲེལ་གཏུགས་བྱས་པ་ཡིན་མོད། འོན་ཀྱང་དེ་དུས་གྲགས་འགུལ་མེད་སོང་ལ། ཕྱིས་སུ་སློབ་གྲོགས་ལ་ལའི་བསམ་ཚུལ་དེར་འཛེམས་པ་དང་། མ་རེ་ཡ་ལ་འགྲོ་འོང་ཡོད་པས། ཁོ་མོའི་ཕྱོགས་སུ་སེམས་གཏད་མེད་པ་ཡིན།

  ཡང་ཨེ་རེ་ནའི་འདུག་རོགས་ཀྱིས་བཤད་ན། “ང་དང་ཨེ་རེ་ན་གཉིས་མཉམ་དུ་ཡོད་པའི་པར་ཞིག་ཁོ་མོས་འདི་གའི་སྤྱི་ཚོགས་དྲ་གནས་ཧྥི་ཀན་ཏ་ཁི་ཐིའི་གྲོགས་ཚོམས་སུ་བཀོད་འདུག་ཅིང་། དེ་རིང་གི་སེམས་ཁམས་ཡག་པོ་ཞེས་པར་གྱི་སྟེང་ལ་བྲིས་ཡོད་རེད” དེར་མཐུད་ནས། “བ་ཉ་དང་ཨེ་རེ་ནའི་བར་དུ། དང་ཐོག་སྤྱིར་བཏང་གི་གྲོགས་པོའི་འབྲེལ་བ་ཙམ་བྱུང་བ་དང་། རྗེས་སུ་བ་ཉས་བློ་ལ་མོ་རང་བབས་ཏེ། སྤྱིར་བཏང་གི་འབྲེལ་བ་ལས་ཐོད་བརྒལ་བྱ་བསམས་པ་རེད། ཡིན་ཙང་མོ་རང་གིས་བ་ཉ་ལ་འབྲེལ་བ་རང་ག་བ་ཞིག་ལས་རེ་བ་ཆེན་པོ་བྱས་མེད་ཚུལ། ལྷག་ཏུ་བ་ཉས་ཁྱོད་ལ་མ་རེ་ཡ་ངོ་སྤྲོད་བྱས་པ་དེར་མོ་རང་སྔར་ནས་འཐད་མེད་པ་རེད་དེ། ཁོ་མོར་མཚོན་ན། སྔོན་ནས་མ་རེ་ཡའི་ཐད་མྱོང་རྒྱུས་ཟབ་པའི་སྟེང་། བ་ཉ་ལ་ཡང་དམིགས་ཡུལ་ངེས་ཅན་ཞིག་ཡོད་པ་རྟོགས་ཡོད་ཚུལ་ང་ལ་ལབ་སོང”ཟེར།

  ང་རང་གི་སེམས་པ་མ་རེ་ཡའི་ཕྱོགས་སུ་ཤོར་དྲགས་པའི་རྐྱེན་མིན་འགྲོ། དྲ་གྲོགས་དག་གིས་ང་རང་སྒེར་ལ་བསྐུར་བའི་ནང་དོན་ལས། རྒྱབ་ལྗོངས་སུ་སྤེལ་བ་ཁག་ལ་དོ་སྣང་མ་བྱས། པར་དེ་ནི་གཅིག་བྱས་ན། ང་རང་ཚོ་ལྷན་དུ་ཡོད་དུས། ཁོ་མོའི་རེ་བ་བཞིན་བླངས་པའི་མཉམ་པར་དེ་ཡིན་ངེས།

  རེད་ཡ། མ་གཞིར་སློབ་གྲོགས་ཚོར་ལྟ་ཚུལ་དེ་འདྲ་བྱུང་བར་ཁག་མི་འདུག ངེད་གཉིས་ཀྱི་བར་ན་སྔོན་ནས་འགྲོ་འོང་སྤྱིར་བཏང་བ་ཞིག་ཡོད་པའི་ཁར། ཁོ་མོས་གྲོགས་ཚོམས་སུ་སྤེལ་བའི་པར་དེས། ཁོ་པ་ཚོའི་སེམས་ནང་ལ་གོ་བ་གཞན་ཞིག་སྤྲད་ཡོད་ས་རེད།

