ལྡེའུ་ཚེ་བརྟན་རྡོ་རྗེའི་བརྩམས་སྒྲུང་གསར་པ། 《དུག་སྦྲང》

ལྡེའུ་ཚེ་བརྟན་རྡོ་རྗེ།(པེ་ཅིང) མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2020-02-18

  དབྱར་གཞུང་གི་ས་སྲོད་འདིར་ཚ་བ་ཤིན་ཏུ་ཆེ།

  མལ་ཁང་གི་སྒོ་གླེགས་གོང་རོལ་ལ་དུག་སྦྲང་མ་བུ་གཉིས་བབས་འདུག དུག་སྦྲང་ལ་མངལ་སྦྲུམ་རྗེས་ངེས་པར་དུ་མྱུར་མོར་ཁྲག་གཞིབ་དགོས་ཤིང་། ཨ་མ་དུག་སྦྲང་ལ་མངལ་སྦྲུམ་ནས་ཏག་ཏག་ཆུ་ཚོད་སྐར་མ་གསུམ་ལས་འགོར་མེད་པ་མ་ཟད། བུ་མོ་དུག་སྦྲང་གིས་ཀྱང་སྔ་དྲོར་བར་ཁྱམས་སུ་ཁ་པར་གཏོང་མཁན་དེའི་ལག་པའི་སྟེང་ནས་ཁྲག་ཉུང་ཙམ་འཇིབས་པ་དེ་ཁོ་ན་ཡིན་པས། མ་བུ་གཉིས་ཀའི་གྲོད་པར་བཀྲེས་ལྟོགས་ཀྱི་འབྲུག་སྒྲ་དི་རི་རི་བྱེད། མོ་གཉིས་ཀྱིས་བར་ཁྱམས་སུ་ཕར་འགྲོ་ཚུར་འོངས་བྱེད་པའི་མི་རྣམས་ལ་རྨུག་དགོས་བསམ་མོད། གོ་སྐབས་ཡག་པོ་ཞིག་མ་རེག་པས། སྒོ་ཕྱེ་བའི་བར་དུ་བསྒུགས་ནས་སྡོད་པ་ལས་ཐབས་གཞན་མ་རྙེད། ཨ་ཨ། ཆུ་ཚོད་སྐར་མ་ཉི་ཤུ་ལ་བསྒུག་དགོས་བྱུང་། ཚེ་ཚད་ཟླ་བ་གཉིས་ལས་མེད་པའི་དུག་སྦྲང་ཞིག་ལ་མཚོན་ན། སྐར་མ་ཉི་ཤུ་ནི་མིའི་རིགས་ཀྱི་ཆུ་ཚོད་ཉི་ཤུ་ལྷག་རེད།

  བར་ཁྱམས་སུ་གླུ་སྐད་ཅིག་སིང་སིང་དུ་གྲགས་པ་དང་བསྟུན་ནས། མི་ཞིག་ཚུར་འོངས་ཏེ་སྒོ་ཕྱེ་བ་ན། དུག་སྦྲང་མ་སྨད་གཉིས་ཀྱང་མི་དེའི་ཕྲག་མགོ་ནས་ནང་དུ་འཕུར་བྱུང་། སྒོའི་ཕྱི་རོལ་དུ་དུག་སྦྲང་རྣམས་ཀྱིས་མི་ལ་རྨུག་ཁག་པོ་འདུག་པས། གྲོད་པ་ལྟོགས་ན་སྲོག་ཉེན་ཆེའང་མི་སྡོད་སའི་ཁང་བའི་ནང་དུ་མི་ཡོང་ཐབས་མེད་ཡིན།

  དུག་སྦྲང་མ་བུ་གཉིས་ཀྱིས་ལྡིང་སྐོར་ཞིག་བརྒྱབ་ཏེ་ཁྱིམ་གྱི་གནས་ཚུལ་ལ་བརྟགས། དུག་སྦྲང་ནི་མིའི་ལུས་སྟེང་གི་སྐྱུར་དྲི་དང་ཁོག་ནས་ཕྱི་ལ་འབྱིན་པའི་དབྱང་གཉིས་ཐཱན་རྫས་ལ་ཚོར་བ་སྐྱེན་པོ་ཡོད་ཕྱིན། ཁྱིམ་དེ་ན་ཁྱོམ་བསྡོམས་མི་བཞི་ཡོད་ཅིང་། དེའི་ཁྲོད་ན་ལུས་ལ་རྔུལ་ཆུ་དང་ཚི་དྲི་འཁོར་བའི་མི་གཉིས་དང་། གཞན་གཉིས་ཀའི་དྲི་མ་ཆུང་བ་མ་ཟད། ཕྱི་ལ་འབྱིན་པའི་དབྱང་གཉིས་ཐཱན་རྫས་ཀྱང་ཉུང་ཙམ་ལས་མི་ཚོར་བས། དེ་གཉིས་ནི་མི་ལུས་སྟོབས་ཞན་པའམ་ཤ་རིད་པ་ཞིག་ཡིན་པ་ཨ་མ་དུག་སྦྲང་གི་སྣོམ་ཤེས་ཀྱིས་ཚོར། མཐར་ཨ་མ་དུག་སྦྲང་འཕུར་ནས་སྒེའུ་ཁུང་གི་གྲུ་ཕུགས་དེར་བབས་པ་དང་། མོས་དྲི་འཛིན་གྱི་དབང་བོ་སྟེ་སྟེང་དུ་བ་སྤུ་རྒྱ་སྨུག་སྐྱེས་པའི་རྭ་ཅོ་རིང་པོ་དེ་གཉིས་འགུལ་ཙམ་འགུལ་ཙམ་བྱས། ཅུང་འགོར་རྗེས་བུ་མོ་དུག་སྦྲང་གིས་ཀྱང་དྲི་མ་སྣོམ་བཞིན་འཕུར་ཡོང་ནས་སྒེའུ་ཁུང་གི་ཐེམ་སྟེགས་སུ་བབས།

  ཁང་བ་འདི་ནི་བོད་རིགས་སློབ་མའི་མལ་ཁང་ཞིག་རེད། ནང་གི་སློབ་གྲོགས་བཞི་ཡིས་ལུས་སྟོད་གཅེར་བུར་བུད་ཅིང་། ལུས་སྨད་དུ་དོར་ཐུང་རེ་གྱོན་ཏེ། གྲོང་ཁྱེར་ཀྱི་དབྱར་ཁ་འདིར་ཁ་སེམས་གཉིས་སུ་དམོད་མོ་གཏོང་ཞོར་རང་རང་གི་ལས་ཀ་གང་དེ་ལས་བཞིན་སྡོད། སློབ་གྲོགས་རྟ་ལོ་ནི་དེའི་ནང་གི་གཅིག་ཡིན་ལ། ཁོའི་ལུས་པོ་ནི་ཅུང་རྒྱགས། ཤ་མདངས་ནི་དཀར་ཞིང་རློན་ཤ་ཆགས། ལག་ཏུ་གཙང་ཤོག་སྦར་མོ་གང་བཟུང་ཞིང་། མིག་གཉིས་མདུན་གྱི་བརྙན་ཡོལ་ངོས་ཀྱི་གཟུགས་རིས་ལ་ཅེར་འདུག སྐབས་རེར་དཔྲལ་བར་རྔུལ་ཆུ་བརྡོལ་ནས་མིག་ནང་དུ་བཞུར་ཡོང་བ་ན། ཁོས་མི་སྡུག་པའི་ཉམས་ཀྱིས་འབྱིད་ཙམ་བྱེད་མོད། གཉའ་ལྟག་གི་སྐྲ་མཐའ་ལས་རྔུལ་ཆུ་ཟགས་ཏེ་ཕྱོགས་གཉིས་སུ་གྱེས་ཤིང་། མདུན་གྱི་ཨོག་མ་ནས་སླར་ཡང་གཞི་གཅིག་ཏུ་འདྲེས་ཏེ་བྲང་ཁུག་ཏུ་བཞུར་བ་དང་། ཟ་འགྲམ་གཉིས་ཀྱི་རྔུལ་ཆུ་ནི་མ་ནེའི་འོག་ཏུ་འདྲེས་ཏེ་གསུས་པའི་སྟེང་དུ་ཟགས་པ་སོགས་ལ་ཁོས་དོ་སྣང་གཏན་ནས་བྱེད་ཀྱིན་མེད།

  “ཁྱོད་ཀྱིས་བལྟས་ན་དམིགས་འབེན་ཡག་ཤོས་དེ་གང་རེད། ཨ་མ།”བུ་མོ་དུག་སྦྲང་གིས་རྐང་བ་གཞུག་མ་གཉིས་ཕུར་ཕུར་ཙམ་བྱས་ནས་དེ་སྐད་སྨྲས། སྤྱིར་དུག་སྦྲུང་ལ་རྐང་ལག་དྲུག་ཡོད་མོད། གཞུག་མ་དེ་གཉིས་ཀྱི་བྱེད་ལས་གཙོ་བོ་ནི་འཕུར་བའི་སྐབས་སུ་ཁ་ཕྱོགས་སྙོམ་པ་དང་། ས་ལ་འབབ་སྐབས་བརྟན་པོར་བཟོ་བ་ཙམ་ལས་བགྲོད་བྱེད་ཀྱི་ནུས་པ་མེད།

  ཨ་མ་དུག་སྦྲང་གིས་ཚེམས་ཕྲེང་ཉེར་གཉིས་ཅན་གྱི་མཆུ་ཏོ་དེ་ས་ལ་རྡེབ་ཙམ་བྱས་ཏེ“ངས་ཀྱང་མི་ཤེས། ང་སྔོན་ལ་འགྲོ། ང་ཕྱིར་ཡོང་མ་ཐུབ་ན་ཁྱོད་ཀྱིས་ཁོ་ཚོ་གཉིད་པའི་བར་དུ་སྒུག་པ་ལས། ཧོལ་རྒྱུག་གཏན་ནས་བྱེད་མི་རུང”ཞེས་བཤད་རྗེས། ལྡེམ་མྱུར་དང་བཅས་མཁའ་ལ་འཕུར་བྱུང་།

