ལྡེའུ་ཚེ་བརྟན་རྡོ་རྗེའི་བརྩམས་སྒྲུང་གསར་པ། 《བྱི་བ་གཡུ་ཆུང》
སྤྲིན་ནག་དང་མུན་པ་ལྷན་དུ་བསྡོངས་ཏེ་འཇིག་རྟེན་གྱི་མགོ་བོ་བཙན་ཚུགས་ཀྱིས་བཏུམ་པ་ན། སེམས་ཅན་ཕལ་མོ་ཆེ་ནི་རེ་ཞིག་གཉིད་དུ་ཡུར་བ་འདྲ་མོད། མཚན་མོར་རྒྱུ་བའི་སྲོག་ཆགས་ལ་མཚོན་ན་དེ་ནི་ཉིན་དཀར་དང་དབྱེ་བ་ཅི་ཞིག་མཆིས། བྱི་བ་གཡུ་ཆུང་བཀར་ཁང་དེའི་སྒོ་འགྲམ་དུ་གཉའ་བ་བསྒོང་ཞིང་མཇུག་མ་བསྣར་ནས་འདུག་ལ། ཆར་བ་ཟམ་ཟིམ་འབབ་པའི་ལྷིང་འཇགས་ཀྱི་མཚན་མོ་འདིར། ཁོའི་སེམས་ལ་ས་གཞི་འདིར་རང་ཉིད་གཅིག་པུ་ཁེར་རྐྱང་དུ་ལུས་འདུག་པའི་ཚོར་བ་ཞིག་ངང་གིས་སྐྱེས།
ཁ་གཏད་ཀྱི་མི་སྡོད་སའི་ཁང་མིག་གི་གཟུགས་རབ་རིབ། འགྲོས་ལྡན་པའི་ཆར་ཐིགས་ཀྱི་སྒྲ་ཟ་ཟི། ལྡུམ་བུ་དང་རྩྭ་ལྗང་གི་དྲི་ཐན་ཐུན། ཁ་སྤུ་གཡོ་བར་བྱེད་པའི་བསིལ་རླུང་གི་རེག་བྱ་ཡམ་ཡོམ། ད་དུང་་་་་་། འོ། རེད། མཚམས་འདིར་ཁོས་རང་ཉིད་ལ་ཅི་ཞིག་མཁོ་བ་ཚོར་བྱུང་། དེའི་མུར་ཕོ་བའི་ནང་དུ་ཚ་དྲོད་གློ་བུར་བ་ཞིག་འཕེལ་བ་ན། ཁོ་རྐང་བ་གཉིས་ཀྱི་ཁར་ཡར་ལངས་ཏེ། ལག་ཟུང་གིས་མཆུ་ཏོ་ལ་ཕུར་ཕུར་ལན་འགའ་བྱས་པ་དང་། སླར་ཡང་སུག་བཞིའི་ཁར་གོག་སྟེ་མདུན་གྱི་ཆུ་ཐིགས་འཁྱིལ་བའི་མཚོ་མོའི་ཁ་ནས་ཆུ་ཉུང་ཙམ་འཇིབས་རྗེས། སྣ་ཤུ་རྒྱག་ཞོར་མགོ་བོ་སྤྲུག་སྤྲུག་བྱས་ཏེ་ཁ་སྤུའི་སྟེང་གི་ཟིལ་བ་རྣམས་ཡོངས་སུ་གཏོར། སྐབས་འདིར་རིག་པའང་ཇེ་གསལ་དུ་གྱུར་ཏེ་མཇུག་མ་ཕྲ་ལ་རིང་བ་དེ་གཡོན་ཕྱོགས་སུ་གུག་ཙམ་བྱས་པའི་མོད་ལ། ཕ་རོལ་ན་ཀྲོང་ངེར་འགྱིང་བའི་མི་ཡི་ཞོན་རྟ་འོད་དོད་འབྱིན་མཁན་དེ་དང་། དེའི་ཡར་ཕྱོགས་ན་གྲལ་བསྟར་བསྒྲིགས་པའི་ཁང་མིག་དེ་དག་མིག་མདུན་ནས་ཁྲ་ལེམ་མེར་གསལ་བྱུང་།
རེད་དེ། ད་ལྟ་བྱི་བ་གཡུ་ཆུང་ཡོད་སའི་གནས་འདི་ནི་ཁྱིམ་ཚང་ཞིག་གི་ར་སྐོར་ནང་ཡིན། ཁོ་རང་མར་གཤམ་གྱི་རྒྱ་སྒོའི་གཡས་འགྲམ་ན་ཁ་གྱེན་དུ་འཁོར་བའི་བཀར་ཁང་དེའི་སྒོ་ཁར་ཡོད་པ་དང་། ཐང་དཀྱིལ་དུ་འཕྲུལ་རྟ་ཞིག་ཡར་བསླངས་ནས་འདུག་ཅིང་། གོང་རོལ་གྱི་ས་བབས་མཐོ་སར་སྒོ་སྒེའུ་མང་ལ་དཀར་རྩི་བྱུགས་པའི་མིའི་རིགས་སྡོད་སའི་ཁང་མིག་ཡོད།
བྱི་བ་གཡུ་ཆུང་ཡུད་ཙམ་ལ་བསྡད་རྗེས། ཡིད་ལ་ཅི་ཞིག་དྲན་པ་ལྟར་ཕ་གིའི་སྒོ་འགྲམ་གྱི་འགྱིག་བཟོས་ཆུ་ཟོ་གཉིས་ཡོད་པ་དེར་གཟས་ནས་སྐྱ་ཤ་ལེར་བརྒྱུགས། མི་ཡི་ཞོན་རྟ་འོ་དོད་འབྱིན་མཁན(འཕྲུལ་རྟའམ་སྦག་སྦག་འཁོར་ལོ)དེའི་ཉེ་འགྲམ་དུ་ཐོན་མ་ཐག་གློ་བུར་དུ་གོམས་མཚམས་བཞག་ཅིང་། འཕྲེད་གསེག་གིས་གཟུར་ཙམ་བྱས་ཏེ་ཕ་གིའི་ཆུ་ཟོའི་ཧྲག་བར་དུ་འཛུལ། ཁོས་ཅི་ཞིག་ལ་ལྐོག་ཉན་བྱེད་པ་ལྟར་དབུགས་ལྷེམ་མེར་ཅུང་ཙམ་བསྒུགས་རྗེས། སླར་ཡང་མགོ་བོ་ཕྱི་རུ་ཕུད་ནས་འཕྲུལ་རྟ་དེར་ཞིབ་ལྟ་བྱས། དེས་རྣ་བ་གཉིས་ཐད་དུ་བརྒྱངས་ཤིང་རྭ་ཅོ་ཟུང་གྱེན་དུ་ཀེར་འདུག་པ་དང་། ལུས་པོ་གསེག་ཅིང་མགོ་བོ་གཟུར་ཏེ་གདོང་དཀར་ཡོར་རེ་རང་ལ་ཅེར་འདུག ཨ་ཁ་ཁ། ཇི་འདྲའི་འཇིགས་སུ་རུང་བ་ཞིག་རེད་ཨང་། ཁོས་མུ་མཐུད་དུ་ལྟར་མ་བཟོད་པར་རྩིག་པའི་འགྲམ་རྒྱུད་དུ་ནུར་ཙམ་བྱས་ཏེ། སྦྱོང་བརྡར་ཐོབ་པའི་རྐུན་མ་ཞིག་གམ་ཉེན་རྟོག་པ་ཞིག་དང་འདྲ་བར་རྟབ་རྟབ་པོར་མདུན་དུ་བརྒྱུགས། སྒེའུ་ཁུང་གི་རྩར་ཐོན་མ་ཐག་ཏན་སེ་བསྡད་ཅིང་། མགོ་བོ་གཟུར་ཙམ་བྱས་ཏེ་བསམ་བློ་གཏོང་བའི་བཟོ་ལྟ་ཞིག་བསྟན་རྗེས། སླར་ཡང་ཁ་ཕྱིར་འཁོར་ཏེ་གོམ་པ་འགའ་མདུན་དུ་ནུར་པས་ཁུང་སྒོ་ཞིག་རྙེད་པ་དེའི་ནང་དུ་འཛུལ་སོང་།
