ཀླད་ཀོར་གྱི་བརྩམས་སྒྲུང་གསར་པ། ✘
ང་རང་སེམས་ཁམས་དྭངས་ཀྱང་ངོ་གནག་གིན་གཞུང་ལས་ཁང་གི་སྒོ་ནས་ཡར་འཛུལ་གྲབས་བྱེད་དུས། མེ་ཏོག་སྒྲོན་གློ་བུར་སྒོ་ནས་མར་བུད་ཡོང་། མོས“དཀའ་བྱུང”ཟེར་གྱིན་ལག་པ་གནམ་ལ་བརྐྱངས་ཏེ། ལུས་རྩེད་འདྲ་ཞིག་རྩེད་ཉམས་བྱེད། སྐབས་དེར་མོའི་ཉ་མོའི་ལྟོ་བ་འདྲ་བའི་གྲོད་པ་དེ་ཕྱིར་ཐོན་བྱུང་ལ་ཉི་འོད་འོག་ཏུ་ཡར་འགྲོ་མར་འགྲོ་བྱེད།
མོས་གསང་བ་ལྐོག་འགྱུར་གྱི་རྣམ་འགྱུར་ཞིག་སྟོན་གྱིན“ངའི་ཁང་པའི་ནང་དངོས་པོ་སྙིང་ལ་རྗེ་མོ་ཞིག་བཞག་ཡོད། གཅིག་ལྟ་བར་ཨེ་འགྲོ”ཟེར།
ངས་མོའི་ཉལ་ཁང་དུ་སེང་གེ་ལ་སོགས་པའི་གཅན་གཟན་ཞིག་གསོས་ཡོད་མི་སྲིད་པས་སྐྲག་རྒྱུ་ཅི་ཡོད་སྙམ་གྱིན་ཧ་ཅང་ཡ་མཚན་གདོག་གི་རྣམ་འགྱུར་ཞིག་ཁུར་གྱིན“འགྲོ་འགྲོ”ཞེས་བཤད་པ་ཡིན།
མོའི་ཉལ་ཁང་ནི་ངའི་ཉལ་ཁང་དང་མི་འདྲ་བ་གཙང་མ་རེད་ལ་དངོས་པོ་ཐམས་ཅད་གང་འཇོག་དགོས་པ་དེར་གྲལ་དག་པོར་བཞག་འདུག མོས་ཧྲ་ཧྥ་ནག་པོའི་ཐོག་ཏུ་བཞག་པའི་ཚ་རུ་དེར་གསང་བ་ལྐོག་འགྱུར་གྱི་འཛུབ་མོ་ཞིག་འཛུགས་པར་བྱེད།
ཚ་རུ་དེའི་ཁ་ཕྱེ་བ་ན་ཞི་ཕྲུག་སྤར་བ་གང་ཙམ་ལས་མེད་པ་ཞིག་ཡར་ལངས་བྱུང་ལ་ངས་ཁོའི་གཉིད་དཀྲོགས་པར་སུན་སྣང་སྐྱེས་པ་དང་འདྲ་བའི་རྣམ་འགྱུར་བཅས་ལྕེ་ལེབ་ཀྱིས་སྣ་རྩེ་ལྡག་གིན“མཱ་མཱ”ཟེར། ངས་ཞི་ཕྲུག་དེ་པང་དུ་བླངས་ནས་བྱིལ་བྱིལ་བྱས་པ་ན། མེ་ཏོག་སྒྲོན་ནི་སྙིང་རྗེ་བའི་རྣམ་འགྱུར་དང་བཅས་ཞི་ཕྲུག་ལ་ལྟ་ཞིང་དེ་ནས་ཞི་ཕྲུག་ལ་ལྟ་བའི་མིག་མདངས་ཀྱིས་ང་ལ་ལྟ་བཞིན“ཁྱོད་རང་ཁོ་ལ་དེ་འདྲ་དགའ་ན། ཁྱོད་ལ་ཉིན་གཅིག་གཡར་ཆོག”ཟེར།
ངས་མོའི་ས་ནས་ཞི་ཕྲུག་གི་བཟའ་རྒྱུ་ཤ་བཙོས་མ་རྡོག་གཅིག་བླངས་རྗེས་དགའ་དགའ་སྤྲོ་སྤྲོ་ངང་གཞུང་ལས་ཁང་གི་ཕྱོགས་སུ་སོང་།
ཉིན་གང་པོ་ཞི་ཕྲུག་དེ་ངའི་སྟོད་ཐུང་གི་པར་ཁུག་ནང་བཅུག་བཞག་པ་ན་ཉལ་བསྡད་གི་འདུག སྐབས་རེར་པར་ཁུག་གི་ཁར་འཛེགས་ཏེ“མཱ་མཱ”ཟེར་ཡོང་དུས་ཤ་ཁམ་གང་སྟེར་བ་ན་དེ་བཟོས་རྗེས་སྔར་བཞིན་ཉལ་བསྡད་ཀྱིན་འདུག
ལས་རོགས་རེ་རེར་དང་འཕྲད་མ་ཐག་ངས་སྡོད་ཐུང་པར་ཁུག་གི་ཁ་ཕྱེ་ནས་ཞི་ཕྲུག་བསྟན་པ་ན་ཀུན་པོས“སྙིང་མ་རྗེ། སུའི་རེད”ཟེར།
ངས“ངའི་ཡིན”ཞེས་ཟེར་བ་ལས་མེ་ཏོག་སྒྲོན་གྱི་རེད་ཅེས་ཟེར་མ་སྤོབས།
མཚན་མོར་ངས་དཔེ་ཆ་དང་གློག་བརྙན་གང་ལའང་མ་བལྟས་པར་ང་རང་བྱིས་པ་་ཡིན་དུས་ལྟར་ཞི་ཕྲུག་རུམ་ནས་གཉིད་སྐྱིད་པོ་ཞིག་ཁུག་དགོས་སྙམ། ངས་ཞི་ཕྲུག་རུམ་ནས་མ་ཉལ་བར་ལོ་མང་པོར་སོང་། ལོ་དེ་དག་གི་རིམ་ལ་ང་རང་བྱིས་པ་ཡིན་དུས་བཞིན་གྱི་གཉིད་སྐྱིད་པོ་ཞིག་ཁུག་མ་མྱོང་། གཉིད་ཅུང་སྐྱིད་པོ་ཞིག་ཁུག་རོགས་བྱས་ནའང་ང་རང་རྐང་ལམ་ཕྲ་མོ་ཞིག་ན་འགྲོ་བ་རྨིས་ལ་ངའི་མདུན་དུ་འདྲེ་མོ་ཞིག་འགྲོ་བཞིན་པ་རྐྱང་རྐྱང་རྨིས་པ་བྱེད།
ངས་ཞི་ཕྲུག་རུམ་ནས་གཉིད་སྐྱིད་པོ་ཞིག་ཁུག་མ་ཐག སྐད་འཕྲིན་ནང་བརྡ་འཕྲིན་ཡོང་བའི་ཏིང་ཏིང་གི་སྐད་ཀྱིས་ཡང་ཡང་དཀྲོགས། སུ་ཡིན་ནམ་སྙམ་གྱིན་གློག་གསོག་གིན་པའི་ཁ་པར་བླངས་ནས་བལྟས། ཡིན་རྒྱུ་ནི་མེ་ཏོག་སྒྲོན་རེད་འདུག
མོས“ཁྱོད་གཉིས་ཀྱིས་ཅི་བྱེད་ཀྱིན་ཡོད”ཟེར།
ངས“ངེད་གཉིས་ཉལ་ཟིན”ཞེས་ལན་བཏབ།
“ཁྱོད་གཉིས་ངོ་མ་སྐྱིད་པ་ལ། ང་རང་གཉིད་རྩ་བ་ནས་ཁུག་གི་མི་འདུག”
“ཅི་བྱེད”
“རྒྱུ་མཚན་མི་འདུག ཕལ་ཆེར་ཞི་ཕྲུག་སྙིང་ལ་རྗེ་མོ་དེ་དྲན་དྲགས་པ་འདྲ། ཁོ་རང་མེད་དུས་ཉལ་ཁང་འདི་སྟོང་ལྷང་ལྷང་རེད”
“ད་ཅི་བྱེད་ན་དགའ་རྒྱུ་རེད”
“སྟབས་བདེ་ན་ཞི་ཕྲུག་ངའི་ཉལ་ཁང་དུ་བསྐྱལ་ཡོང་རོགས”
“ད་ལྟ་སྟབས་བདེ་པོ་རང་མི་འདུག ངེད་གཉིས་ཉལ་ནས་རྨི་ལམ་ནང་དུའང་ཐེངས་གཅིག་སོང་ཟིན”ངས་བཤད།
“གཉིད་ཟིན་ནའང་ཡར་ལངས་ཆོག་གི་རེད་པཱ”
“ཡོང་ང”ངས་ལན་འདི་ལྟར་བཏབ་རྗེས་གྱོན་གོས་སྟབས་བདེ་ཞིག་གྱོན་ཏེ། ཞི་ཕྲུག་བླངས་པ་ན་ཁོ་རང་ཡང་དྲོ་ལྷང་ལྷང་གི་མལ་ཐུལ་དང་འབྲལ་མི་འདོད་པའི་རྣམ་འགྱུར་དང་བཅས་མིག་རུབ་རུབ་བྱས།
མོའི་ཉལ་ཁང་དུ་འགྲོ་བའི་ལམ་བར་དུ་ངས་ང་རང་སྡོད་སའི་ལུང་པ་ཆུང་ཆུང་འདི་ལ་ཐེངས་གཅིག་བལྟས་པ་ན་མུན་པའི་ནང་འོད་སྣང་དང་གྲགས་འགུལ་གང་ཡང་མི་འདུག ཡོད་ཚད་ཤི་ཟིན་པ་དང་འདྲ།
མེ་ཏོག་སྒྲོན་གྱི་ཉལ་ཁང་གི་སྒོ་ཕྱེ་ནས་བཞག་འདུག
མོ་རང་ཉལ་ཁྲིའི་འགྲམ་དུ་ཙོག་གིན་སྟོད་ཐུང་ཞིག་སླེ་བཞིན་འདུག མོས་ངའི་པང་དུ་ཡོད་པའི་ཞི་ཕྲུག་ལ་ལྟ་ཙམ་ཡང་མི་བྱེད་པར“ད་དགུན་ཁ་སླེབས་རན། ངས་ཁྱོད་ལ་སྐེ་དཀྲིས་དམར་པོ་ཞིག་བསླ”ཟེར།
ངས“མི་དགོས། གོས་བསླེས་པའི་ལས་ཀ་ནི་བལྟས་པ་ཙམ་གྱི་རྙོག་གྲ་ཆེ་བའི་ལས་ཀ་ཞིག་རེད”ཅེས་བཤད།
“དྲང་པོར་ཤོད་དང་། ཁྱོད་རང་མདོག་དམར་པོར་དེ་ཙམ་མི་དགའ་བས་སྐེ་དཀྲིས་མི་དགོས་ཅེས་བཤད་པ་ཡིན་ནམ”ཟེར།