  སྐྱུར་དྲི་ཞིམ་པོ་ཞིག་སྣོམ་བྱེད་ཀྱི་རྭ་གཉིས་ཀྱིས་ཚོར་བ་ན། མོས་དྲི་མ་དེའི་འབྱུང་ཁུངས་འཚོལ་བཞིན་འཕུར། དེ་ནི་ལུས་སྟོད་རྔུལ་ཆུས་བརླན་པའི་མི་ཞིག་སྟེ། སློབ་གྲོགས་རྟ་ལོ་ཡིན་འདུག མོས་རང་གི་བདེ་འཇགས་ལ་གཞིགས་ནས། ཐོག་མར་སློབ་གྲོགས་རྟ་ལོའི་མདུན་གྱི་དཔེ་སྒྲོམ་དེའི་ཐེམ་པ་གཉིས་པའི་གྲུ་ཕུགས་སུ་བབས་ཤིང་། བློ་རྩེ་གཅིག་ཏུ་བསྒྲིམས་ནས་མདུན་གྱི་མི་རྒྱགས་པ་དེ་ལ་བརྟག་ཅིང་དཔྱད། མི་དེས་སྐབས་ལན་རེར་ལག་གཡས་པས་དཔྲལ་བར་རེག་ཙམ་བྱེད་པ་ལས། ལུས་ཀྱི་ཆ་ཤས་གཞན་དག་ནི་ཚོར་བ་ཉམས་པ་ལྟར་གཡོ་འགུལ་མེད་པ་མཐོང་རྗེས། ཨ་མ་དུག་སྦྲང་གི་སེམས་ལ་སྤྲོ་བ་ཞིག་འགོག་མེད་དུ་འཕོས་ཏེ། རྐང་བ་གཞུག་མ་གཉིས་ཕུར་ཕུར་ཙམ་བྱས་རྗེས་སླར་ཡང་མཁའ་ལ་འཕུར། མོས་ཁང་བའི་ནམ་མཁའ་ནས་ལྡིང་སྐོར་ཞིག་བརྒྱབ་ཏེ། རིམ་བཞིན་ཐུར་ལ་འཕུར་ཏེ་སློབ་གྲོགས་རྟ་ལོའི་གམ་གྱི་རྐུབ་སྟེགས་སྟེང་ལ་བབས། སྤྱིར་མིའི་རྐང་བར་རྨུག་པ་དེ་ལྟོས་བཅོས་ཀྱིས་ཅུང་བདེ་འཇགས་ཡིན་མོད། གནས་དེར་ཁྲག་རྩ་འཚོལ་བ་ནི་ཤིན་ཏུ་དཀའ་བའི་ལས་ཤིག་ཡིན། འོན་ཀྱང་ཨ་མ་དུག་སྦྲང་ནི་ཟླ་བ་གཅིག་དང་ཞག་གསུམ་ལོན་པའི་དུག་སྦྲང་རྒན་མོ་ཞིག་ཡིན་པས། བདེ་འཇགས་ལ་འཛེམ་ལུགས་དང་ཁྲག་རྩ་འཚོལ་ལུགས་ཐད་དུ་ཉམས་མྱོང་ཕུན་སུམ་ཚོགས་པ་ན། རྟ་ལོའི་རྗེ་ངར་ལ་དམིགས་པ་གཏད་བྱུང་། ཨ་མ་དུག་སྦྲང་གི་ལུས་སེམས་གཉིས་ཀའི་སྟ་གོན་ཡོངས་སུ་རྫོགས་སྐབས། གོམས་ཕྱོགས་ཤིག་གིས་མཆུ་ཏོ་སླར་ཡང་རྐུབ་སྟེགས་སྟེང་དུ་ཐེངས་འགར་གཏགས་རྗེས། ཐད་ཀར་རྟ་ལོའི་གཡས་རྐང་གི་རྗེ་ངར་ངོས་སུ་བབས། ཡིན་ནའང་མོས་དེ་མ་ཐག་ཏུ་ཁྲག་གཞིབ་པར་མི་བྱ་བར། རིག་པ་སྣོ་སྐུད་ལྟར་བསྒྲིམས་ཏེ། མཁའ་ལ་འཕུར་པེ་ལེན་བྱས་ནས་ཡུད་ཙམ་ལ་བསྡད། འོན་ཏེ་གྲགས་འགུལ་ཅི་ཡང་མ་བྱུང་བས། མོས་ཁྲག་རྩར་དམིགས་གཏད་ནས་བ་སྤུའི་ཁོང་གསེང་ལ་མཆུ་ཏོ་བཙུགས་པ་ན། མཆུ་ཏོ་ནི་འབྲི་མར་གྱི་ནང་དུ་རྒྱ་ཁབ་བརྡབས་པ་བཞིན་ཐོགས་པ་མེད་པར་ཐུར་ལ་ཟུག མོས་ཁྲག་དྲི་ཚོར་མ་ཐག ཟད་མི་ཤེས་པའི་བདེ་བ་ཞིག་མགོ་བོའི་ཀླད་ནས་རྐང་བའི་མཐིལ་དུ་ཁྱབ་ཏེ། ཡུད་ཙམ་ལ་འཇིག་རྟེན་གཞན་ཞིག་ཏུ་སླེབས་པའི་སྣང་བ་བྱུང་བ་དང་། རིམ་བཞིན་ཤེས་པ་ཇེ་གསལ་ཏུ་གྱུར་རྗེས། མོས་ད་གཟོད་རང་གི་ལས་ཀ་དངོས་དེ་ཡིད་ལ་དྲན་པས། རྐང་ལག་ཇེ་བརྟན་དུ་བཏང་སྟེ་དལ་གྱིས་གཞིབ་པ་ན། སྐད་ཅིག་ཙམ་གྱི་ཡུན་ལ་མོའི་གསུས་པའི་ཁ་དོག་དམར་ནག་ཏུ་གྱུར། ལྟོ་བ་འགྲངས་སོང་། མོས་ཟུངས་ཁྲག་འཇིབ་མཚམས་ཀྱང་བཞག་སོང་། སྐབས་དེར་སེམས་ཆུང་གི་སྒོས་རང་གི་མཆུ་ཏོ་ཤ་གསེང་ནས་ཕྱིར་འཐེན་པ་ན། གཤེར་ཁུ་ཞིག་ཁ་ནས་དབང་མེད་དུ་ཟགས་ཏེ་རྟ་ལོའི་ཤ་གསེང་དུ་འཐིམས། ཡིན་ནའང་རྟ་ལོ་གློག་བརྙན་ལ་ཧད་དེ་གནས་སྐབས་སུ་ཚོར་བ་ཅི་ཡང་མ་བྱུང་།

  བུ་མོ་དུག་སྦྲང་གི་གྲོད་པ་ལྟོགས་ཏེ་ཚ་ལམ་ལམ་བྱེད་མོད། ཨ་མའི་སྐད་ཆ་དྲན་ཏེ་འཕུར་མ་ཕོད་པར་ངང་སྒུག་བྱ་དགོས་བྱུང་། སྒུག་གིན་སྒུག་གིན་མོས་སུག་བཞི་བགྲད། རྐང་བ་གཞུག་མ་གཉིས་ཀ་རྒྱབ་རྟེན་བྱས། མཆུ་ཏོ་ས་ལ་བཙུགས་ནས་གཏི་མུག་གི་ཞིང་ཁམས་སུ་ཕྱིན། ཨ་མ་དུག་སྦྲང་གིས་གཤོག་སྒྲ་དང་བཅས་མོའི་མགོ་ཐོག་ཏུ་ལྡིང་སྐོར་འགའ་བརྒྱབ་རྗེས་གམ་དུ་བབས་པ་ན། མོ་རང་ད་གཟོད་གཉིད་ལས་སད་དེ་མཆུ་ཏོ་ཡར་བཀྱགས།

  “ཁྱོད་འདི་ཅི་འདྲའི་སྒྱིད་ལུག་ཅིག་རེད་ཨང་། ཁྱོད་གཉིད་ས་འདིར་ཉེན་ཁ་ཇི་འདྲ་ཆེ་བ་ཤེས་སམ། ངལ་གསོ་ན་ཧྲག་བར་རམ་གྲུ་ཕུགས་ཤིག་འཚོལ་དགོས། གཞན་གྱིས་མཐོང་སར་གཉིད་པ་ནི་འཆི་འདོད་པ་ཤ་སྟག་རེད།”ཨ་མ་དུག་སྦྲང་གིས་དབུགས་ལྷེམ་ལྷེམ་ངང་དེ་སྐད་སྨྲས་རྗེས། རང་དབང་མེད་པར་དངན་པ་རིང་པོ་ཞིག་འཐེན།

  “ངས་ཁྱོད་ལ་བསྒུགས་ནས་ཐང་ཆད་པ་རེད། དམིགས་འབེན་ཞིག་རྙེད་སོང་ངམ།”བུ་མོ་དུག་སྦྲང་ལ་བྲེལ་འཚུབ་ལངས།

  “དམིགས་འབེན་ནི་ཡོད། སྐྱུར་དྲི་ཁ་པོ་ཅན་དེས་ལག་པ་ཡ་གཅིག་འགུལ་ཙམ་བྱེད་པ་ལས། ལུས་ཀྱི་ཆ་ཤས་གཞན་ལ་གཡོ་འགུལ་མེད། འོན་ཀྱང་ཡིད་ལ་ཟུངས། ཁོ་ཚོ་ཚང་མ་འཇམ་ཅག་གེར་ཡོད་ནའང་གཅིག་ཀྱང་གཉིད་མི་འདུག་པས། མི་དེའི་རྐང་བར་རྨུག་པ་ལས་ལུས་སྟོད་དུ་གཏན་ནས་རྨུག་མི་རུང་།”

  བུ་མོ་དུག་སྦྲང་གིས་རྐང་བ་གཞུག་མ་གཉིས་ཕུར་ཕུར་ཙམ་བྱས་ཏེ“གོ་སོང”ཞེས་ལན་འདེབས་བཞིན་མཁའ་ལ་འཕུར།

  མོས་དྲི་མ་སྣོམ་བཞིན་ལྡིང་སྐོར་ཞིག་བརྒྱབ་ཅིང་། རྟ་ལོའི་ཉེ་ས་ནས་ཐུར་ལ་འཕུར་ཏེ་ཐད་ཀར་ཁོའི་གཡོན་རྐང་གི་ཉྭ་སྟེང་དུ་བབས། མོས་ཐེ་ཚོམ་ཅི་ཡང་མེད་པར་མཆུ་ཏོ་ཤ་རུ་བཙུགས་ནས་འཇིབ་པ་ན། ཞེ་མེར་བའི་ཚིལ་དྲི་ཞིག་ལས་ཅི་ཡང་མ་ཚོར་བས། མཆུ་ཏོ་ཕྱིར་ཕྱུང་ནས་སླར་ཡང་ལྡིང་སྐོར་ཞིག་བརྒྱབ་རྗེས། གཡོན་རྐང་གི་རྐང་མགོའི་ཁྲག་རྩ་ཞིག་གི་སྟེང་དུ་བབས། ཨ་མ་དུག་སྦྲང་གིས་སྒེའུ་ཁུང་ཁར་ཡུན་རིང་བསྒུགས་ཀྱང་བུ་མོ་ཕྱིར་མ་སླེབས་པས། འཚབ་ནས་འདུག་མ་བཟོད་དེ་བུ་མོའི་ཕྱོགས་སུ་འཕུར།

  བུ་མོ་དུག་སྦྲང་གིས་རྐང་མགོའི་རྩ་ཆེན་དུ་ཁྲག་འགྲང་ཚད་ཅིག་འཇིབ་པ་ན། གསུས་པའི་ཁ་དོག་དམར་པོར་གྱུར་སོང་། མོས་ཡིད་ཚིམས་པའི་ངང་མཆུ་ཏོ་ཤུགས་ཀྱིས་འབྱིན་བཞིན་པའི་སྐབས་དེར། རྟ་ལོས་ཏག་ཏག་དཔྲལ་བའི་སྟེང་གི་རྔུལ་ཆུ་འབྱིད་ཙམ་བྱས་པ་དང་། ཁོའི་གཡོན་རྐང་མགོ་ནས་ཟ་འཕྲུག་བཟོད་གླགས་བྲལ་བ་ཞིག་བྱུང་བ་ན། གཡས་རྐང་འདྲུད་ལྷམ་དང་བཅས་ཏེ་ཡར་བཀྱགས་ནས་གཡོན་རྐང་གི་རྐང་མགོའི་ཀླད་ལ་ཤུགས་ཀྱིས་གཙུད། འདི་དག་ཐམས་ཅད་ཨ་མ་དུག་སྦྲང་གིས་གམ་གྱི་རྐུབ་སྟེགས་དེའི་གྲུ་ཟུར་ནས་གསལ་ལ་མི་གསལ་བ་ཞིག་མཐོང་ཤིང་། རྟ་ལོའི་རྐང་བ་འགུལ་བའི་སྒྲ་ཡང་ཐོས་པས། མོས་སེམས་སུ་རྐང་བས་སྲོག་ལ་གཙེ་དཀའ་མོད། གལ་ཏེ་དོགས་ཟོན་བྱས་མེད་ཚེ། དེས་ཀྱང་རྐང་ལག་སྐྱོན་ཅན་དུ་གཏོང་ངེས་ཡིན་སྙམ་ཏེ་སེམས་རབ་ཏུ་འཚབ། རྟ་ལོའི་རྐང་མགོའི་ཟ་འཕྲུག་རིམ་གྱིས་འཇགས་པས། གཡས་རྐང་ཡར་བཀྱགས་ནས་སླར་རང་གནས་སུ་བཞག ཡིན་ནའང་ཅུང་མ་འགོར་བར་ཁོའི་གཡས་རྐང་གི་རྗེ་ངར་ཏེ་ཨ་མ་དུག་སྦྲང་གིས་རྨུག་ས་ལའང་ཟ་འཕྲུག་ལངས་པས། ཁོས་མིག་གིས་གློག་ཀླད་ངོས་སུ་ལྟ་ཞོར་ལུས་སྟོད་བསྒུར་ནས། ལག་གཡས་པའི་སྦར་མོས་སེན་འབྲད་ལན་འགའ་བྱས་ཏེ་གནས་སྐབས་སུ་ཟ་འཕྲུག་འཇོམས་ཙམ་བྱས་རྗེས“གནའ་ཤི་བོ། དུག་སྦྲང་ཅིག་འདུག”ཟེར་ཞོར་ཡར་དགྱེས། འོན་ཀྱང་མི་གཞན་སུ་ཞིག་གིས་ཀྱང་ཁོ་ལ་ཨ་ལན་མ་བྱིན་ལ། ཁོས་ཀྱང་དེ་རྒྱུན་ལྡན་ཞིག་ཏུ་བསམས་ནས་མུ་མཐུད་དུ་བརྙན་ཡོལ་ལ་ཅེར།

  སྐབས་དེར་རྟ་ལོའི་རྐང་འོག་ནས་ཙི་སྒྲ་དང་བཅས་ཏེ་བུ་མོ་དུག་སྦྲང་ཡར་ལ་འཕུར་ཡོང་བ་ན། ཨ་མ་དུག་སྦྲང་གི་སེམས་པ་ད་གཟོད་ལྷོད་ལ་བབས། མོ་མཐོང་ཡངས་སའི་རྟ་ལོའི་མདུན་གྱི་དཔེ་སྒྲོམ་དེའི་ཐེམ་པ་གཉིས་པར་འཕུར་ཏེ། རང་གི་བུ་མོ་དེ་གར་ཡོང་བར་བསྒུགས་ནས་བསྡད།

  བུ་མོ་དུག་སྦྲང་གི་མགོ་ལ་རྟ་ལོའི་ལྷམ་མཐིལ་རེག་ཙམ་བྱས་པས། མགོ་ཡོམས་འཁོར་ནས་ས་རུ་ལྷུང་ཡང་། མོས་མཆུ་ཏོ་ཤ་གསེང་ལས་ཕྱིར་ཕྱུང་སྟེ་ཡར་འཕུར་བའི་སྐབས་ལ་ཁེལ་བས་རྨས་སྐྱོན་ཆེན་པོ་མ་བྱུང་། རྟ་ལོས་རྐང་བ་ཡ་གཅིག་རང་གནས་སུ་བཞག་ནས་གཡོ་འགུལ་མེད་པར་གྱུར་རྗེས། མོའི་རིག་པ་ཡང་ཇེ་གསལ་ཏུ་གྱུར་ཏེ་རྟ་ལོའི་གཡས་ཟུར་ནས་ཡར་འཕུར། རྟ་ལོའི་བྲང་གི་མཚམས་སུ་སླེབས་པ་ན་སྐྱུར་དྲི་དང་ཚི་དྲི་འདྲེས་མའི་དྲི་ཞིམ་ཞིག་གིས་མོའི་དྲི་འཛིན་གྱི་དབང་པོ་ཅིག་ཅར་ཏུ་འཕྲོག མོའི་ཕོ་བའི་ནང་དུ་ཁྲག་གིས་ཁེངས་འདུག་མོད། དྲི་མ་དེའི་འགུགས་ཤུགས་ལ་དངོས་གནས་གཞའ་ཐབས་བྲལ་བས། མོས་ཉེན་ཁ་ལ་མི་འཛེམ་པར་ཡང་ཡང་ལྡིང་སྐོར་བརྒྱབ་ནས་དྲི་མ་དེ་ལོངས་སུ་སྤྱད། ཚུལ་དེ་དག་དཔེ་ཆ་ཞིག་གི་གྲུ་ཟུར་ལ་བབས་འདུག་པའི་ཨ་མ་དུག་སྦྲང་གིས་མཐོང་བ་ན། མོའི་སེམས་པ་སླར་ཡང་མི་བདེ་བར་གྱུར། དེ་ལའང་རྒྱུ་མཚན་མེད་པ་མ་ཡིན་ཏེ། མི་རྣམས་གཉིད་མེད་པའི་སྐབས་སུ་ཁོ་ཚོའི་ལུས་སྟོད་ལ་རྨུག་པའམ། མིག་མདུན་ནས་ལྡིང་སྐོར་བྱེད་པ་ནི་ཆེས་ཉེན་ཁ་ཆེ་བའི་ལས་ཤིག་ཡིན། ཁོ་ཚོས་དུག་སྦྲང་གང་དེ་མཐོང་བ་ན། མ་མཐོང་བའི་ཚུལ་གྱིས་དེ་ས་ལ་འབབ་པར་བསྒུགས་ཤིང་། ས་ལ་བབས་མ་ཐག་ལག་པའི་ཐལ་མོའམ་དངོས་བོ་གང་རུང་གིས་བརྒྱབ་ཏེ་གསོད་པར་འགྱུར། ཡིན་ནའང་རྟ་ལོ་སྔར་བཞིན་གློག་བརྙན་ནང་ལ་ཟུག་འདུག བུ་མོ་དུག་སྦྲང་གིས་དྲི་མ་དེ་སྣོམ་གྱིན་སྣོམ་གྱིན་སླར་ཡང་ཁྲག་གཞིབ་འདོད་འགོག་མེད་དུ་སྐྱེས་པས། མོ་རྟ་ལོའི་བྲང་གཞུང་དུ་བབས་ནས་མཆུ་ཏོ་རྔུལ་ཆུའི་ནང་ལ་བཙུགས་ཏེ་ཡུད་ཙམ་བསྡད་རྗེས། སླར་ཡང་འཕུར་ཏེ་དང་རུས་ཀྱི་གཤམ་དུ་བབས་ནས་དངོས་སུ་འཇིབ་མགོ་བརྩམས། ཨ་མ་དུག་སྦྲང་གི་ཡིད་སེམས་བློང་བློང་པོ་གྱུར་ཏེ་འདུག་མ་བཟོད་པས། ཐོག་མར་དཔེ་ཆའི་ཐོག་ནས་མར་དཔེ་སྒྲོམ་གྱི་ཐེམ་སྟེགས་སྟེང་ཏུ་བབས་པ་དང་། དེ་ནས་ཡང་ཕྱིར་དཔེ་ཆའི་སྟེང་དུ་བབས་ནས་ཡར་འཕུར་མར་འཕུར་བྱས།