བྱི་བའི་རིགས་ཀྱིས་ཁུང་བུ་དྲང་ཐད་དུ་རྟོལ་བའི་དཔེ་མེད་ཅིང་། རྩིག་པའི་ནང་རོལ་ནས་ཕར་ཚུར་དུ་དོང་ལམ་བཟོ་བ་ཡིན། ཁུང་སྒོ་རྒྱུན་པར་མི་ཉུང་སའི་མཆོད་ཁང་ངམ་ཟས་མང་སའི་ཇ་ཁང་གི་གྲུ་ཕུག་ཅིག་ནས་ཕྱི་ལ་རྟོལ་ངེས། ཁོ་ཚོ་དོང་ལམ་དུ་འཛུལ་བ་ན་ད་གཟོད་སེམས་ལྷོད་ལ་བབས་ཆོག་སྟེ། འདི་རུ་རིགས་མཐུན་གྱི་སྤུན་ཟླ་ཚོ་མ་གཏོགས་སྲོག་ཆགས་རང་ལས་ཆེ་བ་སུ་ཡང་ཡོང་མི་ཐུབ་པས་ཡིན། བྱི་བ་གཡུ་ཆུང་འཛུལ་སའི་དོང་ལམ་འདི་ཡང་དེ་ལས་མ་འདས་པར་གཞན་གྱིས་རྒོལ་བར་མི་ནུས་པའི་གསང་ལམ་གལ་ཆེན་ཞིག་ཡིན་ཏེ། ཕལ་ཆེར་ཁོའི་རིགས་མཐུན་དག་གིས་བྱི་ལ་ཨ་སྟག་ཁྱིམ་འདིར་མ་སླེབས་པའི་སྔ་རོལ་ཙམ་དུ་བཟོས་པ་ཡིན་སྲིད།
བྱི་བ་གཡུ་ཆུང་བག་ལྷོད་ངང་རྩིག་པའི་གསེང་གི་དོང་ལམ་ནས་དཀྱོགས་གཉིས་གསུམ་ཙམ་བརྒྱུད་དེ་སོང་བ་ན། མཆོད་སྒམ་འོག་གི་གཡས་ཟུར་གྱི་གྲུ་ཕུག་ན་ཁུང་སྒོ་ཞིག་ཡོད་པ་དེར་སླེབས། ཡིན་ནའང་ཁོ་རང་ཕྱི་ལ་འགྲོ་བར་མི་རྔམ་པར་རིག་པ་རྣོ་སྐུད་ལྟར་བསྒྲིམས་བྱུང་། ཁོས་ཅི་ཞིག་ཐོས་བྱུང་པ་འདྲ་སྟེ། རྩིག་པའི་ནང་ལོགས་ནས་རྣ་ཟུང་གྱེན་དུ་ཀེར་ཏེ་ཁྱིམ་གྱི་གྲགས་འགུལ་ལ་གཟབ་ཉན་བྱས། མིའམ་བྱི་ལ་གང་ཞིག་ཡིན་ནམ། གསལ་ལ་མི་གསལ་བའི་གཙབ་བརྡར་གྱི་སྒྲ་ཞིག་མཆེད་འོངས་ལ། སྐབས་རེར་ཧར་སྒྲ་རེ་གཉིས་ཀྱང་གྲགས་འོངས། སྒྲ་དེ་འདི་ག་མཆོད་ཁང་ནས་མཆེད་པ་མིན་ལ་སྒྲ་རིམ་ཡང་ཤིན་ཏུ་དམའ་བས་ཐོས་འཛིན་དུ་ཟིན་པར་དཀའ་མོད། དུས་ཡུན་རིང་ཙམ་ལ་འགྲོས་ལྡན་པའི་ཚུལ་གྱིས་མཆེད་པ་ན། བྱི་བ་གཡུ་ཆུང་གིས་དེ་ནི་རྒྱུན་ལྡན་ཡིན་པའི་མིའི་རིགས་ཀྱི་མཚན་མོའི་ལས་ཀ་དམིགས་བསལ་བ་ཞིག་ཡིན་པ་གཞི་ནས་རྟོགས། ཁོས་སེམས་ཅུང་ཟད་ལྷོད་ལ་བབས་ཏེ་མགོ་བོ་ཁུང་སྒོ་ལས་ཕྱི་ལ་ཕུད་ཅིང་། རིང་ཐུང་ཤོར་བའི་ཁ་སྤུ་རྣམས་འགུལ་ཙམ་འགུལ་ཙམ་བྱས། དེ་ནི་ཁོས་སྣ་ཤེས་ལ་བརྟེན་ཏེ་ཁྱིམ་འདིར་གཟན་དུ་བྱེད་ཆོག་པའི་ཟས་རིགས་ཡོད་མེད་ལ་བརྟགས་པ་ཡིན་འདུག ཤེས་པའི་ཟིན་ཚོད་དུ་ཟས་ཀྱི་དྲི་ཞིག་མི་སྣང་མོད། ཁོས་རང་གི་ཚོར་ཤེས་ལ་བདེན་དཔང་བྱེད་པ་ལྟར་ཁུང་བུའི་སྒོར་ཐོན་ཞིང་། ཐེ་ཚོམ་དང་བཅས་ཁྱིམ་དཀྱིལ་གྱི་ག་ས་གང་དུ་སྣོམ་ཙམ་སྣོམ་ཙམ་བྱས་ཏེ་འཇབ། དྲང་མོར་བཤད་ན། མཚན་མོར་ཁྱིམ་ཚང་འདིའི་མཆོད་ཁང་དུ་ཤིན་ཏུ་བདེ་འཇགས་ཡིན་ཏེ། ད་སྐབས་མེལ་ཚེ་བ་ཨ་སྟག་ནི་བྱི་ལ་གཞན་དང་འདྲ་བར་ག་ས་གང་དུ་སྐོར་ཉུལ་བྱེད་པ་མིན་པར། མིའི་ཐུ་འོག་ཏུ་འཛུལ་ཏེ་གཉིད་རྐྱང་བྱེད་པ་ཡིན། འོན་ཏེ་བྱི་བ་ནི་རང་བཞིན་གྱིས་བྱི་ལར་སྐྲག་པ་ཁར། བྱི་བ་གཡུ་ཆུང་གི་མིག་ལམ་དུ་ཨ་སྟག་ནི་བྱི་ལ་ཀུན་ལས་སྙིང་རྗེ་བྲལ་བའི་བྱི་ལ་གདུག་རྩུབ་ཅན་ཞིག་ཡིན་པས། ཁོ་རང་ཨ་སྟག་ལ་སྐྲག་པ་དང་ཆབ་ཅིག་དེ་ལ་ཤིན་ཏུ་སྡང་།
བྱི་ལ་ལྡོམ་པོ་དེ་ཐོག་མར་སླེབས་དུས་རང་གི་འཇོན་ཐང་ངོམས་ཆེད་བྱི་བ་འགའ་དམར་གསོད་བྱེད་མྱོངས་ལ། དེ་དག་ཀྱང་ཐད་ཀར་ཁྱུར་མིད་མི་བྱེད་པར་བེམ་པོ་ཁ་ནང་དུ་བཟུང་སྟེ་སྒོ་ཕྱི་ཁྱིམ་ནས་ཕར་འགྲོ་ཚུར་འོངས་བྱེད་པ་དང་། མཇུག་མཐར་ཡན་ལག་རྣམས་ཁ་ཁར་གཏོར་ནས་ཟོས་འགྲོ། འཇིགས་རུང་གི་བྱ་སྤྱོད་དེ་དག་གིས་བྱི་བ་གཞན་དག་སྤ་བཀོང་བར་བྱས་པས། ཁོ་ཚོ་གད་སྙིགས་ཀྱི་ནང་དུ་འཁྱམ་པའམ་རྩ་ལྡུམ་སོགས་ཀྱིས་ཕོ་བ་འགྲང་ཐབས་བྱེད་པ་ལས། ཁང་བའི་ནང་དུ་བཏུད་པར་མི་ཕོད། འོན་ཏེ་བྱི་བ་གཡུ་ཆུང་ཁོ་ལ་སྡང་དོན་ནི་དེ་ཙམ་ག་ལ་ཡིན།
བྱི་ལ་ཨ་སྟག་སླེབས་ནས་ཡུན་རིང་མ་འགོར་བའི་ཉིན་ཞིག་གི་ཕྱི་དྲོར། དེས་ནམ་རྒྱུན་ལྟར་ཁྱིམ་སྲུང་བ་ཡ་རབས་ཤིག་གི་ཚུལ་བསྟན་ཏེ་ག་ས་གང་དུ་སྐོར་ཉུལ་བྱེད་བཞིན་ཡོད། སྤྱིར་ན་བྱི་བའི་རིགས་ནི་ཉིན་དཀར་ངལ་གསོ་བའམ་ཁུང་དུ་ཡིབས་ཏེ་འདུག་པ་ཡིན་མོད། བྱི་བ་གཡུ་ཆུང་དང་ཁོའི་དགའ་རོགས་གཉིས་བཀར་ཁང་ནང་དུ་ཅ་ལག་ཙག་ཙིག་གི་བར་གསེང་ཉུལ་ཏེ་རྩེད་འཇོར་གཡེང་། འདི་ནི་དང་ལེན་བྱེད་མི་ཐུབ་པ་ཞིག་མ་ཡིན་ཏེ། སྲོག་ལྡན་ཕལ་ཆེ་བ་ན་གཞོན་གྱི་དུས་སུ་རྩེ་དགའ་ཆེ་བ་ཡིན་པས། བརྩེ་དུང་གི་མངར་ཁ་རོལ་བའི་ཕོ་མོ་གཉིས་སྨོས་མ་དགོས། བྱི་བ་གཡུ་ཆུང་གི་དགའ་བའི་རྣམ་འགྱུར་དེ་མཐོང་བས་ཁོའི་དགའ་རོགས་ཀྱང་ཡིད་མགུ་བར་གྱུར་པས། རིམ་གྱིས་ཁྱིམ་དཀྱིལ་ནས་ཡར་རྒྱུག་མར་རྒྱུག་བྱས་ཏེ་རང་གི་ལྡེམ་མྱུར་ངོམས། གློ་བུར་དུ་ཙི་སྒྲ་ཞིག་གྲགས་པ་ན་རང་གི་དགའ་རོགས་དེ་བྱི་ལ་ཨ་སྟག་གི་སྦར་མོའི་འོག་ཏུ་མནན་འདུག་པ་མཐོང་བས། བྱི་བ་གཡུ་ཆུང་ཅི་བྱ་གཏོལ་མེད་དུ་གྱུར་ཏེ་ཧད་འདུག་པ་ལས་ཕར་ལ་འབྲོ་བའི་སྤོབས་པ་ཡང་མེད་པར་གྱུར། བྱི་ལ་ཨ་སྟག་གིས་ཅི་མི་སྙམ་པའི་ཚུལ་གྱིས་སྡེར་འོག་ཏུ་ཁོ་མོ་མནན་ཏེ་ཅུང་ཟད་བསྡད་རྗེས་སླར་ཡང་གློད་པར་བྱས། མོ་རང་སྒོའི་ཕྱི་ལ་བྲོས་པ་ན་བྱི་ལ་ཨ་སྟག་ཀྱང་ཧ་ཅང་གདེང་ཚོད་ཡོད་པའི་ངང་རྗེས་སུ་དེད་དེ་སྒོར་ཆས་སོང་། སྐབས་འདིར་བྱི་བ་གཡུ་ཆུང་གཉིད་ལས་སད་པ་ལྟར་གྱུར་ཏེ་ཅ་དངོས་རྣམས་ཀྱི་ཧྲག་བར་དུ་འཛུལ་ཏེ་དབུགས་ལྷེམ་ལྷེམ་ངང་བསྡད་པ་དང་། དེའི་མུར་སླར་ཡང་རང་གི་དགའ་རོགས་དྲན་དེ་འདུག་མ་བཟོད་པར་བཀར་ཁང་གི་ལྟག་རྒྱབ་ནས་ཕྱི་ལ་བུད་ཅིང་། གྱང་རྩ་བརྒྱུད་ནས་གོང་རོལ་གྱི་ཁུང་བུ་ཞིག་ཏུ་མགོ་བོ་ཕུད་དེ་བལྟས་པ་ན། བཀར་ཁང་སྒོ་འགྲམ་གྱི་ལྟར་མི་བཟོད་པའི་རྣམ་པ་དེ་ལག་མཐིལ་དུ་བླངས་པ་ལྟར་གསལ་བོར་མཐོང་ཐུབ། བྱི་ལ་ཨ་སྟག་གིས་མོ་རང་སྦར་མོས་མནན་ཏེ་ཡུད་ཙམ་བསྡད་རྗེས་གློད་པར་བྱེད་ཅིང་། ཕར་བྲོས་པ་ན་སླར་ཡང་སྦར་ལྕག་གིས་བརྒྱབ་སྟེ་ཚུར་གཡུག གཡས་ཕྱོགས་སུ་འབྲོ་རྩིས་བྱས་ཚེ་སྦར་མོ་གཡས་པ་བསྲིངས་ཏེ་མཆུ་ཏོའི་འོག་ཏུ་ཚུར་འཕངས་ཤིང་། གཡོན་ཕྱོགས་སུ་བྲོས་ཚེ་སྦར་མོ་གཡོན་པས་ཚུར་དྲུད་འོངས། མོ་རང་ཐང་ཆད་པའམ་འབྲོ་མི་ཕོད་པར་བསྒོང་ནས་བསྡད་པ་ན། ཁོས་སླར་ཡང་སྦར་མོས་བརྒྱབ་སྟེ་ཕར་གཡུག་རྗེས་རང་གིས་རྒྱང་ལྟ་བྱས་ནས་འདུག དེ་ལྟར་ཐེངས་འགའ་ལ་བརྙས་བཅོས་བྱས་རྗེས་ཕྱི་སྲོག་ཆད་དེ་འགུལ་མི་ཐུབ་པར་གྱུར་པ་ན། ཁོས་མོའི་མགོ་བོ་ལྡད་ཙམ་བྱས་རྗེས། ཁྱུར་མིད་མི་བྱེད་པར་ཕར་སོང་སྟེ་མི་ཡི་ཞོན་རྟ་འོད་དོད་འབྱིན་མཁན་དེའི་སྟེང་དུ་མཆོངས་ཤིང་། ཁ་ནང་དུ་བྱི་བའི་བེམ་རོ་དེ་བསྣར་ནས་འཇིགས་ཟིལ་ངོམས་པ་ལྟར་ཡུན་རིང་བསྡད། ཁྱིམ་བདག་མས་ཚུལ་དེ་མཐོང་མ་ཐག་གཤེ་གཤེ་གཏོང་བཞིན་ཕར་བདས་པ་ན། ཁོས་བེམ་རོ་ཁ་ནང་དུ་བཟུང་སྟེ་སྒོ་ཆེན་གྱི་ཕྱི་ལ་བརྒྱུགས་སོང་།
གང་ལྟར་ཡ་ང་བའི་གནས་ཚུལ་འདི་བྱི་བ་གཡུ་ཆུང་གི་མིག་མདུན་དུ་དངོས་སུ་བྱུང་པ་ནས་བཟུང་། ཁོ་རང་བྱི་ལ་ཨ་སྟག་ལ་སྐྲག་ཅིང་སྡང་བར་གྱུར་པ་མ་ཟད། དེའི་འཇིགས་ཉམས་སྟོན་སའི་འཕྲུལ་རྟ་མཐོང་ནའང་ཞེད་སྣང་སྐྱེ་བར་གྱུར། ཏག་ཏག་བར་སྐབས་དེར་ཁྱིམ་མཚེའུ་ཚང་ན་ཡོད་པའི་བྱི་བ་རྣམས་ཀྱིས་རྒྱུན་པར་སྤྲོ་སྐྱིད་ཀྱི་སྐད་སྒྲ[1]བར་མེད་འབྱིན་པས། འདི་གའི་བྱི་བ་རྣམས་ཀྱིས་གནས་དེར་བདེ་འཇགས་ཡིན་པར་རློམ་ཏེ་གཅིག་རྗེས་གཉིས་མཐུད་ཀྱིས་བཞུད་སོང་མོད། བྱི་བ་གཡུ་ཆུང་བཀར་ཁང་འདི་དང་མཛེས་སྡུག་གི་ཕྱིར་དྲན་དེར་ཞེན་ཆགས་པའམ། ཡང་ན་བྱི་ལ་ཨ་སྟག་ཡིད་ལ་བསྣག་སྟེ་ཞི་བའི་ངོ་རྒོལ་བྱེད་པ་གང་ཡིན་མི་ཤེས་པར་འགྲོ་འདོད་གཏན་ནས་མ་བྱུང་བས་གནས་འདིར་ལུས།
བྱི་བ་གཡུ་ཆུང་གིས་ཁྱིམ་གྱི་ཐང་དཀྱིལ་དུ་སྐོར་རྒྱུག་ལན་འགའ་བྱས་ནའང་ཅི་ཡང་མ་རྙེད་པས་ཁོ་རང་ཡི་མུག་པར་གྱུར། ས་ན་འབྲུ་ལྡོག་གཅིག་ཀྱང་མེད་པ་དེས་མཆོད་སྟེགས་སྟེང་ནའང་ཅི་ཡང་མེད་པ་ཤེས་ཐུབ་སྟེ། གལ་སྲིད་མི་ཡིས་འབྲུ་རིགས་ཀྱི་མཆོད་པ་བཤམས་ཡོད་ཚེ། ཅི་ལྟར་གད་བདར་བྱས་ཀྱང་ས་རུ་འབྲུ་རྡོག་འགའ་རེ་ལྷག་མེད་པ་མི་སྲིད། བརྒྱ་ལ་མཆོད་སྟེགས་སུ་མཆོད་འབྲུ་ཡོད་པའི་དབང་དུ་བཏང་ཡང་དེ་ལ་འགྲོ་ལམ་འོས་མཚམས་ཤིག་དང་མཆོང་རྩལ་ངེས་ཅན་ཞིག་དགོས་ཏེ། བྱི་བའི་རིགས་ནི་རང་གི་ལུས་པོའི་ལྡབ་ལྔ་ཡི་རིང་ཚད་ལ་མཆོང་ཐུབ་མོད། གྲོད་པ་ཤིན་ཏུ་རྒྱགས་པའམ་ལྟོགས་དྲགས་པ། ཡང་ན་ཡུན་རིང་ལ་སྦྱོང་བརྡར་མ་བྱས་པའི་བྱི་བ་རྣམས་ནི་རང་ལུས་ཀྱི་ལྡབ་གསུམ་ནས་བཞི་ཙམ་གྱི་རིང་ཚད་མ་གཏོགས་མཆོང་མི་ནུས་པས། གལ་སྲིད་སྟབས་མ་ལེགས་པར་ཐང་དུ་ལྷུང་བ་ཡིན་ན་སྲོག་གི་ཉེན་ཁ་ཡང་ཡོད་པས། གལ་ལ་མ་ཐུག་ན་བྱེད་ཐབས་འདི་འདྲ་བཀོལ་ག་ལ་རུང་། དེ་བས་བྱི་བ་གཡུ་ཆུང་གློ་སྒོའི་ཉེ་སར་བཅར་ཏེ་མི་སྐད་ཟ་ཟི་གྲགས་ས་དེར་འགྲོ་འདོད་སྐྱེས། གནས་གང་དུ་མི་ཡོད་ན་དེར་བྱི་བའི་ཟས་སུ་རུང་བའི་གཟན་ཡང་ཡོད་པའི་གནས་ལུགས་དེ་ཁོས་ཕལ་ཆེར་ཤེས་ཡོད་པ་འདྲ།
ཁོས་ལག་པ་གཉིས་སྒོ་ཐེམ་སྟེང་དུ་བཞག་སྟེ་སླར་ཡང་ནང་གི་གནས་ཚུལ་ལ་དཔགས། སྐབས་འདིར་བཟའ་མི་གཉིས་ཀྱིས་ལབ་གླེང་བྱེད་བཞིན་ཡོད་མོད། བྱི་བ་གཡུ་ཆུང་གིས་བག་ལྷོད་ཀྱི་མི་སྐད་དེ་ནི་རང་ལ་དམིགས་མེད་པའམ་ཡང་ན་ཉེན་ཁ་ཅན་ཞིག་མིན་པ་ཤེས་རྗེས། ཁོས་བྱི་ལ་ཨ་སྟག་གང་ཞིག་ནས་མཆོང་ཡོང་པར་དོགས་ཟོན་བྱེད་ཞོར་སྒོ་ཐེམ་ཡོངས་སུ་བརྒལ་ཅིང་། དེ་ནས་སླར་ཡང་མདུན་དུ་ནུར་ཙམ་བྱས་ཏེ་མཇུག་མ་ཡང་གཡས་ཕྱོགས་སུ་བསྡུས། ད་ལྟ་ཁོའི་ཕོ་བའི་ནང་གི་ཚོར་བ་དེ་རིམ་བཞིན་ཇེ་དྲག་ཏུ་གྱུར། ཁོས་ཁ་སྤུ་འགུལ་བཞིན་སྣོམ་ཙམ་སྣོམ་ཙམ་བྱས་རྗེས། མཇུག་མ་ས་རུ་དྲུད་དེ་ཆ་སྒམ་དག་གི་འོག་ནས་ཡར་རྒྱུག་མར་རྒྱུག་ལན་འགའ་བྱས་ཀྱང་གསར་རྙེད་ཅི་ཡང་མ་བྱུང་པས། དྲི་ཞིམ་གྱི་མཆེད་ཁུངས་ཐང་དཀྱིལ་དུ་ཡོད་པ་ཚོར་ཏེ་དམིགས་པ་དཀར་ཡོལ་དེའི་ཕྱོགས་སུ་གཏད། ཡིན་ནའང་བྱི་ལ་ཨ་སྟག་གི་གནས་ཚུལ་གང་ཡང་མི་ཤེས་པས་ཁོས་ཡུད་ཙམ་ལ་བསྒུགས་ནས་བསྡད། བཟའ་མི་གཉིས་ཀྱི་སྐད་ཆ་རིམ་བཞིན་ཇེ་ཉུང་དུ་གྱུར་ཞིང་སྐད་གདངས་ཇེ་དམའ་རུ་སོང་པ་དང་བསྟུན། སྔུར་སྒྲ་རིང་བོ་ཞིག་ག་ལེར་ཁོའི་རྣ་ལམ་དུ་ཐོས་འོངས། བྱི་ལ་བྱི་བར་ཆ་རྒྱུས་ག་ཙམ་ཡོད་ན་བྱི་བ་བྱི་ལར་ཡང་རྒྱུས་མངའ་དེ་ཙམ་ཡོད་སྲིད་པས། བྱི་བ་གཡུ་ཆུང་གིས་སྔུར་སྒྲ་དེ་ནི་བྱི་བ་ཞིག་གི་སྔུར་སྒྲ་ཡིན་པ་རྟོགས་རྗེས་ཚམ་ཚོམ་མེད་པར་དཀར་ཡོལ་གྱི་ཕྱོགས་སུ་བརྒྱུགས། དེར་ས་རུ་སྣོམ་བཞིན་མཐའ་འཁོར་དུ་གཏོར་བའི་ཐུག་པའི་ཁུ་བ་འཐགས་ཟིན་པ་དེ་དག་ལ་ལྕེ་ལྡག་བྱས། ཟད་མི་ཤེས་པའི་བདེ་བ་གློ་བུར་བ་ཞིག་གི་རྗེས་སུ་བཀྲེས་ལྟོགས་ཀྱི་ཚོར་བ་སྔར་ལས་ཀྱང་ཆེ་བ་ཞིག་བྱུང་། ཁོས་ཞིམ་མངར་ལྡན་པའི་ཟས་གང་དེའི་འབྱུང་ཁུངས་དངོས་ནི་དཀར་ཡོལ་ཡིན་པ་ཤེས་རྗེས། མགོ་བོ་དགྱེ་སྟེ་དཀར་ཡོལ་གྱི་ཁ་ལ་ལྟ་ཙམ་ལྟ་ཙམ་བྱས། དེ་ནས་སླར་ཡང་མཐའ་འཁོར་ནས་སྐོར་བ་ལན་འགའ་བྱས་ནའང་དཀར་ཡོལ་སྔར་བཞིན་རང་ལས་མཐོ་བར་སྣང་ཞིང་། ཁ་ཚག་དང་སྲུབས་ཀ་གཅིག་ཀྱང་རྙེད་མ་བྱུང་། ད་ནི་རང་གི་ལྟོ་ཡི་ཆེད་དུ་ཅིས་ཀྱང་ཉེན་ཁ་ཞིག་བརྒྱུད་དགོས་པས། ཁོས་འགྲོ་མཚམས་བཞག་སྟེ་གོམས་པ་འགའ་ཕྱིར་ལ་བཀྱེད་པ་དང་། གཉའ་བ་བསྒོང་ཙམ་བྱས་ཏེ་དཀར་ཡོལ་ཀྱི་ཁ་རུ་ལྡིང་། སྤྱིར་ན་ལག་པ་གཉིས་དཀར་ཡོལ་ཀྱི་ཁ་ལ་བཞག་སྟེ་ནང་དུ་ལྟ་བར་བསམ་པ་ཡིན་མོད། བློ་ཡུལ་འདས་པ་ཞིག་ལ་དཀར་ཡོལ་ཧ་ཅང་ཡང་དྲགས་པས་སིང་སེ་ཚུར་བསྒྱེལ་ཏེ་རང་གིས་མཆུ་ཡང་ཞབས་ལ་གཏུགས། ཁོ་རང་སྐྲག་སྣང་དང་བཅས་ཕྱིར་ལ་ལྡིང་བ་ན། དཀར་ཡོལ་སླར་ཡང་སྒྲ་དང་བཅས་ཀླད་ལ་འཁོར་བྱུང་།
“ཉོན་དང་། ད་ནི་ཙི་གུ་ལངས་ཤོར་དུ་གྱུར་འདུག ” ཁྱིམ་བདག་མས་སྐད་ཕྲ་ལ་ངག་འཇམ་པོས་དེ་སྐད་སྨྲས།
ཁྱོ་ག་ན་རེ། “བྱི་ལ་འདིས་ཟ་རྒྱུ་མ་གཏོགས་ཅི་ཡང་མི་ནུས་པར་འདུག འདི་ཙམ་གྱི་གོའང་མི་ཆོད་ན་གསོས་ནས་ཅི་བྱེད། ཁ་གཞན་དུ་སྐོར་དགོས་འདུག ”
ཆུང་མ་ན་རེ། “རིག་བྷོས་དེ་ལྟར་བྱེད་དུ་འཇུག་གམ། ”
