ཁྲི་སེམས་དཔའི་བརྩམས་སྒྲུང་གསར་པ། 《ལོ་ལོ་མ་ངུ་གཉིད་ལ་སྡོད》
1
བདེ་སྐྱིད་སྡེ་གསར་གྱི་འདབས་རོལ་ཏུ་སླེབས་དུས། སེར་ལམ་ལམ་གྱི་ཉི་མ་ཏག་ཏག་ངའི་སྤྱི་གཙུག་གི་དྲང་ཐད་དུ་གློག་བཞིན་བཀར་འདུག དེ་ནི་ངས་མཁའ་དབྱིངས་སུ་ཐང་དཀར་རྒོད་པོ་ཞིག་ལྡིང་སྐོར་རྒྱག་པ་མཐོང་དུས་མཉམ་བཞག་པ་ཡིན།
བདེ་སྐྱིད་སྡེ་གསར་གྱི་འདབས་རོལ་ཏུ་ས་ངོས་སྙོམས་པོ་ཁོད་ཅུང་ཟད་ཡངས་པོ་ཞིག་ཡོད་ལ། གསར་བུ་མགོ་འབལ་ལེ་བ་སྐོར་ཞིག་ས་ངོས་སྙོམས་པོ་དེར་གྲུག་སྟེགས་ཀྱི་མཐའ་རུ་རུབ་སྟེ་ཁྱོད་བཙན་ང་ངར་གྱི་རྒྱལ་ཕམ་རྩོད་ཅིང་མཆིས། གྲུག་སྟེགས་དང་ཁད་མི་རིང་སར“ཞ་ལིས”རྟགས་ཅན་གྱི་རླངས་འཁོར་སྐྱ་ལོག་ཅིག་གཡག་རྒན་ཙད་ཉལ་སྟེག་པ་བཞིན་ཉི་འོད་དང་གྲིབ་མའི་མཚམས་སུ་སྒོང་ལོག་གེར་བཞག་འདུག་ཅིང་། དེའི་ལོགས་སུ་ད་དུང་འཕྲུལ་རྟ་དམར་ཁྲ་ཞིག་དང་སྔོན་པོ་ཞིག་བེའུ་རྡང་ལ་བཏགས་པ་བཞིན་གཤིབས་ནས་འགྲེང་འདུག
“བཀའ་འགྱུར། ད་ཐེངས་ངས་ཁྱོད་ཕམ་པར་རྒྱག་ཁོ་ཐག་ཡིན།”
གསར་བུ་སྐྲ་ལོ་རིང་བོ་ཕྲག་མཚམས་སུ་སླེབས་པ་ཞིག་གིས་ཧ་ཅང་ཁེངས་ཉམས་དང་བཅས་དེ་སྐད་ཟེར་བཞིན་གྲུག་དབྱུག་གིས་སྟེགས་གྲུག་ནག་ཁྲ་ཞིག་གྲུ་ཟུར་གྱི་ཁུང་བུའི་ནང་དུ་ཁྲོག་གེར་བརྫངས་རྗེས་སྐྲ་ལོ་ཡང་ཡང་ལྟག་རྒྱབ་ཏུ་ཤད་ཀྱིན་འདུག
གསར་བུ་མགོ་ལ་སེང་རས་ཀྱིས་བཏུམས་ཤིང་མིག་ཀོང་སྔོན་པོར་གྱུར་པ་ཞིག་གིས“སུས་སུ་ཕམ་པར་གཏང་རྒྱུ་ད་རུང་བཤད་དཀའ། དགའ་རྒྱུ་མ་སྔ”ཟེར་བཞིན་སྟེགས་གྲུག་དཀར་པོར་ཚད་ནས་ཕ་རོལ་གྱི་སྟེགས་གྲུག་དམར་སྨུག་ཅིག་ལ་གཡས་ལྟ་གཡོན་ལྟ་བྱེད།
གྲུག་སྟེགས་ཀྱི་མཐའ་རུ་ད་དུང་ལག་ཏུ་ལྦུ་ཆང་གི་དམ་བེ་ཐོགས་པའི་གསར་བུ་འགའ་ཡིས་ཁ་མི་གྲག་པར་རང་ས་རུ་བྲེལ་སྣང་གིས་བལྟས་འདུག
གསར་བུ་སྐྲ་ལོ་རིང་བོ་ཕྲག་མཚམས་སུ་སླེབས་པ་དེས་ཡང་བསྐྱར་གྲུག་དབྱུག་ཐོགས་ཏེ་ཁ་ཐོར་དུ་ཡོད་པའི་སྟེགས་གྲུག་དག་ལ་ཡུད་ཙམ་བལྟས་རྗེས། གྲུག་སྟེགས་ཀྱི་ཕ་རོལ་ཏུ་ཕྱིན་ནས་སྟེགས་གྲུག་དཀར་པོ་ཞིག་ལ་རྒྱག་ལ་ཁད་ཅིག་བྱས་རྗེས། ཅི་ཞིག་མ་འགྲིག་པ་བཞིན་ཕྱིར་སྔོན་གྱི་ཁ་མལ་དུ་ཡོང་ནས་གྲུག་དབྱུག་གིས་སྟེགས་གྲུག་དཀར་པོའི་སྟེང་ཁྲོག་གེར་བརྒྱབ་པ་ན། སྟེགས་གྲུག་སྔོན་པོ་ཞིག་གྲུག་སྟེགས་ལས་ཡེར་ཏེ་ཐང་ལ་ལྷུང་སོང་།
གསར་བུ་མགོ་ལ་སེང་རས་ཀྱིས་བཏུམས་པ་དེས་ཁོང་དགོད་ཅིག་བྱས་ཤིང་། དེ་ནས་ལག་གི་ཐ་མག་འཐེན་འཕྲོ་དེ་མཐེབ་ཆེན་དང་དཀྱིལ་མཛུབ་གཉིས་ཀྱི་བར་ལ་བཙིར་ནས་ཤུགས་ཀྱིས་འཕངས་པ་ན། བར་སྣང་ནས་འཇའ་གཟུགས་ཀྱི་རིས་དང་བཅས་ཐང་ལ་ཟགས། ཁོས་གྲུག་དབྱུག་ཐོགས་ཏེ་གྲུག་སྟེགས་ཀྱི་མཐའ་རུ་སྒུར་ཙམ་བྱས་རྗེས་ཁྲོག་གེར་བཏང་བར། སྟེགས་གྲུག་སྔོ་ཁྲ་ཞིག་གྲུག་སྟེགས་ཀྱི་དཀྱིལ་ཟུར་དུ་གཅུ་སྐོར་འགའ་བརྒྱབ་འཕྲལ་ཁུང་བུའི་ནང་ཤགས་སེར་འཛུལ་སོང་།
“དཀོན་མཆོག་གསུམ། ད་ཐེངས་བརྒྱབ་པ་ཅི་འདྲ་རེད།”
ཁོའི་གདོང་ལ་འཛུམ་ཞིག་བཏོད་ཅིང་ལག་པ་ཡར་བཀྱགས་ཏེ་འགྲམ་གྱི་གསར་བུ་རྣ་ཡས་སུ་རྣ་ལུང་སེར་ལམ་ལམ་ཞིག་བཏགས་པ་དེའི་ལག་མཐིལ་དུ་ཐག་གེར་བརྡབས།
གྲུག་སྟེགས་ཀྱི་མཐའ་རུ་རུབ་པའི་མི་རྣམས་ཀྱིས་མུ་མཐུད་དུ་ཁོ་གཉིས་ཀྱི་འགྲན་སྡུར་ལ་ཅེར་འདུག ད་ནི་གྲུག་སྟེགས་ཀྱི་སྟེང་དུ་སྟེགས་གྲུག་མང་བོ་ཞིག་ལྷག་མེད་པས། སྣང་བ་ཞིག་ལ་མཁའ་དབུགས་ཁྲོད་དུ་བྲེད་ཤ་ཞིག་འཚང་ཡོང་། བལྟས་ཚོད་ཀྱིས་སྟེགས་གྲུག་རྒྱག་མཁན་གཉིས་ལས་ཀྱང་ལྟད་མོར་ལྟ་མཁན་རྣམས་བྲེལ་ཚུབ་ལང་བཞིན་པ་འདྲ། ཁོ་ཚོའི་གདོང་དུ་འཚུབ་ཆའམ་རེ་སྒུག་ཅིག་གིས་ཀུན་ནས་ཁེངས།
གསར་བུ་སྐྲ་ལོ་རིང་བོ་ཕྲག་མཚམས་སུ་སླེབས་པ་དེས་ཐ་མག་རྐང་གཅིག་ཁ་ལ་བཙུགས་རྗེས་བྲང་ཁུག་སློག་བཞིན་མཆི། སྐབས་དེར་གསར་བུ་གཟུགས་ཐུང་ཞིག་ཡོད་པ་དེས་ལག་པ་ཁོའི་མདུན་དུ་བསྲིངས་ནས་མེ་ཆ་བསྒྲོན་བྱུང་བས། ཁོས་མགོ་བོ་བསྒུར་ནས་མཛུབ་བར་གྱི་ཐ་མག་དེ་ལྷབ་ལྷུབ་ཏུ་གཡོ་བའི་མེ་ཁར་བཞག་ནས་ཤུགས་ཀྱིས་བརྔུབས་ཤིང་། དེ་ནས་ལག་པ་ཡ་གཅིག་གིས་སྐྲ་ལོ་རིང་བོ་ཕྱི་ལ་ཐེངས་འགར་ཤད་བྱུང་།
“ཨ་ཕའི་རོ། ད་ཐེངས་ཁྱོད་ལ་ཡོད་མི་སྲིད།”
“ལྟོས་སྡོད་དང་། ངས་ཁྱོད་ཀྱི་མིག་རྒྱ་ཞིག་བསྐྱེད།”
གསར་བུ་མགོ་ལ་སེང་རས་དཀར་པོས་བཏུམས་པ་དེས་གྲུག་སྟེགས་ཀྱི་ཟུར་ནས་ལངས་ཏེ་སྟེགས་གྲུག་རྣམས་ལ་གཡས་ལྟ་གཡོན་ལྟ་ལན་མང་བྱས་རྗེས། གྲུག་དབྱུག་ཐོགས་ཏེ་ཁྲོག་གེར་བརྒྱབ་པ་ན། སྟེགས་གྲུག་དཀར་པོ་དེ་སྟེགས་གྲུག་སེར་ཁྲ་ཞིག་གི་མགོ་ནས་ཕར་མཆོངས་ཏེ་སྟེགས་གྲུག་དམར་པོ་ཞིག་ཁུང་བུའི་ནང་དུ་བརྫངས་སོང་བས། ཁོ་ནི་ཡིད་འགུལ་ཐེབས་ཏེ་ཁུ་ཚུར་མཁའ་ལ་ཕྱར་ཞིང་ཁ་ནས“ཡེ— བཀའ་བསྟན་འགྱུར”ཟེར་བ་ན། མཐའ་སྐོར་གྱི་མི་རྣམས་ཀྱང་ཁ་གདངས་ཤིང་མིག་ཅེར་ནས་ཁོ་ལ་ཧད་འདུག
“ཨ་ལ་ལ། ད་ཐེངས་ད་བརྒྱབ་ཐལ་ཡ།”
གསར་བུ་ཞིག་གིས་དེ་ལྟར་ཟེར་བཞིན་གདོང་དུ་ཚད་ལས་བརྒལ་པའི་རྣམ་འགྱུར་ཞིག་མངོན།
“དེ་རིང་ཁྱོད་ཀྱི་ཁོག་ལ་ལྷ་ཞུགས་འདུག”
གསར་བུ་རྣ་ཡས་སུ་རྣ་ལུང་སེར་ལམ་ལམ་ཞིག་བཏགས་པ་དེས་མགོ་ལ་སེང་རས་ཀྱིས་བཏུམས་པ་དེར་དེ་སྐད་ཟེར།
གསར་བུ་སྐྲ་ལོ་རིང་བོ་ཕྲག་མཚམས་སུ་སླེབས་པ་དེས“ཨ་ཕའི་རོ། དེ་རིང་ངའི་ཁ་ལས་རླིག་ཞབས་སུ་ལྷུང་འདུག”ཟེར་བ་ན། ཚང་མས་ཧབ་ཆ་དར་དིར་དུ་བསྒྲགས་བྱུང་།
ཡང་གསར་བུ་ཞིག་གིས་གདོང་ལ་འཛུམ་ཞིག་ལངས་ནས“མདང་ནུབ་ཁྱོད་ཀྱིས་ལག་པ་གཙང་མ་མ་བྱས་པ་མིན་ནམ”ཟེར་བར། གསར་བུ་རྣ་ཡས་སུ་རྣ་ལུང་སེར་ལམ་ལམ་བཏགས་པ་དེས“མྱི་ལྡང་འདིར་ཡུམ་ཁྲིགས་ཁྲིགས་མེད་པ་འདྲ”ཟེར།
“ཧ་ཧ་ཧ།”
“ཧ་ཧ། ཧ་ཧ།”
ཁོ་ཚོ་ཡིད་ཚིམས་པ་ཞིག་བགད་བྱུང་།
དེའི་དུས་གསར་བུ་སྐྲ་ལོ་རིང་བོ་ཕྲག་མཚམས་སུ་སླེབས་པ་དེས་ཨམ་ཕྲག་ལས་ཤོག་སྒོར་བརྒྱ་ཤོག་གསུམ་ཕྱུང་སྟེ་གྲུག་སྟེགས་ཀྱི་དཀྱིལ་དུ་འཕངས་རྗེས“ཡ། ཤོག ད་ཐེངས་ཕམ་སོང་ཚེ་ང་ཤི་སོང་བ་ཡིན”ཟེར་ཞོར་རྒྱབ་ཀྱི་ཐོག་ལྭ་ནག་ཁྲ་དེ་ཕུད་ནས་གསར་བུ་གཟུགས་ཐུང་དེའི་ལག་ཏུ་བཞག
……
འདི་ནི་ང་ཐེངས་དང་པོར་བདེ་སྐྱིད་སྡེ་གསར་དུ་སླེབས་དུས་མཐོང་བའི་རྣམ་པ་ཡིན།
བདེ་སྐྱིད་སྡེ་གསར་ནི་རྨ་ཡུལ་མཐོན་པོ་རྩྭ་ཐང་ནས་གྲོང་རྡལ་འདིའི་མཐའ་རུ་གནས་སྤར་ཡོང་བའི་སྤོ་དམངས་ཀྱི་སྡེ་བ་ཞིག་རེད། སྡེ་གསར་དེ་ཡུལ་འདིར་གནས་སྤར་ཡོང་ནས་ལོ་ལྔ་ཙམ་ལས་འགོར་མེད། དེ་ནི་སྡེ་འདབས་སུ་བསླངས་པའི་ལྕགས་ལེབ་སྔོན་པོ་རྒྱ་སྒོ་འདྲ་བ་ཞིག་ཡོད་པ་དེའི་ངོས་སུ་གསལ་བོར་བཀོད་འདུག ལྕགས་ལེབ་དེའི་ངོས་སུ“བདེ་སྐྱིད་སྡེ་བ་ནི་རྨ་ཡུལ་བོད་རིགས་རང་སྐྱོང་ཁུལ་རྨ་ཆུ་ཡུལ་ཚོའི་མཐོན་པོ་རྩྭ་ཐང་ནས་གནས་འདིར་སྤར་པའི་སྤོ་དམངས་ཀྱི་སྡེ་གསར་ཞིག་ཡིན་ལ། 2010ལོར་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱ་ཆེད། བདེ་སྐྱིད་སྡེ་གསར་གྱི་འབྲོག་དམངས་རྣམས་མི་རབས་ནས་མི་རབས་བར་འཚོ་སྡོད་བྱས་མྱོང་བའི་མཐོན་པོ་རྩྭ་ཐང་དང་ཁ་བྲལ་ཏེ་སྤྱི་ལེ300ལྷག་ཡོད་པའི་རྨ་གཞུང་གྲོང་རྡལ་དུ་སྤར་པ་རེད། ད་ལྟ་བདེ་སྐྱིད་སྡེ་གསར་དུ་དུད་ཁྱིམ264འདུག་ལ། གཞིས་སྡོད་ཆ་རྐྱེན་ཐད་འགྱུར་ལྡོག་ཆེན་པོ་བྱུང་ཡོད……”ཅེས་བྲིས་འདུག
ཕར་བལྟས་ཚེ་འབྲོག་པ་ཚོའི་གཏན་སྡོད་ཁང་བ་ནི་ཤོག་སྒམ་གྲུ་བཞི་ཆེ་ཆུང་མེད་པ་མང་བོ་སྟར་ཕྲེང་དུ་བསྒྲིགས་པ་བཞིན་གྲལ་འགྲིག་ཅིང་དཔུང་མ་ལྷོད་པར་འཕྲོ་རིམ་འཕྲོར་ཆགས་ཡོད་པས། བདག་གི་སེམས་སུ་རྩྭ་ཐང་ནི་འདི་འདྲའི་ཡངས་ཤིང་རྒྱ་ཆེ་བ་ལ། ཁང་བ་དེ་དག་དེ་འདྲ་བཙིར་ནས་ཅི་བྱེད་ཨང་སྙམ་བྱུང་།
ངས་དེ་ལྟར་བསམ་ནས་སྡོད་དུས་སྣ་ལམ་དུ་ཚིག་དྲི་ཞེ་མེར་བ་ཞིག་འཐུལ་ཡོང་། ངས་དྲི་མ་དེའི་ཁུངས་བཙལ་པ་ན། དེ་ནི་མ་གཞི་སྡེ་འདབས་སུ་གད་སྙིགས་འཕོ་སའི་ལྕགས་སྒམ་ཆེན་པོ་ཞིག་ཡོད་པ་དེ་ལས་ལྡང་འོངས་པ་རེད། ལྕགས་སྒམ་ཆེན་པོ་དེ་ནི་སུ་ཞིག་གིས་གནས་དེར་དོར་བ་བཞིན་ཚང་ཚིང་དུ་སྐྱེས་པའི་རྩྭ་ལྡུམ་གྱི་གསེང་དུ་ཁ་ཁུ་སིམ་མེར་ཡོད་ལ། ཕར་བལྟས་དུས་ལྕགས་སྒམ་ཆེན་པོ་དེའི་ནང་ངོས་མི་ཟིན་པའི་གད་སྙིགས་སྣ་ཚོགས་ཁ་མཐོར་སྤུངས་ཤིང་ཕྱི་ལ་ལུད་དེ་གང་སར་ཁྱབ་འདུག སྙིགས་སྒམ་གྱི་འགྲམ་ངོས་སུ་ད་དུང་མ་མོ་ཞིག་འགྱིག་ཐག་ནག་ཁྲ་ཞིག་གིས་བཏགས་ཡོད་ཅིང་། མ་མོའི་འཁྲིས་སུ་ལུ་གུ་ཞིག་ཀྱང་ཀྲོང་ངེར་ལངས་འདུག མ་མོ་མ་བུ་གཉིས་ཀྱིས་ང་མཐོང་བས་ངས་ཁོ་གཉིས་ལ་ལྟ་བ་བཞིན་དུ་དེ་གཉིས་ཀྱིས་ཀྱང་མགོ་བོ་བཀྱགས་ནས་ང་ལ་ལྟ་ཞིང་། ཁ་ནས་འབའ་སྒྲ་གཉོམ་པོ་ལན་འགའ་བསྒྲགས་འོངས། དེའི་ཟུར་གང་ཞིག་ཏུ་དུ་བ་གསལ་ལ་མི་གསལ་བ་ཞིག་ལྡང་བཞིན་ཡོད་མོད། ཉི་འོད་རབ་ཏུ་འཚེར་བས་ཞིབ་ལྟ་མ་བྱས་ན་དུ་བ་ཡིན་མིན་ཡང་དབྱེ་འབྱེད་བྱེད་དཀའ། དུ་བ་གསལ་ལ་མི་གསལ་བ་དེ་ངའི་སྣ་ལམ་དུ་ཤུར་ཤུར་དུ་ལྡང་འོངས་པས། ང་ལ་ཞེ་མེར་བའི་ཚོར་བ་ཞིག་དབང་མེད་དུ་བྱིན།
2
ང་ནི་རྨ་གཞུང་གྲོང་རྡལ་དུ་གཞུང་ཞབས་པར་རྒྱུགས་བླངས་ནས་ད་ལོ་སོ་མ་ཡོང་བ་ཡིན་ཞིང་། གྲོང་རྡལ་འདི་ནི་ང་ལ་མཚོན་ན་རྒྱུས་མེད་པར་མ་ཟད། ད་དུང་ཡུལ་འདིར་འགྲོ་རོགས་འདུག་རོགས་ཀྱི་གྲོགས་པོ་ཞིག་ཀྱང་མེད་པས། ཞོགས་པར་ཆུ་ཚོད་བཅུ་པའི་བར་དུ་ཉལ་རྗེས། སྲང་བར་གྱི་ཁ་ཆེའི་ཟ་ཁང་ཞིག་ཏུ་འཛུལ་ནས་ཐུག་པ་དཀར་ཡོལ་གང་འཐུངས་ཤིང་། ཕོ་བ་འགྲངས་པ་དེས་ལུས་ཀྱི་དབང་བོ་ཀུན་ལའང་གསོན་ཤུགས་སྔ་ན་མེད་པ་ཞིག་བསྩལ་བྱུང་། ཟ་ཁང་དུ་མི་མང་བོ་མེད་པས། ངས་ཐུག་པ་འཐུངས་ཚར་རྗེས་ཞབས་ཞུ་པར་ཇ་ལྡུག་ཏུ་བཅུག་ནས་ཕ་གིའི་རྩིག་ངོས་སུ་བཀལ་བའི་བརྙན་འཕྲིན་ལ་བལྟས་ཏེ་བསྡད།
ང་དེ་ལྟར་ཡུན་རིང་བོར་བསྡད་པར་ཟ་ཁང་གི་སྦྱིན་བདག་དེ་དགའ་ཡི་མེད་པ་འདྲ། ངས་མིག་ཟུར་གྱི་ལྟ་ཕྱོགས་ཤིག་གིས་སྦྱིན་བདག་དེས་ཞབས་ཞུ་མ་ཞིག་ལ་རྣམ་འགྱུར་ཞིག་བསྟན་པ་དང་། ཞབས་ཞུ་མ་དེ་ཐད་ཀར་ཡོང་ནས་ངའི་མདུན་གྱི་ཅོག་ཙེའི་སྟེང་གི་འཐུང་ཚར་མེད་པའི་ཇ་རྣམས་དཀར་ཡོལ་ནང་བླུགས་རྗེས་དཀར་ཡོལ་དང་ཇ་ཕོར་ཁྱེར་ནས་ཕྱིན་སོང་། ཞབས་ཞུ་མ་དེ་ནི་བལྟས་མ་ཐག་ཏུ་བོད་མོ་ཞིག་ཡིན་པ་ཤེས་སླ། མོའི་མཁུར་ཚོས་དམར་སྨུག་དེ་ནི་ཀུ་ཤུ་དམར་པོ་ཟུང་དང་འདྲ། མོས་དཀར་ཡོལ་ཁྱེར་ནས་འགྲོ་དུས་འཁྲིས་ཀྱི་རྐུབས་སྟེགས་སྟེང་བཞག་ཡོད་པའི་ངའི་ཁུག་མ་སྔོན་པོ་དེའི་ཐོག་ལ་ཇ་འཕྲོ་ཅུང་ཟད་ཟགས་པར་ལྕེ་ནར་ཞིག་བྱས་རྗེས་ཚབ་ཚུབ་ངང་བུད་སོང་། ངས་ཞབས་ཞུ་མ་དེ་ཕྱིར་བོས་ནས་སྐད་འགྲགས་ཤིག་བཀོལ་བསམ་མོད། སྦྱིན་བདག་གིས་སྔར་ནས་མཉམ་བཞག་ཡོད་པ་བཞིན་བརྒྱུགས་ཡོང་ནས“འཐེན་ཐུག་དཀར་ཡོལ་གང་འཐུང་བ་ལ་དུས་ཚོད་འདི་འདྲའི་རིང་བོ་ཞིག་དགོས་སམ”ཟེར་བཞིན་ལག་པས་ངའི་ཁུག་མ་སྔོན་པོ་དེའི་སྟེང་ཐོར་བའི་ཇ་འཕྲོ་འབྱིད་ཙམ་བྱས་རྗེས་སྔར་མལ་དུ་ལོག ངས་སྦྱིན་བདག་ལ་ཅི་ཞིག་བརྗོད་བསམ་དུས། ཁོ་ཕུག་གི་ཁང་མིག་ཅིག་ཏུ་འཛུལ་བས། ངས་བཤད་འདོད་པའི་སྐད་ཆ་ཁོག་ལ་མིད་དེ་སྒོར་བུད།