  རྟ་ལོ་འགུལ་བྱུང་། རྟ་ལོའི་ལག་པ་འགུལ་བྱུང་། ལག་གཡས་པའི་ནང་གི་གཙང་ཤོག་དེ་དལ་གྱིས་ལག་གཡོན་པའི་ནང་དུ་བཞག ཡིན་ནའང་ཁོའི་ལུས་སྟོད་ལ་གཡོ་འགུལ་ཏོག་ཙམ་ཡང་མེད་པས། བུ་མོ་དུག་སྦྲང་གིས་ཅི་ཡང་མ་ཚོར་ལ། གསུས་པ་བརྒྱགས་ནས་འགད་ལ་ཁད་དུ་སྣང་ཡང་། མཆུ་ཏོ་སྔར་བཞིན་རྟ་ལོའི་ཤ་གསེང་དུ་བརྡབས་ནས་ཁྲག་གི་རོ་ལ་མྱོང་བཞིན་ཡོད། ཨ་མ་དུག་སྦྲང་གིས་གློ་བུར་ཏུ་རླུང་བུ་ཞིག་ལྡང་བ་ཚོར་ཏེ། རྒྱུན་གོམས་ལྟར་ལྡེམ་མྱུར་ངང་གནམ་དུ་འཕུར་ཤིང་། དེར་མཐུད་ས་སྟེང་བཀང་བའི་ཆོམ་སྒྲ་ཞིག་གྲགས་མ་ཐག་ཡིད་དུ་སླར་ཡང་རང་གི་བུ་མོ་འཁོར་ཏེ། ཕྱིར་དཔེ་སྒྲོམ་གྱི་གྲུ་ཟུར་ཞིག་ཏུ་བབས། ཁྲག་དྲི་ཞིག་དང་དུག་སྦྲང་ལ་ཡོད་པའི་ཐུན་མིན་གྱི་དྲི་མ་དེ་མོའི་སྣ་ལམ་དུ་འབྱོར་བ་ན། མོའི་སེམས་སུ་རལ་གྲིས་གཙགས་པ་ལྟ་བུའི་ན་ཟུག་ཅིག་བྱུང་། རྟ་ལོས་རང་གི་བྲང་ལ་ལག་པས་ཚ་ཐག་ཆོད་པ་ཞིག་གཞུས་རྗེས། ཁ་ནས“ཨོཾ་མ་ཎི་པདྨེ་ཧཱུྃ”ཞེས་ཟློ་བཞིན། གོང་མཛུབ་དང་མཐེ་བོང་གཉིས་ཀྱི་བར་ཏུ་བུ་མོ་དུག་སྦྲང་གི་བེམ་རོ་བཟུང་ནས་ཕུར་ཕུར་འགའ་བྱས་རྗེས། འཛེམ་དོགས་ཅི་ཡང་མེད་པར་བེམ་པོ་ཕར་ལ་གཡུགས་ཏེ“བླ་མ་ལ་སྐྱབས་སུ་མཆིའོ།། སངས་རྒྱས་ལ་སྐྱབས་སུ་མཆིའོ།། ཆོས་ལ་སྐྱབས་སུ་མཆིའོ།། དགེ་འདུན་ལ་སྐྱབས་སུ་མཆིའོ།།”ཞེས་སྐྱབས་འགྲོ་ཚར་འགའ་བཟློས་རྗེས་སླར་ཡང་གློག་བརྙན་ལ་ཅེར། ཁོ་ལ་མཚོན་ན་དེ་ནི་ཅི་ཡང་མ་ཡིན་ཏེ། ཆུང་དུས་སུ་ཕ་ཡུལ་ནས་མི་དར་མ་དག་གིས་ནོར་ལུག་གི་མཆུ་བསྡམས་ཏེ། དེ་དག་ཕྱི་མའི་ཡུལ་ལ་དལ་གྱིས་རྫོང་བའི་སྐབས་ཀྱང་མཆོད་མེ་རྐོང་བུ་གང་བཞག་ནས། འཁོར་ལོ་སྐོར་ཞོར་དུ་མ་ཎི་དང་སྐྱབས་འགྲོ་བཟློས་ན་ཆོག་འདུག དེ་བས་རྟ་ལོའི་སེམས་སུ་མཆོད་མེ་དང་འཁོར་ལོ་མེད་མོད། དུག་སྦྲང་ཞིག་ལ་སྐྱབས་འགྲོ་དེ་ཡིས་ཆོག་པར་འདོད་ཡོད།

  མལ་ཁྲི་དེའི་སང་རས་ཀྱི་ཡོལ་བའི་ངོས་སུ། ཨ་མ་དུག་སྦྲང་གིས་རྟ་ལོ་ལ་བསྒུགས་ནས་བསྡད་ཡོད། ཏག་ཏག་ཆུ་ཚོད་གཅིག་འགོར་སོང་། དུག་སྦྲང་ཞིག་ལ་མཚོན་ན་དེ་ནི་ཆུ་ཚོད་དྲུག་ཅུ་ལྷག་རེད། མོའི་ཁ་སྤྲོ་ཁ་ནས་ལངས། ཞེ་སྤྲོ་གཏིང་ནས་ལངས། མངལ་སྦྲུམ་ཐེངས་སྔོན་མར་ཕྲུ་གུ་ཉིས་བརྒྱ་སོ་བརྒྱད་བཙས་པའི་ཁྲོད་ནས། ལ་ལ་ནི་ཤི། འགའ་ཞིག་ནི་བསད། ལྷག་མ་རྣམས་རང་རང་སར་འཁྱམས་པས། བུ་མོ་འདི་ནི་རང་དང་ལྷན་དུ་སྐྱིད་སྡུག་མཉམ་མྱོང་བྱེད་མཁན་ཁོ་ནར་གྱུར། དེ་བས་མོས་དགྲ་ཤ་འདི་ངེས་པར་དུ་ལེན་དགོས། སྐབས་དེར་གློག་བརྙན་གྱི་མཇུག་རྫོགས་པ་ན། རྟ་ལོས་སང་རས་ཀྱི་ཡོལ་བ་ཕར་དེད་དེ་མལ་ཁྲིའི་སྟེང་ལ་བུད། ཨ་མ་དུག་སྦྲང་གིས་ཀྱང་ཡར་སྔོན་ཁྱིམ་འདིར་ཡོང་བ་ནང་བཞིན། གོ་སྐབས་དེ་བེད་སྤྱད་ནས་ཡོལ་བའི་ནང་རོལ་དུ་འཛུལ། ཡོལ་བ་ནི་དུག་སྦྲང་འགོག་ཆེད་འཐེན་པ་ཡིན་པས། དུག་སྦྲང་ཕྱི་ནས་ནང་ལ་ཡོང་དཀའ་སྟེ་ནང་ནས་ཕྱི་ལའང་འཕུར་དཀའ། ཡིན་ནའང་ཨ་མ་དུག་སྦྲང་གིས་དེ་ལ་སྔ་མོ་ནས་བསམ་བློ་བཏང་ཟིན། ད་ནི་བུ་མོ་དགྲ་ལག་ཏུ་ཤི་བས། ཤ་ལན་ཡིད་ཚིམས་པ་ཞིག་མ་ལོན་ན་ཤི་གསོན་གཉིས་ཀར་ཁྱད་པར་ཅི་ཡོད་སྙམ་སྟེ། ཡོལ་བ་དེའི་ཕྱི་ལ་གསོན་པོར་འགྲོ་རྩིས་གཏན་ནས་མེད།

