མཚན་ལམ་རིང་མོ།
ང་ལ་ཟླ་མཚན་མ་ཡོང་བའི་ཉིན་དེ་ནས་བཟུང་། གྲོང་ཁྱེར་འདིར་ཁ་བ་དབབ་རྒྱུ་མ་བྱུང་ཞིང་། ང་རང་སྒེའུ་ཁུང་གི་ཁ་གཏད་དུ་བསྡད་ནས་སྨུག་སྤྲིན་འཐིབས་པའི་ནམ་མཁའ་ནས་དཀར་བོང་བོང་གི་ཁ་བ་ལྷབ་ལྷུབ་ཏུ་འབབ་པར་བསྒུགས།
ད་ནི་མཚན་མོའི་དུས་ཚོད་གསུམ་པ་ཡོལ་འདུག བདག་གི་རྣ་ལམ་དུ་མལ་གྲོགས་ཚོའི་སྔུར་བའི་དབྱངས་རྟ་ལྷོད་པོ་ཞིག་རེས་མོས་སུ་མཆེད་ཡོང་། ངས་རང་ཉིད་ལ་དུས་ལྟར་ཟླ་མཚན་མ་ཡོང་བའི་དོན་དེར་བསམ་བློ་གཏོང་དུས། གཉིད་ཀྱི་ངལ་དུབ་ཡལ་ནས་རིག་པ་ཇེ་གསལ་དུ་གྱུར་སོང་། སང་ཉིན་བརྟག་དཔྱད་བྱེད་དུ་འགྲོ་དགོས་བསམས་དུས། ལྷག་པར་སྙིང་གི་འཕར་ལྡིང་ཇེ་མགྱོགས་སུ་སོང་ནས་སྡོད་མི་ཚུགས་པར་གྱུར། ཟླ་མཚན་དུས་ལྟར་མི་ཡོང་བ་དེ་ནི་རྒྱུན་ལྡན་ཞིག་མ་ཡིན་ཏེ། ཟླ་མཚན་དུས་ལྟར་མི་ཡོང་བ་ནི་མངལ་སྦྲུམ་པའི་རྟགས་མཚན་ཞིག་ཀྱང་ཡིན། དཀོན་མཆོག་མཁྱེན། ང་ལ་མངལ་སྦྲུམ་པ་ཡིན་ནམ། མིན་མིན། དེ་གཏན་ནས་ཡིན་མི་སྲིད། ངས་དེ་ལྟར་རང་སེམས་ལ་རང་གིས་གསལ་འདེབས་བྱས་ཀྱང་། ད་ལྟའི་ང་ནི་གས་གཉིས་སུ་གྱུར་པའི་མི་གཉིས་དང་འདྲ་སྟེ། གཅིག་གིས་མངལ་སྦྲུམ་པ་མིན་ནམ་བསམས་དུས། གཞན་དེས་མི་སྲིད། མི་སྲིད། དཔེ་མི་སྲིད་སྙམ་ཡོང་། དེར་མཐུད་ནས་སླར་ཡང་གཞན་དེས་མངལ་སྦྲུམ་པ་མིན་ནམ་སྙམ་ཡོང་ཞིང་། གཞན་དེས་སླར་ཡང་མི་སྲིད། མི་སྲིད། དཔེ་མི་སྲིད་སྙམ་ཡོང་། གང་ལྟར་དོ་ནུབ་ང་རང་དེ་ལྟར་གས་གཉིས་སུ་གྱུར་པའི་ང་གཉིས་ཀྱི་འགལ་འདུའི་གཡུལ་འགྱེད་ཁྲོད་དུ། གཉིད་ཀྱི་ངལ་དུབ་ཡལ་ནས་རིག་པ་ཇེ་གསལ་དུ་འགྲོ་བཞིན་འདུག