གྲོང་རྡལ་གྱི་སྲང་བར་ཀུན་ཏུ་རླངས་འཁོར་དང་འཕྲུལ་རྟའི་འུར་སྒྲས་ཁྱབ་འདུག་ལ། མི་རྣམས་སྲང་བར་ནས་ཧ་ཅང་སྒྱིད་ལུག་གིས་ཕར་འགྲོ་ཚུར་འོང་བྱེད། ང་ཟ་ཁང་དེའི་སྒོ་ཁར་ཡུད་ཙམ་ལ་ལངས་ནས་བསྡད་པ་ཡིན། རླངས་འཁོར་སྐྱ་ལོག་གཉིས་ལམ་གཞུང་དུ་བསྡད་ཅིང་ཁ་ལོ་པས་མགོ་བོ་དྲ་མ་ལས་ཕྱིར་བསྲིངས་ཏེ་ཅི་ཞིག་འཆད་ཀྱིན་འདུག རྣམ་པ་དེས་ཕྱོགས་གཉིས་ནས་ཡོང་བའི་རླངས་འཁོར་མང་བོ་ཞིག་བསྟུད་མར་ཁོ་གཉིས་ཀྱི་རྗེས་སུ་བཀག་བྱུང་། སྐབས་དེར་རླངས་འཁོར་མང་བོས་མ་གྲོས་གཅིག་མཐུན་ངང་དུང་སྒྲ་རྣ་ལ་གཟན་པ་རེ་བསྒྲགས་བྱུང་། ཤར་དུ་འགྲོ་བའི་རླངས་འཁོར་སྐྱ་ལོག་དེའི་ཁ་ལོ་པས་སྐད་ཆ་བཤད་མཚམས་བཞག་ཅིང་མགོ་བོ་རྒྱབ་རོལ་ཏུ་ཕྱོགས་ཏེ“ཕ་རོ་བཟའ་རྒྱུ་བོ། གཤིན་རྗེ་ཆོས་རྒྱལ་གྱིས་བདའ་ནས་འོང་གིན་འདུག་གམ”ཟེར་ཞོར་ལག་པས་སྐྲ་ལོ་རིང་བོ་ལྟག་གར་ཤད་ཙམ་བྱེད། ཁོས་དེ་ལྟར་འཆད་དུས་རྒྱང་རིང་ནས་འགྲིམ་འགྲུལ་ཉེན་རྟོག་པ་ཞིག་གིས་འཕྲུལ་རྟ་བསྐོར་ཞིང་ཉེན་བརྡ་སྒྲོག་ཞོར་ཤོར་ནས་ཡོང་བཞིན་འདུག་ལ། རླངས་འཁོར་མང་བོས་ཀྱང་ཡང་བསྐྱར་དུང་སྒྲ་འཕྲོ་རིམ་འཕྲོར་རང་ས་ནས་འགྲན་སྡུར་བྱེད་པ་བཞིན་བསྒྲགས་འོངས་པས། རླངས་འཁོར་སྐྱ་ལོག་གཉིས་ཀྱི་ཁ་ལོ་པས་ཕན་ཚུན་ལག་བརྡ་ཞིག་བཏང་རྗེས་འཐད་ལ་མི་འཐད་པའི་ངང་རང་རང་སར་ཆས་སོང་། ང་མུ་མཐུད་དུ་དེ་གར་བསྡད་པ་ན། ཟ་ཁང་གི་གཡས་ལོགས་སུ་ཡིད་རྟོན་དངུལ་ཁང་ཞིག་འདུག་སྟེ། འབྲོག་པ་མང་བོ་དངུལ་ལེན་འཕྲུལ་ཆས་ཀྱི་གམ་དུ་འཚུབ་ལང་ལོང་བྱེད་ཅིང་། གསར་བུ་གཉིས་དེའི་མདུན་ཐད་ཀྱི་རྡོ་སྐས་སྟེང་ཙོག་སྟེ་ལྦུ་ཆང་རྔམ་འཐུང་བྱེད་ཀྱིན་གདའ། ཁོ་གཉིས་ཀྱིས་ལྦུ་ཆང་འཐུང་ཞོར་དུ་ཁ་གསབ་གྲོན་དངུལ་གྱི་སྐོར་ལབ་གླེང་བྱེད་བཞིན་འདུག དེ་གཉིས་ཀས་ལྦུ་ཆང་ཁམ་འགའ་འཐུངས་རྗེས་རེས་མོས་སུ་དངུལ་ལེན་འཕྲུལ་ཆས་ཡོད་སར་ཕྱིན་ནས་དངུལ་བྱང་སྟེང་སྒོར་མོ་འབྱོར་ཡོད་མེད་ལ་ལྟ་བར་བྱེད། སྐྲ་ལོ་གཡག་རྔ་ཙམ་ཞིག་རྒྱབ་ཏུ་བསྡམས་ཡོད་པའི་གསར་བུ་དེས“ཨ་ཕའི་རོ། ད་དུང་འབྱོར་མི་འདུག”ཟེར་བཞིན་ལྦུ་ཆང་ཁམ་གང་འཐུངས་སོང་། ངས་ཞིབ་མོར་བལྟས་ཙ་ན། སྐྲ་ལོ་གཡག་རྔ་ཙམ་ཞིག་རྒྱབ་ཏུ་བསྡམས་འདུག་པ་དེའི་གདོང་དུ་མངལ་རྟགས་དམར་ཤ་འདྲེས་པ་གོར་གོར་ཞིག་ཡོད་ལ། མངལ་རྟགས་སྟེང་དུ་སྤུ་ཉག་འགའ་ཡང་སྐྱེས་འདུག
ཁོ་གཉིས་ཀྱིས་ལྦུ་ཆང་འཐུང་ཞོར་ཁ་བརྡ་བྱེད་ཀྱིན་ཡོད།
“……”
“དེ་སུས་ཀྱང་ཤེས་པས་གླེང་རིན་ཅི་ཡོད་དམ།”
སྐྲ་ལོ་གཡག་རྔ་ཙམ་ཞིག་རྒྱབ་ཏུ་བསྡམས་འདུག་པ་དེས་དམ་བེ་མདུན་དུ་བསྲིངས་ནས་ཁ་གཏད་ཀྱི་གསར་བུ་དེའི་དམ་བེར་ཏིང་སེར་གཏུགས་རྗེས“ངས་དེར་ཉན་ན་འདོད”ཟེར་བཞིན་དམ་བེ་མགོར་ཡོ་སོང་བས། གཞན་དེས་ཀྱང་ལྦུ་ཆང་དམ་བེ་གང་བོ་མགོར་ཡོ་བྱུང་།
གསར་བུ་དེས་ཅི་ཞིག་ལ་འདང་རྒྱག་པ་བཞིན་མིག་གཉིས་གཡོ་བ་མེད་པར་ཧད་འདུག སྐྲ་ལོ་གཡག་རྔ་ཙམ་ཞིག་རྒྱབ་ཏུ་བསྡམས་ཡོད་པ་དེས་ལག་པ་གསར་བུ་གཞན་དེའི་མིག་ཁར་བསྲིངས་ནས་གཡུག་གཡུག་ཙམ་བྱེད།
“ཝེ། ཅི་ཞིག་ལ་འདང་རྒྱག་བཞིན་ཡོད་དམ།”
“འོ། ཨ་མ། …… འོ་སྡེ་དཔོན་དང་ཨ་ཅེ་མཚོ་མོ་གཉིས་ཀས…… སྡེ་དཔོན་དང་ཨ་ཅེ་མཚོ་མོ་གཉིས་ཀའི་དོན་དག་དེ་ཁྱོད་ཀྱིས་ཤེས་པ་དང་ངས་ཤེས་པ་གཉིས་གཅིག་འདྲ་ཡིན།”
གསར་བུ་དེས་དེ་ལྟར་སྨྲས་རྗེས་དམ་བེ་མགོར་ཡོ་ནས་ལྦུ་ཆང་འཐུངས་བྱུང་།
“ཨ་ཅེ་མཚོ་མོ་དེ་ཡག་མ་ཞིག་ཡོད་ཡ།”སྐྲ་ལོ་གཡག་རྔ་ཙམ་ཞིག་རྒྱབ་ཏུ་བསྡམས་འདུག་པ་དེས་མུ་མཐུད་དུ“ཨ་ཅེ་མཚོ་མོ་ནི་སྡེ་དཔོན་གཅིག་པུས་བདག་པོ་བརྒྱབ་ན་མི་ཆོག”ཟེར།
གསར་བུ་དེས་སྒྲེགས་པ་ཞིག་བྱས་རྗེས“ཨ་ཅེ་མཚོ་མོ་ནི་ངོ་མས་ཡག་མ་ཞིག་ཡོད་པ་ངས་ད་རག་བར་དུ་མཉམ་མ་བཞག”ཟེར།
“ངས་ནམ་ཡང་ང་ཨ་ཅེ་མཚོ་མོ་དང་མཉམ་དུ་ཐེངས་ཤིག་ཉལ་ན་བསམས་ཡོད།”
གསར་བུ་དེས“ཁྱོད་ཀྱིས་དེ་ལྟར་བཤད་ན་མོ་ངོ་མ་ཡག་མ་ཞིག་ཡོད་ཀི”ཟེར་བཞིན་གདོང་ལ་འཛུམ་མདངས་ཤིག་རྒྱས་བྱུང་།
ཁོ་གཉིས་ཀྱིས་མུ་མཐུད་དུ་ཨ་ཅེ་མཚོ་མོ་ཟེར་བའི་བུད་མེད་ཅིག་གླེང་བཞིན་འདུག
“……”
གསར་བུ་དེས“ཨ་ཅེ་མཚོ་མོར་སྔོན་ལ་ང་ཉལ་རྗེས་དེ་ནས་ཁྱོད་ཉོལ”ཞེས་བརྗོད་པ་ན། སྐྲ་ལོ་གཡག་རྔ་ཙམ་ཞིག་རྒྱབ་ཏུ་བསྡམས་འདུག་པ་དེས“དེ་ག་ལ་ཆོག ཨ་ཅེ་མཚོ་མོར་སྔོན་ལ་ང་ཉལ་རྗེས་དེ་ནས་ཁྱོད་ཉོལ”ཟེར།
“དེ་གཏན་ནས་མི་ཆོག ངེས་པར་སྔོན་ལ་ང་ཉལ་དགོས།”སྐྲ་ལོ་གཡག་རྔ་ཙམ་ཞིག་རྒྱབ་ཏུ་བསྡམས་ཡོད་པ་དེས“ང་དང་འཕྲོག་རེས་བྱེད་མཁན་འདུག་ན་ངས་དེའི་སྐེ་ལེན་རྒྱུ”ཟེར།
གསར་བུ་དེས“ང་མདང་ནུབ་ཨ་ཅེ་མཚོ་མོ་དང་མཉམ་དུ་ཉལ་བ་ཡིན”ཞེས་བཤད་བྱུང་།
སྐྲ་ལོ་གཡག་རྔ་ཙམ་ཞིག་རྒྱབ་ཏུ་བསྡམས་འདུག་པ་དེས“དཔེ་མི་སྲིད། ཁྱོད་ཀྱིས་རྫུན་བཤད་བཞིན་འདུག”ཟེར།
“ང་མདང་ནུབ་ཨ་ཅེ་མཚོ་མོ་དང་མཉམ་དུ་མ་ཉལ་ན་ང་མི་མིན།”
“ཁྱོད་ཀྱིས་མནའ་སྐྱོལ།”
“བཀའ་བསྟན་འགྱུར།”
“ཁྱི་སྐྱག” སྐྲ་ལོ་གཡག་རྔ་ཙམ་ཞིག་རྒྱབ་ཏུ་བསྡམས་འདུག་པ་དེའི་མངལ་རྟགས་སྟེང་གི་སྤུ་ཉག་རྣམས་ཀྱང་ཤིག་ཤིག་ཏུ་གཡོས་བྱུང་།
“རྐུན་ཕྲུག” གསར་བུ་དེས་ཀྱང་ཁོར་སྡིགས་བྱུང་།
སྐྲ་ལོ་གཡག་རྔ་ཙམ་ཞིག་རྒྱབ་ཏུ་བསྡམས་འདུག་པ་དེ་གློ་བུར་ཡར་ལངས་ནས་ཁོའི་སྐྲ་ལོར་འཐམས་རྗེས“ཁྱི་སྐྱག གནའ་ཤི་བོ། ཅི་ཟེར”ཞེས་གང་བྱུང་མང་བྱུང་དུ་སྡིགས་མོ་བྱས་འོངས།
དེའི་དུས་ཡིད་རྟོན་དངུལ་ཁང་གི་སྒོ་ཁར་གྲལ་བསྒྲིགས་པའི་མི་འགའ་བརྒྱུགས་ཡོང་ནས“ཝེ་ཝེ་ཝེ། རྒྱག་རེས་མ་བྱེད”ཅེས་ཁོ་གཉིས་ཀྱི་བར་བཤོལ་ཅི་ཐུབ་བྱས།
ངས་མུ་མཐུད་དུ་བལྟས་བསྡད་པ་ན། ཁོ་གཉིས་ཀྱིས་ཕན་ཚུན་ལ་རྫིག་རྫིག་རྔམ་རྔམ་ཅི་རིགས་བསྟན་ནས་ཅང་མ་འགོར་བར། སླར་ཡང་དོན་དག་ཅི་ཡང་མ་བྱུང་བ་བཞིན་ལྦུ་ཆང་འཐུང་འཕྲོ་དག་བཟུང་ནས་ལམ་འགྲམ་གྱི་སྡོང་བོ་དམའ་མོ་དེ་དག་གི་འོག་ཏུ་འཛུལ་བྱུང་། དེའི་དུས་སྡོང་གསེང་ནས་མར་འཕྲོས་པའི་ཉི་འོད་དག་ཁོ་གཉིས་ཀྱི་མདུན་དུ་ལྷུང་ཞིང་། རླུང་བུ་བསིལ་མོ་རེ་ལྡང་ཙ་ན། ཉི་ཐིག་གོར་མོ་རེ་རེ་ལྦུ་ཆང་གི་དམ་བེའི་སྟེང་འཕྲོས་ཏེེ་འོད་ལམ་ལམ་བྱེད། བར་སྐབས་ཤིག་ལ་ཉི་ཐིག་གོར་མོ་ཞིག་སྐྲ་ལོ་གཡག་རྔ་ཙམ་རྒྱབ་ཏུ་བསྡམས་འདུག་པ་དེའི་གདོང་གི་མངལ་རྟགས་སྟེང་འཕྲོས་ཏེ་འགུལ་མེད་དུ་བསྡད་བྱུང་བས། ཁོའི་གདོང་གི་མངལ་རྟགས་གོར་གོར་དེ་ལས་འོད་ཟ་ཟི་ཞིག་འཕྲོ་ཞིང་། སྤུ་ཉག་ཐར་ཐོར་དེ་ཚོ་ཡང་སེར་ལམ་ལམ་བྱེད།
ངས་དེ་ལྟར་ཁོ་གཉིས་ལ་བལྟས་སྡོད་དུས། མཚམས་ཤིག་ལ་འགྲམ་གྱི་ཚོང་ཁང་གི་སྒོ་ཁར་བསླངས་པའི་སྒྲ་སྒམ་ལས“གཉན་པོ་གཡུ་རྩེ། གཉན་པོ་གཡུ་རྩེ། ང་ཡི་བླ་རི……”ཞེས་ཤེར་བསྟན་གྱིォགཉན་པོ་གཡུ་རྩེサཞེས་པའི་རྡུང་ལེན་དེ་གྲག་བྱུང་ལ། དེའི་སྒྲ་ནི་ཆེ་དྲགས་པས་ཁོར་ཡུག་ཐམས་ཅད་འདར་ཙམ་བྱེད་ཅིང་། ང་ཡི་རྣ་ལམ་སྒྲ་ཡིས་ཁེངས་ཏེ“ཝང་ཝང་ཝང”བྱེད་པས། ང་ནི་མུ་མཐུད་དུ་གནས་དེར་སྡོད་པར་སུན་གཙེར་ནས་མི་བཟོད་པར་གྱུར།
ང་ལམ་གྱི་བཞི་མདོ་བརྒལ་ཅིང་གྲོང་མཐར་འཐེན་པའི་སྣུམ་ལམ་འབར་འབུར་མི་སྙོམས་པ་དེ་བརྒྱུད་ནས་དམིགས་མེད་དུ་ཕྱིན། ལམ་འགྲམ་ཀུན་ཏུ“སྤོ་དམངས་སྡེ་བ་གསར་དུ་བཙུགས་ནས། །བདེ་སྐྱིད་འཚོ་བ་ལོངས་སུ་སྤྱོད་དགོས”དང་། “མང་ཚོགས་ཕ་མ་བཞིན་དུ་བཀུར་དགོས། །སྤོ་དམངས་གཉེན་ཉེ་བཞིན་དུ་སྐྱོང་དགོས། །”“སྤོ་དམངས་ཀྱིས་རྒྱལ་ཁབ་ལ་བྱས་རྗེས་བསྐྲུན། །བདག་གིས་སྤོ་དམངས་ཀྱི་དཀའ་ཁག་སེལ”སོགས་སྦྱར་བྱང་མང་བོ་སྦྱར་འདུག ང་མུ་མཐུད་དུ་ཕྱིན་པ་ན། གཞུང་ལམ་གྱི་འགྲམ་ངོགས་སུ་རྡོ་སྣུམ་ས་ཚིགས་ཤིག་ཡོད་ཅིང་། རྡོ་སྣུམ་ས་ཚིགས་ཀྱི་མདུན་རོལ་ཏུ་རླངས་འཁོར་དང་འཕྲུལ་རྟ་མང་བོ་གྲལ་བསྟར་རིང་བོ་ཞིག་བསྒྲིགས་འདུག་པར་བལྟས་ན། རྡོ་སྣུམ་ནི་རིན་མེད་དུ་ལྡུག་བཞིན་པ་དང་མཚུངས། རླངས་འཁོར་དེ་དག་གིས་ང་མུ་མཐུད་དུ་མདུན་ལ་འགྲོ་བའི་ལམ་ཁ་བཅད་འདུག་པས། ངས་རླངས་འཁོར་དེ་དག་གི་གསེང་ནས་ཇི་ལྟར་འགྲོ་བར་བསམ་བློ་བཏང་བ་ཡིན། ཏག་ཏག་སྐབས་དེར་མི་ཞིག་གིས་ངའི་རྒྱབ་ལོགས་ནས་ཤེད་ཀྱིས་འཐེན་ཏེ་ང་ཐང་དུ་བསྒྱེལ་ལ་ཁད་ཅིག་བྱས་སོང་།
ཕྱིར་ལྟ་ཞིག་བྱེད་དུས་བྱིས་པ་ལོ་བཅུ་གཉིས་བཅུ་གསུམ་ཅན་འགའ་ཡིས་ངའི་ཁུག་མ་སྔོན་པོ་ཕྲོགས་ཏེ་འབྲོ་བཞིན་འདུག གློ་བུར་བའི་གནས་ཚུལ་དེས་ང་ཏབ་ཅིག་ལ་ཅི་ཡིན་འདི་ཡིན་མ་ཤེས་པར་ཧད་དེ་ལུས་སུ་བཅུག ཡུད་ཙམ་གྱིས་བྱིས་པ་དེས་ཕྲོགས་ཏེ་འབྲོ་བཞིན་པ་ནི་རང་གི་ཁུག་མ་ཡིན་པ་གསལ་བོར་ཤེས་པས། ངས་ཁ་ནས“རྐུན་མ། རྐུན་མ”ཞེས་སྒྲོག་བཞིན་བྱིས་པ་དེ་དག་གི་རྗེས་སུ་བརྒྱུགས་པ་ཡིན། བྱིས་པ་དེ་རྣམས་ནི་གློག་ཞགས་ཤིག་དང་མཚུངས་པར་མི་ཚོགས་དང་འཕྲུལ་རྟ་སོགས་ཀྱི་གསེང་ནས་ཕར་དཀྱོགས་ཚུར་དཀྱོགས་བྱས་ཏེ་བྲོས་སོང་། ངས་རྗེས་དེད་ནས་གྲོང་སྐོར་གཞུང་ལམ་གྱི་མཚམས་སུ་སླེབས་དུས། སྟོད་ཕྱོགས་ནས་རླངས་འཁོར་དམར་ལྡང་གཞུག་རིང་རྡོ་སོལ་ཁ་མཐོར་དྲུད་ཡོད་པ་ཞིག་ཤོར་ནས་འོང་བཞིན་འདུག དེའི་དུས་བྱིས་པ་དེ་དག་ཏག་ཏག་གཞུང་ལམ་གྱི་ཕ་རོལ་བརྒལ་བཞིན་ཡོད་པ་དང། རླངས་འཁོར་དམར་ལྡང་ལས་ཙིར་སྒྲ་འཚུབ་ཅིང་རིང་བ་ཞིག་གྲག་པ་དང་མཚུངས་སུ། རླངས་འཁོར་ཡང་གཞུང་ལམ་གྱི་མཐའ་རུ་ལྡིང་ལ་ཁད་ཅིག་བྱས་པས། ང་གློ་བུར་ཏན་སེར་ལུས་ཤིང་སྙིང་ཡང་ཅུང་མིན་ན་ཁ་ནས་ཡེར་སོང་། ང་དེ་གར་དེ་ལྟར་བླ་འཁྱམས་པ་བཞིན་ཀྲོང་ངེར་འགྲེང་ནས་བསྡད་པ་ན། ཁ་ལོ་པས་དྲ་མ་ལས་གཞུང་ལམ་གྱི་ཕར་ཕྱོགས་སུ་གཟས་ཏེ་སྐད་ཆེན་པོས་སྡིགས་མོ་བྱེད་ཀྱིན་འདུག ཁོས་སྡིགས་མོ་ཡིད་ཚིམས་པ་ཞིག་བྱས་རྗེས་རླངས་འཁོར་བསྐོར་ནས་ལམ་དུ་ཆས་སོང་། རླངས་འཁོར་སོང་ཤུལ་དུ་གཞུང་ལམ་གྱི་ཕ་རོལ་ཏུ་མི་མ་དགོས་གྲིབ་གཟུགས་ཤིག་ཀྱང་མི་འདུག
ང་གཞུང་ལམ་འགྲམ་གྱི་རྡོ་ཐེམ་དེའི་སྟེང་ཙོག་ནས་ཐ་མག་རྔུབ་བཞིན་བསྡད། ངའི་སྙིང་ནི་ད་དུང་བར་མཚམས་མེད་པར་དྲག་ཏུ་གཡོ་བཞིན་པ་འདྲ། ངས་བསྟུད་མར་དབུགས་རིང་ལན་འགའ་ཕྱུངས་རྗེས་རིམ་གྱིས་བདེ་ལ་འབབ་མགོ་བརྩམས།
ཟླ་དྲུག་པའི་རྩྭ་ཐང་གི་གྲོང་རྡལ་འདིའི་མཁའ་དབུགས་ནི་རབ་ཏུ་དྭངས་ཤིང་། ནམ་མཁའ་ནི་སྔོ་དྲགས་པ་ཧ་ལས་དགོས་པ་ཞིག་རེད། ང་ཡར་ལངས་ཏེ་ཚོད་ཚོད་མེད་པར་མདུན་དུ་ཕྱིན་པ་ན། ལམ་འགྲམ་དུ་བསླངས་པའི་ལམ་སྟོན་བྱང་བུའི་སྟེང“བདེ་སྐྱིད་སྡེ་གསར”ཞེས་པའི་ཡིག་འབྲུ་བཞི་བྲིས་འདུག་ཅིང་།
ཞབས་ཀྱི་མདའ་རྟགས་གཞུང་ལམ་གྱི་ཕར་ཕྱོགས་སུ་བསྐོར་འདུག གཞུང་ལམ་གྱི་ངོས་ནི་ཤིན་ཏུ་གཙང་ནའང་། ལམ་འགྲམ་གྱི་རྐ་ནང་དུ་སྟབས་བདེ་ཐུག་པའི་ཤུན་པ་དང་། སྐོམ་ཆུའི་དམ་བེ། ད་དུང་འགྱིག་ཁུག་སོགས་ཀྱིས་ཀུན་ནས་ཁེངས་ཤིང་། ཉི་འོད་ཀྱི་འོག་ཏུ་གད་སྙིགས་དེ་དག་ལས་ཀྱང་འོད་མདངས་ཤིག་བར་མེད་དུ་འཁྱུག་པར་བྱེད།
ངའི་ཁུག་མ་སྔོན་པོ་དེ་ད་ནི་ཕྱིར་ཡོང་མེད་པ་འདྲ། ངའི་སེམས་ལ་ཁུག་མ་བོར་སོང་ནའང་བོར་སོང་། ཁུག་མའི་ནང་དུ་དཔེ་ཆ་གཉིས་དང་མིག་ཤེལ་ནག་པོ་ཞིག་ལས་ཅི་ཡང་མེད། དཔེ་ཆ་གཉིས་ཀ་ལས་གཅིག་ནི་བོད་ཀྱི་ན་གཞོན་རྩོམ་པ་པོ་སྒོ་མེ་ཚེ་རིང་བཀྲ་ཤིས་ཀྱི་སྒྲུང་ཐུང་དེབォགྲོ་ཞིང་ཁサདང་། ཅིག་ཤོས་ནི་ཨ་རིའི་བུད་མེད་རྩོམ་པ་པོ་ཧྥུ་ཁང་ནའི་སྒྲུང་ཐུང་དེབォམི་བཟང་བོ་རྙེད་པར་དཀའサཞེས་པ་དེ་ཡིན། མིག་ཤེལ་དེ་ནི་ཨ་རིར་སྡོད་པའི་གྲོགས་པོ་ཞིག་གིས་ལེགས་སྐྱེས་སུ་གནང་བ་ཡིན་ལ། ཁོའི་ངག་སྒྲོས་ལྟར་ན་མིག་ཤེལ་དེ་ནི་ཚོང་རྟགས་གྲགས་ཅན་ཞིག་ཡིན་ཟེར། ད་ནི་ཐབས་བཀོད་ཅི་ཡོད། རྐུན་ཕྲུག་དེས་ངའི་ཁུག་མ་ཕྲོགས་པ་ཕར་ཞོག ཅུང་མིན་ན་རང་ཉིད་ཀྱི་སྲོག་ཀྱང་ཕྲོགས་སུ་བཅུག་སོང་།