  རྟ་ལོ་མལ་ཁྲིའི་སྟེང་འགོས་རྗེས། ཁོས་ནམ་རྒྱུན་ལྟར་སྔས་མགོའི་ཀླད་ཀྱི་དཔེ་སྒྲོམ་སྟེང་ནས《བསྟོད་སྨོན་ཕྱོགས་བསྒྲིགས》བླངས་ཏེ། ཐོག་མར་རྟེན་འབྲེལ་བསྟོད་པའི་མཚམས་སུ་ཕྱེ་ནས་ཚར་གཅིག་བཏོན་པ་ན། དཔེ་ཆའི་ཁ་བསུམས་ཏེ་བསམ་ལྷུན་ཚར་གཅིག་བློ་ནས་བཏོན། དེ་ནས་དཔེ་ཆ་ཐོད་པར་བླངས་ཏེ་ངག་དམའ་མོས“སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག སེམས་ཅན་ཐམས་ཅད་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག སེམས་ཅན་ཐམས་ཅད་སྡུག་བསྔལ་མེད་པའི་བདེ་བ་དང་མི་འབྲལ་བར་གྱུར་ཅིག སེམས་ཅན་ཐམས་ཅད་ཉེ་རིང་ཆགས་སྡང་གཉིས་དང་བྲལ་བའི་བཏང་སྙོམས་ལ་གནས་པར་གྱུར་ཅིག”ཅེས་གསོལ་བ་ཞིག་བཏབ་རྗེས། འཆར་སྒོ་ཅི་ཡང་མེད་པར་མགོ་བོ་སྔས་ལ་བཞག

  སྐབས་དེར་ཨ་མ་དུག་སྦྲང་གང་ནས་འཕུར་ཡོང་བའང་མི་ཤེས་མོད། གང་ལྟར་རྟ་ལོའི་སྔས་མགོའི་དཔེ་སྒྲོམ་གྱི་གྲུ་ཟུར་ཞིག་ཏུ་བབས་འདུག མོས་དབུགས་ལྷེམ་ལྷེམ་ངང་མཆུ་ཏོ་ཐེམ་སྟེགས་སྟེང་དུ་བརྡར་བཞིན་རྟ་ལོ་གཉིད་པར་བསྒུག་ཡོད། མོས་རང་གི་བུ་མོའི་རྣམ་པ་དང་ལྷག་པར་དུ་རྐང་བ་གཞུག་མ་གཉིས་ཕུར་ཕུར་བྱེད་པའི་གོམས་གཤིས་སོགས་ཡིད་ལ་དྲན་པས། སེམས་སུ་སྡུག་བསྔལ་མི་བཟད་པ་ཞིག་སྐྱེས་ཏེ། སྐད་ཅིག་ཉིད་ལ་རྟ་ལོའི་ཟུངས་ཁྲག་ཐམས་ཅད་གཞིབ་པར་འདོད་པའི་ཞེ་སྡང་དྲག་ཏུ་ལངས། དེ་ནས་ཡང་སེམས་སུ་གལ་ཏེ་རང་གི་ལུས་སྟེང་ན་གསར་དར་གྱི་ནད་རིགས་ཛི་ཁཱ་ཕྲ་སྲིན[①]ཞེས་པ་དེ་ཡོད་ན་ཅི་མ་རུང་། རྟ་ལོའི་འཕར་རྩ་གང་རུང་ཞིག་གི་ནང་དུ་བཏང་སྟེ། ཁོ་ལ་ནད་དུག་ཕོག་ཅིང་རབས་ཆད་པར་བྱས་ཆོག་སྙམ།