ང་ལ་དངོས་གནས་མངལ་སྦྲུམ་པ་ཡིན་ནམ། ངས་འདི་ལྟར་རང་ལ་མངལ་སྦྲུམ་ཡོད་མེད་སྐོར་གཟབ་ནན་གྱིས་བསམ་བློ་གཏོང་དུས། ངས་རང་གི་སྙིང་གྲོགས་རྡོ་རྗེ་དྲན་ཡོང་། ཁོ་ནི་ཁོ་རང་གི་མིང་གིས་བསྟན་པ་ལྟར། འགྱུར་བ་མེད་ལ་གཏན་ཚིགས་དང་ལྡན་པ་ཞིག་ཡིན། ཁོས་ང་ལ་དམའ་འབྲིང་གི་དུས་ཤིག་ནས“ང་ཁྱོད་ལ་དགའ”ཞེས་བཤད་མྱོང་ཞིང་། དམའ་འབྲིང་ནས་མཐོ་འབྲིང་། མཐོ་འབྲིང་ནས་སློབ་ཆེན་མཐར་ཕྱིན་ལ་ཉེ་བའི་ད་ལྟའི་བར་དུ་ཁོས“ང་ཁྱོད་ལ་དགའ”ཞེས་པའི་ཚིག་དེ་རྡོ་རུ་བརྐོས་པའི་རི་མོ་ཞིག་དང་འདྲ་བར་འགྱུར་བ་ཅི་ཡང་མ་བྱུང་། ལོ་དེ་དག་གི་ནང་དུ་ང་ལ“ང་ཁྱོད་ལ་དགའ”ཟེར་མཁན་གྱི་སྐྱེས་པ་མང་པོ་ཞིག་རྩྭ་སྐྱ་རླུང་གིས་ཁུར་བ་བཞིན་ང་དང་གྱེས་འགྲོ་ཞིང་། དང་ཐོག་ང་ལ་དགའ་ཞེས་བཤད་མཁན་གྱི་སྐྱེས་པ་དེ་དག་གིས་ང་དང་འདྲ་བའི་བུ་མོ་གཞན་པ་ཞིག་ལ། ང་དང་འདྲ་བར“ང་ཁྱོད་ལ་དགའ”ཞེས་བཤད་འགྲོ། འདས་པའི་མི་ཚེའི་འགྲུལ་བཞུད་རིང་མོ་དེའི་ཁྲོད་དུ་རྡོ་རྗེ་ཁོ་ནས་ཚིག་དེ་ང་གཅིག་པུ་ལས་སུ་ལ་ཡང་བཤད་མ་སོང་།
ངས་ཀྱང་ལོ་ཟླ་དེ་དག་གི་ནང་དུ་ཚིག་དེ་ཤེས་མེད་ཚོར་མེད་དུ་སྐྱེས་པ་མང་པོ་ཞིག་ལ་བཤད་བཞག་པ་འདྲ། འོན་ཀྱང་། ཁོས་དེ་ལ་སྣང་དོགས་སྤུ་ཙམ་ཡང་མི་བྱེད་པར་ལོ་འདི་དག་གི་རིང་ལ་ངའི་རྗེས་སུ་རྒྱུག་རྐྱང་བྱེད་ཡོང་། དེ་ལྟ་བུའི་ཁོ་ནི་བྱིས་པ་བསམ་མེད་ཅིག་དང་འདྲ། ལོ་ཟླ་དེ་དག་གི་ནང་དུ་སྨན་ཆུང་ང་གྲང་བས་མནར་ཚེ་ཁོ་རང་ཉི་འོད་ཀྱི་ཚུལ་དུ་ངའི་མགོ་ཐོག་ཏུ་འཆར་ཡོང་ཞིང་། ང་རང་ཚ་བས་གདུང་ཚེ་ཁོ་རང་བསིལ་རླུང་གི་ཚུལ་དུ་སྐྲ་གསེབ་ཏུ་ལྡང་ཡོང་།གང་ལྟར། ཁོའི་འགྱུར་བ་མེད་པའི་གཏན་ཚིགས་བྲག་རི་འདྲ་བ་དེའི་མདུན་དུ་ང་རང་རྨང་ནས་ཕམ་སོང་། དེ་ནི་བྱ་ཁྱུ་ཞིག་རྒྱང་རིང་དུ་འཕུར་ནས་ཕྱིར་བྲག་ཐེམ་དུ་ལོག་པ་དང་འདྲ། རྡོ་རྗེའི་ལོ་ངོ་མང་པོའི་རེ་སྒུག་གི་སེམས་ཀྱི་བྲག་ཐེམ་དུ་བདག་གི་བྱ་ཁྱུ་བབས་པ་མཐོང་རྗེས། ང་ལ་ཅེར་ནས“བདེ་སྐྱིད། ངས་ཁྱོད་ལ་སྒུག་ཡུན་རིང་སོང་། ད་ནི་རེ་སྒུག་གི་ལོ་དང་ཟླ་བའི་ཁུད་དུ། ངའི་སྐྲ་ལོའི་འདབ་མའང་དཀར་པོར་གྱུར་འདུག”ཟེར་ཞིང་ཕྲུ་གུ་ཞིག་དང་འདྲ་བར། ངའི་པང་དུ་མགོ་བོ་བཞག་ནས་ཡུན་རིང་ངུས་བྱུང་།