“དེ་འདྲ་མིན་མོད། ང་རང་ས་ཆ་འདིར་སླེབས་པ་ནས་བཟུང་གྱོན་པ་དམར་པོ་གྱོན་མྱོང་མེད། མི་གཞན་གྱིས་ཟེར་ན་ས་ཆ་འདིར་ཀླུ་མང་པོ་ཡོད་རེད་ཟེར། མདོག་དམར་པོ་གྱོན་ན་ཀླུས་གནོད་པ་བྱེད་ཀྱི་རེད་ཟེར”ངས་སྐད་ཆ་འདི་ཁ་ནས་ཐོན་མ་ཐག་ཅུང་འགྱོད་པ་སྐྱེས་བྱུང་།
“ངས་དེ་འདྲ་ཤེས་མ་སོང་། ཉིན་འགའི་སྔོན་དུའང་ངས་སྟོད་ཐུང་དམར་པོ་ཞིག་གྱོན་པ་ཡིན། དེ་འདྲ་ཡིན་ན་ཁྱོད་རང་ཁ་དོག་གང་འདྲར་དགའ། ངས་ཁྱོད་ལ་སྐེ་དཀྲིས་དེ་འདྲ་ཞིག་བསླེ་ཆོག”ཟེར།
ངས“ང་ལ་སྐེ་དཀྲིས་དགོས་པ་མི་འདུག གལ་སྲིད་དགོས་ནའང་ཁྱོད་ལ་རྙོག་གྲ་དེ་འདྲ་བཟོ་མི་དགོས། དྲ་ཐོག་ནས་ཉོས་ན་ཉིན་གཉིས་གསུམ་གྱི་ནང་ལ་ལག་ཏུ་འབྱོར་ཡོང་གི་རེད”ཅེས་བཤད་པ་ན་མོས“དེ་ཡང་མི་ཆོག་རྒྱུ་མི་འདུག”ཟེར།
མོས་ས་ཆ་འདིའི་ནང་གི་ཐོན་རྫས་ཟླ་མེ་ལོང་རྟགས་ཅན་གྱི་རྒུན་ཆང་ཤེལ་དམ་ཞིག་གི་ཁ་ཕྱེ་སྟེ་པེ་ཙི་རྐང་རིང་མ་གཉིས་ནང་ཉུང་ཉུང་ཞིག་བླུགས་ནས། གཅིག་ངའི་ལག་ནང་དུ་བཞག་བྱུང་། ངས་རྒུན་ཆང་འཐུང་གིན་ངའི་ཕ་ཡུལ་དང་ངའི་ཆུང་དུས་ཀྱིས་འཚོ་བ་རྣམས་གཏམ་རྒྱུད་ལྟར་ཁ་ནས་བར་མེད་ཟགས་འགྲོ སྐབས་སྐབས་སུ་གཏམ་རྒྱུད་འགའ་རེ་དངོས་སུ་བྱུང་མྱོང་མེད་ལ་རང་ཉིད་ཀྱང་དོགས་པ་སྐྱེས་ཡོང་། གང་ལྟར་ངས་བུད་མེད་ཅིག་ལ་རང་སེམས་ཀྱི་དུད་པ་བཀྲོལ་ནས་སྐད་ཆ་དེ་འདྲ་མང་པོ་ཞིག་བཤད་མ་མྱོང་།
ང་རང་ཅུང་བཟི་དུས་གཏམ་རྒྱུད་དག་གི་མཇུག་རྫོགས་པའི་ཚུལ་དུ“དེ་རིང་འཕྱི་པོ་ཆགས་འདུག ད་ང་ལོག་འགྲོ”ཞེས་བཤད་པ་ན་མོའི་ཁ་ངོ་ནག་པོར་གྱུར་སོང་། མོའི་ཁ་ངོ་ནག་པོ་དེ་དུས་རྒྱུན་ཚོགས་འདུ་འཚོགས་དུས་ཐེངས་མང་པོར་མཐོང་མྱོང་། ཁ་ངོ་ནག་པོ་དེ་ང་དང་བཅས་པའི་ལས་རོགས་རྣམས་ལ་སྟོན་གྱིན་ངའི་སེམས་ནང་དྲན་ཡང་མི་ཕོད་པའི་བསམ་འཆར་མང་པོ་ཞིག་ཆུ་རྒྱུག་པ་བཞིན་ཤར་ཡོང་། དེ་རིང་མོ་ལ་ཡང་བསམ་འཆར་གལ་ཆེ་ཞིག་ལྷག་ཡོད་པ་འདྲ། ངས“ད་ང་ལོག་འགྲོ”ཟེར་དུས་མོས་ངོ་གདོང་ནག་པོ་དེ་ང་ལ་སྟོན་གྱིན“དེ་རིང་འདི་གར་ཉལ་ན་ཅི་འདྲ་རེད”ཟེར།
ངས“ཡོང་ང”ཞེས་ལན་བཏབ་དགོས་བྱུང་།
མོའི་ངོ་མདོག་ཀྱང་རྒྱུན་ལྡན་དུ་གྱུར་སོང་།
མོས་ཉལ་ས་བཟོས་ཟིན་པ་དང་“ཁྱོད་རང་ཕུག་ལ་ཉལ་དང་ཁར་ཉལ”ཞེས་དྲིས་བྱུང་། མལ་ཁྲི་ཆེན་པོ་འདིའི་ཐོག་གང་ཉལ་ཡང་སྐྱོན་མི་འདུག་པས་ངས“ཁར་ཉལ་ཆོག”ཟེར་བ་ཡིན། ངེད་གཉིས་པོས་ནང་གོས་གྱོན་ནས་ཉལ་བས་དབྱར་མཇུག་དེར་ཚ་བ་ཆེ་བས་མཚན་གང་གཉིད་ཡག་པོ་ཞིག་མ་ཁུག ཡིན་ཡང་ངས་མོ་ལ་ལོ་མཉམ་ཕོ་མོ་གཉིས་མཉམ་དུ་ཉལ་དུས་བྱེད་དགོས་པའི་བྱ་བ་དེ་མ་བྱས།
ཕྱི་ཉིན་ང་ཚོའི་ལས་ཁུངས་སུ་ང་རང་ནི་བུད་མེད་ལ་འདོད་པ་མེད་པའི་མཚན་མཐུན་ཞིག་རེད་ཟེར་བའི་གཏམ་ཅིག་དང་། ང་དང་མེ་ཏོག་སྒྲོན་གཉིས་དགའ་རོགས་འགྲིག་འདུག་ཟེར་བའི་འགལ་བ་འདྲ་བའི་གཏམ་གཉིས་ཁྱབ་འདུག དང་པོ་དེ་ཇི་ལྟར་ཁྱབ་པ་མི་ཤེས་མོད། གཉིས་པ་དེ་ཁ་ནིང་ངའི་སྟོད་ཐུང་པར་ཁུག་ནང་མེ་ཏོག་སྒྲོན་གྱི་ཞི་ཕྲུག་སྙིང་རྗེ་མོ་དེ་ཉལ་འདུག་ཟེར་ནས་རིགས་དེད་པ་ཡིན་འདུག
ཉིན་དེར་མེ་ཏོག་སྒྲོན་གྱིས་ཧ་ཅང་གཟབ་ནན་ངང“མདང་དགོང་གཉིད་སྐྱིད་པོ་ཁུག་བྱུང་ངམ”ཞེས་དྲིས་བྱུང་།
“ཚ་བ་ཆེ་བས་གཉིད་སྐྱིད་པོ་ཞིག་མ་ཁུག”ངས་ཀྱང་གཟབ་ནན་ཡིན་ཁུལ་གྱིས་བཤད།
མོས“དགུན་ཁ་ཤར་དུས་མཉམ་པོར་ཉལ་ན་སྐྱིད་པོ་ཡིན་རྒྱུ་རེད”ཟེར།
མོའི་ཕུན་སུམ་ཚོགས་པོའི་འཆར་ཡན་ལ་ངས་བསྟོད་པ་འདྲ་བྱས་པ་ཡིན།
ཕྱི་དྲོ་ང་རང་རྫོང་ཁར་ལས་ཀ་འགྲོ་དགོས་པའི་བརྡ་ཐོ་འབྱོར་བྱུང་། ལས་རོགས་མི་བཞི་ཞོགས་པ་སྔ་མོ་ནས་རྫོང་ཁར་ཆས་ཟིན་འདུག་པས་ངས་ལས་ཁུངས་ཀྱི་ཁ་ལོ་པར་ཁ་པར་བརྒྱབ་ནས་ཁོམ་ཡོད་མེད་འདྲི་དགོས་བྱུང་། ཁ་ལོ་པ་ཁོམ་འདུག་པས་ངས་ཅ་ལག་ཁ་ཤས་བསྡུ་གསོག་བརྒྱབ་རྗེས་ལམ་ལ་ཆས།
ལམ་བར་དུ་ཁ་ལོ་པས“མདང་དགོང་ཁྱོད་རང་མེ་ཏོག་སྒྲོན་གྱི་ཉལ་ཁང་ནང་ཞག་སྡོད་བྱས་འདུག་ཟེར། ཁྱོད་གཉིས་ཀྱིས་ལས་ཀ་དེ་ཐེངས་མ་ག་ཚོད་བྱས་པ་ཡིན། ཐེངས་མང་པོ་བྱས་ན་ལུས་པོར་གནོད་ཀྱི་རེད། དེ་རིང་ཁྱོད་ཀྱི་མགོ་བོ་ན་གི་མི་འདུག་གམ། བརླ་ན་གི་མི་འདུག་གམ”ཞེས་དྲིས་བྱུང་།
ང་རང་ཧ་ལས་ནས“སུས་དེ་འདྲ་བཤད་ཀྱི་འདུག”ཅེས་དྲིས།
ཁོས་ངའི་གདོང་ལ་ཐེངས་གཅིག་བལྟས་པ་དང་སླར་ཡང་མདུན་ཕྱོགས་ཀྱི་དཀྱོགས་མཚམས་ལ་གཟབ་ནན་གྱིས་བལྟས་ནས་རླངས་འཁོར་བསྐོར་ཏེ“ལས་ཁུངས་ནང་གི་མི་ཚང་མས་ཤེས་འདུག ང་ལ་གསང་ནས་ཅི་བྱེད”ཟེར།
སྐབས་དེར་མདུན་གྱི་གཞུང་ལམ་ཐོག་དོ་པོ་བཀལ་བའི་རྟ་མང་པོ་འགྲོ་བཞིན་འདུག
ངས“ཨ་ལ་ལ། རྟ་འདི་འདྲའི་མང་པོ་ཞིག”ཞེས་བཤད་མ་ཐག་ཁོས“ཅི་ཟེར། རྟ་མ་རེད། དྲེལ་རེད”ཟེར་བྱུང་། ངས་རྡུལ་གྱིས་ཁེངས་པའི་སྒེའུ་ཁུང་གི་ཤེལ་སྒོ་བརྒྱུད་ནས་ལྟ་སྐབས་ངོ་མ་རྟ་རེད་མི་འདུག་ཚང་མ་དྲེལ་རེད།