གཞུང་ལམ་གྱི་ཕ་རོལ་ཏུ“བདེ་སྐྱིད་སྡེ་གསར”
ཞེས་ཡི་གེ་བཞི་བྲིས་པའི་ཨར་འདམ་གྱི་རྡོ་རིང་ཞིག་བསླངས་ཡོད་ལ། རྡོ་རིང་གི་མཐའ་རྒྱན་དུ་བོད་ལུགས་ཀྱི་རི་མོ་འགའ་ཡང་བྲིས་འདུག ངས་མཚར་སྣང་རུམ་གང་བཟུང་ནས་དེའི་ཕྱོགས་སུ་ཕྱིན་པ་ཡིན།
3
བདེ་སྐྱིད་སྡེ་གསར་གྱི་རྒྱབ་རོལ་ཏུ་དར་ལྕོག་གིས་གཡོགས་པའི་རི་སྒང་ཁྲ་ལྡང་ཞིག་ཡོད་ལ། རི་སྒང་ཁྲ་ལྡང་དེའི་ཕྱོགས་ནས་རྒོད་པོ་ཞིག་དལ་བུར་འཕུར་ཡོང་ཞིང་། བདེ་སྐྱིད་སྡེ་གསར་གྱི་མཁའ་ལ་ཉེ་བ་དང་གློ་བུར་ཅི་བྱུང་བ་བཞིན་ཚབ་ཚུབ་ངང་གྱེན་དུ་ཕྱོགས་སོང་། ངས་མགོ་བོ་བཀྱགས་ནས་ནམ་མཁའི་མཐོངས་སུ་བལྟས་དུས། ཏག་ཏག་ཉི་མ་དང་རྒོད་པོ་གཉིས་དྲང་ཐད་གཅིག་ཏུ་ཁེལ་ནས་ཏོག་ཙམ་གྱི་རིང་ལ་ཉི་མའང་བསྒྲིབས། དེའི་དུས་རྒོད་པོ་འཕུར་ཤུལ་གྱི་མཁའ་ལམ་དུ་ཉི་མ་ངའི་མགོ་ཐོག་ན་སེར་གྱི་ལེར་འཕྲོས་འདུག
ངས་མིག་ཟུང་ལག་པས་ཕུར་བཞིན་མདུན་དུ་ཕྱིན། ཨར་འདམ་གྱི་ལམ་དེ་ནི་འབར་འབུར་མི་སྙོམས་ཤིང་ལམ་ངོས་ཀུན་ཏུ་སུ་ཞིག་གིས་བསམ་གཟས་ནས་བརྐོས་པ་བཞིན་རྐོ་དོང་ཆེ་ཆུང་མང་བོ་བཏོད་ཡོད་ལ། རྐོ་དོང་དེ་དག་གི་ནང་དུ་ཁེ་ཉིན་བབས་པའི་ཆར་ཆུ་ད་དུང་ཡང་གར་གོར་དུ་འཁྱིལ་འདུག སྐབས་དེར་ལམ་གྱི་འོབས་ཁུག་ཏུ་འཕྲུལ་རྟ་ཞིག་གིས་ལྡིར་སྒྲ་སྒྲོག་བཞིན་མཆོངས་ནས་འོངས། འཕྲུལ་རྟས་ང་ལ་རྒྱག་ལ་ཁད་ཅིག་བྱས་རྗེས་རྐོ་དོང་ནང་གི་ཆུ་འཁྱིལ་ངའི་ལུས་སྟེང་དུ་གཅོལ་སོང་། དེས་ངའི་སྟོད་ལྭ་དཀར་པོའི་བྲང་གཞུང་དུ་ནག་ཐིག་གི་རི་མོ་གང་སར་ཕབ། ཡིན་ནའང་འཕྲུལ་རྟའི་ཁ་ལོ་པ་སྨྱོན་པ་དེས་ཕྱིར་ལྟ་ཙམ་ཡང་མི་བྱེད་པར་གྲོང་རྡལ་གྱི་ཕྱོགས་སུ་བྱ་བཞིན་དུ་འཕུར། ངས་བྲང་གཞུང་ལ་ལག་པས་རྡེག་ཙམ་བྱས་རྗེས་འཕྲུལ་རྟའི་ཁ་ལོ་པར་ཁོག་སྡིགས་བྱེད་བཞིན་མུ་མཐུད་ནས་མདུན་དུ་ཕྱིན་པ་ཡིན།
ཉིན་གུང་གི་ཉི་མས་མིག་གཙེས་ནས་མིག་ཡ་གཅིག་ལས་མཆི་མ་དབང་མེད་དུ་བརྡོལ་བྱུང་། དེའི་དུས་ང་སྟེགས་གྲུག་རྩེད་སའི་ཉེ་སར་སླེབས་མོད། གསར་བུ་དེ་ཚོས་མུ་མཐུད་དུ་སྟེགས་གྲུག་ཕར་འདེད་ཚུར་འདེད་བྱེད་པ་ལས་ང་ལ་བལྟས་ཙམ་ཡང་མི་བྱེད། དེའི་ཁྲོད་ཀྱི་གསར་བུ་ལག་ཡས་སུ་ཐ་མག་བཟུང་ཞིང་།
ལག་ཡས་སུ་ལྦུ་ཆང་གི་དམ་བེ་ཐོགས་པ་ཞིག་གིས་དམ་བེ་མགོར་ཡོ་ནས་ལྦུ་ཆང་འཐུང་འཕྲོ་མ་ལུས་གཙང་དག་བྱས་རྗེས། ཕྱིར་ལྟ་ཙམ་ཡང་མི་བྱེད་པར་དམ་བེ་རང་གི་མགོ་ཐོག་བརྒྱུད་ནས་སྙིགས་སྒམ་གྱི་ཕྱོགས་སུ་ཤུགས་ཀྱིས་འཕངས་སོང་། དེ་ནི་ལག་རྩལ་ངོམ་པ་ཡིན་ནམ་སྟེས་དབང་ཡིན་པ་མི་ཤེས་མོད། ལྦུ་ཆང་གི་དམ་བེ་དེ་ཏན་ཏན་ལྕགས་སྒམ་གྱི་སྟེང་དུ་ཕོག་ནས་ཁྲོག་སྒྲ་ཞིག་གྲག་པ་དང་ཆབས་ཅིག་ཤེལ་ཆག་རྣམས་ཕྱོགས་བཞིར་སིལ་བུར་ཐོར།
ཉིན་གུང་གི་ལྷིང་འཇགས་འོག་ཏུ་དམ་བེ་ཁྲོག་གེར་སོང་བའི་སྒྲ་དེར་ཟིལ་ཤུགས་ཁྱད་པར་བ་ཞིག་ལྡན་ཏེ། ཐ་ན་ངས་ཁྲོག་སྒྲ་དེ་རྒྱང་ནས་དལ་གྱིས་ངའི་ཕྱོགས་སུ་འོང་བཞིན་པ་མཐོང་ཐུབ་ཅིང་། ཁྲོག་སྒྲ་དེ་ངའི་རྣ་ལམ་དུ་ལྷུང་བ་དང་། ངའི་རྣ་སྒོའི་ཤ་སྐྱི་དག་ཀྱང་འདར་ཙམ་བྱེད་དུ་བཅུག།
“ཨ་ཕའི་རོ། ད་ཐེངས་ཡང་ཕམ་སོང་།”
གསར་བུ་སྐྲ་ལོ་རིང་བོ་ཕྲག་མཚམས་སུ་སླེབས་པ་དེས་གྲུག་དབྱུག་ཐང་ལ་རྡེག་གིན་དེ་སྐད་ཟེར།
“ངས་ཁྱོད་ལ་སྔོན་ནས་དགའ་རྒྱུ་མ་སྔ་ཞེས་བཤད་པ་མིན་ནམ།”
གསར་བུ་མགོ་ལ་སེང་རས་ཀྱིས་དཀྲིས་པ་དེའི་གདོང་ལ་ཁེངས་ཉམས་ཀྱིས་བརྟས་འདུག
“ཁྱི་སྐྱག སྟེགས་གྲུག་ནག་ལྡང་དེའི་ཁོག་ཏུ་འདྲེ་ཞུགས་པ་བཞིན། ངས་ཐེངས་ལྔར་བརྫངས་ཀྱང་རྫོང་མ་ཐུབ།”
“དེ་དེ་ལྟར་འཛུལ་ག་ལ་རུང་། ངས་དེར་འོག་མ①བརྫངས་ཡོད།”
མཐའ་སྐོར་གྱི་གསར་བུ་རྣམས་ཀྱིས་ཧབ་ཆ་དིར་རིར་བྱས་ཤིང་། དེ་ནས་རང་གི་ཁ་གཏད་དུ་ཡོད་པའི་ཁུང་བུ་ལས་སྟེགས་གྲུག་རྣམས་ཕྱིར་བཏོན་བྱུང་། ད་སོ་མ་རྒྱལ་བའི་གསར་བུ་མགོ་ལ་སེང་རས་ཀྱིས་དཀྲིས་པ་དེས་བྲང་ཁུག་ལས་ཐ་མག་བླངས་ཏེ་སོ་སོའི་མདུན་དུ་གཅིག་རེ་འཕངས་རྗེས། གྲུག་དབྱུག་ཐོགས་ཤིང་སྟེགས་གྲུག་དཀར་པོའི་སྟེང་ལ་ཚད་ནས་ཁྲོག་གེར་བཏང་བ་དང་ཆབས་ཅིག་ཁ་ནས་དུ་བ་སྔོ་ལོག་གེར་ཕུད་སོང་།
གསར་བུ་སྐྲ་ལོ་རིང་བོ་ཕྲག་མཚམས་སུ་སླེབས་པ་དེས“ཨ་ཕའི་རོ”ཟེར་བཞིན་ཨམ་ཕྲག་སློག་ཙམ་བྱས་འཕྲལ། ལག་པ་ཕྱིར་བསྐུམས་ཏེ“ད་ནི་ཅི་བྱུང་ན་བྱུང་། ང་ཐེངས་ལྔར་ཕམ་ཚེ་རླངས་འཁོར་ཀན་ཁྱོད་ལ་དབང་བ་ཡིན”ཟེར།
གསར་བུ་མགོ་ལ་སེང་རས་ཀྱིས་དཀྲིས་པ་དེས་གྲུག་སྟེགས་དང་ཁད་མི་རིང་བའི་སར་ཡོད་པའི“ཞ་ལིས”རྟགས་ཅན་གྱི་རླངས་འཁོར་སྐྱ་ལོག་དེར་བལྟས་ནས་གདོང་ལ་གཡོ་འཛུམ་ཞིག་ལངས་ཤིང་། དེ་ནས“རླངས་འཁོར་འདི་ཤོར་ཚེ་ད་ནི་ཁྱོད་ཀྱིས་ང་ལ་ཅི་ཞིག་གིས་སྐུགས་འཇོག་རྒྱུ”ཟེར།
གསར་བུ་སྐྲ་ལོ་རིང་བོ་ཕྲག་མཚམས་སུ་སླེབས་པ་དེས་དཔྲལ་ངོས་ཀྱི་རྔུལ་ཆུ་འབྱིད་ཙམ་བྱས་རྗེས“ཁྱོད་ཀྱིས་སེམས་ཁུར་བྱ་མི་དགོས་སར་སེམས་ཁུར་བྱེད་ཀྱིན་འདུག”ཟེར་བཞིན་བཙན་གྱིས་འཛུམ་ཞིག་བཏོད་བྱུང་མོད། འཛུམ་དེ་གདོང་ནས་ཐར་གཅོད་ཡག་མ་བྱས་གོང་སླར་ཡང་ནག་རོག་གེར་གྱུར་སོང་།
གསར་བུ་མགོ་ལ་སེང་རས་ཀྱིས་དཀྲིས་པ་དེས
“བཤད་ཡག་བྱས་ན་དགའ། ནག་ཅག②གིས་ཟ་ཁང་ནས་གླ་བརྒྱབ་པའི་སྒོར་མོ་དེ་ཙམ་གྱིས་ཅི་ཡང་མི་ནུས་ཡ”ཟེར་ཞིང་། དེ་ནས་གམ་གྱི་གསར་བུ་ཚོར་བལྟས་ནས“ཁྱོད་ཚོས་བལྟས་ན་དེ་འདྲ་ཞིག་ཨེ་རེད། ཁྱོད་ཚོ་ངེད་གཉིས་ཀྱི་དཔང་དུ་སྡོད་དང་། ངས་ཁྱོད་ཚོར་སྐྱིད་རྒྱག་གི་འཇུག་ཁོ་ཐག་ཡིན”ཟེར་བ་ན། གྲུག་སྟེགས་ཀྱི་མཐའ་རུ་ཡོད་པའི་གསར་བུ་གཞན་རྣམས་ཀྱིས་སྔ་གཞུག་བྱས་ཏེ“དེས་ད་ལོས་ཆོག”“བསམ་རྒྱུ་མེད།”“ཅི་བཤད་རྒྱུ”སོགས་ཟེར།
གསར་བུ་སྐྲ་ལོ་རིང་བོ་ཕྲག་མཚམས་སུ་སླེབས་པ་དེ་ཡུད་ཙམ་ལ་ཁ་རོག་གེར་བསྡད་རྗེས“ངའི་ནག་ཅག་ཁྱོད་ལ་སྟེར”ཟེར། ཁོས་དེ་ལྟར་སྨྲ་སྐབས་མིག་མདངས་དང་སྐད་གདངས་ཁྲོད་ཞེ་སྡང་གི་ངར་ཞིག་ལྷོག་ལྷོག་ཏུ་གདུ་བཞིན་འདུག་ལ། ཟ་འགྲམ་ནས་རྔུལ་ཆུའི་དོག་པ་སྲན་རྡོག་ལྟ་བུ་འགའ་སྔ་གཞུག་བྱས་ཏེ་འགྲིལ་འོངས།
“ཨ། ནག་ཅག”
“འོ་ལེ། ནག་ཅག་སྟེར།”
གསར་བུ་མགོ་ལ་སེང་རས་ཀྱིས་དཀྲིས་པ་དེས
“ཧ་ཧ”ཞེས་ཧབ་ཆ་ཞིག་བརྒྱབ་རྗེས“དེས་ན་ཁྱོད་ཕམ་སོང་ཚེ། ང་སོང་ནས་ཟ་ཁང་གི་སྦྱིན་བདག་ལ་བཤད་དེ་ཁྱོད་ཀྱི་ནག་ཅག་ཁྲིད་དེ་བུད་འགྲོ”ཟེར་བ་ན། གྲུག་སྟེགས་ཀྱི་མཐའ་རུ་རུབ་པའི་མི་གཞན་རྣམས་ཀྱང“ཧ་ཧ”ཞེས་བགད་བྱུང་།
ཁོ་གཉིས་ཀྱིས་མུ་མཐུད་དུ་སྟེགས་གྲུག་འདེད་རེས་བྱེད་ཀྱིན་འདུག མཁའ་དབུགས་ཁྲོད་དུ་བྲེད་ཤ་ཞིག་གིས་ཀུན་ནས་ཁེངས་ཤིང་། མཐའ་སྐོར་གྱི་གསར་བུ་དེ་ཚོ་ཡང་ཁ་རོག་གེར་མིག་ཟུང་ཟུམ་པ་མེད་པར་གྲུག་སྟེགས་སྟེང་གི་སྟེགས་གྲུག་ཕར་འགྲིལ་ཚུར་འགྲིལ་བྱེད་པའི་རྗེས་ལ་དེད་དེད་དུ་ཡོད།
གསར་བུ་མགོ་འབལ་ལེ་བ་དེ་ཚོའི་རྒྱབ་ལོགས་སུ་རྩིག་པ་དཀར་པོ་ཞེང་ལ་ཧ་ལམ་སྨི་བཅུ་ཙམ་དང་མཐོ་ཚད་སྨི་གསུམ་ཙམ་ཡོད་པ་ཞིག་བརྩིགས་འདུག དེའི་ངོས་སུ་རྒྱ་བོད་ཤན་སྦྱར་གྱི་ཚུལ་དུ“སྐྱེ་ཁམས་སྤོ་དམངས་ལག་ཏུ་བསྟར། །མཛེས་སྡུག་ཁྱིམ་གཞིས་གསར་དུ་བསྐྲུན”ཞེས་བྲིས་ཡོད་ལ། དེའི་གཤམ་དུ་ཁྱི་རྒན་འགས་དབུགས་ཧལ་ཧལ་དུ་ལེན་བཞིན་མིག་གཉིས་ཟུམ་ནས་ཉི་མར་འདེ་འདུག ངས་ཞིབ་ཏུ་བརྩིས་པ་ན་དེར་ཏག་ཏག་ཁྱི་རྒན་དྲུག་ཡོད་ལ། ཁྱི་རྒན་གྱི་གྲངས་ཀ་དང་སྟེགས་གྲུག་རྩེ་བའི་མི་གྲངས་གཉིས་ཨ་ན་མ་ན་རེད། ཁྱི་རྒན་དག་གི་མིག་ལ་མིག་སྐྱག་འབྱར་འདུག་པས། སྐྱག་སྦྲང་གི་ཚོགས་ཀྱིས་དགའ་བའི་གླུ་དབྱངས་ལེན་བཞིན་ཁོ་ཚོའི་མགོ་ཐོག་ཏུ་འཕུར་ཞིང་། མཚམས་རེར་ཁོ་ཚོའི་མིག་ཁར་བབས་པ་ན། ཁྱི་རྒན་རེ་འགས་སུག་པས་གདོང་ལ་རེག་རེག་ཙམ་བྱས་རྗེས་སླར་ཡང་སྒོང་ལོག་གེར་རྩིག་པ་དཀར་པོའི་གཤམ་དུ་ལྕེ་ནར་ནས་དབུགས་ཧལ་ཧལ་དུ་ལེན་པར་བྱེད། གྲུག་སྟེགས་ཀྱི་འདབས་རོལ་ཏུ་ཏག་ཏག་ས་གཤོང་གཤོང་ཞིག་ཡོད་ཅིང་། དེར་གནམ་ཆུ་འཁྱིལ་ནས་སྔོ་ལྟེམ་མེར་མཆིས། གནམ་ཆུའི་ནང་དུ་སྙིགས་སྒམ་གྲུ་བཞི་ཞིག་གི་གཟུགས་བརྙན་ཡམ་ཡོམ་དུ་འགུལ་བའི་ཚུལ་བབས་འདུག་ལ། སྟབས་བདེ་ཐུག་པའི་ཆུ་ཤོག་དང་ལྦུ་སིབ་ཁུ་ནག་གི་འགྱིག་དམ་སྟོང་བ་འགའ་རེ་ཡང་ཆུ་ཁར་གཡེང་ནས་ཡམ་ཡོམ་དུ་གཡོ་བར་བྱེད།
4
ང་གནས་དེ་དང་བྲལ་ནས་མུ་མཐུད་དུ་གྲལ་གཤར་བསྒྲིགས་པའི་སྲང་བར་བསྙེགས་ནས་སོང་བ་ན། ངའི་རྣ་ལམ་དུ་གསར་བུ་འགའི“ཧ་ཧ”དང“ཧོ་ཧོ”ཟེར་བའི་སྒྲ་ལས་རུ་བར་ཀུན་སྟོང་འཇགས་སེར་འདུག ཤོག་སྒམ་ལྟ་བུའི་ཁང་ཁྱིམ་རེ་རེ་ཕུང་བོ་སྦྲེལ་བའི་བུས་པ་མཚེས་མ་རེ་རེ་དང་འདྲ་བར་སྲང་ཤུར་གྱི་ངོགས་གཉིས་སུ་བསྒྲིགས་འདུག་པས། དེ་ལ་བརྗིད་རྔམ་ཞིག་ངང་ངམ་ཤུགས་ཀྱིས་རྒྱས་ནས་ཡོད།
དེ་ནི་སྲང་བར་དོག་མོ་ཕུག་རིང་བ་ཞིག་རེད།
ང་ཡུད་ཙམ་ལ་སྲང་བར་དོག་མོ་དེར་ཕྱིན་ཡང་མི་གཅིག་ལའང་མ་ཕྲད། ཁྱིམ་ཚང་མང་ཆེ་བའི་སྒོ་ངོས་སུ་ཟྭ་རྒན་རེ་ཁུ་སིམ་མེར་དཔྱངས་འདུག སྲང་ཤུར་དེའི་ངོགས་གཉིས་ཀྱི་རྩིག་ངོས་སུ་ལྕགས་རྩི་དམར་པོས“སྒོར་མོ་བསྐྱི་དགོས་ན138××××××××
ལ་ཁ་པར་ཐོངས”དང་། “མཛེས་མ་དགོས་ན 182××××××××ཁ་པར་ཐོངས།”“ཨོང་བ་དགོས་ན139××××××××ཁ་པར་ཐོངས་དང་སྤྱི་རྒྱ་གང་ལ་སྒོར3ཡིན……”སོགས་ཡི་གེ་མང་བོ་བྲིས་ནས་ཡོད། ངས་དེ་དག་ལ་ལྟ་བཞིན་འགྲོ་སྐབས་སྣ་ལམ་དུ་དྲི་ངན་ཞིག་ཤུར་ཤུར་དུ་འཐུལ་ཡོང་། ངས་ཅི་ཡིན་སྙམ་ནས་རང་གི་ཉེ་འཁོར་ཀུན་ཏུ་བལྟས་མོད། མིག་ལམ་དུ་སྦྲང་ནག་འགའ“ཝང”སྒྲ་དང་བཅས་འཕུར་བ་མ་གཏོགས་གཞན་ཅི་ཡང་ཤར་མ་བྱུང་། ང་མར་བསྒུར་ནས་རང་གི་ལུས་སྟེང་ལ་བལྟས་ཀྱང་ཅི་ཡང་མི་འདུག དེ་ནས་མུ་མཐུད་དུ་ཐང་ལ་བལྟས་དུས་ཀོ་ལྷམ་གྱི་སྣེ་མོར་གཤེར་བག་ཅན་གྱི་དངོས་པོ་ཞིག་འབྱར་ཟིན། ཞིབ་ཏུ་བལྟས་པ་ན། མ་གཞི་ང་ནི་སྐྱག་པ་ཞིག་གི་སྟེང་དུ་སྤོས་པར་མངོན། ངས་ལྷམ་ཐང་ལ་དྲད་དེ་ཕྱིས་ཀྱང་གཙང་མ་ཞིག་འབྱིད་མ་ཐུབ། ངས་མྱུར་མོར་ཀོ་ལྷམ་རྩྭ་ལྡུམ་ཐོར་བུ་ཞིག་ཡོད་པ་དེར་ཡང་ཡང་ཕྱིས་པ་ཡིན། དེས་ཀྱང་གཙང་མར་འབྱིད་མ་ཐུབ། ལྟ་ཕྱོགས་ཤིག་གིས་གྱང་རྩ་དེ་རུ་རྩྭ་ལྡུམ་ཕོན་པོ་ཞིག་སྐྱེས་འདུག་པ་མཐོང་བྱུང་། ངས་ཀོ་ལྷམ་རྩྭ་ལྡུམ་ཕོན་པོ་དེའི་སྟེང་དུ་འབྱིད་བཞིན་པའི་སྐབས་སུ། རྩིག་ངོས་སུ་གས་སྲུབས་ཆེན་པོ་ཞིག་བརྡོལ་ཡོད་པའང་མཐོང་ལམ་དུ་ཤར། གས་སྲུབས་དེ་རུ་སྡོམ་རྒྱ་འཐེན་ཞིང་སྡོམ་རྒྱའི་དཀྱིལ་འཁོར་དུ་སྡོམ་རྒན་མཐེ་བོང་འདྲ་ཞིག་གིས་ང་ལ་ཅེར་ནས་འགྱིང་འདུག“ཨ།”ཨ་ཙི་ཙི། ང་སྡོམ་ལ་སྐྲག་སྐྲག་ཅིག་གང་ལའང་མི་སྐྲག ངག་ནས་ཨག་སྐད་ཅིག་དབང་མེད་དུ་ཤོར་སོང་།