སྐབས་འདིར་རིག་བྷོའི་རྟེན་མ་ན་ཉལ་འདུག་པའི་བྱི་ལ་ཨ་སྟག་ཀྱང་སད་དེ་མགོ་བོ་དགྱེ་ནས་ཡར་ལྟ་མར་ལྟ་ཞིག་བྱས་རྗེས། སླར་ཡང་མགོ་ཐང་ལ་བཞག་བྱུང་། ཁོས་རང་གི་མེལ་ཚེའི་ལས་ཀ་འཐུས་ཤོར་དུ་སོང་མེད་ཅེས་པའི་བརྡ་ལ་རྣ་བ་འགུལ་ཙམ་འགུལ་ཙམ་བྱས་རྗེས་མུ་མཐུད་དུ་སྒྲོལ་མ་འདོན[2]མགོ་བརྩམས། འདི་ནི་སློབ་སྦྱོང་ལ་མི་དགའ་བའི་སློབ་མ་ཞིག་གིས་དགེ་རྒན་ལ་མགོ་སྐོར་གཏོང་བ་དང་ཇི་འདྲའི་མཚུངས་ཨང་།
བྱི་བ་ལངས་ཤོར་དུ་གཏོང་མཁན་ནི་བྱི་ལ་ཡིན་ཡང་། བྱི་ལ་ངན་ལངས་སུ་གཏོང་མཁན་ནི་སླར་ཡང་མི་ཡིན་འདུག བྱི་ལ་ཨ་སྟག་ཁྱིམ་འདིར་སླེབས་ནས་དུས་ཡུན་ཅུང་ཟད་འགོར་རྗེས། ཁོ་རང་ཁྱིམ་ཚང་འདིའི་གཅེས་ཕྲུག་གཅིག་པུའི་རྩེ་གྲོགས་སུ་གྱུར་པས། མི་ཕྲུག་དེས་རྒྱུན་པར་རང་གི་ཕོར་བ་ལས་ཁོ་ལ་ཟས་སྐལ་སྟེར་ཞིང་། ལུས་ཀྱི་ཐིག་ལེ་རྒྱུ་མཚན་དུ་བྱས་ནས་ཨ་སྟག་ཅེས་པའི་མིང་ཞིག་ཀྱང་བསྩལ་པ་མ་ཟད། རང་གི་སྤུན་གྱི་དོད་དུ་བརྩིས་ཏེ་ཤིན་ཏུ་གཅེས་ཤིང་དུང་བར་གྱུར། དཀའ་བ་སྤྱད་དེ་བྱི་བ་གསོད་མི་དགོས་པར་ཟས་རང་གྲུབ་ཏུ་གྱུར་པ་ན། བྱི་ལ་ཨ་སྟག་ཀྱང་གཅེས་ལངས་སུ་སོང་སྟེ་ཤ་རྒྱགས་པར་གྱུར་ཅིང་བྱི་བ་འཛིན་པར་ཡང་སྤྲོ་བ་མེད་པར་ཆགས། སྐབས་རེར་རྩེད་མོའི་ཚུལ་དུ་བྱི་བ་རེ་འགའ་བསད་ནའང་ཟ་འདོད་མེད་པས་སྒོ་ཆེན་གྱི་ཕྱི་ལ་འཕངས་པར་བྱེད་ལ། ཁྱི་རྒན་སེང་ཁྲའི་དེ་ཉིད་རང་གི་ལོངས་སྤྱོད་དུ་བསམ་ནས་ཁྱུར་མིད་བྱེད་པ་ཡིན།
སྤྱིར་ན་ཁྱི་རྒན་སེང་ཁྲའི་སྦར་མོ་དང་སྡེར་མོའི་སྤྱོད་ཡུལ་ནི་རི་སྤྱང་དང་ཝ་སྦྲེ་ཡིན་པ་ལས་བྱི་བ་སོགས་སྲོག་ཆགས་ངན་ངོན་གྱི་རིགས་ག་ལ་ཡིན། ཉིན་མོ་གང་མང་ཞིག་འདས་པའི་སྔ་རོལ་དུ། དབྱར་ཁར་དབྱར་ས་ནས་སྦྲ་ནག་ཕུབ་ཏེ་སྡོད་པ་ལས་ཁང་བ་སྐྱ་ལེབ་འདི་རུ་སྡོད་པ་མིན། ལོ་དེ་དག་གི་དབྱར་ཁའི་སྲོད་དུས་སུ། ཁྱིམ་བདག་གིས་ཕྱུགས་ཟོག་ལྷས་ལ་སྐྱིལ་སྐབས། སེང་ཁྲས་སྦྲ་ནག་གི་འདབ་རོལ་ནས་ལུས་པོ་རྐྱོང་ཤད་ཅིག་བྱས་ཏེ“མགྱོགས་པོར་གྱིས་ཤིག”ཅེས་པ་ལྟར་ཟུག་སྐད་འགའ་བཏོན་རྗེས། གོང་རོལ་གྱི་རི་ངོས་ནས་ཨོང་ཙོག་བྱས་ཏེ་རང་ཚང་གི་ཕྱུགས་ཟོག་ལ་རྒྱང་ལྟ་བྱེད་བཞིན་ཁེངས་ཉམས་ཀྱིས་འགྱིངས་ནས་སྡོད། ཁྱིམ་མི་དག་གིས་ལས་ཀ་ཙག་ཙིག་ལས་ཚར་ཏེ་སྦྲ་ནང་དུ་འཛུལ་བ་ན། ཁོས་སྡང་སེམས་མེད་པའི་ཟུག་སྐད་འགའ་བཏོན་རྗེས་རི་ངོས་ནས་མར་འབབ་པ་ཡིན་ལ། དེ་ནི་ཁྱེད་ཅག་གིས“སེམས་བདེ་བར་གྱིས”ཞེས་པ་དང་འདྲ། མཚན་མོའི་དུས་སུ། ཕྱུགས་ཁྱུའི་མཐའ་ནས་སྐོར་རྒྱུག་བྱེད་བཞིན་འཕར་སྤྱང་བཀག་སྟེ་མེལ་ཚེའི་ལས་ཀ་འཐུས་ཤོར་མེད་པ་བྱེད་ཅིང་། ཁྱིམ་ཚང་འདི་ཡང་ཁོ་ལ་ཤིན་ཏུ་འདང་རྩིས་ཆེ་བས་བཀྲེས་ལྟོགས་ཀྱི་སྡུག་བསྔལ་ཐེངས་གཅིག་ལའང་མྱོང་མེད། ཉིན་དཀར་ཁོའི་ངལ་གསོའི་དུས་ཚོད་ཡིན་པས་སྦྲ་འདབས་ནས་ལུས་པོ་གཅལ་དུ་བཀྲམ་པ་དང་། སྦར་མོ་གཉིས་སྔོན་ལ་བསྲིངས་ཤིང་དེའི་སྟེང་དུ་མགོ་བོ་བཞག་སྟེ་ཡིད་ཚིམས་པ་ཞིག་གཉིད་པ་ཡིན། སྐབས་རེར་ཨ་བྲ་དང་སྲེ་མོང་རྣམས་མདུན་ཐད་དུ་ཡར་རྒྱུག་མར་རྒྱུག་བྱས་ནའང་། ཁོས་ཕལ་ཆེར“ང་ནི་མི་དང་མཉམ་འདུག་མཉམ་གནས་བྱེད་པའི་སྲོག་ཆགས་བསོད་ནམས་ཅན་ཞིག་ཡིན་པ་ལས། བདག་མེད་ཀྱི་མུག་ཕྲུག་ཁྱོད་ཚོ་དང་བསྡུར་ཐབས་མེད”ཅེས་པ་དང་འདྲ་བར་སྣང་མེད་དུ་བཞག་སྟེ་སླར་ཡང་གཉིད་པར་བྱེད།
སྲོག་ཆགས་ཕན་ཚུན་བར་གྱི་གནས་ཚུལ་ལ་ལར་མིའི་རིགས་ཀྱི་བློ་ཡིས་དངོས་གནས་དཔག་དཀའ་སྟེ། བྱི་བ་གཡུ་ཆུང་ད་བར་དུ་གསོན་ཐུབ་པ་འདི་ཡང་ཁོ་ལ་ནུས་མཐུ་ཁྱད་པར་ཅན་ཞིག་ཡོད་པ་མ་ཡིན་ཏེ། སྐབས་རེར་བྱི་ལ་ཨ་སྟག་གིས་གདོང་ཐུག་བརྒྱབ་ནའང་མ་མཐོང་ཁུལ་བྱེད་ཅིང་། གདོང་ཕར་ལ་ཕྱོགས་སྟེ་སྒྱིད་ལུག་ངང་འཕོང་མགོ་ཕར་དཀྱུ་ཚུར་དཀྱུ་བྱེད་བཞིན་ཆས་འགྲོ། དེ་ནི་ཁོས་སྔོན་ཆད་བྱི་བ་གཡུ་ཆུང་ལ་ཕོག་ཐུག་བཏང་བར་འགྱོད་སེམས་སྐྱེས་ཏེ་གུ་ཡངས་སུ་བཏང་བ་ཡིན་ནམ།