དྲེལ་དག་མོ་ཊའི་རྒྱབ་ནས་རྒྱབ་ཏུ་འཐེན་རྗེས། གཞུང་ལམ་བདེ་མོ་ཞིག་ཏུ་སླེབས། ཁ་ལོ་པས་ང་ལ་ལྟ་ཙམ་བྱས་རྗེས“ཁྱོད་རང་མེ་ཏོག་སྒྲོན་ལ་རྒྱུས་ཨེ་ཡོད། ཚེ་རོགས་བྱེད་བསམ་ན་ངོ་མ་དཀའ་རེད། ཁྱོད་ཀྱིས་མོ་རང་སྔོན་མ་གཉེན་སྒྲིག་བྱེད་མྱོང་མེད་དང་ཕྲུ་གུ་ཡོད་མེད་སོགས་ཨེ་ཤེས། ཤེས་གི་མ་རེད་པཱ། མཉམ་དུ་བསྡད་བསམ་ན་དེ་ཚོ་ཚང་མ་མོ་ལ་གསལ་པོར་འདྲི་དགོས་རེད། ད་དུང་མོ་རང་ལོ་ག་ཚོད་སླེབས་མེད་ཨེ་ཤེས། ཅི་ཟེར། ཁྱོད་རང་གི་མཐོང་གི་མི་འདུག་གམ། མོའི་ངོ་གདོང་ལ་ལྟོས་དང་ལོ་སུམ་ཅུ་བརྒལ་ཡོད་ཤག་ཤག་རེད། ཁྱོད་རང་ད་ལྟ་ལོ་ན་ཆུང་ཆུང་རེད། བྲེལ་བ་ཡོད་མ་རེད། ལོ་མོ་ལས་ཆུང་ཙམ་ཞིག འཇོན་ཐང་མོ་ལས་ཆེ་ཙམ་ཞིག གཤིས་རྒྱུད་མོ་ལས་འཇམ་ཙམ་ཞིག་འཚོལ་ཆོག་གི་རེད། ཁྱོད་ཀྱི་མོའི་གཤིས་ཀ་དེ་མཐོང་མ་སོང་ངམ། ཧ་ཅང་སྐྲག་དགོས་པ་ཞིག་འདུག གལ་སྲིད་ཁྱོད་རང་མོ་རང་དང་མཉམ་དུ་ཉལ་བ་དེ་རྩེད་མོའི་ཚུལ་དུ་ཡིན་ན་ཡག་པོ་རེད། སང་ཉིན་ནས་བཟུང་དོན་དག་ཅི་ཡང་བྱུང་མེད་པ་ལྟར་འགྲོ་ན་འགྲིག མོ་ལ་ཐབས་ཤེས་ཅི་ཡོད་རེད། ཡོད་མ་རེད། མདང་དགོང་ཁྱོད་ཀྱིས་ཆུ་ཤོག་གྱོན་ཨེ་ཡོད། གྱོན་མེད་ན་ཕྲུ་གུ་བཟོས་ཚེ་་ཅི་བྱེད། དཀའ་མོ་ཡོང་གི་རེད། བསམ་བློ་གཟབ་གཟབ་ཐོངས”
“ཏིང་ཏུང་ཏིང་ཏུང”ཁ་པར་གྱི་སྐད་ཀྱིས་ཁོའི་ཆུ་བོ་བཞིན་གྱི་སྐད་ཆའི་མཚམས་བཅད།
“ཨ་རོགས”ངས་འབོད།
“ཨ་རོགས། ཧྲུའུ་ཅིས་ང་རང་རྗོང་ཁར་འགྲོ་དགོས་རེད་ཅེས་ལབ་མ་སོང་ངམ”ཕ་རོལ་པོ་ནི་ངའི་ལས་རོགས་རིག་འཛིན་རེད།
“དེ་རིང་ངས་ཧྲུའུ་ཅི་མཐོང་མ་སོང”ཞེས་བཤད་རྗེས་ཁ་པར་གྱི་ཁ་བརྒྱབ་པ་ཡིན།
ངས་འཇིག་རྟེན་འདི་ན་མི་སྡུག་ཅག་ཁོ་འདྲ་ཞིག་མཐོང་མ་མྱོང་། ང་རང་ཉིན་དགོང་ངལ་གསོའི་སྐབས་གཉིད་ཤོར་ནས་ལས་ཀའི་རྗེས་ལ་ཅུང་ཙམ་ལུས་མ་ཐག ཁ་པར་འོང་ནས་“ཨ་རོགས། དེ་རིང་ཁྱོད་ལ་ལས་ཀ་མེད་དམ། ཧྲུའུ་ཅིས་ཁ་པར་འོང་ནས་ཁྱོད་རང་ག་སོང་ཐལ་ཟེར་གི་འདུག”ཅེས་བཤད་ཡོང་། དོན་དངོས་ཐོག་ཧྲུའུ་ཅིས་ཁ་པར་ཡོང་བ་དེ་ཁོང་གིས་རྟོག་བཟོ་བྱས་པ་ཡིན་ལ། དུས་རྒྱུན་ལས་ཀ་བྱེད་དུས་ཁོ་རང་ནི་ཁ་པར་གྱི་རྩེད་མོར་མགོ་འཁོར་ནས་བསྡད། ཕྱི་དྲོ་ལས་ཀ་གྲོལ་དུས་ཐ་མག་བར་མེད་དུ་རྔུབ་ཀྱིན“ཨ་བ་ཨ་མ། ང་ལ་ལས་ཀ་འདི་འདྲའི་མང་པོ་ཞིག་འདུག”ཅེས་དབུགས་རིང་གཏོང་གྱིན་རང་གི་གློག་ཀླད་ངོས་སུ་འཛུབ་མོ་གཏོད་སྲིད།
མཚན་མོར་ང་རང་གཉིད་ཟིན་དུས“ཁྱོད་ལ་ལས་ཀ་མེད་དམ། ང་རང་ད་དུང་གཞུང་ལས་ཁང་དུ་ལས་ཀ་བྱེད་བཞིན་ཡོད”ཟེར། ཡང་གློ་བུར་ཁ་པར་འོང་ནས“ང་རང་གསང་སྤྱོད་ན་བསྡད་ཡོད། ཤོག་བུ་ཞིག་ཁུར་ཡོང་རོགས”ཟེར་ཡོང་།
ཉིན་ཁ་ཤས་ཀྱི་སྔོན་དུ་ང་ལ་ཆམ་པ་ཞིག་ཕོག་ནས་ཉལ་བསྡད་ཡོད་དུས་ཡང་ཁ་པར་སླེབས་བྱུང་། “ཁྱོད་རང་སོང་སྟེ། ཧྲུའུ་ཅིའི་ཁང་པ་ནང་དུ་མེ་ཞིག་བུད་དང་། མ་གཏོགས་ཧྲུའུ་ཅི་མགྱོགས་པོར་ཁང་པ་ནང་སླེབ་ལ་ཉེ”ཟེར།
ངས“དེ་རིང་ང་རང་ན་ནས་འགྲོ་ཐུབ་པ་མི་འདུག ཁྱོད་རང་ཁོམ་ན་ཁྱོད་རང་སོང”ཞེས་བཤད་པ་ཡིན། ཉིན་དེའི་ཕྱི་ཉིན་ང་རང་གཞུང་ལས་ཁང་ནང་འཛུལ་མ་ཐག་ཁོས“མདང་དགོང་ཁྱོད་རང་ཧྲུའུ་ཅིའི་ཁང་པའི་ནང་མེ་བུས་མི་འདུག་གཱ ངས་ཧྲུའུ་ཅི་ལ་ཁ་པར་བརྒྱབ་པ་ཡིན། ཧྲུའུ་ཅིས‘རང་ཁོ་ལ་ཅུང་ཙམ་ཡང་སྐྲག་གི་མི་འདུག་གམ་ཞེས་དྲིས་བྱུང’ངས་ལན་ཅི་ཞིག་བརྒྱབ་པ་ཁྱོད་ཀྱིས་ཨེས་ཤེས”ཁོས་སྐད་ཆ་མ་རྫོགས་གོང་དུ་ངས་ཁུ་ཚུར་ཞིག་ཁོའི་སྣར་གཏད་དེ་གཞུས་པ་ན་ལས་རོགས་ཅིག་གིས་ངའི་རྒྱབ་ནས་འཇུས་བྱུང་མ་གཏོགས། དོན་དག་ཅིག་ལྷགས་ཐག་གཅོད་ཡིན། དེ་རིང་ཁོས་དོན་དག་དེ་བརྗེད་ཟིན་པ་འདྲ། ཡང་ཁ་པར་བརྒྱབ་ནས་ཧྲུའུ་ཅི་ཞེས་བརྗོད་བྱུང་།
འགོ་ཁྲིད་ཀྱིས་ཁོ་ལ་ལས་ཀ་ཞིག་བཞག་དུས་ཁོས་ཟེར་ཆོག་ཆོག་གི་མི་ཞིག་ལ“འགོ་ཁྲིད་ཀྱི་ཁྱོད་ལ་འདི་བྱེད་ཤོག་ཟེར”ཟེར་ངེས། ཟེར་ཆོག་ཆོག་གི་མི་དེས་ལས་ཀ་དེ་དང་ལེན་མ་བྱས་ཚེ“ཁྱོད་རང་འགོ་ཁྲིད་ལ་སྐྲག་གི་མི་འདུག་གམ”ཟེར་བའམ་འགོ་ཁྲིད་ལ་སྐད་ཆ་ངན་པ་ཞིག་ཡར་ཞུ་བྱེད་པར་འགྲོ་སྲིད། ནད་ཡམས་འདི་འགོ་ཁྲིད་ཡོད་པའི་མི་དག་ལ་ཁྱབ་པར་འགྲོ་བཞིན་འདུག ངས་བསམ་བློ་ཞིག་གཏོང་དུས་ད་ལྟ་འཇིག་རྟེན་འདི་ན་འགོ་ཁྲིད་མེད་པའི་མི་ཞིག་ལྷག་མི་འདུག
ངས་ཁོའི་ཁ་པར་ཤུགས་ཀྱིས་མནན་མ་ཐག མོ་ཊའི་ཕྱི་རོལ་དུ་རྫོང་ཁའི་སྲང་ལམ་ཁྲ་ཆེམ་ཆེམ་ངང་ཤར་བྱུང་།
“ཁྱོད་ཀྱི་ལས་རོགས་རྣམས་ཕལ་ཆེར་ཉི་འོད་མགྲོན་ཁང་གི་སྒོ་རྟགས་༢༠༣ནང་བསྡད་ཡོད”ཁ་ནིང་ལས་རོགས་རྣམས་རྫོང་ཁར་འཁུར་མཁན་གྱི་ཁ་ལོ་པས་འདི་ལྟར་བཤད།
ངེད་གཉིས་ཉི་འོད་མགྲོན་ཁང་དུ་སོང་།
སྒོ་རྟགས་༢༠༣་ནང་ཏག་ཏག་ངའི་ལས་རོགས་ཟླ་འོད་བསྡད་འདུག ཁོའི་མིང་ལ་ཟླ་འོད་ཟེར་མོད། དུས་རྒྱུན་ཉི་འོད་འོག་ཏུ་བསྡད་བསྡད་པ་བཞིན་ཤ་མདོག་ནག་པོ་ཡིན།
ཟླ་འོད་ཀྱིས་སུན་སྣང་ཆེན་པོས་གློག་ཀླད་ཀྱི་ངོས་སུ་༢༠༡༧ལོའི་ཡིག་ཆ་དག་༢༠༡༨ལོའི་ཡིག་ཆར་སྒྱུར་གྱིན་འདུག
ངས་རྒྱབ་ཁུག་ནས་ཀུ་ཤུ་གློག་ཀླད་དེ་བླངས་ནས་སྒྲོག་ཙེའི་ཐོག་ཏུ་བཞག་མ་ཐག ཁོའི་མིག་ཤེལ་ནང་དུ་བཅུག་ཡོད་པའི་མིག་དེས་མཐོང་ཆུང་གི་ཉམས་དང་བཅས་ངའི་གློག་ཀླད་ལ་ལྟ་བཞིན“གློག་ཀླད་དེ་གོང་ཆེ་བ་མ་གཏོགས། Wordནང་ཡིག་ཆ་ཡར་བཟོ་མར་བཟོ་བྱེད་དུས་རྙོག་དྲ་ཆེ་ཡ། ངོ་མ་འཁོས་ཀ་ཞན་པའི་ལྕགས་རྡོག་པོ་གཅིག་རེད”ཟེར།