ཐེངས་ཤིག་ངེད་ཚང་གི་ཁང་བའི་བྱ་འདབས་སུ་སྡོམ་རྒན་མཐེ་བོང་འདྲ་ཞིག་སྡོམ་རྒྱའི་དཀྱིལ་འཁོར་དུ་ཤིག་ཤིག་འགུལ་བཞིན་མཆི། དེའི་དུས་ང་ད་རུང་སློབ་ཆུང་འགྲིམ་པའི་བྱིས་པ་ཆུང་ཆུང་ཞིག་ཡིན། ངས་བེ་ཅོན་རིང་བོ་ཞིག་ཁྱེར་ནས་སྡོམ་རྒྱ་བཤིགས་པ་ན། མ་བསམས་ས་ནས་སྡོམ་རྒན་དེ་ངའི་ལྭ་བའི་གོང་ཁར་ལྷུང་སོང་།“ཨ་མ།”ངས་ཁ་ནས་ཨག་སྐད་སྒྲོག་བཞིན་ངེད་ཚང་གི་ལྷས་ར་གོང་མ་ནས་ཞོལ་མར་སླེབས་དུས། ཨ་མ་སྒོ་འགྲམ་གྱི་རྡོ་ཐེམ་སྟེང་ཙོག་སྟེ་ཙོང་རྐང་འགའི་ཤུན་པགས་བཤུ་བཞིན་འདུག ངས“ཨ་མ། ཨ་མ”ཞེས་འབོད་བཞིན་ས་ལྡིང་གནམ་ལྡིང་བྱས་པར། ཨ་མས་ཅི་ཡིན་འདི་ཡིན་ཧ་མ་གོ་བར་ཁ་མལ་དུ་ཡུད་ཙམ་ལ་ཧད་རྗེས། མྱུར་མོར་ཡར་ལངས་ཏེ“ཅི་ཞིག་བྱུང་སོང་། ཅི་ཞིག་བྱུང་སོང”ཞེས་སྒྲོག་བཞིན་ངའི་མདུན་དུ་བརྒྱུགས་ཡོང་།
ངས་ལྭ་བའི་གོང་ཁ་སྤྲུག་བཞིན“སྡོམ། སྡོམ”ཞེས་བརྗོད་པ་ན། ཨ་མས་མྱུར་མོར་ངའི་ལྭ་བ་ཕུད་དེ་ཡང་ཡང་སྤྲུགས་སོང་། དེའི་དུས་སྡོམ་རྒན་ནག་ལྡང་དེ་ཐང་ན་སུག་པ་ཀྲབ་ཀྲབ་བྱས་ཏེ་རྒྱུག་བཞིན་འདུག ཨ་མས་ཀྱང་སྐྲག་མ་སྔངས་ཀྱིས་སྡོམ་གྱི་སྟེང་དུ་རྐང་བཅག་ལན་འགའ་བྱས་པས། སྡོམ་གཅིར་ཤུལ་དུ་ནག་ཐིག་ཙམ་ལས་ཅི་ཡང་ལྷག་མེད། དེ་ནས་བཟུང་སྟེ་སྡོམ་ཟེར་བའི་འབུ་ནག་ལྟས་ངན་དེས་ང་ཐེངས་མང་བོར་ལྷབ་སེ་བཏང་མྱོང།
ངའི་ཁ་ནས་གློ་བུར་ཨག་སྒྲ་ཞིག་ཤོར་པའི་མོད་ལ། ང་འཕྲལ་དུ་ཕྱི་ནུར་བྱས་པ་ཡིན། ངའི་སེམས་ཁ་ལྷོད་ལ་ཅུང་ཟད་བབས་རྗེས་ཡང་བསྐྱར་ཉེ་བར་བཅར་ཞིང་། གས་སྲུབས་ཀྱི་སྡོམ་རྒྱ་བརྒྱུད་དེ་ཕར་བལྟས་ཚེ། ཁང་བའི་ཁྱམས་རར་རྨོ་མོ་ཞིག་གིས་མིག་གཉིས་འཇུར་ས་གཅིག་ཏུ་འཇུར་ནས་བསྡད་འདུག རྨོ་མོས་སྔོན་ལ་ངའི་ཁ་ནས་ཤོར་པའི་ཨག་སྐད་གོ་སོང་བ་འདྲ། མོས“ནང་དུ་ཤོག ང་ཨ་ཡེ་ཡིན་ཡ། ཁྱོད་ང་ལའང་སྐྲག་གམ”ཟེར། མོའི་སྐད་ཆ་དེར་ངས་གློ་བུར་ཇི་ལྟར་ལན་འདེབས་དགོས་པའང་མ་ཤེས། ངས་ཡུད་ཙམ་རིང་ནང་དུ་འགྲོ་མིན་ལ་འདང་བརྒྱབ་སྟེ་ཐེ་ཚོམ་གྱི་གཡང་དུ་ལྷུང་། སྐབས་དེར་རྨོ་མོ་དེས་ཡང་བསྐྱར“ནང་དུ་ཤོག་ཡ། ཨ་ཡེ་ལ་ཇ་ཞིག་བླུགས། ཨ་ཡེ་སྐོམ་ནས་ཤི་ཐལ”ཟེར། ང་འགྲོ་གྲབས་ཤིག་བྱས་ཀྱང་རྨོ་མོ་དེས“ང་སྐོམ་ནས་ཤི་ཐལ”ཟེར་བ་གོ་བས་མོར་སྙིང་རྗེ་ཞིག་སྐྱེས་བྱུང་།
ངས་རྒྱ་སྒོ་དལ་གྱིས་ཕྱེ་བར། ལྕགས་སྒོ་དེ་ལས་རང་ལ་མི་མཛའ་བའི་ཙིར་སྒྲ་སྙིང་ལ་གཟན་པ་ཞིག་གྲག་ཡོང་། ཁང་བའི་ཁྱམས་ར་ནི་ཕྱོགས་གཉིས་སུ་བགོས་ཡོད་ཅིང་། བར་དུ་སོ་ཕག་ཤུར་མོ་ཞིག་བཏིངས་འདུག གཡས་ངོགས་སུ་རས་གུར་ཆུང་ངུ་མི་གཅིག་ཤོང་ཙམ་ཞིག་ཕུབ་ཡོད་ལ། གཡོན་ངོགས་ཀུན་ཏུ་རྩྭ་དང་ལྡུམ་བུ་སོགས་འཛིངས་ནས་སྐྱེས་འདུག་པས། བལྟས་ཚོད་ཀྱིས་ཁྱིམ་དེར་ཡུན་རིང་བོར་མི་ཞིག་བསྡད་མ་མྱོང་བ་དང་འདྲ། ངས་སོ་ཕག་གི་ལམ་ཕྲན་ཤུར་མོ་དེ་དེད་ནས་མདུན་དུ་སོང་བ་ན། རྨོ་མོས“རྟ་བྷོ། རེམ་མར་ཨ་ཡེ་ལ་ཇ་ཞིག་བླུགས”ཟེར། རྨོ་མོ་དེ་ནང་སྒོའི་འགྲམ་དུ་ཕྲེང་བ་བགྲང་བཞིན་ཐང་ལ་ཙོག་ནས་ཉི་མར་འདེ་འདུག་ཅིང། ཉི་འོད་ཀྱི་འོག་ཏུ་མོའི་སེར་སྐག་སྐག་བྱེད་པའི་གདོང་ནི་གྲི་ཡིས་གཞོགས་པའི་ལ་ཕུག་རྙིད་པ་ཞིག་ལྟར་སྐམ་ཞིང་རིད་པ་དང་། གདོང་ལ་གཉེར་རིས་ཀྱིས་གཡོགས་ཤིང་སྐྲ་ལོ་ཡོངས་སུ་དཀར་པོར་གྱུར་འདུག་པས། བལྟས་མ་ཉིད་དུ་མོའི་མགོ་བོར་ཁ་བ་མཐུག་པོ་ཞིག་བབས་པ་དང་མཚུངས། རྨོ་མོ་ནི་དངོས་གནས་ཁ་སྐོམ་བཞིན་པ་གདོན་མི་ཟ། མོའི་ཁ་ནི་བསྲད་དེ་ཚ་ཆུ་བྱུགས་པ་བཞིན་དྲེག་པ་དཀར་པོ་ཞིག་ཆགས་འདུག་ལ། སྐད་གདངས་ཀྱང་ཤིན་ཏུ་གཉོམ། ངས་ཚབ་ཚུབ་ཏུ་ནང་སྒོ་ཕྱེ་ནས་ཁྱིམ་དུ་འཛུལ་མ་ཐག སྣ་ལམ་དུ་རློན་དྲི་ཁ་མོ་ཞིག་འཐུལ་འོངས་ཤིང་། གོམ་པ་སྤོ་བསམ་དུས་ཁྱིམ་ནང་ཀུན་ཏུ་ཇག་པ་སླེབས་པ་བཞིན་ཕར་སློག་ཚུར་སློག་བྱས་ཏེ་གང་དུ་སྤོ་དགོས་པའང་མི་ཤེས། ང་ཐང་དུ་སྒྱེ་སྟོང་ཞིག་དོར་འདུག་པའི་སྟེང་དུ་འགོམས་ཏེ། ཕ་གིའི་རྩིག་ངོས་ཀྱི་ཆ་སྒམ་གྱི་ཕྱོགས་སུ་སོང་། ཆ་སྒམ་གྱི་གཡས་ལོགས་སུ་ཐང་ག་ཚི་སྟུག་ཅིག་བཀལ་ཡོད་ལ། དེའི་གཤམ་དུ་མཆོད་པ་རྐོང་བུ་བདུན་གྱི་ནང་ཆུ་སྐེད་མཐོ་རེ་བླུགས་ནས་བཤམས་འདུག ངས་ཆ་སྒམ་ལས་དཀར་ཡོལ་ཁ་ཆག་ཅིག་ཡོད་པ་དེ་བླངས་ནས་ཡར་ལྟ་མར་ལྟ་ཞིག་བྱས་པ་ན། ཚ་ཐབ་ཀྱི་འདབས་སུ་ལྕགས་ཐབ་སྣུམ་ལོག་ཅིག་བཙུགས་ཡོད་པ་མིག་ལམ་དུ་ཤར། ལྕགས་ཐབ་སྟེང་དུ་ཟངས་དེམ་གྱི་ཁ་དོག་ཀྱང་ངོས་ཟིན་དཀའ་བ་ཞིག་བཞག་འདུག ངས་ཟངས་དེམ་དེ་ཡར་བཀྱགས་ནས་དཀར་ཡོལ་ཁ་ཆག་དེའི་ནང་དུ་ཇ་འཁྱག་ལྡུག་དུས། ཕ་གིའི་རྩིག་ལྡེབས་ངོས་སུ་རླབས་ཆེན་གཙོ་འཛིན་མའོ་ཀྲུའུ་ཞིའི་སྐུ་པར་ཞིག་བཀལ་ཡོད་པ་མཐོང་། མའོ་ཀྲུའུ་ཞི་ཡི་བྱམས་བརྩེའི་འཛུམ་གྱིས་ང་ལ་ཅེ་རེར་གཟིགས་འདུག ངས་དཀར་ཡོལ་བཟུང་ནས་ནང་སྒོའི་ཕྱོགས་སུ་འགྲོ་དུས། སྒོ་འགྲམ་གྱི་རྩིག་ངོས་སུ་ངོ་གདོང་གས་གཉིས་སུ་གྱུར་པའི་མི་ཞིག་གིས་མིག་ཟུང་རིག་རིག་ཏུ་འགུལ་བར་བྱེད། ངས་མགོ་བོ་ཕྱི་ལ་དགྱེ་ཙམ་བྱས་པའི་སྐད་ཅིག་མ་དེར། ལག་གི་དཀར་ཡོལ་ཁྲོག་གེར་ཐང་ལ་ཡེར་སོང་། ཁྲོག་སྒྲ་དེས་ང་སྤ་བཀོང་དུ་བཅུག་སོང་། དེ་ནི་དཀར་ཡོལ་ཐང་ལ་ལྷུང་བའི་སྒྲ་ཡིན་པ་ཤེས་བཞིན་དུ་ངའི་སྙིང་ལྟིག་ལྟིག་ཏུ་ལྡིང་བྱུང་། ངས་ཡང་བསྐྱར་རྩིག་ངོས་ཀྱི་མི་དེར་བལྟས་དུས། མི་དེ་ནི་གཞན་མ་ཡིན་པར་རང་ཉིད་ཡིན་འདུག མ་གཞི་རྩིག་ངོས་སུ་མེ་ལོང་དཀྱིལ་ནས་གས་འདུག་པ་ཞིག་བཀལ་ཡོད་ཅིང་། མེ་ལོང་གི་ངོས་སུ་ས་རྡུལ་ཆགས་ཏེ་ཞིབ་ཏུ་མ་བལྟས་ན་མེ་ལོང་ཡིན་མིན་ཡང་ངོས་འཛིན་བྱེད་དཀའ་བའི་ཚད་རེད། དེའི་དུས་རྨོ་མོས“རྟ་བྷོ། མྱུར་དུ་ཨ་ཡེ་ལ་ཇ་ཞིག་བླུགས”ཞེས་ཡང་བསྐྱར་བོས་བྱུང་།
ང་ཚབ་ཚུབ་ངང་སླར་ཡང་ཆ་སྒམ་གྱི་ཕྱོགས་སུ་སོང་སྟེ་དཀར་ཡོལ་གཞན་ཞིག་བླངས་ཤིང་། ཇ་དཀར་ཡོལ་གང་བླུགས་ཏེ་རྨོ་མོའི་ལག་ཏུ་གཏད་པ་ན། མོས་ཇ་དཀར་ཡོལ་གང་བོ་སྒོག་གེར་འཐུངས་རྗེས “རྟ་བྷོ་ལོ་ལོ། ང་མཐོན་པོ་རྩྭ་ཐང་དུ་ཐེངས་ཤིག་འཁྲིད་རོགས”ཟེར་ཞོར་ལག་པ་ངའི་མདུན་དུ་བསྲིངས་འོངས། མོས་ལག་པས་ངའི་གདོང་ལ་རེག་འདོད་པ་འདྲ་མོད། འོན་ཏེ་རྨོ་མོ་དང་ངེད་གཉིས་ཀྱི་བར་ན་བར་ཐག་ཅུང་ཟད་ཡོད་པས། མོས་བར་སྣང་ནས་ལག་པ་ཚུར་བརྐྱངས་པ་ཙམ་གྱིས་ཕྱིར་བསྐུམས་སོང་། མ་གཞི་རྨོ་མོ་ནི་ལོང་བ་ཞིག་ཡིན་པ་འདྲ་སྟེ། མོའི་མིག་གཉིས་ནི་འཇུར་ས་གཅིག་ལ་འཇུར་ཞིང་གཟི་མདངས་ཡོངས་སུ་ཉམས་འདུག སྐབས་དེར་རྨོ་མོས“རྟ་བྷོ། ང་རས་གུར་ནང་འཁྲིད་རོགས། ཉི་མས་བསྲེགས་དང་ཐལ”ཟེར་བཞིན་མོ་ཡར་ལངས་རྩིས་ཀྱིས་རྐང་ལག་ཀྲབ་ཀྲབ་བྱེད་པས། ངས་མོ་བསྐྱོར་ནས་རས་གུར་ཆུང་ངུ་དེའི་ཕྱོགས་སུ་ཕྱིན་པ་ཡིན། རྨོ་མོས་འགྲོ་ཞོར་དུ“ང་ལ་རྡོ་ཁང་ལས་རས་གུར་འདི་འཕྲོད་ཀི”ཟེར། མོས་ལག་སྙོབ་བྱེད་བཞིན་རས་གུར་ནང་འཛུལ་འཕྲལ་རྒྱབ་ཀྱི་མལ་ཐུལ་ཚི་དྲེག་མ་དེར་ཁེན་ནས“རྟ་བྷོ་ལོ་ལོ། ང་མཐོན་པོ་རྩྭ་ཐང་དུ་ཐེངས་ཤིག་འཁྲིད་རོགས”ཟེར། མོས་ནི་ང་རྟ་བྷོ་ཟེར་བའི་མི་ཞིག་ལ་འཁྲུལ་བཞིན་པ་ཁོ་ཐག་རེད།
“རྟ་བྷོ། འུ་ཚང་གི་རྟ་རྒན་རྔོག་རིང་ཤི་སོང་ཟེར་བ་བདེན་ནམ།”
རྨོ་མོས་དེ་ལྟར་ཟེར་བཞིན་འོད་མདངས་ཉམས་པའི་མིག་ཟུང་ལས་མཆི་མ་བྲན་པ་ལག་པ་གཉིས་ཀས་ཡང་ཡང་ཕྱིས་བྱུང་། མོའི་ཚུགས་ཀ་དེ་ནི་བྱིས་པ་ཞིག་གིས་ཨ་མར་གཅེས་སྟེག་པ་དང་འདྲ།
“རྟ་བྷོ། འུ་ཚང་གི་རྟོལ་ཕྲུག་ཐོད་དཀར་དེ་ད་ལྟ་མཛོ་མོ་ཆེན་པོ་ཞིག་ཏུ་གྱུར་ཡོད་དམ།”
“རྟ་བྷོ། འུ་ཚང་གི་ཁྱི་རྒན་ནག་ལྡང་དེ་རྒྱ་ཞིག་ལ་བཙོངས་སོང་ཟེར་བ་བདེན་ནམ།”
“……”
རྨོ་མོས་མཚམས་ཚིགས་མེད་པར་དེ་ལྟར་བཤད་ཡོང་ཞིང་། མོས་དེ་ལྟར་འཆད་དུས་སྐད་ཆའི་གདངས་ལ་ཤེད་ཤུགས་ཤིག་གིས་ཀུན་ནས་བརྟས་འདུག མོའི་སྐད་མགོ་ཧ་ཅང་མཐོ་བས། སྐད་དེ་ནི་རྨོ་མོ་སྐམ་ཞིང་རིད་པ་དེའི་ངག་ལས་ཐོན་པ་རེད་ཟེར་ན་རྣར་མི་འགྲོ་བ་ཞིག་རེད།
ངས་རྨོ་མོ་དེར་སྐད་ཆ་ཅི་ཞིག་བཤད་དགོས་པའང་མི་ཤེས་པར་གྱུར། ངས་རང་ཉིད་རྟ་བྷོ་མིན་ཟེར་དགོས་སམ། ཡང་ན…… ང་ཅི་བྱ་གཏོལ་མེད་དུ་བཏང་སོང། ང་མྱུར་དུ་འགྲོ་བསམས་ནས་ཕྱི་ནུར་ཞིག་བྱས་པར། རྐང་བ་ཅི་ཞིག་གི་སྟེང་དུ་སྤོས་པ་དང་ཆབས་ཅིག་ཙིར་སྒྲ་འཇིགས་ཡེར་བ་ཞིག་གྲག་བྱུང་། ངས་མགོ་བོ་བསྒུར་ནས་རང་གི་རྐང་འོག་ཏུ་བལྟས་དུས། ང་ནི་བྱི་ལ་ནག་པོ་ཞིག་གི་རྔ་མའི་སྟེང་དུ་སྤོས་ཟིན། ངས་མྱུར་དུ་རྐང་བ་ཡར་བཀྱགས་པར། བྱི་ལ་མགྱོགས་མྱུར་ངང་རྨོ་མོའི་ལྭ་འདབས་སུ་འཛུལ་སོང་།
རྨོ་མོ་དེས་ཇ་འཁྱག་དཀར་ཡོལ་གང་བོ་འཐུངས་རྗེས། གདོང་དུ་སྔ་ན་མེད་པའི་རྣམ་རིག་ཅིག་རྒྱས་ཤིང་།
མོས་གློ་ལུ་ལན་འགའ་བརྒྱབ་རྗེས“རྟ་བྷོ་ཁྱོད་ཀྱིས་མི་ཤེས་ན་ཐང་། མཐོན་པོ་རྫ་འདབས་ཀྱི་དེའུ་འབུར་གཡག་མགོ་འདྲ་བ་ཞིག་ཡོད་པའི་སྟེང་གི……”
རྨོ་མོས་གཏམ་རྒྱུད་ཅིག་གི་མགོ་ཆུ་བཞུར་བཞུར་དུ་གླེང་བྱུང་།
5
……རྟ་བྷོ་ཁྱོད་ཀྱིས་མི་ཤེས་ན་ཐང་། མཐོན་པོ་རྫ་འདབས་ཀྱི་དེའུ་འབུར་གཡག་མགོ་འདྲ་བ་ཞིག་ཡོད་པའི་སྟེང་གི་ལབ་ཙེ་དེ་ངའི་ཕ་མཐོ་རིས་པོས་བསྟད་པ་རེད། དེའི་དུས་མཐོན་པོ་རྩྭ་ཐང་དུ་འུ་ཚང་མ་གཏོགས་ལབ་ཙེ་ཡོད་པའི་ཁྱིམ་ཚང་གཅིག་ཀྱང་མེད། ལབ་ཙེ་བསྟོད་སྤྱད་ཀྱི་དར་ཤིང་དེ་དག་ངའི་ཕ་མཐོ་རིས་པོས་མཐོན་པོ་རྫ་རྒན་གྱི་ཕ་རོལ་སྤྱང་ལུང་ནས་རྟ་ལ་བཀལ་ནས་ཡོང་བ་རེད། ལོ་མང་བོའི་ཡར་སྔོན་དུ་སྨད་ཕྱོགས་ཁྲི་ཀའི་ཡུལ་གྱི་སྔགས་པ་ཞིག་ས་འདིར་ཕེབས་ཤིང་། ཁོ་འུ་ཚང་ནས་ཉིན་བདུན་རིང་བཞུགས་ཏེ་བཅའ་བ་རིམ་གྲོ་བསྒྲུབས་པ་ཡིན། སྔགས་པ་དེ་འགྲོ་ཁར་དེའུ་འབུར་སྟེང་སྐྱིལ་ཀྲུང་དུ་བསྡད་ཅིངォབཀའ་བསྡུསサཚར་གཅིག་གསུངས་རྗེས། ངའི་ཕ་མཐོ་རིས་པོར་བལྟས་ནས་ཁྱོད་ཀྱིས་དེའུ་འབུར་འདིའི་སྟེང་དུ་ལབ་ཙེ་ཆུང་ཆུང་ཞིག་བསྟོད་ཐུབ་ན་རབ་རེད་ཅེས་གསུངས།
ངའི་ཕ་མཐོ་རིས་པོས་སྔགས་རྒན་གྱི་གསུང་དེ་ཡིད་ལ་བཅགས་ནས་དེའུ་འབུར་གྱི་སྟེང་དུ་དངོས་སུ་ལབ་ཙེ་ཞིག་བསྟད་པ་རེད། སྔགས་རྒན་དེ་རང་ག་བ་ཞིག་མིན་པ་ཐག་གིས་ཆོད། དེའུ་འབུར་གྱི་སྟེང་དུ་ལབ་ཙེ་བསྟད་པ་ནས་བཟུང་། འུ་ཚང་གི་དོན་བྱ་ཐམས་ཅད་མ་འགྲུབ་པ་ཞིག་མེད། འུ་ཚང་གི་སྒོ་ཁ་ཕྱུགས་ཀྱིས་བཀང་ཞིང་། འུ་ཚང་གི་གོ་ཁ་བུ་ཡིས་བཀང་སྟེ་མཐོན་པོ་སྡེ་བའི་དགྲ་འདུལ་དབང་ཕྱུག་ཚང་ཟེར་ན་དར་ལུང་རྣ་བས་གོ་མ་མྱོང་མཁན་ཞིག་མེད། དེ་ནས་བཟུང་ངའི་ཕ་མཐོ་རིས་པོས་ཉིན་རྒྱུན་སྔགས་རྒན་དེ་མཐོན་པོ་རྩྭ་ཐང་དུ་ཕེབས་པར་རེ་སྒུག་བྱས་མོད། ཁོང་མཐོན་པོ་རྩྭ་ཐང་དུ་གཏན་ནས་ཕེབས་རྒྱུ་མ་བྱུང་།
མཐོན་པོ་རྩྭ་ཐང་གི་ཁུད་དུ་ཆུ་བོ་ཞིག་འབབ་པ་དེའི་མིང་ལ་པད་མ་ཁྲུས་ཆུ་ཟེར། མཐོན་པོ་རྫ་རིའི་སྟེང་དུ་པད་མ་སྒྲུབ་ཕུག་ཟེར་བ་ཞིག་ཡོད་ཅིང་། སློབ་དཔོན་པདྨ་འབྱུང་གནས་ཀྱིས་བོད་ཡུལ་ལུང་བའི་བདུད་རྣམས་བཏུལ་ཚར་ནས་སྲིན་པོའི་ཡུལ་དུ་ཕེབས་ཁར་གནས་འདི་བརྒྱུད་དེ་བྱོན། ཁོང་གིས་མཐོན་པོ་རྫ་རྒན་ནི་རྩེ་མོ་སྤྲིན་རུམ་དུ་ཟུག་ཅིང་སྟེང་དུ་རི་དྭགས་སྣ་ཚོགས་བག་ཡངས་སུ་རྒྱུ་བ་མཐོང་བས། རེ་ཞིག་ཡིད་འཁྲེང་ནས་ཟླ་གཅིག་ལྷག་ལ་མཚམས་སུ་བསྡད་པ་རེད། ཁོང་སྲིན་པོའི་ཡུལ་དུ་ཕེབས་ཁར་ཞལ་ངོ་གཙང་མར་བཀྲུས་ཏེ་ཆུ་ཁྱོར་བ་གང་མཐོན་པོ་རྩྭ་ཐང་གི་ཕྱོགས་སུ་མཆོད། ངོ་མཚར་བ་ཞིག་ལ་ཆུ་ཁྱོར་བ་གང་བོ་དེ་ཆུ་བོ་ཞིག་ཏུ་གྱུར་ནས་ད་ལྟ་ད་དུང་འབབ་བཞིན་པ་དེ་རེད།