ང་ལ་དངོས་གནས་མངལ་སྦྲུམ་པ་ཡིན་ན། བྱིས་པ་དེའི་ཨ་ཕ་རྡོ་རྗེ་ཡིན་ན་ཅི་མ་རུང་། ཁོའི་རྟག་བརྟན་འགྱུར་མེད་ཀྱི་གཤིས་ཀ་དེར་ང་རང་བློ་ཁེལ་ཆོག་ཆོག་ཡིན། ཡིན་ན་ཡང་། རྡོ་རྗེ་ངེད་གཉིས་འགྲོགས་ནས་དུས་ཡུན་རིང་ཙམ་འགོར་ཡང་། ཁོ་ལ་དེའི་ཕྱོགས་ཀྱི་རྣམ་འགྱུར་གཞན་གང་ཡང་མི་འདུག ཁོ་ནི་དངོས་གནས་མི་ཁྱད་པར་བ་ཞིག་རེད། སྐྱེས་པ་མང་དག་ཅིག་གིས་ཐོག་མར་ཁྱོད་ལ་དགའ་ཚུལ་དུངས་ཚུལ་ཁོ་ན་ལས་ཅི་ཡང་མི་བཤད་མོད། ཁོ་ཚོས་དགའ་ཚུལ་དུངས་ཚུལ་བཤད་པ་ནི་འཆར་གཞི་གང་རུང་ཞིག་གི་སྔོན་འགྲོའི་སྐྱ་བྲིས་ཡིན་ཞིང་། སྔོན་འགྲོའི་ལས་རིམ་དག་ཚར་རྗེས་གཞི་ནས་འཆར་གཞི་དེ་དག་གི་དམིགས་ཡུལ་གྱི་རི་མོ་ཕྱིར་མངོན་ཡོང་། སྐབས་དེར་ཁྱོད་ནི་རྙི་རུ་ཚུད་པའི་རི་དྭགས་ཤིག་དང་འདྲ་བར་འཆར་གཞི་དེའི་རི་མོའི་གསེབ་ཏུ་དབང་མེད་དུ་བཞུད་འགྲོ། འོན་ཀྱང་། རྡོ་རྗེ་ལ་དེའི་སྐོར་གྱི་རྣམ་འགྱུར་གཞན་གང་ཡང་མི་འདུག དེ་བས། ང་ལ་མངལ་སྦྲུམ་ཡོད་ཀྱང་། བྱིས་པ་དེའི་ཕ་ནི་རྡོ་རྗེ་ཡིན་མི་སྲིད། གཏན་ནས་ཡིན་མི་སྲིད། ངས་དེ་ལྟར་དམག་སྤྱི་ཞིག་གིས་ས་ཁྲར་གཟིགས་པ་བཞིན་བསམ་བློ་ཞིབ་ཏུ་གཏོང་དུས། སེམས་ཀྱི་རྫ་རིའི་ངོས་སུ་འཇིགས་སྐྲག་དང་ཕངས་སེམས། ཐེ་ཚོམ་གྱི་སྨུག་སྤྲིན་ལང་ལོང་དུ་འཐིབས་བྱུང་།
ང་ལ་དངོས་གནས་མངལ་སྦྲུམ་པ་ཡིན་ཚེ། ངའི་ཁོག་གི་བྱིས་པ་འདིའི་ཨ་ཕ་ཁོ་ཡིན་ངེས། ཁོ་ལས་འགྲོ་ས་མེད། ངེད་གཉིས་ཐུག་འཕྲད་བྱུང་བའི་མཚན་མོ་དེའི་རྣམ་པ་ད་དུང་ཡང་གསལ་གྱི་ལེར་ཡིད་ལ་འཁོར་གྱིན་འདུག