ངས་ཀྱང་ཀུ་ཤུ་གློག་ཀླད་ནང་༢༠༡༧ལོའི་ཡིག་ཆ་དག་༢༠༡༨ལོའི་ཡིག་ཆར་བསྒྱུར་འགོ་རྩོམ་དུས། ཁ་ལོ་པས“ང་རང་ཇ་ཁང་དུ་འགྲོ་རྒྱུ་ཡིན”ཟེར་ནས་བུད་སོང་།
ཟླ་འོད་ཀྱིས“སྒོ་རྟགས་༢༠༢ནང་བུ་མོ་མཚོ་དང་བདེ་ལྷ་གཉིས་བསྡད་ཡོད་རེད། ད་ངོ་མ་འགྲིག་སོང་། ཁོ་གཉིས་བུ་མོ་གཉིས་དང་འུ་གཉིས་བུ་གཉིས”ཟེར།
བུ་མོ་མཚོ་ནི་ངོ་གདོང་ལ་མཛེས་བཟོ་བྱས་ཚར་དུས་ཧ་ཅང་མཛེས་ལ་མཛེས་བཟོ་བྱས་མེད་དུས་སྐྲག་དགོས་པ་ཞིག་ཡིན། བདེ་ལྷ་ནི་ད་ལོ་གསར་དུ་ངེད་ལས་ཁུངས་སུ་བསྒོས་ཡོང་བའི་སྤྱང་གྲུང་དོད་པའི་བུ་མོ་ཆུང་ཆུང་ཞིག་ཡིན།
ངེད་གཉིས་ཀྱིས་ཡིག་ཆ་དག་བསྒྱུར་བསྒྱུར་ནས་མིག་ན་འོང་དུས། མོ་གཉིས་ངེད་གཉིས་ཀྱི་སར་འཛུལ་བྱུང་། བུ་མོ་མཚོས་ངོ་གདོང་ལ་མཛེས་བཟོ་བྱས་ཚར་འདུག ཧ་ཅང་མཛེས་པོ་རེད།
“ཨ་རོགས་གཉིས་ད་ཆུ་ཚོད་ལྔ་པར་ཟིན་འདུག ལས་མཚམས་བཞག་ནས་ཟ་མ་བཟའ་བར་ཨེ་འགྲོ”ཞེས་དྲིས།
ངེད་གཉིས་ཀྱང་གློག་ཀླད་ཀྱི་མདུན་དུ་བསྡད་ནས་སུན་ཡོད་པས་དེ་འདྲ་བྱ་རྒྱུ་བྱས།
ལམ་བར་དུ་ཟླ་འོད་ཀྱིས་ངོ་ཤེས་ཁ་ཤས་ལ་ཁ་པར་བརྒྱབ་ནས་ཟ་མ་བཟའ་བར་ཤོག་ཟེར་ནས་བོས་ཐལ།
མཐར་ངེད་བཞི་པོ་རྫོང་དུ་སྐད་གྲགས་ཡོད་པའི་ཤ་སྲེག་མ་བཟའ་སར་སླེབས་དུས་མི་ཉི་ཤུ་ཉེ་བས་བསྒུགས་འདུག
ཟླ་འོད་ཀྱིས་ངེད་གསུམ་པོ་རེ་རེ་བཞིན་ཁོ་ཚོར་ངོ་སྤྲོད་བྱས་རྗེས། ཕ་རོལ་པོ་དག་ཀྱང་ངེད་གསུམ་པོར་ངོ་སྤྲོད་བྱས་བྱུང་། མི་མང་བས་ངོ་སྤྲོད་བྱས་ཚར་དུས་མི་འདིའི་མིང་ལ་འདི་ཟེར་བ་རེད་ཙམ་ཡང་བློ་ལ་ངེས་ཐུབ་མ་སོང་། ཟླ་འོད་ཀྱིས་ང་རང་མི་དེ་ཚོར་ངོ་སྤྲོད་བྱེད་དུས་ངའི་ལས་རོགས་འདི་གཅིག་གཅིག་ལ་མཁས་གཉིས་གཉིས་ལ་མཁས་ཅེས་ངོ་སྤྲོད་བྱས་སོང་། མི་དེ་ཚོས་ཀྱང་ཁོའི་སྐད་ཆ་བདེན་པ་བཟུང་བ་འདྲ་ང་ལ“ཤགས་པོ། ཤགས་པོ”ཟེར།
ཤ་སྲེག་མ་ཁམ་གང་ཟོས་ཚར་བ་དང་ཞབས་ཞུ་མས་ཅོག་ཙེའི་ཐོག་ཏུ་སྦི་རག་དང་ཟླ་མེ་ལོང་རྟགས་ཅན་སྨར་ཁམས་ཀྱི་རྒུན་ཆང་ཤེལ་དམ་བསྒྲིགས་བྱུང་། ངས་པེ་ཙི་རྐང་རིང་མའི་ནང་དུ་རྒུན་ཆང་བཅུ་ཆ་གསུམ་ཙམ་ཞིག་བླུགས་ནས་དལ་བས་བཏུང་།
ཁོ་ཚོས་སྦི་རག་ཤེལ་དམ་ཐད་ཀར་ཁ་ལ་སྤྲད་དེ་སུས་སྔོན་ལ་འཐུང་ཐུབ་པར་འགྲན་པའི་རོལ་རྩེད་ཡ་མཚན་དེ་རྩེད་བྱུང་།
བདེ་ལྷ་ཟེར་བའི་ངའི་ལས་རོགས་བུ་མོ་ཆུང་ཆུང་དེས་རྒུན་ཆང་པེ་ཙི་དེ་ངའི་པེ་ཙིར་ཏིང་སྒྲ་དང་བཅས་བརྒྱབ་ཏེ“ཞབས་དག་ཡིན”ཟེར།
གྲལ་དུ་རྒུན་ཆང་འཐུང་མཁན་ངེད་གཉིས་མ་གཏོགས་མི་འདུག ངས་ཡོད་ཚད་ཞབས་དག་བརྒྱབ་པ་ཡིན། མོས་རྒུན་ཆང་དམར་པོ་ཁོག་པའི་ནང་བླུགས་རྗེས་གྱང་ངོས་སུ་འཛུབ་མོ་བཙུགས་སོང་།
ངས་ཅི་ཞིག་ཡོད་དམ་སྙམ་ནས་ལྟ་སྐབས། གྱང་ངོས་སུ་བརྩེ་དུང་མཚོན་བྱེད་ཀྱི་སྙིང་དམར་པོའི་གཟུགས་ཞིག་བྲིས་འདུག འབྲི་མཁན་དེ་བརྩེ་དུང་ལ་དེ་འདྲའི་བྱང་ཆ་མེད་པ་ཡིན་ནམ། སྙིང་དམར་པོ་དེ་ཡག་པོ་ཞིག་འཁྱོངས་མི་འདུག གསོན་ཉམས་ལྡན་པ་ཞིག་མ་རེད།
ངས་སྙིང་དམར་པོ་དེ་མཐོང་ཡོད་པའི་བརྡ་ལ་འཛུམ་ཙམ་བྱེད་པ་ན་མོའི་མཁུར་ཚོས་གཉིས་པོ་ནི་སྙིང་དམར་པོ་གཉིས་ལྟར་གྱུར་སོང་། དེ་དུས་ཕར་ཕྱོགས་ནས་མི་རྒྱགས་པ་ཞིག་གིས་སྦི་རག་པེ་ཙི་ཞིག་ངའི་ཕྱོགས་སུ་བརྐྱངས་ཡོང་དེ“ཤགས་པོ། ཞབས་དག་ཡིན”ཟེར།
ངས་ཀྱང་པེ་ཙི་ཁོའི་ཕྱོགས་སུ་བརྐྱངས་ཏེ“ཞབས་དག་ཡིན”ཟེར་བ་ན་ཁོས“ཤགས་པོ་ཁྱོད་རང་ལོ་ག་ཚོད་ཡིན”ཞེས་དྲིས།
ངས“ང་ནི་ལོ་ཉེར་བཞིར་ཟིན་པའི་ཨ་ཁུ་ཞིག་ཡིན”ཞེས་བཤད་པ་ན། འདི་ཡོད་ཀུན་པོས་ཧ་ལས་པའི་བགད་རྒྱུ་ཞིག་ཡོད་པ་བཞིན་ཤེལ་དམ་དག་ཅོག་ཙེའི་ཐོག་ཏུ་བཞག་ཏེ་ཧ་ཧ་ཞེས་བགད།
ཟ་མ་ཟོས་ཚར་རྗེས་ང་ཚོ་བཟི་ནས་མར་བུད་སའི་སྒོ་དེ་གང་དུ་ཡོད་པའང་མི་ཤེས་པར་གྱུར་འདུག
ཟླ་འོད་ཀྱིས“ང་འགྲོ་གི་མེད”ཟེར་ཡང་ཁོའི་ངོ་ཤེས་ཚོས་མོ་ཊ་ཞིག་ནང་བཅུག་ནས་ཁྲིད་སོང་། ཞོར་དུ་ང་ཚོ་གསུམ་པོ་ལུས། བུ་མོ་མཚོ་དང་བདེ་ལྷས“KTVནང་འགྲོ”ཟེར།
ངེད་གསུམ་པོ་KTVནང་འགྲོ་བའི་ལམ་བར་དུ་བདེ་ལྷས་ང་ལ“དགའ་རོགས་ཨེ་ཡོད”ཅེས་དྲིས་བྱུང་།
བུ་མོ་མཚོ་ཧ་ཅང་མཚར་སྣང་གིས་དགོད་ཀྱིན“ཁོ་ལ་དགའ་རོགས་ཡོད་རེད། ངས་ཤེས”ཅེས་ངེད་གཉིས་ལ་མིག་བརྡ་ཡ་མཚན་ཞིག་བསྟན།
བདེ་ལྷས“ངོ་མ་རེད་དམ”ཞེས་དྲིས།
ངས་ལན་ཅི་ཞིག་རྒྱག་དགོས་པ་མི་ཤེས། མེ་ཏོག་སྒྲོན་ངའི་དགའ་རོགས་ཡིན་ནམ། ང་རང་མོ་དང་ཞག་མ་གཅིག་མཉམ་དུ་ཉལ་མྱོང་། ཡིན་ཡང་བྱེད་དགོས་པའི་བྱ་བ་གང་ཡང་མ་བྱས། མི་གཞན་གྱིས་བལྟས་ན་ཞག་གཅིག་ཉལ་ཚར་དུ་དགའ་རོགས་གྱུར་ཟིན་པ་ངོས་འཛིན་གྱིན་འདུག ངས་ནི་མེ་ཏོག་སྒྲོན་དང་ངེད་གཉིས་ཞག་གཅིག་ཉལ་ཚར་བ་དང་དགའ་རོགས་སུ་གྱུར་བར་ངོས་འཛིན་གྱིན་མེད། ང་ལ་མོའི་སྐད་འཕྲིན་དང་ཁ་པར་ཨང་གྲངས་མེད། ངེད་གཉིས་ཀྱིས་བརྩེ་དུང་བརྩེ་དུང་ཞེས་གླེང་མྱོང་མེད།
མིང་ལ“ཀླད་ཀོར་ཟེར་བའི་KTVནང་སླེབས་དུས། མོ་གཉིས་པོས་ང་ལ་ཆང་འཐུང་རོགས་རྒྱ་མོ་ཞིག་འཁྲིད་ཡོང་རྒྱུ་ཡིན་ཟེར། ངས“མི་དགོས”ཅེས་བཤད་པ་ན་བུ་མོ་མཚོས“རང་མཚན་མཐུན་རེད་ཟེར་བ་དེ་ངོ་མ་རེད་འདུག”ཅེས་ཟེར་གྱིན་བགད། “ངས་བུ་མོ་ཆ་མེད་གཅིག་གིས་ངའི་ལུས་པོར་ཐུག་ཡོང་དུས་སྐྱིད་པོ་མི་འདུག”ཅེས་བཤད་ཀྱང་ཁོ་གཉིས་པོས་ཉན་གི་མི་འདུག མཐར་ནང་གོས་སྲབ་མོ་ལས་གྱོན་མེད་པའི་རྒྱ་མོ་བཅུ་གྲངས་ཞིག་ཐོན་བྱུང་། ཁོ་གཉིས་ཀྱིས“ད་བློ་ལ་བབ་པ་ཞིག་འདོམས་དང་། གཅིག་མ་གཏོགས་གཉིས་གསུམ་ཙམ་གདམ་རྒྱུ་ཡོད་མ་རེད”ཅེས་ཟེར་གྱིན་བགད་བྱུང་། ངས་རྒྱ་མོ་དེ་དག་གི་ནང་ནས་མདོག་ཆེས་ངན་པ་དེ་བདམས་པ་ཡིན། ཁོ་གཉིས་ཀྱིས་ཡ་ང་བ་འདྲ་བའི་རྣམ་འགྱུར་གྱིས་ང་ལ་བལྟས་འདུག
ངེད་གསུམ་པོས་ཞབས་དག་བར་མེད་རྒྱག་གིན་དེང་སང་དར་ཁྱབ་ཆེ་བའི་སྨྱོ་གླུ་སྨྱོ་གར་དག་འཁྲབ་པ་ན། རྒྱ་མོ་དེ་ཧ་ཅང་དོགས་མི་བདེ་བ་ནང་བཞིན་དགོད་ཙམ་དགོད་བྱས་འདུག ངས་མོ་རང་ཕལ་ཆེར་གསར་དུ་ཡོང་མ་ཐག་པ་ཞིག་ཡིན་ས་རེད་སྙམ་བྱུང་། དེ་ན་ཨ་ལ་གཏད་དོན་མི་འདུག་སྙམ་གྱིན་མོ་རང་ཕྱི་རོལ་ཏུ་ཁྲིད་དེ་སྒོར་མོ་རྩིས་བརྒྱབ་རྗེས་གཏོང་བཞག་པ་ཡིན། སླར་ཡང་ཁང་པའི་ནང་དུ་འཛུལ་དུས་ཁོ་གཉིས་ཀྱིས་རོལ་དབྱངས་དྲག་པོའི་ཁྲོད་དུ་ལུས་པོའི་ནང་ནས་ཅི་ཞིག་སར་ཤོར་བ་དང་དེ་ཡར་འཐེན་གྱིན་པ་འདྲ་བའི་ཞབས་བྲོ་ཞིག་འཁྲབ་སྒང་རེད།
ཁོ་གཉིས་ངལ་དུས་ང་ལ་ཞབས་དག་བརྒྱབ་བྱུང་།
བདེ་ལྷས“རྒྱ་མོ་དེ་བྲོས་ཤོར་སོང་ངམ”ཞེས་སེམས་ཁྲལ་ཡོད་མདོག་གིས་དྲིས།
“བྲོས་ཤོར་སོང”ངས་འདི་ལྟར་བཤད་པ་ན་མོ་རང་བགད་བྱུང་།
མོས་སྦི་རག་ཞབས་དག་བརྒྱབ་ཚར་དུས། གླུ་གཞས་དེ“ཁྱོད་ལ་ཕུལ་བ་ཡིན”ཟེར་ཏེ་གློག་བརྙན་《ཐེའུ་ཏམ་ཎི་ཁེ་རྟགས་ཅན》ནང་གི་《ངེད་སེམས་རྟག་པ་ཡིན》ཞེས་པའི་བརྗོད་དོན་གླུ་དབྱངས་དེ་བླངས།
………………
ངེད་སེམས་རྟག་པ་ཡིན། ངེད་སེམས་རྟག་པ་ཡིན།
གློ་བུར་མཆེད་པའི་བརྩེ་བའི་མེ་སྟག་བཞིན།
ཚེ་གཅིག་གི་གཏམ་རྒྱུད་ཕྲེང་མ་དེ་ནས་གྲོལ།
………………
མོས་རོལ་དབྱངས་འཇམ་པོ་ཞིག་ནང་དབྱིན་ཡིག་གི་གླུ་སྐད་དེ་སྲེ་བཞིན་འཛུབ་མོ་དང་འཛུབ་མོ་རྒྱ་གྲམ་✘བརྒྱབ་ཏེ་ང་ལ་བསྟན། འཛུབ་མོ་རྒྱ་གྲམ་བརྒྱབ་པ་དེ་ད་སྐབས་དྲ་ལམ་དུ་དར་བའི་བརྩེ་དུང་མཚོན་བྱེད་དུ་སྙིང་དམར་པོའི་ཆ་ཤས་ཅིག་སྟོན་པ་ཡིན་པ་ངས་ཅུང་ཤེས་ཡོད།
མོ་ལའང་བརྡ་དེ་འདྲ་ཞིག་ཕར་སྟོན་ཤོག་ཟེར་བྱུང་། ངས་འཛུབ་མོའི་རྒྱ་གྲམ་དེ་རྒྱག་ཤེས་ཀྱི་མི་འདུག ངའི་འགྲམ་དུ་བསྡད་ཡོད་པའི་བུ་མོ་མཚོས་ང་ལ་བསླབས་བྱུང་། སྐར་ཆ་གཅིག་གི་རྗེས་སུ་ངས་ཀྱང་རྒྱ་གྲམ་འདྲ་ཆགས་པོ་ཞིག་བརྒྱབ་ནས་གླུ་དབྱངས་ལེན་གྱིན་པའི་བདེ་ལྷ་ལ་བསྟན།
ནམ་ཕྱེད་ལ་བུ་མོ་མཚོའི་དགའ་རོགས་KTVའདིའི་སྦྱིན་བདག་དེ་འཛུལ་བྱུང་། ཁོས་ང་དང་བདེ་ལྷ་ལ་ཞབས་དག་བརྒྱབ་རྗེས་བུ་མོ་མཚོ་དང་མཉམ་དུ་བསྡད། ཁོ་གཉིས་ཀྱིས་ངེད་གཉིས་ཀྱི་མི་གོ་བར་བྱས་ནས་སྐད་ཆ་ལྷུག་ལྷུག་འཆད་ཀྱིན་འདུག ཅུང་མ་འགོར་བར་བུ་མོ་མཚོ་ངུས་བྱུང་། བདེ་ལྷ་ངེད་གཉིས་ཅི་བྱེད་འདི་བྱེད་མེད་པར་གྱུར།
བདེ་ལྷས་ཁ་རོག་གེར“ད་ངེད་གཉིས་བུད་འགྲོ་མ་གཏོགས། སྐྱིད་པོ་བྱེད་བཅུག་ས་མ་རེད”ཟེར་བྱུང་།
ངས་ཀྱང“རེད”ཟེར་བ་ཡིན།
ཕྱི་རོལ་དུ་ཁ་བ་འབབ་འདུག
ངེད་གཉིས་ལ་དབྱར་གོས་མ་གཏོགས་གྱོན་རྒྱུ་མེད་པས་ཁ་བ་དེ་ཤ་དང་རུས་པའི་ནང་བསིལ་བ་ལྟར་གྲང་། རྫོང་ཁ་འདིའི་གནམ་གཤིས་ནི་ལོ་གསུམ་བྱིས་པའི་ཁ་ངོ་བཞིན་མིའི་བློ་ངོར་མི་འོང་བ་ཞེས་རེད། ཁ་སང་དབྱར་ཁ་རྫོགས་ཏེ་སྟོན་ཀ་ཚེས་ཨེ་རན་ན་བསམ་སྐབས་དེ་རིང་ཁ་བ་བབས་ཏེ་དུས་ནི་དགུན་ཁ་ལ་བསྒྱུར་འདུག སང་ཉིན་སྡོང་ལོ་ལྗང་ཁུ་དག་སེར་པོར་འགྱུར་ཁོམ་མེད་པར་ཁ་བ་དང་མཉམ་དུ་ལྷུང་སྲིད།
མོ་ཊ་ཡོད་དོ་ཅོག་ཁ་བ་གྱོན་ཏེ་སྲང་ལམ་གྱི་གཡས་གཡོན་དུ་ཉལ་འདུག་པས་ཡར་འགྲོ་མར་འགྲོ་བྱེད་ཀྱིན་པའི་མོ་ཊ་གཅིག་ཀྱང་མ་རིག ངེད་གཉིས་ཐབས་ཟད་དེ་རྐང་ཐང་ངང་སྲང་ལམ་མང་པོར་བརྒྱུད།
མདུན་གྱི་སྲང་ལམ་ན་ནག་རོག་རོག་ཅིག་ཉལ་འདུག ཁྱི་འཁྱམས་འདྲ་ཨེ་ཡིན་བསམས་ཀྱང་འགྲམ་དུ་སླེབས་སྐབས་ཡིན་རྒྱུ་ནི་མི་ཞིག་རེད།
“ཨ་རོགས། ཨ་རོགས”ངེད་གཉིས་ཀྱིས་ཁོ་རང་བསླངས།
“ནམ་གསལ་བ་ཨེ་རེད”ཁོ་རང་ཡར་ཙོག་ཏེ་ངེད་གཉིས་ལ་དྲིས། ཕྱོགས་བཞིའི་ཁ་བ་ལ་ལྟ་ཙམ་བྱས་རྗེས་ཡིན་རྒྱུ་ནི་རྨི་ལམ་རེད་འདུག་སྙམ་པ་འདྲ། སྔ་བཞིན་མར་ཉལ་སོང་།
“ཨ་བུ། ཡར་ལོངས་ཤོག ཁྱོད་ཀྱི་ཁྱིམ་ག་པར་ཡོད། ངེད་གཉིས་ཁྱོད་རང་སྐྱེལ་བར་འགྲོ་ཆོག”ངེད་གཉིས་ཀྱིས་སླར་ཡང་ཁོ་རང་བསླངས།
“ཨ། ང་གང་དུ་ཉལ་འདུག”ཁོས་དྲིས། ཁོའི་ཁ་ནས་ཨ་རག་གི་དྲི་མ་ངེད་གཉིས་ལས་སྟུག་པ་ཞིག་ལྡང་འོང་། ཁོ་ནི་ཁམས་པའི་ཕོ་གསར་རྫིག་པོ་ཞིག་རེད།
“ཁྱོད་ཁ་བའི་ནང་ཉལ་འདུག ཁྱིམ་ག་པར་ཡོད། ངེད་གཉིས་ཀྱིས་ཁྱོད་བསྐྱལ་ཆོག”