ཉིན་ཞིག་བུ་མོ་ཞིག་གིས་ལུ་གུ་འགའ་དེད་ནས་པད་མ་ཁྲུས་ཆུའི་ཁར་ཆུ་ལྡུད་དུ་ཕྱིན་པ་ཡིན། ཉིན་མོ་དེར་གནམ་གཤིས་ཧ་ཅང་ལེགས། ནམ་མཁའ་ན་སྤྲིན་པ་མཐེ་བོང་ཙམ་ཡང་མེད་ལ། ཉི་འོད་ཀྱི་འོག་ཏུ་ཆུ་ངོགས་སུ་ཟེར་འོད་ལམ་ལམ་འཕྲོ། ལུ་གུ་རྣམས་ཀྱིས་ཆུ་འགྲང་ཚད་ཅིག་འཐུངས་རྗེས་རྩྭ་གསེང་ལ་ཤོར་སོང་། བུ་མོ་དེས་ལུས་སུ་ཐེར་མ་སོ་མ་ཞིག་གོན་འདུག་ཅིང་། མོས་ཐེར་མ་སོ་མ་དེའི་སྐ་རགས་བཀྲོལ་རྗེས་འཁྲིས་ཀྱི་རྡོ་ལེབ་ཅིག་གི་སྟེང་དུ་བཞག ཉི་འོད་འོག་ཏུ་མོའི་ལུས་པོ་ནི་ཤུན་པགས་ཕྱིས་མ་ཐག་པའི་སྒོག་པ་ཞིག་དང་མཚུངས་པར་འོད་ཀྲིག་ཀྲིག་བྱེད། མོས་སྔོན་ལ་རྐང་བ་གཉིས་ཀ་ཆུ་ནང་དུ་སྦངས་ནས་ཡུད་ཙམ་ལ་བསྡད་རྗེས་ག་ལེར་ཆུ་ནང་དུ་འཛུལ་སོང་། མོ་དེ་ལྟར་ཆུ་ནང་དུ་འཛུལ་ནས་ཕར་རྐྱལ་ཚུར་རྐྱལ་བྱེད་ཅིང་། མཚམས་རེར་ཁྱོར་བའི་ནང་དུ་ཆུ་བཅུས་ནས་ཆུ་འགྲམ་གྱི་མེ་ཏོག་སྣ་ཚོགས་སྟེང་བབས་པའི་སྦྲང་མའི་སྟེང་གཅོལ་གྱིན་འདུག མོ་གཅིག་པུ་ལས་མེད་ཀྱང་མོར་སྤྲོ་སྣང་ཞིག་གིས་ཁེངས་འདུག མོའི་ལྷད་མེད་ཀྱི་དགོད་སྒྲ་སྙན་མོ་ཆུ་ངོགས་ནས་མཆོང་ལྡིང་བྱེད་ཀྱིན་མུ་མཐའ་བྲལ་པའི་རྩྭ་ཐང་གི་ཕ་མཐར་ཁུར་སོང་། མོ་དེ་ལྟར་ཆུ་ནང་དུ་འཛུལ་ནས་ཡུན་རིང་འགོར་རྗེས། གློ་བུར་ཅི་ཞིག་དྲན་པ་བཞིན་ཚབ་ཚུབ་ཏུ་ཆུ་ཁར་བུད་ཅིང་ཐེར་མ་ལུས་ལ་བསྒོས་རྗེས་སྐ་རགས་དམ་དུ་བཅིངས། དེའི་དུས་ལུ་གུ་རྣམས་མཐོང་ལམ་ན་མི་འདུག་ཅིང་། རྩྭ་ཐང་ཀུན་ཏུ་རྩྭའི་སྐྱེས་ཚད་ཤིན་ཏུ་ལེགས་པས་མཐོ་ཚད་བུ་མོ་དེ་དང་ཧ་ལམ་མཉམ་འདུག བུ་མོ་དེས་རྩྭ་གསེང་ནས་ལུ་གུ་རྣམས་ཡུན་རིང་བོར་བཙལ་ཀྱང་ལུ་གུ་དེ་ཚོ་གཏན་ནས་མ་རྙེད། ཕྱི་དྲོའི་མཚམས་སུ་མཐོན་པོ་རྩྭ་ཐང་གི་ལྷོ་མཐའ་ནས་སྤྲིན་པ་རྟ་མགོ་འདྲ་བ་འགའ་རེ་ལངས་ཤིང་། སྤྲིན་པ་རྟ་མགོ་འདྲ་བ་དེ་དག་རིམ་གྱིས་ནག་པོར་གྱུར་ཏེ་མཐའ་མར་དེའུ་འབུར་དང་འདྲ་བ་མང་བོར་གྱུར་སོང་། སྐབས་དེར་མཐོན་པོ་རྫ་རྒན་གྱི་མཐོངས་ནས་འབྲུག་སྒྲ་ལྡིར་ལྡིར་དུ་གྲག་ཅིང་གློག་དམར་དུག་སྦྲུལ་བཞིན་འཁྱུག དུས་མཚུངས་སུ་ཤར་ལྷོ་ནུབ་བྱང་མེད་པར་མཁའ་ནས་ཆར་བ་ཤག་ཤག་ཏུ་འབབ་མགོ་བརྩམས། བུ་མོ་དེ་སྐྲག་སྣང་དང་བཅས་ཆར་ནང་དུ་ཡར་རྒྱུག་མར་རྒྱུག་བྱེད་སྐབས། སྐྱེས་པ་ཞིག་རྟ་རྒན་རྔོག་རིང་ཞིག་ལ་བཞོན་ནས་གནམ་སའི་བར་གླགས་ནས་མཆོངས་ཏེ་འོངས། སྐྱེས་པ་དེས་གླག་གིས་རི་བོང་འཛིན་པ་བཞིན་བུ་མོ་དེར་འཇུ་ཐེངས་ཤིག་གིས་མོ་རྟ་ཐོག་ཏུ་བླངས་སོང་། དེའི་དུས་ལུ་གུ་རྣམས་རྩྭ་གསེང་དུ་འདར་སིག་སིག་བྱེད་ཀྱིན་པ་མཐོང་བྱུང་། མ་གཞི་རྩྭ་མཐོ་དྲགས་པ་དང་བུ་མོ་དེ་ཆུང་དྲགས་པས་མོས་རྩྭ་གསེང་གི་ལུ་གུ་རྣམས་མ་མཐོང་བ་རེད།
“ཨ་ཕ། ཨ་ཕ། ལུ་གུ་རྣམས་འདི་ན……”བུ་མོ་དེས་རྩྭ་གསེང་དུ་མཛུབ་གུས་བསྟན་ནས་དེ་ལྟར་འུར་བརྒྱབ།
སྐྱེས་པ་དེའི་གདོང་ལ་འཛུམ་དཀར་གྱི་སོ་ཕྲེང་དགོད་ཀྱིན་ཅི་ཡང་མི་སྨྲ་བར་བུ་མོ་དེའི་གདོང་ལ་ལག་པས་བྱིལ་བྱིལ་ཞིག་བྱས་སོང་།
སྐྱེས་པ་དང་བུ་མོ་གཉིས་ཀྱིས་ལུ་གུ་རྣམས་དེད་དེ་ཡུལ་དུ་ལོག མཐོ་སྒང་གི་གནམ་གཤིས་ནི་ངོ་མ་བློ་ཡིས་དཔག་ཐབས་བྲལ་པ་ཞིག་རེད། སྔོན་ཏག་ཏག་ལ་ཆར་བ་ཤག་ཤག་འཇོ་ནའང་། ད་ནི་གནམ་ངོ་སྐད་ཅིག་ཉིད་དུ་དྭངས་ནས་སྔོ་བསངས་བསངས་བྱེད་ལ། མཐོན་པོ་རྩྭ་ཐང་གི་ནུབ་མཐའི་གནམ་སའི་འདྲེས་མཚམས་སུ་མཚམས་སྤྲིན་གྱི་བཀྲག་མདངས་རྣམ་པར་འཚེར། དེ་ནི་རི་མོ་པ་ཞིག་གི་པིར་རྩེ་ནས་འཁྲུངས་པའི་ལྟ་ན་སྡུག་པའི་མཛེས་ལྗོངས་ཤིག་དང་མཚུངས།
སྐྱེས་པ་དེས“ཨ་ཕ་ཡོད་ས་ན། ཁྱོད་ལ་སྐྲག་ས་ཞིག་མེད”ཅེས་བཤད་པ་ན་བུ་མོ་དེའི་གདོང་ནས་འཛུམ་མདངས་ཀྱི་མེ་ཏོག་ལྷུག་པོར་གྲོལ་བྱུང་། བུ་མོ་དེ་སྐྱེས་པའི་མཆན་འོག་ཏུ་འབྱར་ཏེ་ཁ་ནས“ཨུ་ཤུ་ཨུ་ཤུ”ཞེས་སྒྲོག་ཅིང་། ལུ་གུ་རྣམས་ནི་ཁོ་གཉིས་ཀྱི་མདུན་དུ་ཡར་ལྡིང་མར་ལྡིང་བྱེད། ཁོ་གཉིས་མཚམས་སྤྲིན་གྱི་ཀློང་དུ་ཡོ་ཙམ་ཡོ་ཙམ་བྱེད་ཀྱིན་མདུན་དུ་སྐྱོད……
རྨོ་མོས་ད་དུང་ཅི་ཞིག་འཆད་ཀྱིན་འདུག་མོད། སྐབས་དེར་ཁྱམས་རའི་འཇག་རྩྭའི་གསེབ་ནས་བྱི་ལོང་ཞིག་བརྒྱུགས་འོངས་པས་ང་ལྷབ་སེ་བཏང་། ད་ནི་ང་འགྲོ་རན་སོང་། ངས་རང་ཉིད་ཁྱིམ་ཚང་ཆ་མེད་ཅིག་ཏུ་ལུས་འདུག་པ་རྟོགས་འཕྲལ་སེམས་པ་དབང་མེད་དུ་འཚབ་བྱུང་། ངས་རྨོ་མོར་ཤེས་སུ་མ་བཅུག་པར་འཇབ་འཇབ་ཀྱིས་རྒྱ་སྒོའི་ཕྱོགས་སུ་སོང་བ་ན། རྨོ་མོ་ལ་གྲག་འགུལ་ཚོར་ཏེ“ངས་ད་དུང་བཤད་མ་ཚར། ཁྱོད་གང་དུ་འགྲོ་རྒྱུ”ཟེར། ངས་རྨོ་མོ་དེར་ཕྱིར་ལྟ་ཙམ་ཡང་མ་བྱས་པར་ཚབ་ཚུབ་ཏུ་རྒྱ་སྒོ་ཁྲོག་གེར་ཕྱེ་སྟེ་སྲང་བར་དུ་ཕྱིན།
རྨོ་མོས“རྟ་བྷོ། རྟ་བྷོ”ཞེས་འབོད་པའི་སྒྲ་ངའི་རྣ་ལམ་དུ་གྲག་འོངས།
6
ང་སྲང་བར་དུ་སླེབས་དུས་སྲང་ལམ་སྔར་བཞིན་སྟོང་ཞིང་འཇགས། ངས་སྲང་ལམ་དོག་ཅིང་རིང་བ་དེ་དེད་ནས་མདུན་དུ་ཕྱིན་པ་ན། སྲང་ལམ་དེ་ནི་དངོས་གནས་ཤིན་ཏུ་རིང་བ་ཞིག་སྟེ། སྲང་ལམ་དེར་སོང་ཚེ་དངོས་གནས་མདོར་སླེབ་རྒྱུ་ཞིག་མི་འདུག ངས་དབུགས་ཧལ་ཧལ་དུ་ལེན་ཞོར་མུ་མཐུད་དུ་ཕྱིན་པ་ཡིན། སྣང་ངོར་ང་སྔོན་ལ་ཡོང་དུས་སྲང་ལམ་དེའི་ཕུག་རིང་ནའང་འདི་འདྲ་ཞིག་མིན་པར་སྣང་། ང་འགྲོ་མཚམས་བཞག་སྟེ་བལྟས་པ་ན། ང་ནི་སྔར་བཞིན་སྔོན་གྱི་ཁ་མལ་དུ་བསྡད་ཡོད་པ་དང་འདྲ། སྐབས་དེར་སྲང་བར་གྱི་ཕར་སྣེ་རུ་བུད་མེད་ཅིག་དལ་གྱིས་འོང་བཞིན་འདུག བུད་མེད་དེའི་ལུས་སུ་བོད་ལྭ་དམར་སྨུག་ཅིག་གོན་ཡོད་ལ། མོས་རུམ་དུ་ཕྲུ་གུ་ཞིག་པང་ཞིང་ལག་ཡས་ཀྱིས་ཕྲུ་གུ་སྐྱོར་ཞིང་ལག་ཡས་ཀྱིས་ལག་འཁྱེར་ཁ་པར་རྣ་རྩར་གཏད་ནས་ཉན་བཞིན་འདུག མོས་ཁ་པར་ཁ་རྩར་བླངས་ཏེ“ཅི་ཤེས། གསབ་དངུལ་ལེན་དུ་འགྲོ་རྒྱུ་ཟེར་ནས་ད་ནངས་སྔ་མོ་ནས་བུད་ཐལ”ཟེར་ཞིང་། དེ་ནས་ཁ་པར་སྟེང་མཛུབ་གུས་མནན་ཏེ་རང་གིས་བཤད་པའི་སྐད་ཆར་རང་གིས་ཐེངས་ཤིག་ཉན་རྗེས། ཡང་བསྐྱར་ཁ་རྩར་བཞག་སྟེ“གྲོགས་པོ་གྲོགས་གཅེས། རང་གིས་ད་རུང་ཁེར་མ་ཞིག་ལོངས་ང་ཐོངས”ཟེར། དེ་ནས་ཡུད་ཙམ་གྱིས་མོས་སླར་ཡང་ཁ་པར་རྣ་རྩར་བཞག་པ་ན། ཁ་པར་གྱི་སྒྲ་ཤིན་ཏུ་ཆེ་བས་གསར་བུ་ཞིག་གིས་ལ་གཞས་ལེན་པའི་སྒྲ་གསལ་བོར་གོ་ཡོང་།
བུད་མེད་དེས་ཁ་པར་ལས་ཕ་རོལ་པོས་བླངས་པའི་ལ་གཞས་ལ་ཉན་རྗེས། མོས་ལག་འཁྱེར་ཁ་པར་རྣ་རྩ་ནས་ཁ་རྩར་བླངས་ཏེ“གྲོགས་པོ་གྲོགས་གཅེས། བླངས་ཐལ་ཡ། དགའ་བསུ་གྱ་ནོམ་པ་ཞིག་བྱེད་ཀིན་ཡོད། ད་ཐེངས་རིམ་པས་དེ་བྱོས། ད་ང་ཁྱིམ་དུ་བསླེབ་ལ་ཡོད་ཀི སང་ཉིན་ཁོམ་ན་ཡང་བརྩེ”ཞེས་སྐད་འཇམ་པོས་དེ་ལྟར་བཤད་འཕྲལ་ལག་འཁྱེར་ཁ་པར་རུམ་ལ་བཅུག་བྱུང་།
བུད་མེད་དེའི་ཁ་པར་ལས་གྲག་ཡོང་བའི་སྒྲ་ཤིན་ཏུ་ཆེ་སྟེ། ཁ་པར་ལས“ཨ་རོག་མཚོ་མོ་ཡེ”ཞེས་བླངས་བྱུང་། ངས་ལ་གཞས་དེར་ཉན་རྗེས་རང་དབང་མེད་པར་གོམ་པ་སྤོ་མཚམས་བཞག་སྟེ་མོར་བལྟས་ནས་བསྡད་པ་ཡིན།
བུད་མེད་དེ་ནི་ངའི་དྲང་ཐད་དུ་ཡོང་བཞིན་འདུག
མོའི་མགོ་ལ་ཞྭ་མོ་མཐའ་ཁེབས་ཅན་ཞིག་གོན་འདུག་ལ། གདོང་དུ་ངོ་ཕྱེ་བསྐུས་ནས་དཀར་བོང་བོང་བྱེད། མཆུ་མགོར་སྐག་ཚོས་བྱུགས་ཏེ་དམར་ལམ་ལམ་བྱེད། མོས་ལག་འཁྱེར་ཁ་པར་རུམ་དུ་བཅུག་རྗེས་ལག་པ་གཉིས་ཀས་ཕྲུ་གུ་བསྡམས་ཤིང་། གོམ་པ་སྤོ་ཞོར་དང་གསིག་ཞོར་དུ“ལོ་ལོ་མ་ངུ་གཉིད་ལ་སྡོད། །གཉིད་ལ་སྡོད་དང་རྟ་ཞིག་སྟེར། །རྟ་ལ་སྒ་ཆ་བསྟོད་ལ་སྟེར། །རྟ་རྔར་གཡུ་ཞིག་བརྒྱུས་ནས་སྟེར། །རྟ་མགོར་དར་ཞིག་འདོགས་ལ་སྟེར……”ཞེས་ངག་ལ་བཀུག་ཡོང་།
ངེད་གཉིས་ཀྱི་ཕྲག་པ་བསྣོལ་ནས་འགྲོ་བའི་སྐད་ཅིག་མ་དེར། ངས་བུད་མེད་དེའི་རུམ་གྱི་ཕྲུ་གུ་ལ་མིག་ཞགས་ཤིག་འཕངས་པ་ན། ཕྲུ་གུ་ནི་སྔར་ནས་གཉིད་ཀྱི་ཞིང་ཁམས་འགྲིམས་ཟིན་པ་འདྲ། ཕྲུ་གུའི་གདོང་ལ་འཛུམ་ཞིག་ལངས་ཤིང་མིག་གཉིས་བཙུམས་ནས་ཡོད། ཕྲུ་གུ་ནི་དངོས་གནས་སྙིང་རྗེ་བོ་ཞིག་འདུག་སྟེ། ཤ་མདངས་དཀར་ཞིང་དྲི་མ་མེད་ལ། འཛུམ་ཀོང་གི་ཟབ་སར་རྨི་ལམ་གྱི་མཛེས་སྡུག་ལྷོད་པོར་འཁྱིལ།
བུད་མེད་དེས་ང་ལ་བལྟས་ཙམ་ཡང་མི་བྱེད་པར་མདུན་དུ་བུད་སོང་། ངས་ཕྱི་མིག་གིས་ལྟ་དུས། བུད་མེད་དེ་སྲང་ལམ་གུ་དོག་ཅིང་ཕུག་རིང་བ་དེའི་ནང་དུ་མདུན་ནས་མདུན་དུ་འགྲོ་བཞིན་མཆིས།
མོས་ཁ་ནས་མཚམས་མེད་དུ“ལོ་ལོ་མ་ངུ་གཉིད་ལ་སྡོད། །གཉིད་ལ་སྡོད་དང་རྟ་ཞིག་སྟེར། །རྟ་ལ་སྒ་ཆ་བསྟོད་ལ་སྟེར། །རྟ་རྔར་གཡུ་ཞིག་བརྒྱུས་ནས་སྟེར། །རྟ་མགོར་དར་ཞིག་འདོགས་ལ་སྟེར……”ཞེས་ལེན་བཞིན་གདའ།
མོའི་ངག་ནས་ཐོན་པའི་སྙན་འཇེབས་ཀྱི་དབྱངས་རྟ་དེས་ང་རྒྱང་རིང་གི་བྱིས་དུས་སུ་ཁྲིད་སོང་། ཉིན་རྒྱུན་ཨ་མས་ང་ཡི་རྣ་རྩར་ཁ་གཏད་ནས“ལོ་ལོ་མ་ངུ་གཉིད་ལ་སྡོད། །གཉིད་ལ་སྡོད་དང་རྟ་ཞིག་སྟེར། །
རྟ་ལ་སྒ་ཆ་བསྟོད་ལ་སྟེར།།རྟ་རྔར་གཡུ་ཞིག་བརྒྱུས་ནས་སྟེར། །རྟ་མགོར་དར་ཞིག་འདོགས་ལ་སྟེར……”ཞེས་ལེན་པའི་རྣམ་པ་རེ་རེ་ཝ་ལེར་ཡིད་ལ་འཕོས་བྱུང་།
མཐོ་སྒང་གི་གྲོང་རྡལ་འདིའི་འབྲོག་སྡེ་ཞིག་ཏུ་སུ་དང་གང་གིས་བཀོད་སྒྲིག་བྱས་པ་བཞིན། ངས་ཡུན་རིང་བརྗེད་ངས་སུ་སོང་བའི་བྱིས་གླུ་ཞིག་ཡང་བསྐྱར་རྣ་བར་ལྷུང་བ་དེས་ང་གློ་བུར་སྨེང་བར་བྱས་སོང་། ངས་རང་གི་གདོང་གི་མིག་ཆུ་འབྱིད་བཞིན་སྲང་ལམ་དོག་མོ་དེ་དེད་ནས་མདུན་དུ་ཕྱིན།
སྲང་ལམ་དོག་མོ་དེ་ནི་ཕུག་ལམ་རིང་བོ་ཞིག་དང་འདྲ་བར་མཐར་སོན་རྒྱུ་ཞིག་མི་འདུག ངས་ཕྱི་མིག་ལྟ་དུས་བུད་མེད་དེ་སྔར་བཞིན་སྲང་ལམ་ནས་ཅི་མི་སྙམ་པར་མདུན་ཕྱོགས་སུ་འགྲོ་བཞིན་ཡོད། ང་མདུན་དུ་འགྲོ་བ་དང་མོ་རྒྱབ་ཏུ་འགྲོ་བའི་གོམ་སྒྲ་ནི་སྲང་ལམ་ཀུན་ཏུ་ཁྱབ་ཅིང་། དེ་ནི་སྲང་ཤུར་དེ་ལས་གྲག་པ་མིན་པར་དོང་ཞབས་མེད་ཅིག་གི་གཏིང་མཐའ་ནས་བརྡོལ་པ་བཞིན་སྲ་ཞིང་མཁྲེགས་པ་ཞིག་རེད། དེའི་དུས་སྲང་ལམ་གྱི་ཕར་སྣེ་གང་ཞིག་ནས་ཁྭ་ཏ་ཁྱུ་ཞིག་ཧྲོག་སྒྲ་དང་བཅས་གཤོག་སྣེ་ལམ་ངོས་སུ་འདྲུད་ལ་ཁད་བྱས་ཏེ་ངའི་ཕྱོགས་སུ་འཕུར་ཡོང་། ཁྭ་ཏའི་ཁྱུ་ཚོགས་ང་དང་ཤིན་ཏུ་ཉེ་དུས་ད་གཟོད་མཁའ་ལ་ལྡིང་ཙམ་གྱིས་ངའི་མགོ་ཐོག་ནས་ནག་རོག་གེར་འཕུར་སོང་། ངས་བསམ་བཞིན་དང་བསམ་བཞིན་མ་ཡིན་པར་མགོ་བོར་ལག་པས་བཀབ་ནས་སྒུར་ཙམ་མི་བྱེད་ཀ་མེད་བྱུང་། ང་སྐྲག་སྔངས་ཀྱིས་ཕྱིར་འཁོར་བ་ན། ཁྭ་ཏའི་ཁྱུ་ཚོགས་ངའི་ཕྱི་མིག་གི་ལམ་དུ་རླུང་ནག་འཚུབ་མ་ཞིག་གློ་བུར་ལྡང་བ་བཞིན་སྲང་ཤུར་དེ་ཡི་ཕུག་ནས་ཕུགས་སུ་ལྗིད་ཏིག་གེར་ཡལ་སོང་།
སྲང་ཤུར་དེ་ནི་མགོ་འཁོར་ཕོ་བྲང་ཞིག་དང་མཚུངས་པར་རེ་ཞིག་ངས་ཤར་ལྷོ་ནུབ་བྱང་གི་ཕྱོགས་མཚམས་ཀྱང་གང་ཡིན་མ་ཤེས་པར་ལུས། ང་མུ་མཐུད་ནས་མདུན་དུ་ཕྱིན་པ་ན། སྣང་བ་ཞིག་ལ་རྒྱང་རིང་གི་གནམ་སའི་མཚམས་སུ་སྤྲིན་ནག་གི་འདུ་འགོད་རབ་ཏུ་འཁྲིགས་ཤིང་། མིག་ལམ་དུ་ཡེ་ནས་མངོན་མ་མྱོང་བའི་མུ་མེད་རི་ཀླུང་གི་མདུད་རྒྱ་བསྣོལ་མར་སྦྲེལ་བྱུང་། ཁོ་ར་ཁོར་ཡུག་ཀུན་ཏུ་སྨུག་པ་མཐུག་པོ་ཞིག་གིས་བཏུམས་ཏེ་དབུགས་ཀྱང་གཅོད་ལ་ཁད་བྱེད། དེའི་དུས་ལག་ཏུ་ཁུག་མ་སྔོན་པོ་ཐོགས་པའི་བྱིས་པ་ཞིག་གིས་ང་ལ་གཡབ་མོ་བྱེད་ཀྱིན་འདུག ང་ཇི་ལྟར་བརྒྱུགས་ཀྱང་ཁོའི་རྗེས་ཆོད་ཐབས་བྲལ། ངས་དབུགས་ཧལ་ཧལ་དུ་ལེན་བཞིན་ཁོའི་རྗེས་བསྙེགས་ཅི་ཐུབ་བྱས། གལ་ཏེ་ང་བསྡད་ན་ཁོ་ཡང་སྡོད་པ་དང་།