  རེ་ཞིག འདུག་རོགས་དང་ངེད་གཉིས་ཀྱིས་ཁ་བརྡ་བཤད་ཀྱིན་བཤད་ཀྱིན་ཕོ་མོའི་བར་གྱི་འབྲེལ་བའི་སྐོར་གླེང་བསླངས་པ་ལས། སོ་སོས་འབྲེལ་བ་བྱས་ཟིན་པའམ། ཡང་ན་བྱེད་ཀྱིན་པའི་ཐད་ནས། ངས་ཁོ་རང་ལ་མ་རེ་ཡའི་པར་ཞིག་བསྟན་པ་ན། ཁོས་མ་རེ་ཡ་ངོ་ཤེས་པ་མ་ཟད། “མ་རེ་ཡ་ལ་དགའ་རོགས་དངོས་གནས་ཤིག་ཡོད་པ་དང་། དེ་ནི་བཟོ་ལས་སློབ་ཆེན་གྱི་སློབ་མ་ཞིག་ཡིན་པ། ད་དུང་ཁོ་མོར་དགའ་རོགས་ཀྱི་ཕག་ཏུ་འགྲོགས་ཡ་གཞན་པ་ཡང་འགའ་རེ་ཡོད། ཁྱོད་ལ་ཡང་གཏམ་སྙན་མོ་བཤད་ཀི་རེད”ཟེར་བཞིན། ངའི་ངོ་ལ་ལྟ་ཞོར་དགོད་ཁ་ཤོར་སོང་།

  འདི་ལྟར། མ་རེ་ཡ་ལ་མངན་བགྲང་བའི་སྐད་ཆ་རེ་རེས་ངའི་སྔར་གྱི་མོ་ལ་དགའ་བའི་སེམས་ཀྱི་རླབས་རྒྱུན་དེ་ཡོངས་སུ་འཇགས་པར་གྱུར།

  གཟའ་སྤེན་པའི་དགོང་དྲོར། ང་རང་སློབ་གྲོགས་འགའ་དང་ལྷན་དུ་ཁོ་ཧྥེ་འཐུང་སར་ཕྱིན་དུས། བ་ཉ་དང་མ་རེ་ཡ་གཉིས་དེ་གར་འདུག་ལ། ཧ་ལམ་དཀྱིལ་ཤར་གྱི་སི་ཐན་རྒྱལ་ཁབ་ཅིག་ནས་ཡིན་པ་དང་འདྲ་བའི་ཕོ་གསར་ཞིག་ཁོ་མོ་གཉིས་དང་ལྷན་དུ་འདུག ཁོ་ཚོ་ཁ་བརྡའི་ཀློང་དུ་དབྱིངས་ཞུགས་ཡོད་པ་གང་ཡིན། ང་ཉིད་ཚོར་ཡོད་མེད་ཀྱང་གསལ་བོ་མ་ཤེས།

  ད་ནི་ཨེ་རེ་ནའི་འདུག་རོགས་ཀྱིས་བཤད་པ་ནང་བཞིན། ཁོ་མོར་འཚམས་འདྲི་ཞིག་ཅིས་ཀྱང་བྱ་དགོས་བསམ་སྟེ། སྤྱི་ཚོགས་དྲ་གནས་ཀྱི་སྒོ་འབྱེད་དུས། ཁོ་མོས། “ང་རང་བ་ཉ་ལ་དགའ་བོ་ཁྱོན་ནས་མེད། ཁོ་ནི་ངའི་སྤྱིར་བཏང་གི་གྲོགས་པོ་ཙམ་ལས་ཅི་ཡང་མིན། ཕྱི་དྲོ་དེར་ང་ཚོ་རང་རང་སར་གྱེས་དུས། ངས་ཁོ་ལ་བཤད་ཡག་བྱས་ཟིན། དེ་རྗེས་ཡུལ་ལ་སླེབས་དུས་ན། ང་ལ་ཚོར་བ་བདེ་བོ་མི་འདུག་པས། ཅུང་ཟད་སྔ་སེ་ཉལ་པ་ཡིན་མོད། འོན་ཀྱང་ནམ་གུང་དུ་ཚ་བ་རྒྱས་ནས་གཉིད་བདེ་བོ་བྱུང་མ་སོང་། རིམ་གྱིས་སྨན་པར་བསྟེན་པ་ཡིན། ཁྱོད་ཀྱིས་སེམས་ཁྲལ་བྱ་མི་དགོས། ད་ནི་ངའི་ཡོད་ཚད་བདེ་ལེགས་ཡིན་ཞིང་། གཟའ་མཇུག་འདིར་ངལ་ལེགས་པོ་གསོས་རྗེས། གཟའ་ཟླ་བར་སློབ་ཁྲིད་ལ་ཡོང་ཀི་ཡིན”ཞེས་བསྐུར་འདུག

                                              2018.12.9-12

རྩོམ་སྒྲིག་པ། དབང་མོ།

                 (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)    

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གཟའ་འཁོར་གཅིག་གི་ཆོ་འཕྲུལ།

2018-12-17 ཟླ་ཚང་ཨོ་རྒྱན་ཚེ་རིང་། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།