དེ་ནི་ཏག་ཏག་གཟའ་འཁོར་སྔོན་མའི་ནང་རེད། ནུབ་དེར་མགྲོན་ཁང་དེ་རུ་མལ་ཁྲི་གསུམ་ཡོད་སའི་ཁང་པ་གཅིག་ལས་ལྷག་མེད་པས། ང་ཚོ་མལ་ཤག་གཅིག་ཏུ་མི་སྡོད་ཐབས་མེད་བྱུང་། ཕུ་བོས་ཁ་པར་ཞིག་ཉན་ནས་ཕྱི་ལ་བུད་སོང་། སྐབས་དེར་མགྲོན་ཁང་ཆུང་ངུ་དེར་ངེད་གཉིས་ལས་གཞན་སུ་ཡང་མེད། ཁོས་ཁྲུས་ཁང་ནང་དུ་ཁྲུས་བྱེད་ཀྱིན་ཡོད། ང་མལ་ས་རུ་མགོ་བོ་མལ་ཐུལ་གྱིས་བཏུམ་ནས་ཉལ་ཡོད་ན་ཡང་། ཁྲུས་ཁང་ནང་གི་ཁོའི་དཀྱུས་ཆེ་བའི་བྲང་གཞུང་དུ་ཆུ་ཡི་ཟེགས་མ་ལྷུང་བ་དང་། ཁ་ནས་དབུགས་ཧལ་ཧལ་བྱེད་པའི་སྒྲ་དེ་ཁྲུས་ཁང་གི་གྱང་ར་དང་མལ་ཐུལ་གྱི་བར་གསེང་བརྟོལ་ནས་ངའི་ཉན་བྱེད་དུ་མཆེད་ཡོང་། སྐབས་དེར་ད་ལྟ་བཞིན་ངའི་སྙིང་གི་འཕར་ལྡིང་ཇེ་མགྱོགས་སུ་འགྲོ་བཞིན་ཡོད་ལ། ཤེས་མེད་ཚོར་མེད་དུ་ལུས་ལ་ཚ་དྲོད་རྒྱས་བྱུང་། སྐུ་ཤ་རྒྱགས་ལ་ཤ་ཁ་དཀར་བའི་གྲྭ་བཙུན་དེས་ཁྲུས་བྱེད་པའི་སྣང་བརྙན་རབ་རིབ་ཅིག གསལ་ལ་མི་གསལ་བའི་རྨི་ལམ་ཞིག་དང་འདྲ་བར་ངའི་འཆར་ཡན་གྱི་མེ་ལོང་གི་ངོས་སུ་དབང་མེད་འཆར་ཡོང་། དཀྱུས་ཆེ་བའི་བྲང་གཞུང་དང་དེའི་ངོས་སུ་འཛིང་ཞིང་འཇུ་ལིར་གྱུར་པའི་བ་སྤུ། སྲ་ཞིང་མཁྲེགས་པའི་ཤ་རྒོད། དཀར་ལ་འཇམ་པའི་བརླ་ཤ་སོགས་རེ་རེ་བཞིན་ངའི་ཡིད་ཀྱི་མེ་ལོང་གི་ངོས་སུ་འབུར་གཟུགས་སུ་དོད་ཡོང་དུས། ང་སྡོད་མི་ཚུགས་པར་གྱུར་ཅིང་། འོག་རིམ་གང་ཞིག་ནས་ག་ལེར་རི་མགོར་སྨུག་སྤྲིན་གྱིས་བཟུང་ནས་ཆར་བབས་པ་བཞིན་བརླན་གྱིས་ཟིན་ཡོང་། སྐབས་དེར་གློ་བུར་དུ་ཆུ་རྫིང་གང་རུང་ཞིག་རགས་ལས་ཤོར་བའི་ཆུ་བོ་བཞིན་ངའི་འོག་རིམ་དུ་ཐོན་ཏེ་བསྲན་མི་ཚུགས་པར་གྱུར། ནུབ་དེར་དེ་ལྟར་ཤེས་མེད་ཚོར་མེད་དུ་ཆུ་རྫིང་དེ་བསྲན་མ་ཚུགས་པར་ང་རང་ཁྲུས་ཁང་དུ་བརྒྱུགས། ཁྲུས་ཁང་ནང་ནས་ཀྱང་ཤེས་མེད་ཚོར་མེད་དུ་ཁོའི་ལུས་ལ་འཐག་འཁྱུད་མེ་ཏོག་བཞིན་དམ་དུ་འཁྱུད། ཁོ་ལ་དམ་དུ་འཁྱུད་དུས་ངས་སྐྱེས་པ་སུ་ཡི་བྲང་གཞུང་ནས་ཀྱང་ཚོར་མ་ཐུབ་པའི་ལུས་དྲི་ཞིམ་པོ་ཞིག་ཚོར་བྱུང་། དྲི་མ་དེ་ཁྲུས་ཁང་ནང་གི་འདག་རྫས་ཀྱི་དྲི་མ་དང་ངའི་ལུས་ཀྱི་སྤུས་ཆུའི་དྲི་མ་དག་བརྟོལ་ནས་ངའི་སྣོམ་བྱེད་དུ་འཚང་ཡོང་། དེ་ནི་འདུ་ཁང་ནང་གི་བདུག་སྤོས་དང་བཟང་དྲུག་གི་དྲི་མ་ལྟ་བུ་ཞིག་རེད། ནུབ་དེར་ང་ལ་རྫོགས་ལྡན་གྱི་ཞིང་དུ་སླེབས་པ་ལྟ་བུའི་བདེ་བ་ཞིག་ཐོབ། ཚོར་བ་དེ་ནི་གློ་བུར་དུ་རི་མགོར་འགོས་པ་དང་། རྨི་ལམ་དུ་བར་སྣང་ནས་མར་ལྷུང་བ་ལྟ་བུ་ཞིག་རེད།
མཚན་མོ་དེའི་བདེ་བ་ཕྲན་བུ་དེའི་ཆེད་དུ་ངས་སྡིགས་པ་ཆེན་པོ་ཞིག་བསགས་པ་དང་། བདེ་བ་དེའི་ཆེད་དུ་ཁོའི་མི་ལོ་ཉེར་ལྔའི་རིང་གི་དཀའ་སྡུག་དང་བརྩོན་པ་མ་ལུས་ཐལ་བ་རླུང་ལ་བསྐུར་བ་ལྟར་གྱུར། ངེད་གཉིས་དེ་ལྟར་བར་སྣང་གི་སྤྲིན་གསེབ་ཏུ་ལྷུང་བ་དང་། རི་མགོར་སྨུག་སྤྲིན་གྱིས་དཀྲིས་པ་ལྟ་བུའི་ཚོར་བ་དེ་ལས་ཕྱིར་ཐོན་དུས། གཉིས་ཀ་རང་རང་ས་རུ་ཡིད་ཆད་དང་འགྱོད་གདུང་གིས་ཁེངས།ཁོས“དཀོན་མཆོག་གསུམ་པོས་མཁྱེན། ཚར་སོང་། ད་ནི་ཡོད་ཚད་ཚར་སོང་།”ཟེར་ཞིང་། ང་ལ་ཕུར་ཚུགས་སུ་ཅེར་ནས་འདུག སྐབས་དེའི་ཁོའི་མིག་མདངས་སུ་རེ་ཆད་དང་འཁང་ར་དང་ཕངས་སེམས་ཀྱིས་ཁེངས་འདུག རེ་ཆད་དང་འཁང་ར་དང་ཕངས་སེམས་ཀྱིས་ཁེངས་པའི་ཆུ་རྡུལ་ཕྲ་མོ་རེ་རེ་ཁོའི་མིག་ཀོང་ནས་མར་ལྷུང་ཡོང་།
ད་ནི་གྲོང་ཁྱེར་འདི་མཚན་མོའི་སྨག་རུམ་གྱི་ཁུད་དུ་བཅུད་ནས་གྲག་འགུལ་ཅི་ཡང་མེད། འཕྲུལ་ཆས་ཀྱི་ཆོམ་སྒྲ་དང་རླངས་འཁོར་གྱི་དུང་སྒྲ་འཇགས་ཤུལ་དུ། ང་རང་དེ་ལྟར་བྲེལ་འཚུབ་དང་དངངས་སྐྲག་དང་ཐེ་ཚོམ་གྱི་ནང་དུ་ལྷུང་། དེ་ནི་མུན་ནག་གི་དོང་ཆེན་ཞིག་ཏུ་གྲོགས་མེད་ཁེར་རྐྱང་དུ་ལྷུང་སོང་བ་དང་ཨ་ན་མ་ན་རེད། ང་ལ་དངོས་གནས་མངལ་སྦྲུམ་ཡོད་ཚེ། ད་ནི་ང་རང་ལམ་གང་ཞིག་ཏུ་སོང་ན་དགའ་ཨང་། ལམ་གཅིག་གི་ནང་དུ་མངོན་མེད་ཀྱི་ཚེར་མས་ཁེངས་ཤིང་། ལམ་གཅིག་གི་སྣེ་མོ་འཇིགས་རྔམ་གྱི་མེ་ཕུང་ཁྲོད་འཐེན་འདུག