ང་ཡར་ལངས་མ་ཐག་ཁོས་ཡང་བསྐྱར་ཁུག་མ་ངའི་ཕྱོགས་སུ་གཡུགས་ནས“ཁྱོད་བུ་ངར་བ་ཡིན་ན་ཤོག་ཡ”ཟེར། ང་མུ་མཐུད་ནས་མདུན་དུ་བརྒྱུགས། བྱིས་པ་དེ་ནི་དངོས་གནས་མགྱོགས་ཏེ་ཡུད་ཙམ་གྱི་རིང་ལ་མིག་ལམ་ནས་བོར་སོང་། ངས“ཝ་ཡེ། ཝ་ཡེ། ཝ་ཡེེ……”ཞེས་མི་དེར་འབོད་ཀྱིན་ཁོའི་རྗེས་བསྙེགས་ནས་སྨུག་པའི་མཐའ་རུ་སོན་མ་ཐག མདུན་རོལ་ཏུ་ལུང་བ་ཆེན་པོ་ཞིག་མངོན་བྱུང་། ངས་མུ་མཐུད་དུ“ཝ་ཡེ། ཝ་ཡེ། ངའི་ཁུག་མ”ཞེས་སྐད་བརྒྱབ་ཀྱང་མི་དེ་གར་སོང་ཆ་མེད་དུ་གྱུར། སྐབས་དེར་ང་ལ་མགོ་ཡུ་འཁོར་བ་བཞིན་གནམ་ས་གཉིས་མགོ་རྟིང་བསློགས་ཏེ་འཁོར་ཞིང་། ང་ནི་གྱང་རྟིང་ཞིག་ཏུ་ཁ་སྦུབ་ཏུ་འགྱེལ་ནས་ཁོག་གི་འཐེན་ཐུག་མ་ལུས་སྐྱུག་ཅི་ཐུབ་བྱས་པ་ཡིན།
འདི་ནི་འཕྲུལ་སྣང་ཡིན་ནམ། ངས་རང་གི་མགོ་བོ་ལན་འགར་སྤྲུགས་ནས་རིག་པ་སངས་ཐབས་བྱས། ང་དེར་མགོ་བོ་བཏུམས་ནས་ཡུད་ཙམ་རིང་བསྡད་པ་ན། རིམ་གྱིས་རྒྱུན་ལྡན་དུ་འགྱུར་མགོ་ཚུགས། དེའི་དུས་ང་གང་དུ་ཡང་སླེབས་མེད་པར་སྔར་བཞིན་སྲང་ཤུར་རིང་ལ་དོག་པ་དེར་ལུས་འདུག ངའི་ཁ་ནས་དངན་པ་གཅིག་འཕྲོར་གཅིག་འཐེན་བཞིན་ལོགས་ཀྱི་རྩིག་ངོས་ལ་བསྙེས་ཏེ་ཡར་ལངས།
སྲང་ལམ་ནས་ལམ་མདོར་སླེབས་པ་ན། ང་ནི་མཆུ་ཏོ་བསྡམས་པའི་ལུ་གུ་ཞིག་ཤན་པའི་ལག་ནས་ཤོར་པ་བཞིན་ལུས་སེམས་གཉིས་ཀ་ཅུང་ཟད་བདེ་ལ་བབས་བྱུང་། ངས་ཕ་རོལ་ཏུ་བལྟས་དུས། ཕ་གིའི་ས་ངོས་སྙོམས་ས་དེར་སྟེགས་གྲུག་རྩེ་བའི་གསར་བུ་མགོ་འབལ་ལེ་བ་དེ་ཚོས་འུར་འུར་ཟང་ཟིང་བྱེད་ཀྱིན་འདུག“ཨ་ཕའི་རོ། ངས་ཁྱོད་དམྱལ་བར་མ་བརྫངས་ན་ང་བུ་མིན།”“ཧོ་ཧོ་ཡ། ང་དགོད་རྒྱུ་སྒལ་བའི་དཀྱིལ་ནས་ཡོང་གི”“གཡེ་བྱ་རྒྱུ་གཉིས་ཀས་དེ་མ་བྱེད། ད་ཆོག་གི་ཆོག་གི”“ཨ་ཕའི་རོ། ཁ་སང་དེ་རིང་སྐྱག་ཕྲུག་འདི་འདྲས་ཀྱང་སྡོད་དུ་མི་འཇུག་གི”“མི་ངན་ཁྱོད་འདྲ་འདྲའི་རང་ཉིད་ཅིག་ཡིན་བསམ་གྱིན་ཡོད་ན་ཐང་། ཤོག་ཡ། ད་ཤོག”
“……”
ཁོ་ཚོའི་འུར་ཟིང་གི་སྒྲ་ནི་སྐབས་འགར་ངའི་རྣ་ལམ་དུ་གསལ་ཞིང་འཚེར་ལ། སྐབས་འགར་ངའི་རྣ་ལམ་དུ་འབྱོར་ཙམ་གྱིས་རླུང་གིས་གཅོལ་འགྲོ། ངས་གོམ་པ་གང་རེ་གང་རེ་མདུན་དུ་སྤོ་བཞིན་ཉེ་སར་བཅར་བ་ན། གསར་བུ་མགོ་འབལ་ལེ་བ་དེ་ཚོས་ཕན་ཚུན་ལ་འཇུས་ཏེ་ཕར་གཡུག་ཚུར་གཡུག་བྱེད་ཀྱིན་འདུག ཁ་ཤས་ཀྱིས་བར་བཤོལ་བཞིན་པ་འདྲ་ལ། ཁ་ཤས་ཀྱིས་སྐུལ་སློང་བྱེད་བཞིན་པ་དང་ཡང་མཚུངས། གང་ལྟར་གྲུག་སྟེགས་ཀྱི་མཐའ་རུ་ས་རྡུལ་ལང་ལོང་བྱེད། དེའི་དུས་གྲུག་སྟེགས་སྟེང་གི་སྟེགས་གྲུག་རྣམས་ཁྲོག་ཁྲོག་ཁྲོག་གང་སར་ཐོར་བ་དང་ཆབས་ཅིག སྔོན་གྱི་གསར་བུ་མགོ་ལ་སེང་རས་ཀྱིས་དཀྲིས་པ་དེ་ལྟིག་གེར་ཐང་དུ་བསྒྱེལ་བྱུང་། ཁོའི་ཁ་སྣ་གཉིས་ལས་ཁྲག་བཞུར་ཏེ་བལྟས་བལྟས་ལ་ས་ངོས་ཀུན་ཀྱང་རིམ་གྱིས་ཚོས་མདོག་ཏུ་བསྒྱུར་བྱུང་། གསར་བུ་རྣ་ཡས་སུ་རྣ་ལུང་སེར་ལམ་ལམ་ཞིག་བཏགས་པ་དེས་ངུ་འབོད་བྱེད་ཀྱིན“དབང་བྷ། དབང་བྷ”ཞེས་ཐང་ལ་འགྱེལ་བའི་གསར་བུ་དེ་གསིག་པར་བྱེད། གྲུག་སྟེགས་ཀྱི་མཐའ་ལ་རུབ་པའི་མི་རྣམས་ཏན་སེར་བསྡད་ཅིང་ཕན་ཚུན་གྱི་གདོང་དུ་ལྟ་རེས་རེ་བྱས་རྗེས་གོམ་པ་འགའ་ཕྱི་ནུར་སྟེག་པ་དང་། དེ་ནས་གློ་བུར་སད་པ་བཞིན་རྟ་རྒྱུག་པ་ལྟར་རང་སར་བྲོས་སོང་། དེ་ནས་ཅང་མ་འགོར་བར་སྐྲ་ལོ་རིང་བོ་ཕྲག་མཚམས་སུ་སླེབས་པ་དེ་དང་གསར་བུ་གཟུགས་ཐུང་ཞིག་ཡོད་པ་དེ་གཉིས་གྱང་སྣ་དེ་ནས་འཇུར་ཡོང་ཞིང་། ཚབ་ཚུབ་ངང“ཞ་ལིས”སྐྱ་ལོག་དེའི་ནང་དུ་བུད་དེ། སྡེ་འདབས་སུ་འཐེན་པའི་ཨར་འདམ་གྱི་ལམ་དུ་ཞུགས་ནས་སྐད་ཅིག་དེ་ཉིད་ལ་མི་སྣང་བར་གྱུར། གསར་བུ་རྣ་ཡས་སུ་རྣ་ལུང་སེར་ལམ་ལམ་ཞིག་བཏགས་པ་དེ་གཅིག་པུ་ཤུལ་དུ་བསྡད་དེ་མུ་མཐུད་ནས“དབང་བྷ། དབང་བྷ”ཞེས་འབོད་ཀྱིན་འདུག་ལ། ཁོའི་འབོད་སྐད་ཁྲོད་དུ་སྐྲག་སྣང་དང་འཚུབ་ཆ་ཞིག་གིས་ཀུན་ནས་ཁེངས་འདུག
དེའི་དུས་ཁྱིའི་འབ་སྐད་མང་བོ་བདེ་སྐྱིད་སྡེ་གསར་གྱི་སྲང་ལམ་གང་ཞིག་ནས་རྡུལ་ཚུབ་བཞིན་ལྡང་འོངས།
7
ངས་ལྦུ་ཆང་ཤོག་སྒམ་གང་བོ་འུབ་པ་བཏབ་ནས་སྡོད་ཁང་དུ་ལོག་རྗེས་ལྦུ་ཆང་གི་དམ་བེའི་ཁ་ཕྱེ་སྟེ་རྔམ་འཐུང་བྱས།
ང་རྨ་ཡུལ་དུ་འབྱོར་ནས་ཟླ་ལྔ་ལྷག་འགོར་རུང་།
ངས་ད་དུང་སེམས་གཏམ་བཤད་སའི་གྲོགས་པོ་ཞིག་ཀྱང་རྙེད་མེད་པས། སེམས་པ་དངོས་གནས་འཁྱག་སིབ་སིབ་ཏུ་གྱུར་ཅིང་། སྤོབས་པ་དང་ཡིད་ཆེས་དག་ཀྱང་གང་ཞིག་ཏུ་བྲོས་པ་བཞིན་རྒྱང་ནས་རྒྱང་དུ་ཡལ་ཏེ་འགྲོ་བས། སུན་སྣང་གིས་གཙེས་པའི་མཚན་མོ་འདི་དག་ཆང་གིས་སེལ་བ་ལས་ཐབས་ཅི་ཡང་མི་འདུག ངས་ཐུག་པ་དཀར་ཡོལ་གང་བོ་དང་ཤ་བསྲེགས་མ་ཐུར་སྐོར་བཅུ་པོ་ཟོས་ཚར་རྗེས། ཞབས་ཞུ་མར་དཀར་ཡོལ་ལེན་ཁོམ་མ་བྱིན་པར་སྒོར་བུད་པ་ནི་རང་ལ་མཚོན་ན་གྲོང་རྡལ་འདིར་འབྱོར་རྗེས་ཀྱི་ཉམས་མྱོང་ཡིན་ལ། དེ་ནི་ངའི་རྒྱལ་ཁ་འབའ་ཞིག་ཀྱང་ཡིན་པས། ཞབས་ཞུ་མ་འགྲམ་དམར་དེར་སྡུག་གྱོང་སྐམ་པོ་རེད། ཆུང་ངུའི་དུས་སུ་ཨ་མས་ངའི་རྣ་རྩར་བླངས་པའིォལོ་ལོ་མ་ངུ་གཉིད་ལ་སྡོདサཅེས་པའི་བྱིས་གླུ་དེ་ད་དུང་གྲག་བཞིན་འདུག་ལ། དེ་ནི་བདེ་སྐྱིད་སྡེ་གསར་གྱི་བུད་མེད་དེས་བླངས་པ་དང་ཁྱད་པར་ཡེ་ནས་མི་འདུག རྨོ་མོ་ཚང་གི་རྩིག་བར་གྱི་འབུ་སྡོམ་དེ་དག་གསང་མྱུལ་པའི་མིག་ཅིག་དེར་བཙུགས་པ་བཞིན་ང་ལ་ཅེ་རེར་ལྟ་དོན་ཅི་ཡིན་ནམ། ཨ་བ་ཨ་མ། ང་སྐྲག་སྣང་གིས་བཏུམས་བྱུང་། ངས་ལྦུ་ཆང་འཐུང་ན་ཁྱོད་ཀྱི་སྒོར་མོས་འཐུང་བ་མ་རེད། ངས་རང་གི་སྒོར་མོས་འཐུང་བ་རེད། ཁྱོད་ལ་འབྲེལ་བ་ཡེ་ནས་མེད། ཁྱོད་ཀྱིས་གོ་སོང་ངམ། ངས་ད་དུང་ལྦུ་ཆང་མང་བོ་མང་བོ་འཐུང་རྒྱུ་ཡིན། ཨ་ཁྱི་སྐྱག གོ་སོང་ངམ། རྨོ་མོ་དེས་རྩྭ་ཐང་དྲན་བཞིན་འདུག་ཟེར། ངས་ཀྱང་ང་འཚར་ལོངས་བྱུང་སའི་གྲོང་ཚོ་དེ་དྲན་འོངས་ལ། ར་མ་དང་བ་ལང་དང་བོང་བུ་དང་ཁྱི་རྒན་བཀྲ་ཤིས་དང་རེའུ་ཁྲ་ཁྲ་དང་བྱི་ལ་ནག་རིལ་སོགས་དྲན་ཡོང་། ཁྱོད་ནི་ཕ་ཡུལ་བོར་བའི་རོང་ཕྲུག་ཅིག་སྟེ། ཅི་ཞིག་ཡིན་མདོག་དེ་ང་ལ་མ་སྟོན་རོགས། ང་དེར་དགའ་རྒྱུ་ཅང་མེད། རང་གིས་འཐུང་དགོས་ན་འཐུང་། སྒོག་གེར་འཐུང་། མི་འཐུང་ན་ཨ་ཕ་ལེ་ལེ་མེད། སྟེགས་གྲུག་རྩེད་རྒྱུ་དེ་ཡང་འཇིགས་པོ་ཞིག་ལ་རྩི་བཞིན་འདུག ཧ་ཧ། སྙིང་མ་རྗེ། ང་དགོད་རྒྱུ་སྒལ་བའི་དཀྱིལ་ནས་ཡོང་གི ཁྱོད་ངར་ན་ང་ལ་འཇུས་དང་འུ་གཉིས་ཀྱིས་བུ་འགྲན་ཡ། འགྲན་ཕོད་དམ། མི་ཕོད་ན་ཁ་རོག་གེར་ཁྱི་ཁ་ཚུམས་ལ་སྡོད…… ང་ལ་གཉིད་ཡོང་གི ཨ་ཕ་ལེ་ལེ་ང་གཉིད་དུ་ཆུགས། ངས་ཨ་མ་དྲན་གི ལོ་ལོ་མ་ངུ་གཉིད་ལ་སྡོད། །གཉིད་ལ་སྡོད་དང་རྟ་ཞིག་སྟེར། །གནམ་གྱི་སྐར་མ་བཏོགས་ལ་སྟེར། །ས་ཡི་མེ་ཏོག་འབལ་ལ་སྟེར། །ལོ་ལོ་མ་ངུ་གཉིད་ལ་སྡོད……
རྨི་ལམ་དུ། ཉིན་མོར་མཐོང་བའི་རྨོ་མོ་དེས་ངའི་སྒོ་གླགས་ཁྲོག་ཁྲོག་ཏུ་རྡུང་བཞིན་འདུག ངས་བྲེལ་སྔངས་དང་བཅས་སྒོ་ཕྱེ་བ་ན། རྨོ་མོ་དེ་གྱོལ་མ་ལྡིང་གིས་ཡོང་ནས་ངའི་ཐོང་གར་འཇུས་ཏེ“ང་ཡི་ལག་རྟེན་ང་ལ་སྤྲོད་རོགས”ཟེར། རྨོ་མོ་དེར་དེ་འདྲའི་སྟོབས་ཤུགས་ཤིག་གང་ནས་རྒྱས་པ་ཡིན་ནམ། རྨོ་མོའི་སྐྲ་དཀར་གྱི་འདབས་སུ་རྩྭ་ཆག་སོགས་འབྱར་ཏེ་ཟེད་ལོང་ངེར་འདུག་ཅིང། མོའི་མིག་ཟུང་ལས་འོད་མདངས་དམར་པོ་ཞིག་འཕྲོ་ཞིང་ང་ལ་ཡོ་མེད་དུ་ཅེར་བྱུང་། དེར་མཐུད་ནས་རུམ་ནང་ཕྲུ་གུ་བཅུག་པའི་བུད་མེད་དེ་ཡང་སླེབས་བྱུང་། བུད་མེད་དེས་ཁོག་སྟོད་གཅེར་བུར་ཕུད་ཅིང་བྲང་གི་མྱོས་བུམ་གཉིས་ཀ་ཡང་ལྷུག་ལྷུག་ཏུ་གཡོ། གདོང་ཡོངས་ལ་སྐྱ་ཕྱེ་བྱུགས་ནས་གདོང་ནི་གདོང་མིན་པར་ཀེང་རུས་ཤིག་དང་མཚུངས། ངས་སྐྲག་མ་སྔངས་ཀྱིས་ཕར་བལྟས་པ་ན། ཕྲུ་གུ་ཆུང་ཆུང་དེ་མོའི་རྒྱབ་ཏུ་ཁུར་འདུག་ལ། ཕྲུ་གུའི་གདོང་དུ་སྔར་བཞིན་འཛུམ་འཁྱིལ་ལེར་ཡོད། མོས་སྐད་གསང་མཐོན་པོས“ཁྱོད་ཀྱིས་ང་ལ་མར་ཆུར་མང་བོ་མང་བོ་སྟེར་ཟེར་བ་མིན་ནམ། དེ་རིང་ང་ཁྱོད་ཀྱི་སར་མར་ཆུར་ལེན་དུ་ཡོང་བ་ཡིན”ཟེར། ད་དུང་ངའི་ཁུག་མ་རྐུ་མཁན་བྱིས་པ་དེ་ཚོ་ཡང་སླེབས་འདུག ཁོ་ཚོའི་གདོང་དུ་ཧ་ཅང་སྣང་ཆུང་གི་ཉམས་ཤིག་ཤར་ཡོད་ཅིང་། ང་མཐོང་བ་དང་ཁུག་མ་སྔོན་པོ་དེ་ངའི་ཕྱོགས་སུ་ཅལ་སེ་གཡུགས་བྱུང་། དེར་མཐུད་ནས་སྔོན་དུ་འགྲེང་བ་དེས་ཤིན་ཏུ་མ་རངས་པའི་གདངས་ཀྱིས“རྗེས་སུ་དཔེ་ཆད་མ་ཆད་དེ་དག་ཁུར་ནས་ངའི་མདུན་དུ་ཁེངས་ཉམས་སྟོན་གྱིན་མ་འདུག”ཟེར། ང་བྱིས་པ་དེས་མཚར་དུ་བཅུག་སོང་། ཁོ་ཚོས་ངའི་ཁུག་མ་ཕྲོགས་པ་དང་མི་འདྲ་བར། ངས་ཁོ་ཚོའི་ཁུག་མ་ཕྲོགས་པ་དང་འདྲ། ངས་བྱིས་པ་དེ་ཚོར་ཅི་ཞིག་བཤད་འདོད་ཀྱི་སྐད་ཆ་དག་ཁ་ནས་འབུད་ལ་ཁད་བྱེད་དུས། ཆང་འཐུང་དེ་གཉིས་ཀྱང་གོམ་པ་ཁྱོར་བཞིན་ངའི་སྒོ་འགྲམ་དུ་འབྱོར་བྱུང་།
སྔོན་མ་དེས“སྐྱག་གཟན། ངའི་འཚོ་བའི་གསབ་དངུལ་ད་དུང་མི་སྟེར་རམ”ཟེར། ངས་ཁོ་གཉིས་ལ་ཞིབ་ཏུ་བལྟས་པ་ན། ཁོ་གཉིས་ཀྱི་ལུས་ཡོངས་ཁྲག་གིས་ཚོས་འདུག་ཀྱང་། ལག་ཏུ་ད་དུང་ཆང་དམ་ཞིག་ཐོགས་ནས་ང་ལ་རྫིག་རྫིག་བྱེད། གཞུག་མ་དེས“ཨ་ཕའི་རོ། ཁྱོད་ཁྱོད་ཁྱོད…… ཁྱོད་གང་ནས་འོངས་ཤིང་གང་དུ་འགྲོ”ཟེར།
……
གཉིད་ལས་སད་དུས་སུ། ཨ་རག་གི་བཟི་ཁ་བཙན་པོ་ད་དུང་ཡོངས་སུ་དྭངས་མེད་པས། ཁ་ནང་དུ་ཞེ་མེར་བའི་སྐྱུར་དྲིས་ཁེངས་ཤིང་ཀླད་པའང་གཟེར་བྲེང་བྲེང་བྱེད། ང་ནི་ཉལ་ཡང་དཀའ་ལ་ལངས་ཀྱང་མི་བཟོད་པ་ཞིག་རེད།
དེའི་དུས་ཉིན་གུང་བསླེབ་ལ་ཉེ། ང་བཙན་གྱིས་ཡར་ལངས་ཤིང་སྔས་མགོའི་སྟེང་གི་ལག་ཕྱིས་དེས་མགོ་བོ་དམ་པོར་བཅིངས་རྗེས། ཐད་ཀར་ཐབ་ཚང་དུ་འཛུལ་ནས་ཆུ་འཁྱག་དཀར་ཡོལ་གང་དབུགས་ཐེངས་གཅིག་གིས་འཐུང་། སྣང་བ་ཞིག་ལ་མགོ་ནང་གི་ལྗིད་ཏིག་ཏིག་གི་དངོས་པོ་དེ་དག་གང་ཞིག་ཏུ་དེད་སོང་བ་དང་འདྲ་བར་ཡང་མོ་ཞིག་ཏུ་གྱུར། དེའི་དུས་གཅིན་པ་གཏོང་འདོད་ཀྱིས་ལྒང་བུ་སྦོས་ཏེ་ཚ་བེར་བེར་བྱེད། ང་ཆབ་དོང་ཁར་བཞོན་ནས་གཅིན་པ་མ་ལུས་ཤག་ཤག་ཏུ་བཏང་།
དེ་ནི་དབྱར་གྱི་ཉིན་མོ་ཞིག་གི་ཉིན་གུང་བསླེབ་ལ་ཉེ་བའི་དུས་ཤིག་རེད། ཉི་འོད་ཀྱི་ཟེར་མ་ནི་གནམ་སའི་བར་གླགས་ཀུན་ཏུ་དྲོད་ཀྱིས་རྒྱུ། ང་རབ་གསལ་ནང་ཕྱིན་ཏེ་འབོལ་ཁྲིའི་སྟེང་གན་རྐྱལ་དུ་ལོག་པ་ན། སྒེའུ་ཁུང་ལས་འཕྲོས་པའི་ཉི་འོད་ལུས་སྟེང་དུ་ཕོག་པ་དེས། ང་ལ་བདེ་བ་བསམ་གྱིས་མི་ཁྱབ་པ་ཞིག་བསྩལ་པས། ཕྱིར་མལ་ཁྲིའི་སྟེང་ལོག་མི་འདོད་པར་གྱུར། ང་རབ་གསལ་ནང་བསྡད་དེ་ཉི་མར་ཅི་འདོད་དུ་འདེ་བ་ཡིན། དེའི་དུས་ངས་དྲ་མིག་ལས་རྒྱ་སྲང་གི་བཞི་མདོར་མི་མང་བོ་འཚུབ་ལོང་ལོང་བྱེད་པ་མཐོང་ཞིང་། མི་མང་བོ་གྲོང་རྡལ་གྱི་མཐའ་རུ་སྐེ་ཚེ་བཏབ་ཡོད་སའི་ཕྱོགས་སུ་སྔ་གཞུག་བརྩད་དེ་རྒྱུག་བཞིན་འདུག་པའང་མཐོང་བྱུང་།
ང་རབ་གསལ་ནང་བསྡད་དེ་ཅི་ཞིག་བྱུང་བ་ཡིན་ནམ་སྙམ་བཞིན་མིག་ཧྲིག་གེར་བལྟས་སྡོད་དུས། ལམ་གྱི་བཞི་མདོར་ཡང་མི་སྐོར་ཞིག་མངོན་བྱུང་། ཁོ་ཚོ་ཡང་སྔོན་མ་ལྟར་འགྲན་སྡུར་བྱེད་པ་བཞིན་བརྒྱུགས་པས། ལམ་ངོས་ཀྱི་རྡུལ་རྣམས་ཕྱོགས་བཞིར་འཚུབ་སྟེ་སྐྱ་ལོག་ལོག་བྱེད།