“བྱི་ལ་དྲིན་ཀྱིས་བསྐྱངས་ཀྱང་སྡུག་རབས་བཤད། ཁྱི་རྒན་སྡུག་ལ་སྦྱར་ཡང་སྐྱིད་རབས་གླེང་ཞེས་པ་དངོས་གནས་རེད།” ཡུད་ཙམ་འགོར་རྗེས་ཁྱོ་གས་གནས་ལུགས་ཡོད་མདོག་གིས་གཏམ་དཔེ་དེ་འདྲ་ཞིག་བཤད།
“ཨ་ཙི། ངས་དོ་ནུབ་ཀྱང་ཁྱི་རྒན་ལ་ལྟོ་ལྡུད་རྒྱུ་བརྗེད་འདུག”
ན་ནིང་ནས་བཟུང་ཁོར་ཡུག་སྲུང་སྐྱོབ་ཀྱི་སྲིད་ཇུས་ལག་བསྟར་བྱས་ཏེ། འདི་གའི་འབྲོག་པ་རྣམས་ཀྱི་དབྱར་ས་བཀག་སྡོམ་བྱས་ཤིང་། དགུན་སའི་རྩྭ་ར་ལ་མི་གནོད་པར་བྱེད་ཆེད། མི་རེ་ལ་ལུག་ཉི་ཤུ་དང་ནོར་བཞི་ལས་བརྒལ་མི་ཆོག་པར་གཏན་ཁེལ་བྱས་པ་ན། ཁྱིམ་རེའི་ཕྱུགས་ཟོག་གི་གྲངས་ཀ་ཇེ་ཉུང་དུ་གྱུར་པ་དང་། མཚན་མོར་སྤྱང་ཀི་མཆོང་དཀའ་བའི་ཕྱུགས་རའི་ནང་དུ་བཅུག་པ་ན། ཁྱི་རྒན་སེང་ཁྲ་ལྟོ་ལྷག་ཅིག་ཏུ་གྱུར་ཅིང་ཁ་ལ་ཁྱི་ལྟོའང་དུས་ལྟར་དུ་ཡོང་དཀར་བར་གྱུར། ལྷག་པར་བྱི་ལ་ཨ་སྟག་སླེབས་པ་ནས་བཟུང་། རང་དང་མཉམ་དུ་ནར་སོན་པའི་མི་ཕྲུག་དེས་ཀྱང་རང་ཉིད་བསྐྱུར་ཏེ་བྱི་ལའི་རྩེ་གྲོགས་བྱེད་པ་རེད། ཡིན་ནའང་ཁོས་ལེ་བདའ་དང་འཁང་ར་ཅི་ཡང་བྱེད་མ་མྱོང་སྟེ། ཁྱིམ་མི་རྣམས་མཐོང་ཚེ་སྔར་བཞིན་མཇུག་མ་གཡུག་གཡུག་བྱས་ཏེ་དགའ་མདོག་བསྟན་པ་ཡིན། ཁོས་མཚན་མོའི་མེལ་ཚེ་བྱེད་མི་དགོས་པ་ན་ཉིན་མོའི་སོ་ལྟ་བྱས་ཤིང་། ནམ་རྒྱུན་ལུག་ཁྱུའི་རྗེས་སུ་དེད་དེ་རྩྭ་རའི་ནང་དུ་འགྲོ་བ་དང་། རྩྭ་ཕོན་ཞིག་གི་འགྲམ་ནས་གཡས་རྐང་ཡར་བཀྱགས་ཏེ་གཅིན་པ་ཞིག་བཏང་རྗེས། རྒྱུག་མ་འདུར་གྱིས་དེའུ་འབུར་ཞིག་གི་མགོར་འགོས་ཏེ་གློ་ཉལ་བྱས་ནས་སྡོད་པ་ཡིན་ལ། དེ་ནི་ལུག་ཁྱུའི་གྲངས་ཀ་ཇེ་ཉུང་དུ་གྱུར་པར་སེམས་ཁྲལ་བྱེད་པ་དང་མཚུངས། སྐབས་རེར་འཕྱི་བ་དག་གིས་གཙེར་སྐད་སྒྲོག་པ་ན་རིག་པ་ཇེ་དྭངས་སུ་འགྱུར་བས། རང་གི་ནུས་རྩལ་ལ་བརྟེན་ནས་རྔོན་ལས་བྱེད་མགོ་རྩོམ། གང་ལྟར་དུས་འདི་ཙམ་ནས་སེང་ཁྲར་རྩྭ་ཐང་ན་རྒྱུ་བའི་འཕྱི་བ་དང་ཨ་སྟག་གིས་བྱིན་པའི་བྱི་བ་གཟན་དུ་བྱེད་པར་གོམས་པ་རེད།
བྱི་བ་གཡུ་ཆུང་གིས་ཕ་གིའི་མི་སྐད་དེ་དག་ཁོའི་བྱ་སྤྱོད་ལ་བརྟེན་ནས་བྱུང་བ་ཡིན་པ་ཚོར་བས། ཆ་སྒམ་བསྒྲིགས་པའི་འོག་ཏུ་ཡིབས་ཏེ་སྐད་ཆ་ལ་ཉན་འདུག་པའི་བཟོ་ལྟ་འདྲ་ཆགས་པོ་ཞིག་བསྟན་འདུག ཁོས་སྒྲ་མ་གཏོགས་དོན་ཅི་ཡང་གོ་མི་སྲིད།
ད་ནི་རེ་བ་ཡོད་ཚད་སྟོང་པར་གྱུར་སོང་། དཀར་ཡོལ་དེ་ནི་ཨ་སྟག་གི་ལྟོ་འཐུང་སྤྱད་ཡིན་མོད། ཁོས་ད་སྐབས་བྱི་བའི་ཤ་མི་བཟའ་བས་སྣོད་དེ་ཡང་སྔ་མོ་ནས་གཙང་དག་བྱས་སྨོས་མ་དགོས། བྱི་ལའི་སྔུར་སྒྲ་ཐན་ཐུན་ཙམ་ལས་ཁྱིམ་ནང་རེ་ཞིག་འཇགས་པར་གྱུར། འོན་ཏེ་བྱི་བ་གཡུ་ཆུང་གི་ཕོ་བའི་ནང་དུ་ལྟོགས་སྐོམ་གང་ཡིན་མི་ཤེས་པའི་ཚོར་བ་དེ་སླར་ཡང་རྒྱས་པས། ཁོ་རང་ཅི་ཡིན་འདི་ཡིན་མེད་པར་ད་སྔོན་གྱི་དོང་ལམ་བརྒྱུད་དེ་སྒོའི་ཕྱི་ལ་རྒྱུག་དགོས་བྱུང་།
ཐོག་མའི་གནས་ཏེ་བཀར་ཁང་གི་སྒོ་ཁར་ཐོན་རྗེས། སླར་ཡང་ཆུ་ཐིགས་ཀྱི་མཚོ་མོར་ཧུབ་འགའ་བྱས་ཏེ་བཀྲེས་ལྟོགས་ཀྱི་མེ་ལྕེ་གསོད་པར་བརྩམས་མོད། བཀྲེས་ལྟོགས་ནི་བཀྲེས་ལྟོགས་ཏེ། སྐོམ་པ་ལ་ཆུ་དང་ལྟོགས་པ་ལ་ཟས་ཀྱིས་གནོན་པ་ཡིན་པས་ཕན་ཐོགས་ཆེན་པོ་མ་བྱུང་། ཡིན་ནའང་རྣམ་ཤེས་སོར་དུ་ཆུད་པ་ཙམ་བྱུང་བས་ཁོའི་སེམས་ལ་རང་གི་རིག་མཐུན་ཚོ་དྲན་བྱུང་། དེ་དག་འགྲོ་སའི་ཉེ་འཁོར་གྱི་གནས་མལ་དེ་དྲན་བྱུང་།