ཁོས“ང་སྐྱེལ་མི་དགོས། ངའི་ཁྱིམ་སྲང་ལམ་འདི་དང་ཉེ་མོ་ཡིན”ཟེར་བ་དང་ངེད་གཉིས་ཀྱིས་ལག་པར་དམ་པོར་འཇུས་ནས་བཀའ་དྲིན་ཞུས་པའི་ཚུལ་བསྟན་བྱུང་།
“ཁྱོད་རང་ཧ་ཅང་བཟི་འདུག”ངས་དེ་ལྟར་བཤད།
“ཁྱོད་གཉིས་རྗེས་མ་རྫོང་ཁར་ཡོང་དུས་ང་བཙལ་ཤོག མཉམ་དུ་ཆང་འཐུང་འགྲོ”ཁོས་ངེད་གཉིས་ཀྱི་ལག་པ་རེ་རེ་བཞིན་འཇུས་རྗེས་སྲང་ལམ་གཞན་ཞིག་ལ་ཁ་གཏད་ནས་ཕྱིན་སོང་།
“ཨ་བུ། སྲང་ལམ་ནས་མ་ཉལ་མ་གཏོགས། ཉེན་ཁ་ཆེ”ཁོའི་རྒྱབ་གཟུགས་ཀྱིས་ང་ལ་དེང་སང་གསར་འགྱུར་ནང་མཐོང་བའི་ཁ་བའི་ནང་གཅེར་བུ་ཉལ་ནས་རྡོ་ལྟར་གྱུར་ཟིན་པའི་བཟི་བོ་དག་གི་བེམ་རོ་དྲན་དུ་བཅུག
ཟེར་སྲོལ་ལ་གྲང་ཤི་བརྒྱབ་དུས་ཚ་བ་ཆེ་བའི་འཁྲུལ་སྣང་སྐྱེས་ནས་ལུས་ཀྱི་གོས་ཡོད་ཚད་ཕྱིར་ཕུད་བཞག་ཟེར།
ཁོ་རང་གོམ་པ་ཁ་ཤས་སོང་རྗེས་ང་ལ་ཨ་ལན་བརྒྱབ་བྱུང“ཁྱོད་གཉིས་ཐན་ཧྲན་ཡིས་ཏུའུ་རེད”ཟེར་ནས་འཛུབ་མོ་དང་འཛུབ་མོ་བར་དུ་རྒྱ་གྲམ་བརྒྱབ་ཏེ་སྙིང་དམར་ཚུལ་བསྟན།
མི་དག་རང་རང་སོ་སོའི་མི་ཚེའི་སྲང་ལམ་བརྒྱུད་དེ་འགྲོ་དགོས་པས་རྒྱ་ཡིག་ནང་གི་ཐན་ཧན་ཡིས་ཏུའུ་ཟེར་བ་དེ་འདྲ་ལས་ཀྱི་བསྐོས་པའི་མཛའ་རོགས་ཟེར་བ་ཞིག་ཡོད་དམ། མུན་ནང་ཁ་བ་འབབ་བའི་སྲང་ལམ་ནི་མི་ཚེའི་ལམ་བུ་ཞིག་ལྟར་ཁེར་ཧྲེང་ངེར་འདུག
སྲང་ལམ་གྱི་བཞི་མདོ་ཞིག་ཏུ་སླེབས་དུས་བདེ་ལྷ་ཤ་སྲེག་མ་ཉོ་བར་ཕྱིན་སོང་། ང་རང་ཁེར་པོར་མགྲོན་ཁང་གི་ནང་དུ་ལོག དུས་རྒྱུན་ང་རང་མགྲོན་ཁང་འདིའི་ནང་ལོག་དུས་གཞུང་ལས་ཁང་དུ་ལོག་པ་དང་འདྲ་བའི་སུན་སྣང་འགོག་མེད་ཅིག་སྐྱེས་ངེས་ནའང་དེ་རིང་དྲོད་རླུང་ཡོད་པས་དྲོད་ལྷང་ལྷང་རེད་འདུག
ངས་གློག་ཀླད་ཀྱི་འགྲམ་དུ་བཞག་ཡོད་པའི་ཐ་མ་འཐེན་འཕྲོ་དེ་ཁ་ནང་བཅུག་རྗེས་སྟོད་ཐུང་གི་པར་ཁུག་གི་ནང་དུ་མེ་ཆ་ཞིག་ཅི་ལྟར་བཙལ་ཡང་རྙེད་མ་སོང་། ཕྱི་རོལ་ཀྱི་གྲང་རླུང་ཁྲོད་དུ་བཟི་སྣང་གང་ཡང་མི་སྐྱེས་མོད། དྲོ་ལྷང་ལྷང་གི་ཁང་ཆུང་འདིའི་ནང་སླེབས་མ་ཐག་ངའི་མགོ་ནང་ན་བུན་སྟུག་པོ་ཞིག་འཁྲིགས་བྱུང་།
ངས་ལས་རོགས་ཟླ་འོད་ལ་ཁ་པར་བརྒྱབ་ཏེ“ནམ་ཚུར་ཡོང་རྒྱུ་ཡིན”ཞེས་དྲིས་དུས“གྲོགས་པོའི་སར་ཉལ་ཡོད”ཟེར། ཡིན་ཡང་ཁོའི་གྲོགས་པོ་དེ་ནག་མོ་ཞིག་ཡིན་པ་འདྲ་སྟེ“ནམ་ཕྱེད་ལ་ཁ་པར་རྒྱག་མཁན་དེ་སུ་རེད”ཅེས་ནག་མོ་ཞིག་གི་ཁོ་ལ་ཤིན་ཏུ་སུན་པའི་སྐད་ཀྱིས་འདི་ལྟར་བཤད་པ་གོ ངས་ཐད་ཀར་ཁ་པར་གྱི་ཁ་བརྒྱབ་ནས་གོས་ཀྱང་མ་ཕུད་པར་མལ་ཁྲིའི་ཐོག་གན་རྐྱལ་དུ་ཉལ་བསྡད།
རྨི་ལམ་དུ་ང་རང་འཇིག་རྟེན་ནུབ་པར་འགྱུར་བའི་དུས་སྐབས་སུ་སྐྱེས་འདུག་ཅིང་ས་གཞིའི་གང་སར་མེ་ཚོམ་བུ་ཚོམ་བུར་འབར་འདུག འཇིག་རྟེན་ནུབ་པར་འགྱུར་བའི་རྒྱུ་མཚན་ནི་སྟབས་བདེ་ཞིག་ཏེ། ངའི་གྲོགས་པོ་ཞིག་གི་བྲག་རྩའི་རྡོ་ལེབ་ཅིག་ཁ་ཕྱེ་བས་ས་འོག་གི་འདྲེ་ཚོགས་རྣམས་ས་སྟེང་དུ་ཐོན་པས་རེད། ང་ནི་བྲག་ཕུག་ཅིག་ཏུ་བསྡད་དེ་མེ་ཁུར་བའི་འདྲེ་དག་ངའི་སར་མི་ཡོང་བའི་སྨོན་ལམ་འདེབས་ཀྱིན་འདུག ང་རང་རྨི་ལམ་འཇིགས་པོ་དེ་ལས་སད་མ་ཐག མིའམ་འདྲེ་གང་རུང་ཞིག་གིས་ངའི་གོས་འཕུད་ཀྱིན་པ་ཚོར།
ངས་གློག་འོད་རབ་རིབ་འོག་ཏུ་བདེ་ལྷའི་བྱིས་དྲི་མ་ཡལ་བའི་ཁ་ངོ་དཀར་དཀར་དེ་གསལ་ཡོང་།
མོས་ངའི་སྣམ་བུ་རྐང་རྩར་ཕུད་ཚར་འདུག་ལ་ཧ་ཅང་སྐྱོ་ཉམས་ཀྱིས་གྲགས་འགུལ་མེད་པའི་ངའི་ལུས་པོའི་ཆ་ཤས་དེ་ལ་ལྟ་བཞིན“ཁྱོད་རང་ང་ལ་དགའ་པོ་ཅུང་ཙམ་ཡང་མི་འདུག་གམ”ཟེར།
ངས་ཅི་ཡང་མ་བཤད། མོས་ངའི་ལུས་པོ་ཡོངས་ལ་ལག་པས་བྱིལ་བྱིལ་བྱས། ཚོར་བ་ཅུང་ཙམ་ཡོད་དུས་མོས་ང་རང་རྟ་བཞིན་བཞོན། ངེད་གཉིས་ཀྱིས་འོ་མ་དང་ཆུ། ཆུ་དང་ཉ་མོ་སོགས་དཔེ་མང་པོ་ཡོད་པའི་ཕོ་མོའི་ལས་ཀ་དེ་ལས་ནས་དུས་ཡོན་རིང་པོ་ཞིག་ཕྱིན་སོང་།
ང་ལ་རྨི་ལམ་རྨིས་འདོད་འགོག་མེད་ཅིག་སྐྱེས་བྱུང་། ལས་ཀ་འདི་མགྱོགས་ཙམ་ནས་མཇུག་རྫོགས་འགྲོ་རོགས་བྱས་ན་ཅི་མ་རུང་སྙམ། རྨི་ལམ་ནང་འཇིག་རྟེན་ནུབ་པའི་ཚུལ་རྨིས་ནའང་མི་སྐྱོན། གང་ལྟར་ངས་རྨི་ལམ་ཞིག་རྨིས་འདོད།
བདེ་ལྷས་སྨྱོ་བ་བཞིན་ངའི་ལུས་པོ་ནང་ཅི་ཞིག་འཚོལ་ཀྱིན་འདུག ལས་ཀ་དེ་མཇུག་མ་རྫོགས་གོང་དུ་མོས་ངའི་ལུས་པོ་ནང་ཅི་ཞིག་རྙེད་སོང་བ་འདྲ། ངའི་བྲང་ངོས་སུ་མིག་ཆུ་ཐིགས་པ་རེ་རེ་བཞིན་ཟགས་ཡོང་བ་ཚོར། “ཁྱོད་རང་ངའི་དགའ་རོགས་མིན་དོན་ཅི་རེད། རྒྱུ་མཚན་ཤོད་དང”མོ་རང་ལུས་པོ་བར་མེད་དུ་འདར་གྱིན་ངུས།
མོ་རང་ངུ་བཞིན་ང་ལ“དགོངས་པ་མ་ཚོམ། དགོངས་པ་མ་ཚོམ་རོགས”ཟེར།
ང་ནི་ཅི་བྱུང་མ་ཤེས་པས་སྐྲག་ཐག་ཆོད་དེ་ལུས་ཀྱི་ཚོར་བ་ཡོད་ཚད་ཉམས།
མོ་རང་ངའི་ལུས་ཐོག་ནས་བབས་ཏེ། མལ་ཁྲིའི་ཟུར་དུ་ཙོག་གིན་ངུས་སོང་།
བར་སྐབས་ཤིག་ལ་མོས་བུ་མོའི་ཐ་མག་རིང་པོ་ཞིག་ལ་མེ་སྒྲོན་པ་མཐོང་།
ཐ་མའི་དྲི་ངད་ཀྱི་ཁྲོད་དུ་ང་ལ་ཐ་མག་འཐེན་འདོད་འགོག་མེད་ཅིག་སྐྱེས་བྱུང་། ངས་ནི་དོན་དག་འདྲ་བྱུང་མི་སྲིད་དམ་སྙམ་གྱིན་མོ་ལ“དུ་རྐང་གཅིག་སྟེར་རོགས”ཟེར་འདོད་པའི་སྐད་ཆ་དེ་ཁོག་པའི་ནང་མིད་བཞག་པ་ཡིན།