ངའི་སེམས་སུ་གྲོང་རྡལ་གྱི་མཐའ་རུ་ཆགས་པའི་མུ་མཐའ་བྲལ་པའི་སྐེ་ཚེའི་ཞིང་ནང་དུ་དོན་དག་ཅིག་བྱུང་ཟིན་པ་ཐག་ཆོད་རེད་སྙམ་ཡང་། དོན་ལ་དོན་དག་ཅི་ཞིག་བྱུང་ཟིན་པ་ངས་ཟུར་ཙམ་ཡང་མ་ཤེས། ངས་སྔར་བཞིན་རབ་གསལ་ནང་ནས་ཕ་རོལ་ཏུ་ཅེར་བསྡད་པ་ཡིན། ཁང་བའི་ནང་ནས་གཤམ་དུ་བལྟས་ཚེ། ངའི་སྡོད་ཁང་དང་སྐེ་ཚེའི་ཞིང་བར་དུ་མ་མཐའ་ཡང་སྤྱི་ལེ་གཉིས་ཙམ་གྱི་བར་ཐག་ཡོད་མོད། ཞིང་ནང་དུ་མི་མང་བོ་ཟང་ཟིང་ལང་ལོང་བྱེད་པའི་རྣམ་པ་གསལ་བོར་མཐོང་ཡོང་། ང་དེ་ལྟར་རབ་གསལ་ནང་ཡུད་ཙམ་འགོར་བ་ན། སྔོན་གྱི་དྲོད་འཇམ་གྱི་ཉི་འོད་དེ་ཡང་རིམ་གྱིས་ངོ་བོ་འགྱུར་ཏེ་ལུས་ཡོངས་ཚ་བེར་བེར་བྱེད། དེའི་དུས་ངས་ལག་པས་དཔྲལ་ངོས་སུ་རེག་པ་ན། རྔུལ་ཆུ་ནི་ཆུ་བུར་བརྡོལ་པ་བཞིན་ག་ས་གང་ནས་འཛུམ་ཞིང་། སྐྲ་འདབས་སུ་རྔུལ་ཆུའི་ཐིགས་པ་མང་བོ་མཚམས་ཚིགས་མེད་པར་ཟགས་ཡོང་། དེའི་དུས་གྲོང་མཐའི་སྐོར་ལམ་དུ་རླངས་འཁོར་དཀར་ལྡང་ཆེ་ཆུང་གཉིས་བྱ་འཕུར་བ་ལྟར་བརྒྱུགས་ནས་འོང་བཞིན་འདུག དེ་ནི་ཉེན་རྟོག་པའི་རླངས་འཁོར་ཞིག་ཡིན་པ་ཏུའུ་སྒྲ་རིང་མོ་མཚམས་མ་ཆད་པར་བསྒྲགས་འོང་བ་དེ་ལས་ཀྱང་གསལ་བོར་ཤེས་ཐུབ།
ད་ནི་ང་ཡང་རབ་གསལ་ནང་ཉི་མར་འདེ་ནས་སྡོད་ག་ལ་ཐུབ། ང་གློ་བུར་ཡར་ལངས་པ་ན། ཉི་མར་འདེ་ནས་ཡུན་རིང་འགོར་བའི་རྐྱེན་གྱིས་མགོ་ཡོམ་འཁོར་ནས་འགྱེལ་ལ་ཁད་ཅིག་བྱས་སོང་། ང་ཡུད་ཙམ་ལ་འགྲེང་སྟེ་མགོ་བོ་ཇེ་བདེར་སོང་འཕྲལ་མྱུར་མོར་སྒོར་བུད། ངས་དབུགས་ཧལ་ཧལ་དུ་ལེན་བཞིན་ཕ་གིའི་ཕྱོགས་སུ་རྒྱུག་དུས། རྐང་འོག་གི་ལམ་ཡང་ང་དང་མཉམ་དུ་རྒྱུག་བཞིན་པའི་སྣང་བ་སྟེར། ལམ་འགྲམ་གྱི་རྩྭ་རྩི་ཤིང་དང་གསོམ་ཕྲུག་དག་གིས་ཀྱང་ང་ལ་མགོ་ལྕོག་ལྡེམ་པ་བཞིན་གཡོ་ཙམ་འགུལ་ཙམ་བྱེད། སྐབས་དེར་ང་རྒྱུག་པ་ཤིན་ཏུ་མགྱོགས་པས་རྐང་སྣེ་རྡེའུ་ཞིག་ལ་ཕྲད་ཅིང་རྡོག་འདྲེད་ཤོར་ཏེ་ས་རྡུལ་ནང་ཁ་སྦུབ་ཏུ་འགྱེལ་སོང་། ངའི་སྣང་བ་ཞིག་ལ་ས་རྡུལ་ནང་འགྱེལ་བ་དེ་ང་མ་ཡིན་པར་གྱང་རྙིང་ཞིག་འགྱེལ་སོང་བའི་སྣང་བ་སྟེར། ངས་མགོ་བོ་ཤུགས་ཀྱིས་ཡར་དགྱེ་དུས་ཁ་ཆུ་བཞུར་ཏེ་ས་རྡུལ་དང་འདྲེས་འདུག་པས། སྟོན་ཁའི་ཉི་འོད་འོག་འོད་ཀྲིག་ཀྲིག་བྱེད། དེའི་དུས་ས་རྡུལ་རྣམས་རིམ་གྱིས་འཇགས་པས་ལམ་ནི་ཡང་བསྐྱར་ངའི་མིག་ལམ་དུ་མངོན་བྱུང་། ཡིན་ནའང་ལམ་ཕྲན་གྱ་མ་གྱུ་དེ་མདུན་གྱི་ས་ངོས་སུ་བསྲིངས་མེད་པར་ངའི་ལུས་ཀྱི་ངོས་གང་ཞིག་ཏུ་ཟུག་འདུག་པའི་ཉམས་སྣང་སྟེར། ང་ཐང་དུ་འགྱེལ་བ་དེས་ངའི་པུས་མོའི་མཚམས་སུ་རྨ་ཁ་ཞིག་བཟོས་ཡོད་པ་གདོན་མི་ཟ་སྟེ། ང་ཡར་ལང་འདོད་ཀྱིས་འཕག་ཙམ་བྱས་ཙ་ན། པུས་མོའི་མཚམས་སུ་ན་ཟུག་བཟོད་གླགས་བྲལ་པ་ཞིག་སྐྱེས་བྱུང་།
ངས་ན་ཟུག་བསྲན་ནས་བཙན་གྱིས་ཡར་ལངས་མོད། ད་ནི་ཤུགས་ཀྱིས་རྒྱུག་བསམ་པའི་འདོད་བློ་དེ་པུས་མོའི་མཚམས་ཀྱི་ན་ཟུག་གིས་ཕྱི་ལ་དྲུད་བྱུང་། ང་གྱོལ་མ་ལྡིང་གིས་ལམ་ཕྲན་དེ་དེད་ནས་ཕྱིན། ཞིང་ནང་གི་མི་རྣམས་དང་དེ་འདྲའི་ཉེ་ནའང་ང་ནི་བསླེབ་རྒྱུ་ཞིག་མི་འདུག ང་རང་ཉིད་ལ་ཁོ་ཆད་བྱུང་། ང་པུས་མོའི་སྟེང་ལ་སྙིང་ལངས་འོངས། པུས་མོ་གུག་འཁྱོག་འདིས་ཀྱང་གནད་འགག་གི་སྐབས་སུ་མི་ལ་ངོ་སོ་ཞིག་མི་སྟེར། ངས་ན་ཟུག་བསྲན་ནས་བསམ་གཟས་ཏེ་གོམ་པ་ཇེ་མགྱོགས་སུ་བཏང་བ་ཡིན།
ཞིང་ནི་མི་མང་བོས་བཅག་བཅག་བཏང་ནས་ལྟ་སྲོལ་ཞིག་མི་འདུག སྐེ་ཚེའི་གཞུང་རྟ་རྣམས་རྡོག་པས་བརྫིས་ཏེ་གཡས་གཡོན་ཀུན་ཏུ་བསྒྱེལ་འདུག མི་འདི་རྣམས་ནི་ཅི་འདྲའི་མི་ངན་ཐ་ཤལ་ཏག་ཏག་རེད་ཨང་། སྐེ་ཚེ་ནི་ཅང་མ་འགོར་བར་མཛོད་དུ་བསྡུ་ཆོག་པའི་འབྲུ་རྡོག་རེ་རེ་ཡིན། མི་རྣམས་ཀྱིས་དེ་ཤེས་བཞིན་དུ་སེར་སྣ་མེད་པར་རྡོག་པས་བརྫིས་ཏེ་ལྟ་སྲོལ་མེད་པར་བཏང་འདུག ངས་ཕར་བལྟས་དུས་རྣང་ཞིང་དུ་ཁ་སང་སྟེགས་གྲུག་རྩེ་བའི་སྐྲ་ལོ་རིང་བོ་ཕྲག་གོང་དུ་སླེབས་པ་དེ་དང་། མགོ་ལ་སེང་རས་དཀར་པོ་དཀྲིས་པ་དེ། ད་དུང་ཁ་པར་དུ་སྐད་འཕྲིན་རྩེ་བའི་བུད་མེད་དེ་དང་རྨོ་མོ་དེ་སོགས་ཀྱང་སླེབས་ནས་ཡོད།
ང་མུ་མཐུད་ནས་མདུན་དུ་སོང་། ཉེན་རྟོག་པ་དེ་ཚོས་ཁ་ལ་ཁ་ཐུམ་དཀར་པོ་བརྒྱབ་ཅིང་། ད་དུང་སྨན་པའི་ལྭ་བ་གོན་པའི་ཉེན་རྟོག་པ་གཉིས་ཀྱང་དེ་གར་ལངས་འདུག ཁོ་ཚོ་ཚང་མས་རྣང་ཞིང་གི་དཀྱིལ་དུ་ཅི་ཞིག་གི་མཐའ་ལ་རུབ་ནས་བྲེལ་བྲེལ་ཚུབ་ཚུབ་བྱེད་ཅིང་། མི་རྣམས་ཀྱི་གདོང་ལ་བྲེད་ཤ་དང་མཚར་སྣང་མཉམ་དུ་སྤུངས་ནས་ཡོད། ངས་མི་ཚོགས་ཀྱི་གསེང་ནས་འཚང་ག་བརྒྱབ་སྟེ་མདུན་དུ་འབུད་ཅི་ཐུབ་བྱས། རྣང་ཞིང་གི་དཀྱིལ་དུ་གསར་བུ་འགའ་ཡིས་ལག་ཏུ་ལྕགས་ཁེམ་བཟུང་ནས་ཅི་ཞིག་སློག་བཞིན་གདའ། དེས་ང་ལྷག་ཏུ་མཚར་བར་བྱས་སོང་། ངས་རྣང་ཞིང་གི་དབུས་སུ་རྐོ་དོང་རྐོ་བའི་གསར་བུ་དེ་རྣམས་དང་མཐའ་རུ་རུབ་པའི་མི་རྣམས་ལ་མིག་ཞགས་རེ་འཕངས་ཀྱང་། ཁོ་ཚོས་མིག་གཉིས་གཡོ་བ་མེད་པར་ས་དོང་རྐོ་བར་ཅེར་བ་ལས་ང་ལ་ལྟ་མཁན་གཅིག་ཀྱང་མི་འདུག དེའི་དུས་གསར་བུ་དེ་ཚོས་རྐོ་དོང་བརྐོས་ནས་མཚམས་ཤིག་ཏུ་སླེབས་པ་ན་དངོས་པོ་ཞིག་མིག་ལ་མངོན་བྱུང་། དེ་ནི་མ་གཞི་མི་ཞིག་གི་རྐང་བ་རེད། གསར་བུ་དེ་ཚོས་གློ་བུར་རྐོ་མཚམས་བཞག་ནས་ཕྱི་ནུར་ཞིག་བྱས་པའི་མོད་ལ། དོང་ཁར་ཡོད་པའི་མི་རྣམས་ཀྱང་ཕྱི་ནུར་ཞིག་བྱས་ཤིང་། ཁ་ཤས་ཀྱི་ཁ་ནས་ཨག་སྐད་རྣ་ལ་གཟན་པ་རེ་ཡང་ཤོར་སོང་། དོང་ཁར་ལངས་སྡོད་པའི་ཉེན་རྟོག་པ་ལོ་ཡར་གསེག་དེས་གདོང་གི་རྔུལ་ཆུ་འབྱིད་ཙམ་བྱས་རྗེས“མཚམས་མ་འཇོག མུ་མཐུད་དུ་རྐོས”ཟེར་བ་ན། གསར་བུ་གསུམ་པོས་མུ་མཐུད་དུ་ལྕགས་ཁེམ་གྱིས་རྐོ་མགོ་བརྩམས། གསར་བུ་གསུམ་པོའི་གདོང་ཡོངས་རྔུལ་ཆུས་སྦགས་འདུག ཁོ་གསུམ་པོས་ཡུད་ཙམ་རིང་བརྐོས་འཕྲལ་ས་འོག་གི་དངོས་པོ་དེ་ས་ཁར་བུད་བྱུང་། དེ་ནི་དངོས་པོ་ཞིག་ག་ལ་ཡིན། དེ་ནི་མི་ཞིག་རེད། ཡིན་ནའང་མི་དེ་སུ་ཡིན་པ་ངོས་འཛིན་བྱེད་ཐབས་བྲལ། བེམ་པོའི་གདོང་ལ་འགྱིག་ཤོག་དཀར་པོས་བཏུམས་འདུག་པས་སུ་ཡིན་པ་ད་དུང་མི་ཤེས། སྐབས་དེར་ཉེན་རྟོག་པ་ལོ་ཆུང་ཞིག་ཡོད་པ་དེས་པར་གཡས་ནས་ལེན་ཞིང་གཡོན་ནས་ལེན་པར་བྱེད། ཁོས་པར་བླངས་ཚར་བ་དང་ཉེན་རྟོག་པ་ལོ་ཡར་གསེག་དེས་གསར་བུ་གསུམ་པོར་བརྡ་ཞིག་བཏང་བྱུང་། ཁོ་ཚོས་བེམ་པོ་ཡར་བཀྱགས་ཏེ་དོང་ཁར་བཞག་པ་ན། དོང་ཁ་རུ་འཚང་ག་རྒྱག་པའི་མི་རྣམས་ཕྱི་ནུར་བྱས་ཏེེ་བེམ་པོ་དང་ཅུང་ཟད་རྒྱང་བཀྱེད་བྱུང་། དེའི་དུས་སྨན་པའི་ལྭ་རིང་གོན་པའི་ཉེན་རྟོག་པ་དེས་ཁ་ལ་ཁ་ཐུམ་དཀར་པོ་བརྒྱབ་ཅིང་ལག་མགོར་ལག་ཤུབས་དཀར་པོ་གོན་ནས་བེམ་པོའི་སྟེང་གི་འགྱིག་ཤོག་དེ་ཁེ་གྲིས་དལ་གྱིས་གཤག་མགོ་བརྩམས། ད་སྔོན་ཕྱི་ནུར་བྱས་པའི་མི་མང་ཆེ་བ་དེའི་དུས་ཡང་བསྐྱར་སྔུན་ལ་འཚངས་བྱུང་། ཁོ་ཚོའི་གདོང་ལ་བྲེད་སྣང་དང་འཇིགས་སྐྲག་གིས་ཁེངས་བཞིན་བེམ་པོར་ཅེར་འདུག སྨན་པ་དེའི་ལག་ཤིན་ཏུ་དལ་བས་གམ་གྱི་ཉེན་རྟོག་པ་ལོ་ཡར་གསེག་དེས་ཁོར“ཅུང་མགྱོགས་པོ་བྱ་རོགས”ཞེས་བསྐུལ་བྱུང་། སྨན་པ་དེས་བེམ་པོའི་གདོང་གི་འགྱིག་ཤོག་གཤག་ཚར་བའི་སྐད་ཅིག་མ་དེར་མི་རྣམས་ཧ་ལས་སོང་། ང་ཡང་ཧ་ལས་སོང་། དེར་མཐུད་ནས་རྒན་མོ་ཞིག་མི་མང་གི་སྔུན་ལ་ཤོར་ཏེ་བེམ་པོར་འཐམ་ཞིང་ངུ་སྐད་བསྒྲགས་བྱུང་།
ཉེན་རྟོག་པ་གཉིས་ཀྱིས་རྒན་མོ་དེ་གཡས་གཡོན་ནས་བཟུང་སྟེ་ཕྱི་ལ་འཐེན་ཞིང་། ཉེན་རྟོག་པ་ལོ་ཆུང་དེས་སྔར་བཞིན་པར་མང་བོ་བླངས། ང་ནི་དངོས་གནས་མཚར་སོང་། ཨ་ཡ་མཚན། ང་ལ་མིག་འཁྲུལ་བྱུང་སོང་བ་ཡིན་ནམ། ངུ་ཁ་མི་ལོན་པར་བརྒྱལ་ལ་ཁད་བྱེད་པའི་རྒན་མོ་དེ་ནི་གཞན་མ་ཡིན་པར་རྨོ་མོ་དེ་རེད། བེམ་པོ་དེ་ཡང་གཞན་མ་ཡིན་པར་ང་རེད། ངའི་བེམ་པོར་བལྟས་ན་མིག་གཉིས་ཟུམ་ཞིང་ཧ་ཅང་བག་ལྷོད་པོའི་ཉམས་ཤིག་མངོན་ཡོད་ཀྱང་། དཔྲལ་ངོས་ཀུན་ཏུ་འགྱིག་ཤོག་གིས་བཏུམས་ནས་ཤ་མདངས་ཅུང་དམར་པོར་བསྒྱུར་འདུག རྨོ་མོ་ཤུགས་ཀྱིས་ངུས་པ་དང་བསྟུན་ནས་ང་ཡང་སེམས་ཤིན་ཏུ་སྡུག་པར་གྱུར། ང་ཡང་རྨོ་མོ་དང་ཆབས་ཅིག་ཤེད་ཀྱིས་ངུས་པ་ཡིན། ངས་རང་གི་བེམ་པོར་ལྟ་བཞིན་ལྟ་བཞིན་སེམས་པ་ནི་སྡུག་གིས་གཟེར་ཏེ་ངུ་སྐད་ཀྱང་ཇེ་ཆེ་ནས་ཇེ་ཆེར་གྱུར། དེའི་དུས་གསར་བུ་གསར་མོ་སྐོར་ཞིག་མདུན་དུ་བརྒྱུགས་ཡོང་ནས་མིག་ཟུང་ཧྲིག་གེར་ལན་འགའ་བལྟས་རྗེས་རྨོ་མོའི་གཡས་གཡོན་ནས་བསྐྱོར་ཏེ་དྲག་ཏུ་ངུས་བྱུང་། ང་ཇི་ལྟར་ངུས་ཀྱང་མི་རྣམས་ཀྱི་ནང་ན་ཁ་ཡ་བྱེད་མཁན་ཞིག་མི་འདུག མི་དག་ལས་ཁ་ཤས་ཤིག་དལ་གྱིས་ཕྱི་ནུར་བྱས་ཏེ་རྣང་ཞིང་དང་གྱེས་ནས་ཕྱིར་ལོག་སོང་ལ། ཁ་ཤས་ཀྱིས་རྨོ་མོར་སེམས་གསོ་བྱེད་བཞིན་འདུག
སྐབས་དེར། ཉེན་རྟོག་པ་དེས་སྡེ་བའི་ནང་གི་མི་འགའ་ལ་རྒྱུ་མཚན་དྲིས་བྱུང་། སྐྲ་ལོ་རིང་བོ་ཕྲག་གོང་དུ་སླེབས་པ་དེས་ཉེན་རྟོག་པར“མདང་ནུབ་ད་དུང་ཁོས་ཆང་འཐུང་ནས་རུ་བར་དུ་འགྲོ་བཞིན་པ་ངས་མཐོང་སོང་། དེའི་དུས་ཁོས་ད་དུང་ཁེར་བཤད་ཅིག་རྒྱག་བཞིན་ངེད་ཚང་གི་སྒོ་ཁ་བརྒྱུད་ནས་འགྲོ་བཞིན་འདུག ཁོས་ཆང་འཐུང་ནས་བཟི་ཡོད་པས་ང་གྱང་ཟུར་དུ་ཡིབ་ནས་ཁོར་ཁ་མ་གྲག། ངས་ཁོ་ལ་ཁ་གྲག་ཚེ་ཁོ་ངའི་རྗེས་དེད་ནས་ངེད་ཚང་དུ་ཡོང་སྲིད་པ་ཁོ་ཐག་ཡིན། དེ་བས་དེར་ཡིབ་ནས་བསྡད་པ་ཡིན”ཟེར། ཉེན་རྟོག་པ་དེས“ཁོའི་ཆང་འཐུང་རོགས་སུ་ཡིན་པ་ཨེ་ཤེས”ཟེར་བ་ན། དེས་མི་མང་གི་གྲས་སུ་མིག་ཞགས་ལན་འགའ་འཕངས་རྗེས་ང་མཐོང་བྱུང་བས། ཁོའི་མིག་ལམ་དུ་གློ་བུར་འོད་མདངས་ཤིག་འཁྱུག་སྟེ“ཁོ་རེད། ཁོ་རེད”ཅེས་ང་ལ་མཛུབ་གུས་བསྟན་རྗེས“ཁ་སང་ཕྱི་དྲོ་ཁོ་གཉིས་ཀྱིས་ཆང་འཐུང་བཞིན་འདུག་ཅེས་ངའི་ཆུང་མས་ང་ལ་བཤད་བྱུང”ཟེར། སྐབས་དེར་མི་རྣམས་ཀྱི་མིག་ཟུང་དུས་གཅིག་ཏུ་ངའི་གདོང་ལ་འཁོར་བྱུང་། ང་སྐྲག་མ་སྔངས་ཀྱིས“ང་མིན། ང་མིན”ཞེས་འཆད་བཞིན་ཕྱི་ནུར་ཞིག་བྱས་པ་ན། ཉེན་རྟོག་པ་དེས“སྡོད། ཁྱོད་གང་དུ་འགྲོ་རྒྱུ་ཡིན”ཞེས་སྐད་འགྲགས་བཀོལ་བྱུང་།
ངས་མུ་མཐུད་དུ“ང་མིན། མིན…… མིན……”
ཞེས་བརྗོད།
ཉེན་རྟོག་པ་ལོ་ཡར་གསེག་དེས་སྔོན་ལ་ས་དོང་རྐོ་མཁན་གསུམ་པོར་བརྡ་ཞིག་བཏང་བ་ན། ཁོ་ཚོས་བེམ་པོ་དེ་མྱུར་སྐྱོབ་རླངས་འཁོར་སྒམ་རིང་ཅན་དེའི་ནང་དུ་བཞག་ཅིང་། ཡང་ཉེན་རྟོག་པ་གཞན་གཉིས་བརྒྱུགས་ཡོང་ནས་ང་གཡས་གཡོན་ནས་བཟུང་བྱུང་།
ངས་འཕག་འཚག་བརྒྱབ་སྟེ“ང་མིན། མིན…… མིན……”ཞེས་ཤུགས་ཀྱིས་སྒྲོག་བཞིན་འབྲོ་གྲབས་བྱས་པས། ཉེན་རྟོག་པ་གཅིག་གིས”ཁྱོད་མིན་ན་བྲོས་ནས་ཅི་བྱེད”ཟེར་ཞིང་། སྐག་ནས་ལག་སྒྲོག་ཅིག་བླངས་འཕྲལ་ངའི་ལག་མགོར་བསྐོན་ཏེ་ཟྭ་བརྒྱབ་སོང་། དེ་ནས་ཉེན་རྟོག་པ་གཉིས་ཀྱིས་ང་ཡང་མྱུར་སྐྱོབ་རླངས་འཁོར་སྒམ་རིང་དེའི་ནང་དུ་བཞག དེའི་དུས་ངའི་རྨོ་མོ་དེ་སྨྱོན་པ་བཞིན་ངུས་ཏེ་ས་ལ་སྤར་འབྲད་བྱེད་ཅིང་མཆིས། ཉེན་རྟོག་པ་ལོ་ཡར་གསེག་དེས་རྣ་ལུང་སེར་པོ་བཏགས་པའི་གསར་བུ་དེ་བོས་ནས“ང་ཚོས་བེམ་པོར་གཤག་བཅོས་བྱས་རྗེས་ཁྱོད་ཚོར་ཉེས་ཅན་སུ་ཡིན་པ་དང་ཇི་ལྟར་བསད་པ་སོགས་ལན་གསལ་བོ་ཞིག་སྟེར་ངེས”ཞེས་བཤད་རྗེས་རླངས་འཁོར་དཀར་ལྡང་དེའི་ནང་དུ་འཛུལ། མྱུར་སྐྱོབ་རླངས་འཁོར་གྱི་གཞུག་སྒམ་ནང་དུ་ང་དང་ངའི་བེམ་པོ་གཉིས་ལས་མི་འདུག ངའི་བེམ་པོ་ངའི་གམ་དུ་ཉལ་འདུག་ལ། ང་ནི་རླངས་འཁོར་ནང་ལག་སྒྲོག་གིས་བཏགས་བྱུང་།