ལམ་གང་དུ་སོང་ན་ཡང་ནོར་འཁྲུལ་ཡིན་ངེས་ཤིང་། ནོར་འཁྲུལ་གྱི་མཐའ་ནི་སྐྱེ་བ་འདི་དང་སྐྱེ་བ་ཕྱི་མར་འབྲེལ་ཡོད། གལ་ཏེ་ངས་ལམ་དང་པོ་དེ་བདམས་པའི་དབང་དུ་བཏང་ན་ངའི་རང་གི་ཚེ་གཅིག་སྐྱ་ཡ་དང་རང་གི་དམིགས་འདུན་དང་མ་འོངས་ཡོད་ཚད་དོར་ནས་བྱིས་པ་འདི་སྐྱེ་དགོས་པ་དང་། ལམ་གཞན་དེ་བདམས་ཚེ། ངས་རང་གི་ཤ་ཁྲག་ལས་མཆེད་པའི་རང་གི་གཅེས་ཕྲུག་འདི་བསད་ནས་འཆི་ཁར་མིག་བཙུམ་མི་ཕོད་པ་ཞིག་བྱེད་དགོས།
ཨ་ཨ། ང་ནི་ཅི་འདྲའི་བུ་མོ་ལས་ངན་ཞིག་རེད་ཨང་། ངས་དེ་ལྟར་མཚན་མོ་དེར་རང་གི་དད་མོས་དང་དམ་བཅའ་ལ་རྒྱབ་འགལ་བྱས། ང་དེ་ལྟར་འདྲེ་ཡིས་དེད་པ་བཞིན་ཁྲུས་ཁང་དུ་བརྒྱུགས་ཤིང་། ང་དེ་ལྟར་འདྲེ་ཡིས་བསྐུལ་བ་བཞིན་བཙུན་པ་དེའི་སྐེ་ལ་སྦྲུལ་བཞིན་འཁྱུད། འཁྱུད་ནས་ཀྱང་བཙུན་པ་དེའི་མི་ལོ་ཉེར་ལྔའི་རང་གི་དཀའ་ཐུབ་དང་བརྩོན་འགྲུས་མ་ལུས་ཐལ་བ་རླུང་གིས་ཁུར་བ་ལྟར་བྱས། མཚན་མོ་དེའི་བདེ་བ་དང་སྤྲོ་སྐྱིད་ཀྱི་འབྲས་བུ་རུ་དོ་ནུབ་ཀྱི་འཇིགས་སྐྲག་དང་ཐེ་ཚོམ་དག་ལྗོན་ཤིང་བཞིན་ངའི་ལུས་སྟེང་དུ་འགོག་ཐབས་མེད་པར་སྐྱེས་ཡོང་། མི་ཚེ་ནི་མ་གཞི་ནས་ཕྱིར་ལྡོག་ཐབས་མེད་ཅིང་ཚོད་ལྟ་དང་བྲལ་བ་ཞིག་སྟེ། ང་རང་འདས་ཟིན་པའི་མཚན་མོ་དེར་ཕྱིར་ལྡོག་ཐབས་མེད་ཅིང་། རང་གིས་བྱས་པའི་ནོར་འཁྲུལ་ལ་ནམ་ཡང་གཡོལ་ཐབས་མེད།
ད་ནི“བཟུང་ན་ལག་པ་སྲེག་ཅིང་། མངགས་ན་རྫ་མ་ཆག”འགྲོ་བའི་གནས་སྟེང་ཞིག་ཏུ་ཁེལ་འདུག་ཅིང་། ངས་བྱིས་པ་འདི་ངེས་པར་སྐྱེ་དགོས་བསམས་དུས། ངས་རང་གི་སྙིང་གྲོགས་རྡོ་རྗེ་ཡིད་ལ་འཁོར་ཡོང་། ཁོའི་འགྱུར་མེད་ཀྱི་གཏན་ཚིགས་དང་ང་ལ་བཟུང་བའི་རྣམ་དག་གི་སེམས་པ་དེ་ངས་ཇི་ལྟར་རྒྱང་དུ་འདོར་ཨང་། སྡེ་བའི་མི་ཁ་དང་ཚིག་མཚོན་དག་ངས་ཇི་ལྟར་བཟོད་བསྲན་བྱེད་དགོས་ཨང་། ཕ་མ་གཉིས་ཀྱིས“བྱིས་པ་འདིའི་ཕ་སུ་རེད”ཅེས་གཏིང་འདྲི་བྱས་ཡོང་དུས། ངའི་ཅི་ཞིག་ཟེར་ཨང་། དེ་ལས་ཀྱང་ང་རང་མི་ཚེའི་འཕྲང་ལམ་རིང་མོ་འདིར་དགའ་རོགས་སྐྱོ་རོགས་མེད་པར་ཁེར་རྐྱང་གིས་རོལ་དགོས་བྱུང་