རྨི་ལམ་གང་སར་ན་བུན་སྟུག་པོ་འཁྲིགས་ཡོད་པ་ལས་སྲོག་ལྡན་གྱི་དངོས་པོ་གཅིག་ཀྱང་མི་འདུག གཉིད་ལས་སད་དུས་མགྲོན་ཁང་ན་དུ་བ་སྟུག་པོ་ཞིག་འཁྲིགས་འདུག བདེ་ལྷ་མི་འདུག ཅོག་ཙེའི་ཐོག་ཏུ་ཐལ་བར་བཟོས་ཚར་བའི་ཐ་མག་རོ་ཏོ་ཉི་ཤུ་ཉེ་བ་ཞིག་སྤུངས་འདུག
ཞོགས་ཟས་བཟའ་སྐབས་མདང་དགོང་དོན་ཅི་ཡང་བྱུང་མེད་པ་ལྟར་བདེ་ལྷས་མཚར་གཏམ་ཞིག་བཤད་བྱུང་། བཤད་ཚར་བ་དང་ཁོ་གསུམ་པོ་ཧ་ཧ་ཞེས་བགད་མོད། ང་རང་དགོད་ཐུབ་ཀྱི་མི་འདུག
ཞོགས་པ་ནས་༢༠༡༧ལོའི་ཡིག་ཆ་དག་༢༠༡༨ལོའི་ཡིག་ཆར་བསྒྱུར་ཚར་སོང་། སྒེའུ་ཁུང་ཕྱི་རོལ་ཀྱི་ཁ་བའི་ཁྲོད་དུ་རླངས་པ་སྲབ་མོ་ཞིག་འཁྲིགས་འདུག རླངས་པའི་གསིབ་ཏུ་ཉི་འོད་དྭངས་མོ་ཞིག་ཁ་བའི་ཐོག་འཕྲོས་པ་དང་ངེད་བཞི་པོ་ཡང་དྲོ་ལྷང་ལྷང་གི་ཁང་པ་ནས་ཐོན་ཏེ་སྲང་ལམ་དུ་སླེབས། སྲང་ན་བདེ་ལྷ་ངེད་གཉིས་རྗེས་སུ་ལུས།
བདེ་ལྷས“ཁྱོད་ཀྱི་དགའ་རོགས་སུ་ཡིན་པ་ངས་ཤེས། གཟུགས་རིང་པོ། ཤ་སྐམ་པོ་དེ་མ་རེད་དམ”ཟེར།
ངས་ཀྱང་མེ་ཏོག་སྒྲོན་ཟེར་གྱིན་པ་ལོས་ཤེས། ངས་མོའི་ཉི་ཤེལ་དམར་ནག་དེའི་ནང་དུ་ཁ་བ་ལས་གཞན་པའི་རྣམ་འགྱུར་གང་ཡང་མཐོང་མ་ཐུབ།
ཕྱི་དྲོར་བདེ་ལྷ་ངེད་གཉིས་བྱ་བ་ཅི་ཡང་མེད་པར་མགྲོན་ཁང་ནང་ལུས། ངེད་གཉིས་ཀྱིས་སྒེའུ་ཁུང་གི་ཡོལ་བ་འཐེན་རྗེས་ཁོ་རེ་ཡ་ལྷོ་མའི་གློག་བརྙན་ཞིག་ལ་བལྟས། གློག་བརྙན་རིང་པོ་དེ་ནི་རོལ་དབྱངས་ལྷོད་པོ་ཞིག་ནས་ཆུ་བོ་ལྟར་བཞུར། བར་སྐབས་ཤིག་ལ་མོ་རང་འུང་འུང་ཟེར་གྱིས་ངུས་བྱུང་། ངའི་ངོ་གདོང་ནས་མིག་ཆུ་ཐིགས་པ་རེ་རེ་བཞིན་ཤོར།
གློག་བརྙན་རྫོགས་པ་དང་སྒེའུ་ཁུང་གི་ཡོལ་བ་ཕྱེ་པ་ན། ཕྱི་རོལ་ནི་མུན་པས་བཀབ་འདུག
“དེ་རིང་ངས་གློག་བརྙན་ཞིག་ལ་བལྟས་པ་ཡིན། ངའི་ལས་རོགས་བུ་མོ་དེ་འུང་འུང་ཟེར་གྱི་ངུས་བྱུང་། ངའི་ངོ་གདོང་ནས་མིག་ཆུ་ཐིགས་པ་རེ་རེ་བཞིན་ཤོར”ཞེས་པེ་ཅིང་དུ་ཡོད་པའི་བུ་མོ་རྩོམ་པ་པོ་གྲོང་གི་གངས་ལྷ་ཟེར་བ་དེ་ལ་སྐད་འཕྲིན་ནས་སྐད་ཆ་འདི་ཞིག་བསྐུར།
“གློག་བརྙན་གྱི་མིང་ལ་ཅི་ཟེར”མོས་འདི་ལྟར་དྲིས།
“ཁོ་རེ་ཡ་ལྷོ་མའི་《གདངས་མཉམ་པའི་གླུ》ཞེས་པ་དེ་རེད”
“གློག་བརྙན་མཛེས་པོ་ཨེ་འདུག”
“ཧ་ཅང་མཛེས་པོ་འདུག ཕལ་ཆེར་འཇམ་ཐིང་ཐིང་གི་མགྲོན་ཁང་ནས་བལྟས་པས་ཡིན་རྒྱུ་རེད། ཧ་ལམ་གློག་བརྙན་ཁང་དང་ཁྱད་པར་མི་འདུག”
མོས“ཨེ་མ། ཅི་འདྲའི་བླ་ན་འཕགས་པའི་བརྩེ་དུང་ཞིག”ཟེར།
“ཁྱོད་ཀྱིས་ང་ལ་ཟུར་ཟ་བྱེད་ཀྱིན་འདུག”ངས་བཤད།
“ཁྱོད་ཀྱི་ཟེར་ན་ང་རང་ཁྱོད་ཀྱི་ལས་རོགས་བུ་མོ་དེ་ལ་ཕྲག་དོག་བྱེད་ཀྱིན་འདུག་ཟེར་རམ”མོས་ང་ལ་དྲིས།
ངས་ལན་གང་ཡང་མ་བརྒྱབ།
བདེ་ལྷ་ངེད་གཉིས་ཕྱི་རོལ་དུ་ཨ་རག་ཉོ་བར་ཕྱིན། སྲང་ལམ་དུ་ཁ་བ་མཐོང་ས་ན་མི་འདུག གྲང་རླུང་ལས་ལྷག་མི་འདུག
ཕར་ལས་ཁུངས་ནང་སླེབས་པ་ན་ངའི་ལས་རོགས་རིག་འཛིན་ལ་བཤད་རྒྱུ་ཞིག་ལྷགས་འདུག“ངས་ལས་ཀ་སྡུག་པོ་འདི་དང་འདི་བྱས། ཁྱོད་རང་སྐྱིད་པོ་རེད། མཚན་གང་ནག་མོ་ཞིག་གི་རུམ་དུ་ཉལ་བསྡད”ཟེར།
ཁོས་སྐད་ཆ་འདི་བཤད་དུས་དེ་སྔོན་བཞིན་ཁོ་ལ་ཁུ་ཚུར་གཞུ་གྲབས་བྱས་མེད། གལ་སྲིད་ངས་ཁོ་ལ་ཁུར་ཚུར་ཞིག་གཞུས་བཞག་ན་ང་རང་མཚན་གང་ནག་མོ་ཞིག་གི་རུམ་དུ་ཉལ་གྱིན་པ་ར་སྤྲོད་པ་མ་ཡིན་ནམ། ཁོས་བཤད་པའི་ནག་མོ་དེ་ནི་བདེ་ལྷ་མ་རེད། མེ་ཏོག་སྒྲོན་རེད། ཉིན་འདི་དག་མེ་ཏོག་སྒྲོན་ནི་ཉི་འོད་འོག་ཏུ་དོན་དག་ཅི་ཡང་བྱུང་མེད་པ་བཞིན་འགྲོ་བཞིན་འདུག མི་རྣམས་ཀྱིས་མཚན་མོར་དོན་དག་ཧ་ལས་པ་འདྲ་བྱས་ཀྱང་ཉི་འོད་འོག་ཏུ་ཡིན་བསམ་བསམ་ངང་འགྲོ་རྒྱུ་འདུག ངས་ནི་འཇིག་རྟེན་འདིའི་མུན་པའི་ནང་འགད་ལ་རན་པའི་འབར་རྫས་མང་པོ་སྦས་ཡོད་པ་རིག རྨི་ལམ་ནང་དུ་འབར་རྫས་དེ་དག་རྡུལ་ཕྲན་མཚོན་ཆ་བཞིནའགད་ཡོང་།
ད་སྐབས་ངས་བསམ་བློ་ཡག་པོ་ཞིག་བཏང་དུས་ཁ་ནིང་མེ་ཏོག་སྒྲོན་གྱི་ཁང་པའི་ནང་ཡོད་པའི་ཞི་ཕྲུག་སྙིང་ལ་རྗེ་མོ་དེ་ནི་དོན་དངོས་ཐོག་འཇིགས་སུ་རུང་བའི་སེང་གེ་སྟོབས་ཅན་ཞིག་ཡིན་འདུག ཡང་གཅིག་བཤད་ན་དེ་ནི་སེང་གེ་ཞིག་ཀྱང་ཡིན་མི་སྲིད་པར་སྐྱེ་བ་ཡ་ཐོག་གི་གཏུམ་འབྲུག་འཇིགས་སུ་རུང་བ་དེ་འདྲ་ཞིག་ཡིན་ཡང་སྲིད་དོ་སྙམ་གྱིན་ལུང་པ་གུ་དོག་པོ་འདི་དང་བྲལ་ཏེ་ཐག་རིང་ཞིག་ཏུ་འགྲོ་འདོད་སྐྱེས།
ང་རང་ཁ་བས་ཁེངས་པའི་ལུང་པ་འདི་དང་བྲལ་ནས་ལྷ་སར་རྒྱ་ཡིག་གི་གསར་འགྱུར་དག་བོད་ཡིག་ཏུ་སྒྱུར་བའི་ལས་ཀ་ཞིག་བྱེད་དུ་སོང་། ལས་ཀ་གྲོལ་ཐེངས་རེར་ངའི་མིག་ན་ནས་མདུན་གྱི་གོམ་པ་གསུམ་ནང་གི་དངོས་པ་དག་ལས་གཞན་པ་ཐམས་ཅད་རྨི་ལམ་གྱི་དངོས་པོ་བཞིན་རབ་རིབ་རེད། ཡིན་ཡང་ལག་ནང་གི་ཁ་པར་ཟེར་བའི་ལྕགས་རྡོག་འདིའི་ནང་གི་དངོས་པོ་དག་ཅུང་གསལ་པོར་མཐོང་ཐུབ། ས་སྲོད་ལ་ང་རང་ལྷ་སའི་སྲང་ལམ་ཞིག་ན་ལོང་བ་བཞིན་འགྲོ་བའི་སྐབས་དེར་ངའི་དགའ་རོགས་སྔོན་མ་ལྷ་མོ་ཟེར་བ་དེས“ཁྱོད་རང་ལྷ་སར་སླེབས་ཡོད་དམ། ངས་གྲོགས་ཚོམས་ནས་མཐོང་བྱུང”ཟེར། ངས་མོའི་སྐད་ཆ་གློ་བུར་བ་དེ་ལ་ཧད་བསྡད་སྐབས་མོས“ཁྱོད་གང་དུ་ཡོད། མཉམ་དུ་ཟ་མ་བཟའ་འགྲོ”ཟེར།