རླངས་འཁོར་ཆུང་བ་དེ་ལས་ངུ་སྐད་ལྟ་བུའི་ཏུའུ་སྒྲ་རིང་མོ་ཞིག་གྲག་པ་དང་། ང་བསྡད་ཡོད་པའི་རླངས་འཁོར་དེ་ཡང་ཁྲོག་སྒྲ་ཞིག་དང་ཆབས་ཅིག་སྔོན་མའི་རྗེས་བསྙེགས་ནས་བུད་སོང་། ངས་རླངས་འཁོར་གྱི་རྒྱབ་ཕྱོགས་ཀྱི་དྲ་མིག་ལས་བལྟས་དུས་མི་རྣམས་ཀྱིས་རྨོ་མོ་བསྐྱོར་འདུག་ལ། མོས“རྟ་བྷོ། རྟ་བྷོ”ཞེས་ཤུགས་ཀྱིས་འབོད་ཀྱིན་གདའ། མོའི་ཤྭ་འོད་རགས་ཁ་ནས་ཤོར་པ་ལྟ་བུའི་ངུ་སྐད་ཀྱིས་དབྱར་ཁ་དེའི་ཕྱི་དྲོའི་མཁའ་རླུང་གི་རྒྱུ་བ་ཡང་དུམ་སེ་བཅད་པ་ལྟར། ངའི་སྣང་བ་ཞིག་ལ་མཁའ་དབུགས་ནི་སྣ་ལམ་དུ་དཀག་སྟེ་འབྱིན་རྔུབ་ཀྱང་བྱེད་དཀའ་བར་གྱུར……
ང་སད་བྱུང་། སྙིང་ཆུང་ནི་ལྗི་བ་ལྡིང་ལྡིང་བྱེད།
8
ཁྱོད་སྡེ་འདབས་སུ་སླེབས་དུས། སྡེ་འདབས་ཀྱི་ལྕགས་ལེབ་སློང་སྤྱད་ཀྱི་གདུང་མའི་རྐེད་པར་དར་ལྕོག་མང་བོ་རླུང་གིས་ལྷབ་ལྷུབ་ཏུ་སྐྱོད། སྲོད་དུས་ཀྱི་ཉི་འོད་འོག་ཏུ་ཕ་གིའི་གྲོང་རྡལ་གྱི་མཐོ་དམའ་མི་སྙོམས་པའི་ཁང་རྩེག་དག་དབེན་འཇགས་སེར་འདུག གྲོང་རྡལ་གྱི་ཕ་མཐར་དུ་ཁུང་གནམ་ལ་ཟུག་པ་གཉིས་ལས་དུད་སྤྲིན་ལང་ལོང་དུ་འཐིབས་ཤིང་། རྒྱང་ནས་བལྟས་ན་དེ་ནི་གནམ་ས་གཉིས་སྦྲེལ་བྱེད་ཀྱི་རྨུ་ཐག་རིང་མོ་ཞིག་དང་མཚུངས། ཁྱོད་ནི་ཐོ་ཡོར་ཞིག་དང་འདྲ་བར་གནས་དེར་ཡུན་རིང་བོར་འགྲེང་ནས་བསྡད། ཁྱོད་ཀྱིས་མུ་མཐུད་དུ་བལྟས་པ་ན། མིག་ལམ་དུ་ཅི་ཞིག་འོད་འཚེར་འཚེར་བྱེད། ཁྱོད་ཀྱིས་ལག་པ་ཡ་གཅིག་ཐོད་ལ་ཁྱེར་ཏེ་བལྟས་དུས་དེ་ནི་ཁ་ཆེ་ལྷ་ཁང་ཞིག་སྟེ། གྲོང་རྡལ་འདིར་ཁ་ཆེ་ལྷ་ཁང་དེ་ལས་མཐོ་བ་ཞིག་མི་འདུག ཉིན་གཅིག་གི་མཐའ་མཇུག་གི་ལྷག་ཟེར་ཁ་ཆེ་ལྷ་ཁང་གི་ཉི་ཟླའི་སྟེང་དུ་འཕྲོས་ཏེ་དམར་ལམ་ལམ་བྱེད། དེའི་དུས་ཁ་ཆེ་ལྷ་ཁང་གི་སྟེང་རིམ་དུ་བཏགས་པའི་སྐད་དུང་ཆེན་པོ་དེ་ལས་དབྱངས་རྟ་གཉོམ་པོ་ཞིག་ལྷོད་ཀྱིས་གྲག་འོངས། ཁྱོད་དེ་གར་འགྲེང་ནས་ཡུན་རིང་བོར་ཉི་འོད་ཀྱི་བཀྲག་མདངས་ལ་མིག་གཙེས་རག་བར་དུ་རོལ། ཁྱོད་ཀྱིས་ལག་པས་མིག་ཟུང་ཡང་ཡང་ཕྱིས། གནམ་ས་གཉིས་རིམ་གྱིས་ལྷན་དུ་བསྲེས་ཏེ་དཀར་པོ་དང་ནག་པོ་མེད་པར་འཇིག་རྟེན་གྱི་ཁ་དོག་རྣམས་ཡོངས་སུ་འདྲེས་པ་ན། སུ་ཞིག་གིས་བརྡ་བཏང་བ་བཞིན་གྲོང་རྡལ་གྱི་ཕྱོགས་ནས་གློག་འོད་རྣམས་ཁྲ་ཆིལ་དགུ་ཆིལ་དུ་འཕྲོ་རིམ་འཕྲོར་བཀར་བྱུང་།
ཁྱོད་ཀྱིས་ཕྱིར་དྲན་ཞིག་བྱས་པ་ན། ཁྱོད་ཡང་བསྐྱར་སྲང་ཤུར་རིང་ཞིང་དོག་པ་དེའི་གཏིང་རིམ་གང་ཞིག་ནས་འགུལ་ཡོང་། རྨོ་མོ་དེས“རྟ་བྷོ། རྟ་བྷོ”ཞེས་འབོད་པ་ཡང་རྣ་ལམ་དུ་གསལ་བོར་གྲག་བྱུང་། ཕྱིར་དྲན་ཁྲོད་ཀྱི་བུད་མེད་དེའི་མཆུ་ཏོ་དམར་ལམ་མེར་མཚམས་མེད་དུ་འཕག་ནས་ཅི་ཞིག་འཆད་ཀྱིན་འདུག བུད་མེད་དེའི་མཆུ་ཏོ་ནི་ཟུངས་ཁྲག་གི་ཁ་དོག་རེད། གྲུག་སྟེགས་ཀྱི་མཐའ་རུ་འགྱེལ་བའི་གསར་བུ་དེ་ཡང་ཟུངས་ཁྲག་གིས་སྦགས་འདུག ཁྱོད་ཀྱིས་དེ་ལྟར་དྲན་མ་ཐག རྒྱང་རིང་གི་གནམ་སའི་བར་གྱི་མཚམས་སྤྲིན་ཡང་ཟུངས་ཁྲག་གི་ཁ་དོག་དང་འདྲ་ཨང་སྙམ་བྱུང་། གནམ་སའི་བར་ནས་བརྡོལ་པའི་ཟུངས་ཁྲག་གིས་ཁྱོད་ཀྱི་མཐོང་ལམ་ཐམས་ཅད་དམར་པོར་བསྒྱུར་ཏེ་སྐྱི་གཡའ་བར་བཏང་།
ཕྱིར་དྲན་ནི་འཇིགས་སུ་རུང་བ་ཞིག་སྟེ། ཁྱོད་ཀྱིས་མུ་མཐུད་དུ་ཕྱིར་དྲན་བྱེད་མི་འདོད། ཁྱོད་ཀྱིས་ཨམ་ཕྲག་ལས་ཐ་མག་རྐང་གཅིག་བླངས་ཤིང་མེ་སྦར་འཕྲལ། མདུན་ཐད་ཀྱི་དཀྱོགས་ཁུག་དེ་ལས་ཉེན་རྟོག་པའི་རླངས་འཁོར་ཞིག་ཏུའུ་སྒྲ་དང་བཅས་ཤོར་ནས་འོང་བཞིན་པ་མཐོང་། རླངས་འཁོར་གྱི་ཏུའུ་སྒྲ་དེའི་ཁྲོད་དུ་ཡང་ཟུངས་ཁྲག་གི་ཁ་དོག་ཅིག་བསྒོས་འདུག་སྙམ་བྱུང། རླངས་འཁོར་ནི་སྐད་ཅིག་དེ་ཉིད་ལ་འབར་འབུར་མི་སྙོམས་པའི་ཨར་འདམ་གྱི་ལམ་དེ་བརྒྱུད་ནས་བདེ་སྐྱིད་སྡེ་གསར་གྱི་ཕྱོགས་སུ་བརྒྱུགས་སོང་།
ཁྱོད་ཀྱིས་ཕྱི་མིག་བལྟས་དུས་རླངས་འཁོར་དེ་ཏག་ཏག་སྡེ་འདབས་སུ་སླེབས་ཙམ་གྱིས་ཙིར་སྒྲ་རིང་མོ་ཞིག་དང་བསྡོངས་ནས་ཏན་སེ་བསྡད་བྱུང་། རླངས་འཁོར་ལས་ཉེན་རྟོག་པ་འགའ་ཐང་ལ་ལྡིང་སྟེ་ནག་རོག་གེར་བེམ་པོའི་མཐའ་ལ་རུབ་བྱུང་། མུན་ནག་གི་ཁྲོད་དུ་ཅི་ཞིག་འོད་ཚུབ་ཚུབ་བྱེད་ཀྱིན་འདུག དེ་ནི་པར་ཆས་ཡིན་པ་ཁྱོད་ཀྱིས་བློ་ཡིས་དཔགས་ན་ཤེས་ཐུབ། དེའི་དུས་ཕྱོགས་བཞིའི་སྲང་ཤུར་དག་ལས་མི་མང་བོ་སྔ་གཞུག་བྱས་ཏེ་གྲུག་སྟེགས་ཀྱི་ཕྱོགས་སུ་འཚུབ་ལོང་ངེར་འོང་བཞིན་མཆི། ཨ་ཡེ་རྒན་མོ་ཞིག་གིས“དབང་བྷ། དབང་བྷ”ཞེས་ངུ་སྐད་འདྲེས་མས་འབོད་ཀྱིན་འདུག
ཁྱོད་ལ་ཆད་སྣང་དང་ལྟོགས་སྣང་མཉམ་དུ་སྐྱེས་བྱུང་། ཁྱོད་ཀྱིས་གོམ་ཁ་དལ་གྱིས་གྲོང་རྡལ་གྱི་ཕྱོགས་སུ་འཐེན་པའི་ཨར་འདམ་གྱི་ལམ་འབར་འབུར་མི་སྙོམས་པ་དེའི་སྟེང་དུ་བསྒྱུར། གཞུང་ལམ་གྱི་ངོགས་གཉིས་སུ་བསླངས་པའི་ལམ་སྒྲོན་རྣམས་ཁྲ་ཀྲིག་གེར་འདུག་ཅིང་། མཚན་རླུང་གློ་བུར་བ་ཞིག་གིས་རྐ་ནང་གི་ཆུ་ཤོག་དག་གཞུང་ལམ་ངོས་སུ་དྲངས་ནས་ཕན་ཚུན་བདའ་རེས་དང་རྒྱུག་རེས་བྱེད། ཆུ་ཤོག་རྣམས་ཏག་ཏག་ཁྱོད་ཀྱི་མདུན་སར་སླེབས་འཕྲལ་ཆུ་འཁོར་ཞིག་དང་མཚུངས་པར་གཅུས་ལོག་འགའ་བརྒྱབ་སྟེ་མཁའ་ལ་གྱེན་དུ་འཕུར་སོང་། ཁྱོད་ཀྱིས་གཞུང་ལམ་གྱི་ཕར་ངོགས་སུ་མི་གཉིས་ཕན་ཚུན་གྱི་སྐེ་ལ་འཐམ་ཞིང་ཐ་མག་གི་མེ་སྟག་དམར་ཚུབ་བེར་ཁྱར་ཁྱོར་དུ་འོང་བཞིན་པ་མཐོང་། ཁྱོད་གཞུང་ལམ་བརྒལ་དུས་ཆང་འཐུང་གཉིས་ཀྱང་གཞུང་ལམ་གྱི་དཀྱིལ་དུ་སླེབས་འདུག ཆང་འཐུང་གཅིག་གིས་གཡས་ལག་གིས་ཕྱག་རྒྱ་སྣ་ཚོགས་བྱེད་ཀྱིན“ཨ་ཕའི་རོ། འཚོ་བའི་གསབ་དངུལ་ད་རུང་ཡོང་མེད་ཀི སང་ཉིན་ཆང་འཐུང་སྤྱད་ཀྱང་མི་འདུག”ཟེར། ཁོས་ལག་པས་ཕྱག་རྒྱ་བྱས་པ་དང་བསྟུན་ནས་མཛུབ་བར་གྱི་ཐ་མག་ཀྱང་བར་སྣང་ནས་དམར་ཚུབ་ཚུབ་དང་དམར་ཚུབ་ཚུབ་བྱེད། ཆང་འཐུང་ཅིག་ཤོས་དེ་ཁོ་ལས་གཟུགས་བོངས་ཅུང་ཟད་ཐུང་བས། གཟུགས་བོངས་རིང་བ་དེ་ཁོའི་སྟེང་དུ་འགྱེལ་ལ་ཁད་ཅིག་བྱེད། གཟུགས་ཐུང་ཐུང་དེས་གཟུགས་རིང་དེ་ཕར་ལ་འདེད་ཙམ་བྱས་རྗེས“ངས་དེ་རིང་ཉིན་གང་བོར་མ་རྒན་ཡུལ་དུ་བསྐྱུར་བཞག”ཟེར། གཟུགས་རིང་དེས་ཡང་བསྐྱར་ལག་པ་གཟུགས་ཐུང་དེའི་སྐེ་ལ་འཕངས་ནས“སང་ཉིན་ནས་ང་ལ་ཆང་འཐུང་སྤྱད་མེད། ཁ་གསབ་རོགས་དངུལ་ད་རུང་སླེབས་མི་འདུག”ཟེར། ཅིག་ཤོས་དེས་སྣ་དགོད་ཅིག་བྱས་རྗེས“ཆང་འཐུང་སྤྱད་མེད་ན་འཕྲོག་རྒྱུ་མི་ཤེས་སམ”ཟེར། ཁྱོད་ཀྱིས་ཕར་བལྟས་པ་ན། ཆང་འཐུང་དེ་གཉིས་ནི་སྔ་དྲོ་ཡིད་རྟོན་དངུལ་ཁང་གི་སྒོ་ཁར་ལྦུ་ཆང་འཐུང་བཞིན་པའི་མི་དེ་གཉིས་རེད། སྐབས་དེར་ཁོ་གཉིས་ཀྱིས་མཉམ་གཅིག་ཏུ་ཁྱོད་མཐོང་སོང་། ཁྱོད་མཐོང་བ་དང་ཁོ་གཉིས་ཀྱིས་སྐད་ཆ་བཤད་མཚམས་བཞག་ཅིང་ཏན་སེར་བསྡད་དེ“ཨ་རོག”ཟེར། ཁྱོད་ཀྱིས་ལན་ཅི་ཡང་མ་བྱིན་པར་གཞུང་ལམ་གྱི་ཕ་རོལ་བརྒལ་ནས་སོང་བ་ན། ཁོ་གཉིས་ཀྱིས“ཝེ། ཨ་རོག་ཟེར་བ་མི་གོའམ”ཟེར་བཞིན་སྔོན་ལ་ཁྱར་ཁྱོར་དུ་སྤོ་བའི་གོམ་པ་བརྟན་ཚུགས་སུ་གྱུར། ཁྱོད་ཀྱིས་གོམ་པ་ཇེ་མགྱོགས་སུ་བཏང་ནས་མུ་མཐུད་དུ་མདུན་ལ་ཕྱིན། ཆང་འཐུང་གཉིས་ཀས་ཁྱོད་ཀྱི་རྗེས་ལ་ཕྱོགས་ནས“ཝེ། ཨ་རོག་སྐྱག་གཟན། འདུག་རྒྱུ་མིན་ནམ”ཞེས་སྐད་བརྒྱབ་ཡོང་། ཁོ་གཉིས་ཀྱི་སྐད་སྒྲའི་ནང་ཞེ་སྡང་དང་འཇིགས་སྐུལ་གྱི་ཆ་ཞིག་གིས་མངོན་པར་ཁེངས་འདུག སྐབས་དེར་གཞུང་ལམ་གྱི་སྟོད་ནས་སྨད་དུ་རླངས་འཁོར་དམར་ལྡང་ཞིག་ཤོར་ནས་ཡོང་ཞིང་། རླངས་འཁོར་དམར་ལྡང་དེ་ལས་ཆེམ་ཆེམ་དུ་འཕྲོ་བའི་གློག་འོད་ཀྱིས་གནམ་སའི་ཧྲག་བར་ཡང་གསལ་གྱི་ལེར་ཕྱེ་སོང་། དེར་མཐུད་ནས་རླངས་འཁོར་ལས་ཙིར་སྒྲ་རིང་མོ་སྐྱི་གཡའ་བ་ཞིག་ཤུགས་ཀྱིས་བསྒྲགས་འོངས། ཁྱོད་ཀྱི་སྙིང་ནི་ལྟིག་ལྟིག་ཏུ་ལྡིང་ནའང་ཕྱིར་བལྟས་ཙམ་ཡང་མ་བྱས་པར་བྱ་འཕུར་བ་ལྟར་གྲོང་རྡལ་གྱི་ཕྱོགས་སུ་བརྒྱུགས།
ཁྱོད་ཉིན་གུང་སོང་སའི་ཁ་ཆེའི་ཟ་ཁང་དེར་འཛུལ་ནས་ཐུག་པ་དཀར་ཡོལ་གང་དང་ལུག་ཤ་བསྲེགས་མ་ཐུར་སྐོར་བཅུ་བླངས་ཏེ་ཞེ་སྡང་དང་བཅས་ཟོས། དེའི་དུས་ཁྱོད་ཀྱིས་རྩིག་ངོས་ཀྱི་བརྙན་འཕྲིན་ལས་ནང་ལོགས་ཀྱི་གྲོང་ཁྱེར་གང་ཞིག་ལ་ཆུ་ལོག་བརྒྱུགས་པའི་གནས་ཚུལ་སྒྲོག་གིན་པ་མཐོང་སོང་། རྒྱ་སྲང་ཆེན་པོ་ཞིག་ཏུ་རླངས་འཁོར་མང་བོ་སོག་མ་ཆུ་ཁར་གཡེང་བ་བཞིན་ཕར་ཡོ་ཚུར་ཡོ་བྱེད་ཅིང་། གསར་འགོད་པ་མིག་ཤེལ་མཐའ་རྒྱན་ནག་པོ་གོན་པ་ཞིག་ལམ་གྱི་ཟུར་དུ་བསྡད་ནས་དབུགས་ཚུབ་ཚུབ་ངང་མུ་མཐུད་དུ་ཆུ་ལོག་རྒྱུག་པའི་གནས་ཚུལ་ངོ་སྤྲོད་བྱེད། སྐབས་དེར་ཁྱོད་ཀྱིས་ཞབས་ཞུ་མ་མཁུར་ཚོས་ཀུ་ཤུ་འདྲ་བ་དེར་སྒྲོག་ཙེའི་སྟེང་གི་དཀར་ཡོལ་ལེན་དབང་མི་སྟེར་བར་འགྲོ་གྲབས་བྱེད་དུས། གསར་བུ་ཞིག་གིས་ཟ་ཁང་གི་སྒོ་ཡོལ་བཀྱགས་ཏེ་ནང་དུ་ཤོར་འོང་ཞིང་། དབུགས་ཧལ་ཧལ་དུ་ལེན་བཞིན་ཞབས་ཞུ་མ་དེར“ཁྱོད་ཚང་གི་དབང་གོས…… དབང་གོས་རྒྱ་བྷོ་བསད་སོང”ཟེར་བ་ན། ཞབས་ཞུ་མ་དེའི་གདོང་གློ་བུར་འགྱུར་བ་དང་། ཧད་དེ་ཅུང་ཟད་ལུས་རྗེས་ཚབ་ཚུབ་ངང་གསར་བུ་དེའི་ཕྱི་ཕྱིར་འབྲངས་ཤིང་། ཁོ་གཉིས་ཀྱིས་སྒོ་ཡོལ་ཤུགས་ཀྱིས་རྒྱབ་ལ་གཡུགས་ཏེ་ཟ་ཁང་གི་ཕྱི་རུ་བརྒྱུགས་སོང་། ཟ་ཁང་གི་སྦྱིན་བདག་གིས་ཅི་ཡིན་འདི་ཡིན་མ་ཤེས་པར་མོའི་རྗེས་ལ་ཕྱོགས་ནས“ཝེ། ཝེ། སྒྲོལ་མ། སྒྲོལ་མ”ཞེས་འབོད་པར་བྱེད།
ཁྱོད་ཟ་ཁང་ལས་སྒོར་བུད་རྗེས་ལྦུ་ཆང་སྒམ་ཆུང་གང་ཉོས་ཤིང་འུབ་པ་བཏབ་ནས་སྡོད་ཁང་གི་ཕྱོགས་སུ་ཆས། ཁྱོད་ཀྱིས་རྡོག་པ་ཐང་ལ་ཤུགས་ཀྱིས་སྤོ་བཞིན་ཚབ་ཚུབ་ཏུ་ཕྱིན། སྣང་བ་ཞིག་ལ་རྒྱ་སྲང་གི་མི་རྣམས་ཀྱིས་མིག་ཟུང་ཕུར་ཚུགས་སུ་ཁྱོད་ཕྱོགས་སུ་བགྲད་འདུག་པ་དང་འདྲ། མིག་ཟུང་རེ་རེ་ནི་རྣོ་ཁབ་རེ་རེ་དང་འདྲ་བར་ཁྱོད་ཀྱི་ལུས་ཡོངས་ལ་གཙེས་ཤིང་ཚ་བེར་བེར་བྱེད། ཁྱོད་ཀྱི་རྒྱབ་ཕྱོགས་སུ་རླངས་འཁོར་དང་འཕྲུལ་རྟ་དང་རྡུང་ལེན་སོགས་ཀྱི་འུར་སྒྲ་གཅུས་ལོག་བརྒྱབ་ནས་གྲག་བཞིན་འདུག་ནའང་། ཁྱོད་ཀྱི་རྣ་ལམ་དུ་བུད་མེད་དེས་ཕྲུ་གུ་རུམ་ལ་བཟུང་ནས“ལོ་ལོ་མ་ངུ་གཉིད་ལ་སྡོད”ཅེས་ལེན་བཞིན་པའི་ཕྱི་གསལ་ནང་གསལ་གྱི་བྱིས་གླུ་དེ་གསལ་ལྷང་ངེར་འཁོར་འོངས།
ལོ་ལོ་མ་ངུ་གཉིད་ལ་སྡོད།།
གཉིད་ལ་སྡོད་དང་རྟ་ཞིག་སྟེར།།
རྟ་ལ་སྒ་ཞིག་བསྟོད་ལ་སྟེར།།
རྟ་རྔར་གཡུ་ཞིག་བརྒྱུས་ནས་སྟེར།།
རྟ་མགོར་དར་ཞིག་འདོགས་ལ་སྟེར།།
ལོ་ལོ་མ་ངུ་གཉིད་ལ་སྡོད།།
གཉིད་ལ་སྡོད་དང་སྤང་ལ་འགྲོ།།
སྤང་གི་མེ་ཏོག་འབལ་ལ་སྟེར།།
མེ་ཏོག་སྐེ་རུ་འདོགས་ལ་སྟེར།།
ལོ་མས་ཞྭ་ཞིག་བསླེས་ལ་སྟེར།།
ལོ་ལོ་མ་ངུ་གཉིད་ལ་སྡོད།།
གཉིད་ལ་སྡོད་དང་གནམ་ལ་འགྲོ།།
གནམ་གྱི་ཉི་ཟླ་འཛིན་ལ་སྟེར།།
སྐར་མས་སྡེར་ཁ་བསྒྲིགས་ལ་སྟེར།།
སྨིན་དྲུག་ཁྲ་མོ་བཏོགས་ལ་སྟེར།།
……
མཆན་འགྲེལ།
① འོག་མ་ནི་ཨ་མདོའི་འབྲོག་སྐད་དུ་ལྐོག་རྔན་ལ་གོ
② ནག་ཅག་ནི་ཨ་མདོའི་འབྲོག་སྐད་དུ་ཆུང་མར་གོ
རྩོམ་སྒྲིག་པ། ལྷ་སྐྱིད།
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།