ཚེ། ངའི་སྡུག་བསྔལ་འདི་སུ་ལ་བཤད་ཨང་། ངས་དེ་ལྟར་དྲན་དུས་སླར་ཡང་བྱིས་པ་འདི་མིག་བཙུམ་ནས་མེད་པར་བྱེད་དགོས་སྙམ་ཡོང་། ཡིན་ན་ཡང་། སྔར་མཐོང་མ་མྱོང་ཡང་མངོན་སུམ་དུ་མཐོང་བ་ལྟ་བུའི་བྱིས་པ་དེའི་མིག་མདངས་ཞེ་ལ་འཁོར་ཚེ། དབང་མེད་དུ་གོང་གི་གདམ་གསེས་དེ་ལས་འགོངས་འགྲོ་ཞིང་། རང་གི་གཅེས་ཕྲུག་རང་གིས་བསད་པའི་སྡིག་ལས་འདི་ངའི་ཚེ་གང་གི་ཁུར་པོ་ཞིག་ཏུ་འགྱུར་འགྲོ་བསམས་དུས། ང་རང་སླར་ཡང་ཐེ་ཚོམ་གྱི་ཀློང་དུ་ཚུད་འགྲོ། དེ་ནི་ལམ་གཉིས་ཀྱི་འདྲེས་མདོ་རུ་གར་འགྲོ་རྟོལ་མེད་དུ་གྱུར་པའི་རི་དྭགས་ཅིག་དང་ཀུན་ནས་མཚུངས།
ངས་དེ་ལྟར་མགོ་འཁོར་བའི་རི་དྭགས་དང་འདྲ་བའི་རང་ཉིད་ཀྱི་མིག་ལམ་མཆི་མས་བསྒྲིབས་ཤིང་གཉིད་དུ་ཡུར་བ་མཐོང་། དེ་བཞིན་དུ་ངས་རང་གི་རྨི་ལམ་རྨི་བ་མཐོང་། རྨི་ལམ་དུ་ང་རང་འཇིགས་གཡེར་བའི་ནགས་ཁྲོད་ཅིག་ཏུ་འགྲོ་བཞིན་འདུག ང་འགྲོ་སའི་ལམ་དེར་ཚེར་མས་ཁེངས་ཡོད་ནའང་། ང་རང་མུ་མཐུད་དུ་འགྲོ་བཞིན་འདུག ངའི་རྐང་པ་ཁྲག་གིས་སྦགས་འདུག་ཅིང་། ངའི་རྐང་རྗེས་ནང་དུ་ཁྲག་ཀོར་མོ་ཀོར་མོར་འཁྱིལ་འདུག ཡིན་ན་ཡང་། ང་རང་ཐེ་ཚོམ་དང་ཕྱི་མིག་མེད་པར་ཚེར་མས་ཁེངས་པའི་ལམ་དེར་མཆོང་སྐྱོད་བྱེད་བཞིན་མཆིས། རྒྱང་རིང་ནས་མཆེད་ཡོང་བའི་བྱིས་པ་དེའི་ངུ་སྐད་ཀྱི་ཕྱོགས་སུ་དེ་ལྟར་ཚམ་ཚོམ་མེད་པར་རྒྱུག་བཞིན་འདུག མི་རིང་བའི་མཚམས་སུ་ང་རང་བྱིས་པ་དེའི་གམ་དུ་འབྱོར་བྱུང་། ང་དེར་ཐོན་དུས་བྱིས་པ་དེའི་ངུ་སྐད་གློ་བུར་དུ་འཇགས་སོང་། བྱིས་པ་གཅེར་བུ་དེའི་མིག་གཉིས་ནི་གྲྭ་བཙུན་དེའི་མིག་བཞིན་དྭགས་ཤིང་དྲི་མས་མ་གོས་པ་ཞིག་རེད། སྣ་དང་ཁ་མཆུ་སོགས་ནི་ང་རང་རི་མོར་བྲིས་པའམ། ང་རང་མེ་ལོང་དུ་འཆར་བ་ལྟ་བུ་ཞིག་རེད། ངས་ཁོ་རང་པང་དུ་ལེན་དུས། འཇིག་རྟེན་པང་དུ་ལེན་པ་བཞིན་ལྕི། ངས་ཤུགས་ཆེན་པོས་ཁོ་རང་པང་དུ་བླངས་ཀྱང་བྱིས་པ་དེ་སྡོང་མགོའི་སིལ་ཏོག་བཞིན་ངའི་པང་ནས་མར་ལྷུང་འགྲོ། ངས་དེ་ལྟར་ཁོ་རང་ཡང་ཡང་པང་དུ་བླངས་ཀྱང་ཁོ་དེ་ལྟར་སྡོང་མགོའི་ལོ་མ་བཞིན་མར་ལྷུང་འགྲོ། བར་སྐབས་ཤིག་ཏུ་ང་རང་ཐང་ཆད་ནས་བྱིས་པ་དེ་རྒྱབ་ཏུ་དོར་ནས་གནས་གཞན་ཞིག་ལ་འགྲོ་བཞིན་འདུག ནགས་ཀློང་ཆེན་པོ་དེའི་དཀྱིལ་དུ་ངས་གོམ་མཚམས་མ་བཞག་པར་རྒྱང་སྐྱོད་བྱས་ན་ཡང་། ངས་རང་ཉིད་གནས་གང་ཞིག་ཏུ་འགྲོ་བཞིན་པ་གཏད་ནས་མི་ཤེས།
ངས་རང་ཉིད་གློ་བུར་དུ་གཉིད་ལས་སད་པ(ང་གཏན་ནས་གཉིད་མེད་ཀྱང་སྲིད)མཐོང་། ཉི་འོད་ཀྱིས་སྒེའུ་ཁུང་གི་ཧྲག་བར་བརྟོལ་ནས་ངའི་སྔས་མགོར་སླེབས་འདུག
ང་མྱུར་དུ་མལ་ལས་ལངས་ཏེ། མལ་ཁང་གི་ཕྱི་རོལ་ཏུ་བརྒྱུགས། མལ་ཁང་གི་ཕྱི་རུ་ངས་ཡུན་རིང་རེ་སྒུག་བྱས་པའི་ཁ་བ་བབས་འདུག་ཅིང་། ཁ་བའི་ཀློང་དུ་ང་ལ་ཁེར་རྐྱང་གི་སྣང་བ་འགོག་མེད་ཅིག་སྐྱེས་བྱུང་། ང་རང་ཁ་བ་བབས་པའི་ཞོགས་པ་དེར་མལ་ཁང་གི་ཁ་གཏད་ཀྱི་སྨན་ཁང་དེར་སོང་། སྨན་ཁང་དུ་བརྟག་དཔྱད་ཚར་ནས་མཇུག་འབྲས་ལ་སྒུག་དུས། ངའི་སྙིང་མགོར་ཚེར་མ་ཟུག་པ་ལྟར་ཚ་ཞིང་། སེམས་པ་ཆུ་རྒོད་གདུ་བ་བཞིན་ལྷོད་ལ་འབབ་ཐབས་བྲལ།
སྨན་པ་ངའི་གམ་དུ་ཇི་ལྟར་སླེབས་པ་ཡང་མ་ཚོར། ཁོས“ བུ་མོ། ཁྱོད་ཀྱི་བརྟག་དཔྱད་མཇུག་འབྲས་འདི་རེད”ཟེར་ནས། ཤོག་སྐྱ་ཞིག་ངའི་ལག་ལ་བཞག་ནས་བུད་སོང་། ངའི་མཐོང་ལམ་རབ་རིབ་ཏུ་གྱུར་ནས་ཤོག་ངོས་ཀྱི་ཡི་གེ་དག་མཐོང་ཐབས་བྲལ་ཞིང་། ང་རང་ཤོག་སྐྱ་དེ་དང་འདྲ་བར་ཡང་མོ་ཡང་མོ་ཞིག་ཏུ་གྱུར་ནས་ལྷགས་རླུང་གིས་དལ་བུར་མཐའ་མེད་པའི་མཁའ་དབྱིངས་སུ་ཁུར་སོང་། ཤོག་བུ་ཞིག་དང་འདྲ་བའི་ང་དེ་ལྟར་བར་སྣང་དུ་ཡང་མོར་རྒྱུ་ཞིང་ལྷབ་ལྷུབ་ཏུ་འཕུར་བའི་ཁ་བའི་འདབས་མ་ཞིག་དང་ཀུན་ནས་འདྲ།
རྩོམ་སྒྲིག་པ། ལྷ་སྐྱིད།
(མཆོད་མེའི་དཔར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།