ངེད་གཉིས་ཉི་འོད་ཟ་ཁང་དུ་འཛོམས་ཤིང་ངས་ལྷ་སའི་ཤ་འབྲས་ཟོས་པ་ཡིན། མོས་ཟ་མ་ཟོས་ཚར་ཟེར་ནས་ཨ་མེ་རི་ཁ་ནས་བཟོས་པ་རེད་ཟེར་བའི་རྒུན་ཆང་དཀར་པོ་ཤེལ་དམ་གང་ཁུར་བྱུང་། དེ་ཞིམ་པོ་མི་འདུག ངར་མ་ཞིག་རེད། ངས་ནི་ཟླ་མེ་ལོང་རྟགས་ཅན་གྱི་སྨར་ཁམས་ཀྱི་རྒུན་ཆང་དམར་པོ་དེ་དྲན། སྒེའུ་ཁུང་ཕྱི་རོལ་ཀྱི་མི་ཚོགས་དག་ནམ་མཁའ་ལ་ལྟ་བཞིན་འགྲོ་བཞིན་པ་མཐོང་། ཁོ་ཚོས་ཡལ་ལ་ཉེ་བའི་མཚམས་སྤྲིན་དམར་པོ་དེ་ལ་ལྟ་བ་མ་རེད། ནམ་ཞིག་ཁ་བ་འབབ་རྒྱུ་ཡིན་པ་བརྟག་པ་རེད། གསར་འགྱུར་ནང་འཛམ་གླིང་ས་ཆ་གང་སར་ཁ་བ་འབབ་པ་བཤད། ངས་དེ་དག་རེ་རེ་བཞིན་བོད་ཡིག་ཏུ་བསྒྱུར་ཡོད། ཡིན་ཡང་ཉི་མ་འདི་དག་ལ་ལྷ་ས་རུ་ཉི་འོད་མ་གཏོགས་ཁ་བའི་འདབ་མ་ཉག་གཅིག་ཀྱང་མ་ལྷུང་།
ངས་ཤ་འབྲས་བཟའ་སྒང་ལ་ལྷ་མོས་རྒུན་ཆང་དཀར་པོ་དེ་འཐུང་གིན་ལོ་འདི་དག་མོ་རང་ལྷ་སར་བསྡད་ནས་སྡུག་ཆེན་པོ་རིག་རབས་བཤད་པ་ལས་ངས་མོ་ལ་ཁ་ཡ་མི་བྱེད་རབས་ཚིག་གཅིག་ཀྱང་བཤད་མ་བྱུང་།
ཉིན་དེ་ལས་བཟུང་མོ་རང་ངའི་ཁང་པ་ཆུང་ཆུང་དེའི་ནང་དུ་གནས་ཚང་གཡར་བར་ཡོང་བ་ཡིན་ཟེར་གྱིན་འཛུལ་ཡོང་། འཛུལ་ཡོང་ཐེངས་རེར་མོ་རང་བཟི་ནས་རང་ངོ་མི་ཤེས་པར་གྱུར་ཡོད་མོད། ངའི་ཁང་པའི་ནང་གཙང་སྦྲ་གྲ་དག་ཅིག་བྱ་རྒྱུ་ནམ་ཡང་མི་བརྗེད། གད་སྙིགས་ཀྱི་རུལ་དྲི་ཁ་བའི་ཁང་ཆུང་ནང་མོ་རང་འཛུལ་ཐེངས་རེར་རྒྱ་སེར་མེ་ཏོག་གི་དྲི་མ་འདྲ་བའི་དྲི་ཞིམ་ཞིག་ཁྱབ་ཡོང་།
ཉལ་ཁར་ངའི་རྐང་པ་བཀྲུ་རྒྱུ་དེ་ཡང་མོའི་གོམས་གཤིས་སུ་གྱུར། དེ་ནས་མོ་རང་ཕྲུ་གུ་ཞིག་ལྟར་ངའི་བྲང་ཁར་ཉལ་བ་དགའ་ལ་ངེད་གཉིས་འཐམས་རེས་མ་བྱེད་སྔོན་ལ་ངས་གཏམ་རྒྱུད་ཅིག་ཡིན་གཅིག་མིན་གཉིས་བཤད་དགོས། ངས་གཏམ་རྒྱུད་ཡ་མཚན་ཞིག་གི་འགོ་རྩོམ་མ་ཐག མོས“དེ་ནས་དེ་ནས”ཟེར་སྲིད། དེ་ཡང་མོའི་གོམས་གཤིས་ཤིག་རེད། ང་རང་བྱིས་པ་ཡིན་དུས་བཤད་ཤེས་པའི་གཏམ་རྒྱུད་དག་ལོ་ཟླའི་སུབ་བར་ནས་བོར་འདུག་པས་གཏམ་རྒྱུད་མ་བཤད་གོང་དུ་ཕྱི་དྲན་མང་པོ་བྱེད་དགོས། ངས་དྲན་བྱུང་། 《ལས་རྒྱུ་འབྲས》《རྒྱ་ཨ་ཁུ་སྟོན་པ་དང་བོད་ཨ་ཁུ་སྟོན་པ》《རི་བོང་གིས་མནའ་མ་སློང་བ》སོགས་ཆུང་དུས་བཤད་མྱོང་བའི་གཏམ་རྒྱུད་མང་པོ་ཞིག་དྲན་གསོས། ད་དུང་ངས་ཕ་ཡུལ་གྱི་མི་རྣམས་ཀྱིས་འདྲེ་མཐོང་རབས་ཀྱི་གཏམ་རྒྱུད་མང་པོ་ཞིག་ཉིན་རེར་བཞིན་མོ་ལ་བཤད་པ་ཡིན།
ཉིན་དེར་མོ་རང་ཧྲ་ཧྥེ་ཐོག་ཙོག་གིན་ངའི་རྐང་པ་བཀྲུ་དགོས་ཟེར། ང་རང་གསང་སྤྱོད་དུ་རྐང་པ་འཁྲུད་སའི་ཀ་ཏོ་ར་ལེན་དུ་སོང་སྐབས། མོས་ངའི་རྒྱབ་གཟུགས་ལ་ལྟ་དུས་ཀྱི་རྣམ་འགྱུར་དེ་གསང་སྤྱོད་ཀྱི་མེ་ལོང་ནང་དུ་གསལ་པོར་ཤར་འདུག ངས་མི་ཞིག་གི་གདོང་ངོས་སུ་རྣམ་འགྱུར་འདི་འདྲ་ཤར་བ་མཐོང་མ་མྱོང་། དེ་ནི་སུན་སྣང་དང་། མཐོང་ཆུང་། ཁོང་ཁྲོ་སོགས་ངན་པ་དགུ་ཚང་ཡོད་པ་ཞིག་རེད། རྣམ་འགྱུར་དེ་ནི་ང་ལ་ཧ་ཅང་དགའ་བའི་བུ་མོ་ཞིག་གི་ངོ་གདོང་ནས་ཐོན་ཏེ་ངའི་རྒྱབ་གཟུགས་ལ་ཟུག་འདུག གལ་སྲིད་གསང་སྤྱོད་ཀྱི་གྱང་ངོས་སུ་མེ་ལོང་ཞིག་མེད་གྱུར་ན་ངས་མི་ཚེ་འདི་ལ་རྣམ་འགྱུར་འདི་འདྲ་ཞིག་མཐོང་མི་སྲིད།
ང་རང་ཀ་ཏོ་ར་བླངས་ནས་ཚུར་ཡོང་དུས་མོའི་གདོང་ལ་འཛུམ་མདངས་མེ་ཏོག་འདྲ་བ་ཞིག་བཞད་འདུག
“ངའི་ཁང་པའི་ནང་བསྡད་མི་དགོས”
མོས་ང་ལ་ཞུ་བ་ཡང་ཡང་བྱས་མོད། ངས་མོ་རང་བདས།
མཚན་གང་བུ་མོ་ཞིག་ངའི་སྒོ་འགྲམ་དུ་ངུ་བཞིན་འདུག་ལ་ཁང་པའི་ནང་དུ་ཀ་ཏོ་ར་དམར་པོ་དེ་མེ་བཞིན་དམར་ལྷང་ལྷང་འབར།
ཞོགས་པ་ང་རང་ཟ་མ་ཉོ་བ་འགྲོ་དུས་འཇིག་རྟེན་ཁ་བས་དཀར་འདུག སྒོ་འགྲམ་གྱི་ཁ་བའི་ནང་དུ་ལུས་པོ་ཡོད་ཚད་ཁྲག་གི་ཁེངས་པའི་ཞི་མི་ཞིག་འདར་སིག་སིག་ངང་ཉལ་ཡོད་པ་རིག ཞི་མི་དེ་ཁང་པའི་ནང་ཁུར་ཏེ་དྲོ་སར་བཞག་པ་དང་ཞིབ་ལྟ་བྱེད་དུས་ཞི་མི་དེ་ཏག་ཏག་མེ་ཏོག་སྒྲོན་གྱིས་གསོས་པའི་ཞི་ཕྲུག་སྙིང་རྗེ་མོ་དེ་རེད་འདུག
སྔོན་མ་ངས་ཞི་ཕྲུག་སྙིང་ལ་རྗེ་མོ་དེ་སེང་གེའམ་སྐྱེ་བ་ཡ་ཐོག་གི་ཁུང་འབྲུག་ལ་ངོས་བཟུང་མྱོང་། ད་ལྟ་ཁོའི་ཡ་ང་བའི་རྣམ་པ་དེ་མཐོང་མ་ཐག ང་རང་སྐད་ཤུགས་ཆེན་པོས་ཐེངས་གཅིག་ངུ་འདོད་སྐྱེས་ཀྱང་སྐྱོ་བ་ཡོད་དོ་ཅོག་མགྲིན་པའི་ནང་གློ་བུར་འགག ལོ་འདི་དག་ལ་ངས་ངུ་ཞེས་པ་དེ་ཡང་སྙིང་ཇི་ལྟར་ངུ་དགོས་པ་བརྗེད་འདུག
ཁོའི་མིག་ཡ་གཅིག་ལོང་འདུག་ལ་དེ་ལས་ཁྲག་དམར་བར་མེད་དུ་ཟགས། ད་ནི་ཁོ་རང་ཆེན་པོར་ཆགས་འདུག ཁོས་སྐྱོན་ཕོག་མེད་པའི་མིག་ཡ་གཅིག་དེས་ང་ལ་ཞིབ་ལྟ་ཞིག་བྱས་རྗེས་འདར་སིག་སིག་ངང་ངའི་པང་དུ་ལོག་བྱུང་།
རྩོམ་སྒྲིག་པ། དབང་མོ།
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།