  དབྱང་གཉིས་ཐཱན་རྫས་ཇེ་མང་དུ་མངགས་པ་དང་དབུགས་ཀྱི་རྒྱུ་བ་ཇེ་རིང་དུ་གྱུར་པས། ཨ་མ་དུག་སྦྲང་གིས་རྟ་ལོ་གཉིད་དུ་ཡུར་འདུག་པ་གཞི་ནས་ཚོར། མོས་མཆུ་ཏོ་ས་ལ་ཐེངས་གཉིས་གཏགས་རྗེས། ཐད་ཀར་རྟ་ལོའི་མཇིང་བའི་རྩ་ཆེན་སྟེང་དུ་བབས། སྤྱིར་བཏང་དུག་སྦྲང་ཞིག་ལ་ཕོག་ཐུག་བཏང་བ་ཡིན་ན། དེས་ཁྱོད་ཀྱི་གནས་གཅིག་ལ་རྨུག་ནས་ཡུན་རིང་མི་འདུག་པར། སྤོ་འགུལ་རང་བཞིན་གྱིས་གང་སར་རྨུགས་ནས་ཁྲག་འཇིབ་ཅིང་དུག་གཏོང་བར་བྱེད། གལ་སྲིད་དེ་དག་གི་ལྟོ་བ་འགྲངས་ཚེ། ཁྱོད་ཀྱི་རྣ་ལམ་ནས་གཤོག་སྒྲ་དང་བཅས་ཏེ་ཡར་འཕུར་མར་འཕུར་བྱེད་ཅིང་། དེ་ལྟར་བྱས་ན་ཕྱོགས་གཅིག་ནས་མི་ལ་འཇིགས་སྣང་བསྐྱེད་ནུས་པ་དང་། ཕྱོགས་གཅིག་ནས་ཁོག་གི་ཟས་སམ་ཁྲག་འཇུ་བར་ཕན། ཡིན་ནའང་ཨ་མ་དུག་སྦྲང་ལ་མཚོན་ན། རང་གི་ཆེས་སྙིང་ཉེ་བའི་བུ་མོ་གཞན་གྱིས་བསད་པས་ཞེ་སྡང་གི་མེ་ལྕེ་དྲག་ཏུ་འབར་བ་དེ་དང་། ཆུ་ཚོད་དྲུག་ཅུ་ལྷག་ལ་བསྒུགས་པས་གྲོད་པའི་ནང་གི་ཚ་བ་རབ་ཏུ་རྒྱས་པ་གཉིས་གཞི་གཅིག་ཏུ་འདྲེས་སྟབས། མོས་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་རང་གི་མཆུ་ཏོ་ལྷེམ་ལྷེམ་འགུལ་བའི་འཕར་རྩ་ཆེན་པོའི་སྟེང་དུ་ཧོབ་ཀྱིས་བཙུགས་ནས། ཁྲག་དམར་ཤུགས་ཀྱིས་འཇིབས། ཤུགས་ཀྱིས་འཇིབས། ལྟོ་བ་འགྲངས་རྗེས་སེམས་སུ་སླར་ཡང་རང་གི་བུ་མོ་འཁོར་བས། ན་ཟུག་ཅིག་དང་བཅས་མཆུ་ཏོ་ཤུགས་ཀྱིས་འབྱིན་པ་ན། མོའི་རྐང་འོག་གི་ས་གཞི་དལ་གྱིས་གཡོས་པས་མྱུར་ཏུ་གནམ་ལ་འཕུར།

  རྟ་ལོ་གཡས་སུ་འཁོར་ནས། གཡས་ལག་གིས་མཇིང་བའི་གཡོན་ཕྱོགས་སུ་སྦར་འབྲད་འགའ་བྱས་ཏེ་བསྡད། ཨ་མ་དུག་སྦྲང་གིས་གཤོག་སྒྲ་དང་བཅས་ལྡིང་སྐོར་འགའ་བརྒྱབ་ཏེ་སླར་ཡང་རྟ་ལོའི་རྣ་རྩེར་བབས་ཤིང་། མཆུ་ཏོ་རྣོན་པོ་དེ་བ་སྤུའི་བུ་ག་མིན་ས་ཞིག་ཏུ་ཤུགས་གྱིས་བརྡབས། མོས་ཁྲག་ནི་མི་འཇིབ་པར་དུག་གི་གཤེར་ཁུ་ཐམས་ཅད་བསྡུས་ཏེ་རྟ་ལོའི་རྣ་རྩེ་ལ་འདྲེན་བཞིན་པའི་སྐབས་སུ། མོས་རླུང་བུ་ཞིག་དལ་གྱིས་རྒྱུ་བ་ཚོར་ཞིང་། དེ་དང་མཉམ་དུ་སྒྲ་ཞིག་ཀྱང་གློ་བུར་ཏུ་གྲགས་འོངས་བ་ཐོས།

  མཚན་མོ་དེར། རྟ་ལོའི་རྣ་ལམ་དུ་དུག་སྦྲང་གི་གཤོག་སྒྲ་ལྟ་བུའི་སྒྲ་ཞིག་རྒྱུན་མ་ཆད་པར་གྲགས་པས། ཁོས་ནམ་ལངས་པ་ན་ད་གཟོད་གཉིད་ཁུག་བྱུང་། ཕྱི་ཉིན་ཉིན་གུང་སད་དུས། མེ་ལོང་ངོས་ཀྱི་རང་གི་གདོང་ལ་ལྟ་ཞོར་དུ“ངའི་རྣ་ཅོག ངའི་སྐེ། གནའ་ཤི་བོ། དུག་སྦྲང་འདི་ཚོ”ཞེས་བཤད་དེ་སྐེ་ལ་སྦར་འབྲད་འགའ་བྱེད་པ་ལས། རང་གི་རྐང་བ་གཉིས་ལའང་རྨུགས་ཡོད་པ་ད་དུང་ཚོར་མི་འདུག

                                                                                                                        2016\10\23

  [①]ཛི་ཁཱ་ཕྲ་སྲིན(Zika virus 塞卡病毒)ནི་གསར་དུ་དར་བའི་ནད་རིགས་ཞིག་སྟེ། དེས་སྦྲུམ་མའི་ཁོག་གི་བྱིས་པ་དབང་བོ་སྐྱོན་ཅན་དུ་བསྒྱུར་བའམ་མངལ་ཤོར་བ། དབང་རྩ་ཉམས་པར་བྱེད་པ་དང་། ཡང་ན་བུད་མེད་ལ་མངལ་མི་ཆགས་པ་སོགས་བྱེད། ཕྲ་སྲིན་འདི་དུག་སྦྲང་བརྒྱུད་ནས་འགོས་པ་མ་ཟད། ལུས་འབྲེལ་བརྒྱུད་ནས་ཀྱང་འགོས་བཞིན་ཡོད།

 རྩོམ་སྒྲིག་པ། གངས་དགའ།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལྡེའུ་ཚེ་བརྟན་རྡོ་རྗེའི་བརྩམས་སྒྲུང་གསར་པ། 《དུག་སྦྲང》

2020-02-18 ལྡེའུ་ཚེ་བརྟན་རྡོ་རྗེ།(པེ་ཅིང) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།