སྐར་མ་ཉི་ཤུ་ཙམ་འགོར་རྗེས། ཁོ་རང་གཞི་ནས་ཁྱིམ་མཚེས་ཚང་གི་ར་སྐོར་ནང་དུ་འབྱོར། ལམ་ཐག་གོམ་པ་སུམ་བརྒྱ་ལྷག་ལས་མེད་ཀྱང་བྱི་ལ་ཞིག་ལ་མཚོན་ན་དེ་ནི་ལེ་བར་དྲུག་བདུན་ཙམ་ཡིན་ཞིང་། མི་ཞིག་ཡིན་ཚེ་ལུས་ཡོངས་རྔུལ་ཆུའི་བརླན་པར་བྱས་ཡོད་སྲིད། ཡིན་ནའང་བྱི་བ་གཡུ་ཆུང་གི་ལུས་ལ་ཚ་བ་ཙམ་ཡང་རྒྱས་མེད་པ་ནི། དམར་ནག་ཏུ་གྱུར་འདུག་པའི་ཁོའི་སྤུ་མེད་པའི་མཇུག་མ་དེའི་དྲིན་རེད། བྱི་བའི་མཇུག་མ་ལ་ལུས་པོའི་ཡོ་གཟུར་དོ་མཉམ་ཡོང་བའི་ནུས་པ་ཙམ་མ་ཟད། ལུས་ཀྱི་དྲོད་ཚད་སྙོམས་སྒྲིག་བྱེད་པའི་ཁྱད་ནུས་ཤིག་ཀྱང་མཆིས་ཏེ། དེའི་སྟེང་གི་ཁྲག་རྩ་ཕྲ་མོ་དེ་དག་གིས་ཁྲག་གི་རྒྱུ་བ་ཚོད་འཛིན་བྱེད་ཅིང་། ཁྲག་རྩ་སྦོམ་པོར་ཆགས་དུས་ཚ་དྲོད་ཕྱིར་འགྲེམ་བྱས་ཏེ་ལུས་དྲོད་མར་ཕབ་པ་ཡིན་ལ། ཁྲག་རྩ་ཇེ་ཕྲར་གྱུར་ཚེ་དྲོད་ཚད་བསགས་ཏེ་ལུས་དྲོད་རྒྱུན་འཁྱོངས་བྱེད་པ་ཡིན། བྱི་བ་གཡུ་ཆུང་གི་བློ་ཡུལ་ལས་འདས་པ་ཞིག་ནི་གནས་འདིར་རིགས་མཐུན་གཅིག་ཀྱང་མི་འདུག་ལ། བྱི་ལ་ཞིག་ཀྱང་གཏན་ནས་མེད་པ་འདྲ་སྟེ། ཁོས་རང་གི་ཉེ་ས་ཀུན་ཏུ་སྣོམ་སྣོམ་བྱས་ཀྱང་བྱི་ལའི་སྐྱག་དྲི་ཙམ་ཡང་ཚོར་མ་བྱུང་། བྱི་ལས་རང་གི་སྐྱག་པ་མི་ལ་མཐོང་དུ་མི་འཇུག་ནའང་། བྱི་བ་རྣམས་ཀྱིས་རང་གི་སྣ་ཤེས་ལ་བརྟེན་ཏེ་བྱི་ལའི་སྐྱག་པ་རྙེད་ཐུབ་ཅིང་། གནས་གང་དེར་བྱི་ལ་ཡོད་མེད་དང་དེས་བྱི་བའི་ཤ་ཟ་མིན་སོགས་བརྡར་ཤ་གཅོད་པ་ཡིན། འོན་ཏེ་ད་ལྟ་ཁོས་དོགས་གཞི་འདི་དག་ལ་ཁ་ཡ་བྱེད་མི་འདོད་པར་གྱུར།
ད་ནི་ཆར་པ་འབབ་མཚམས་ཀྱང་བཞག་བྱུང་། སེང་ཁྲ་ཁྱི་ཁུང་གི་སྒོར་བུད་དེ་ལུས་པོས་སྤྲུག་རྡེབ་ཅིག་བྱས་པ་དང་། ལྷིང་འཇགས་ཀྱི་མཚན་མོ་འདིར་སུན་སྣང་སྐྱེས་པའམ་གྲོད་པ་ལྟོགས་པའི་བརྡ་གང་ཡིན་མི་ཤེས་པར། ཕར་ཕྱོགས་ཀྱི་མུན་པ་སྟུག་པོའི་ཁྲོད་དུ་ཟུག་སྐད་འགའ་བཏོན་རྗེས། བག་ལ་ཞ་བའི་འདུ་ཤེས་ཀྱིས་ཀུན་ནས་བསླངས་ཏེ། རང་ཁྱིམ་གྱི་ཕྱུགས་རའི་མཐའ་འཁོར་ཏུ་སྐོལ་ཞིབ་ཅིག་བྱས་པ་དང་། དེ་ནས་ཁྱིམ་མཚེའུ་ཚང་གི་ཁང་བ་དང་འདབ་འབྲེལ་བའི་ཕྱུགས་ར་དེར་ཡང་སྐོར་ཉུལ་ཞིག་བྱས་རྗེས། དེ་ཚང་གི་སྒོ་ཆེན་ཀྱི་གྲུ་ཕུག་ཏུ་སྐམ་ས་ཞིག་ཡོད་པར་གློ་ཉལ་བྱས། སྲོག་ཆགས་རིགས་ཀྱི་བྱ་བྱེད་གང་ལའང་རྟེན་གཞི་ཞིག་ཡོད་པར་ངེས་ཏེ། ཁྱིམ་མཚེའུ་ཚང་ལ་སྒོ་ཁྱི་མེད་པས་ཁོས་རང་ཁྱིམ་གྱི་ཕྱུགས་ཟོག་ལས་ཁྱིམ་མཚེའུ་ཚང་གི་ཕྱུགས་ཟོག་ལའང་རང་ནུས་ཅི་ལྕོགས་ཀྱིས་ཁ་ལྟ་མིག་ལྟ་བྱེད་པ་ཡིན་པས། སྐབས་རེར་རང་ཁྱིམ་ནས་ཁྱི་ལྟོ་མ་བླུད་ཚེ། ཁྱིམ་མཚེའུ་ཚང་གི་སྒོ་ཁར་སོང་སྟེ་མཇུག་མ་གཡུག་གཡུག་བྱས་ཚེ་བཀྲེས་ལྟོགས་སེལ་ཐུབ་པ་ཡིན། ལྷག་པར་དུ་ཁྱིམ་མཚེའུ་ཚང་གི་ཁྱིམ་བདག་མ་ཞོགས་པར་སྔ་མོ་ནས་མལ་ལས་ལངས་པ་ཡིན་པས། སེང་ཁྲའི་བྱེད་སྟངས་འདི་ནི་ཇི་འདྲའི་ཐབས་མཆོག་ཅིག་རེད་ཨང་། མ་མཐའ་ཡང་ཁོ་རང་གིས་དེ་ལྟར་འདོད་ཡོད་ངེས།
བྱི་བ་གཡུ་ཆུང་ཁྱིམ་མཚེའུ་ཚང་གི་ཁྱིམ་དུ་སླེབས་དུས། མཐོང་ལམ་རབ་རིབ་ཏུ་གྱུར་ཅིང་གོམ་པའི་འདེགས་འཇོག་ཤིན་ཏུ་དལ་བ་དང་། མཇུག་མ་ཇེ་ལྕིར་གྱུར་ཏེ་སྣེ་མོར་གང་ངམ་ཅི་ཞིག་དཔྱངས་འདུག་པའི་ཚོར་སྣང་སྐྱེས། གསོན་པའི་རེ་བ་རིམ་བཞིན་ཉམ་པ་ན་ལུས་སེམས་ངལ་ཞིང་དུབ་སྟེ་མགོ་བོ་ས་རུ་དུད་ནས་འགྲོ་སྐབས། མཆུ་ཏོ་དངོས་པོ་སྲ་ཞིང་མཁྲེགས་པ་ཞིག་ལ་རེག་སོང་། ཁོས་མྱུར་དུ་མིག་ཟུང་ཆེ་རུ་བགྲད་དེ་ལྟ་ཙམ་བྱས་པས་ནག་ཡོར་བ་ཙམ་ལས་མ་མཐོང་ལ། སྣ་ཏོ་ཕར་ལ་གཏད་དེ་སྣོམ་ཙམ་བྱས་པ་ན་རུལ་དྲི་འདྲེས་པའི་ཤ་ཡི་དྲི་མ་ཞིག་ཏུ་སྣང་བས། རིག་པ་གློ་བུར་ཏུ་གསལ་བར་གྱུར་ཅིང་ལག་ཟུང་ཐད་ཀར་ཤ་རྡོག་སྐམ་པོ་དེའི་སྟེང་དུ་བཞག་སྟེ་འཆའ་མགོ་བརྩམས། ཤ་རྡོག་རུལ་བ་འདིར་ཐོག་མར་ལྕེ་ཤེས་ཀྱི་ཚོར་བ་ལ་ཁ་བའམ་བསྐ་བ་གང་ཡིན་མི་ཤེས་པ་ཞིག་ཏུ་སྣང་ཡང་། ཕོ་བའི་ནང་གི་བཀྲེས་ལྟོགས་ཀྱི་ཚོར་བས་བྱི་བ་གཡུ་ཆུང་ལ་རང་དབང་ཅུང་ཟད་ཀྱང་མི་སྟེར་བར། ཁ་ནང་ལ་ལྡད་ཙམ་བྱས་པའི་ཤ་སིལ་མ་དག་མིད་པའི་འཕྲང་ལམ་ནས་ཁོག་ཏུ་དྲངས་འགྲོ།
ཤ་སྐམ་གྱི་སྟོན་མོ་ལ་རོལ་བ་ན་ཁོ་ལ་སྟོབས་ཤུགས་རྒྱས་སོང་བ་འདྲ། ཡར་འགྲེངས་ཏེ་ལག་ཟུང་གིས་གདོང་ལ་ཕུར་ཕུར་ལན་འགའ་བྱས་རྗེས་སླར་ཡང་སུག་བཞི་ས་ལ་བགྲད་ནས་རྐྱོང་ཤད་ཅིག་བྱས་པ་ན། རིག་པ་སྔར་ལས་ཇེ་དྭངས་སུ་གྱུར་ཅིང་། དེ་དང་ལྷན་དུ་སྐོམ་ཚོར་ཞིག་ཀྱང་ངང་གིས་བྱུང་བས་ཁོ་རང་ཕྱི་ལ་འགྲོ་འདོད་སྐྱེས་ཏེ་ཕར་ལ་གོམས་པ་འགའ་སོང་། ཡིན་ནའང་ཤ་རྡོག་སྐམ་པོ་འདི་བྱི་བ་ཞིག་ལ་མཚོན་ན་རང་གི་མགོ་བོ་ཙམ་ཡོད་པས། ཁོས་བཞི་ཆའི་གཅིག་མ་གཏོགས་བཟའ་མ་ཐུབ་པ་ན། ཁ་བསོག་ཏུ་ཕྱིར་རང་ཡུལ་ལ་འཁྱེར་བར་འདོད་དེ་སླར་ཡང་ཤ་རྡོག་གི་གན་དུ་ཕྱིར་སླེབས། ཁོས་དེ་ཉིད་ཁ་ལ་བཟུང་སྟེ་སྒོར་སླེབས་དུས་ཆར་པ་འབབ་མཚམས་བཞག་འདུག་ནའང་། ཁང་བའི་བྱ་འདབ་ན་ཟགས་པའི་ཆུ་ཐིགས་ཀྱི་སྒྲ་ནི་ཤིན་ཏུ་གསལ། ཁོས་ཤ་རྡོག་ས་ལ་གཡུག་རྗེས། ཁ་སྤུ་ཅན་གྱི་མཆུ་ཏོ་ས་ལ་གཏད་དེ་ཆུ་ཉུང་ཙམ་འཇིབ་པ་དང་ལུས་པོས་སྤྲུག་གསིག་ཅིག་བྱས་པ་ན། ཟད་མི་ཤེས་པའི་བདེ་ཚོར་ཞིག་སྣ་ཡི་རྩེ་མོ་ནས་མཇུག་མའི་སྣེ་མོའི་བར་དུ་ཁྱབ་པར་གྱུར། འདི་ལྟ་བུའི་ཟགས་བཅས་ཀྱི་བདེ་བ་ནི་ཀུན་གྱིས་བློས་བསླངས་བྱེད་ཐུབ་སྟེ། གཅིན་པ་ལྒང་བུ་རུ་བསགས་བསགས་མཐར་ཤག་སེ་བཏང་བའི་སྐད་ཅིག་མའི་ཚོར་བ་དེ་ལྟ་བུའོ།།
རང་ཡུལ་གད་པ་ཡིན་ཡང་སྐྱིད། གཞན་ཡུལ་ལྷ་ཁང་ཡིན་ཡང་སྡུག ཅེས་པའི་དཔེ་དེ་སྲོག་ཆགས་ཀྱི་རིགས་ལའང་འབྱོར་བ་འདྲ་སྟེ། བྱི་བ་གཡུ་ཆུང་གིས་འཁྱག་ཤུར་ཤུར་གྱི་བཀར་ཁང་སྟེ་རང་གི་སྡོད་གནས་དྲན་བྱུང་། ཁོས་སླར་ཡང་ཤ་རྡོག་སྐམ་པོ་དེ་ཁ་ལ་བཟུང་ཞིང་། ད་སྔོན་གྱི་རྒྱུག་ལམ་དེད་དེ་ཁྱིམ་མཚེའུ་ཚང་གི་སྒོ་ཆེན་འགྲམ་དུ་ཁུང་བུ་ཞིག་ཡོད་པ་དེ་ལས་ཕྱིར་བུད་པ་ན། ངེར་སྒྲ་གློ་བུར་བ་ཞིག་དང་ཆབ་ཅིག་རང་ཉིད་སླར་ཡང་དྲོད་ལམ་ལམ་གྱི་ཁུང་བུ་ནག་རོག་གེ་བ་ཞིག་ཏུ་ཚུད་སོང་།
ཕྱི་ཉིན་ཞོགས་པར་ཁྱི་རྒན་སེང་ཁྲའི་ཁ་ནས་ཝུ་བ་དཀར་པོ་ཞིག་ཐོན་ཏེ་ཁྱི་ཁུང་གི་འགྲམ་དུ་ཤི་འདུག བདག་པོས་དེ་ནི་སྒོ་ཁྱི་རྐུ་མཁན་གྱིས་དུག་འཕངས་པ་རེད་ཅེས་ཐག་བཅད་ཅིང་། ཁྱིམ་མཚེའི་ཚང་གིས་ཀྱང་བདེན་པར་རློམ་ཏེ་གདུང་སེམས་སྐྱེ་བཞིན་མཆོད་མེ་མཚན་ཐུབ་གཅིག་བཞག
འོན་ཏེ་ཁྱི་རྒན་སེང་ཁྲའི་ཤི་རྐྱེན་ངོ་མ་ནི་ཕལ་ཆེར་འདི་འདྲ་ཞིག་ཡིན་ཏེ། ཁྱིམ་མཚེའུ་ཚང་ལ་བྱི་ལ་མེད་པས་བྱི་བ་སྔར་ནས་མི་ཉུང་བ་ཞིག་གནས་ཡོད་ཅིང་། བར་སྐབས་ཤིག་ལ་གློ་བུར་དུ་གང་ནས་བརྡོལ་ཡོང་བ་མི་ཤེས་པར་བྱི་བ་ཇེ་མང་དུ་གྱུར་པས། ཁྱིམ་བདག་གིས་དེ་ནི་ལྟས་ངན་ཞིག་ཡིན་པར་འདོད་དེ་བླ་མར་ལུང་བསྟན་ཞུས་ཤིང་། བཅའ་བ་རིམ་གྲོ་སོགས་བསྒྲུབས་ཀྱང་ཕན་ཐོགས་ཆེར་མེད་པ་ན། མཇུག་མཐར་དུག་གི་འགོག་ཐབས་ལ་བརྟེན་པ་རེད། བྱི་བའི་རིགས་ནི་སྤྱང་གྲུང་ལྡན་པས་རིགས་མཐུན་རེ་འགའི་ཚེ་སྲོག་ཤོར་རྗེས། གནས་འདིར་སྡོད་ཐབས་མེད་པ་རྟོགས་ཏེ་ས་གཞན་དུ་ཆས་སོང་། བྱི་བ་ཇེ་ཉུང་དུ་གྱུར་བ་ན་ཁྱིམ་ལ་གད་བདར་བྱས་ཏེ་དུག་ཅན་གྱི་ཤ་རྡོག་རྣམས་མི་སྣང་བར་བྱས་མོད། མི་ཡིས་མ་མཐོང་ན་བྱི་བས་ཀྱང་མི་མཐོང་བ་ག་ལ་སྲིད། སྤྱིར་ན་བྱི་བའི་རིགས་ཀྱིས་དུག་ཅན་གྱི་རིགས་དེ་ཟས་མ་ཐག་ཁ་མལ་དེར་ཤི་འགྲོ་བ་ཡིན་མོད། ཤ་རྡོག་དེ་ཡུན་རིང་འགོར་ཏེ་སྐམ་ཟིན་པས་དུག་གི་ནུས་པ་རྩ་ལམ་དུ་ཁྱབ་ཡུན་ཡང་ཅུང་ཟད་འཕྱི་བར་གྱུར་ཡོད།
ཕྱི་ཉིན་དགོང་མོར་ཆར་པ་འབབ་མཚམས་བཞག་འདུག ཡིན་ནའང་ནམ་མཁའ་ན་འོད་ཐིག་གཅིག་ཀྱང་མེད་པར་སྔར་བཞིན་མུན་པ་སྟུག་པོས་ས་གཞི་མནན་འདུག ཁྱིམ་ཚང་འདི་གཉིས་ཀྱི་མཆོད་ཁང་དུ་འོད་སྣང་ཕྲན་བུ་ཙམ་གསལ་ཡང་། དེ་ནི་བྱི་བ་གཡུ་ཆུང་གི་ཆེད་དུ་མ་ཡིན་པར་ཁྱི་རྒན་སེང་ཁྲའི་ཆེད་དུ་བསྒྲོན་པའི་མཆོད་མེ་རྐང་རེ་རེད།།
2017/7/11
[1] ཚན་རིག་པས་ཞིབ་འཇུག་བྱས་པ་ལྟར་ན། བྱི་བའི་རིགས་ཀྱིས་ཕན་ཚུན་ལ་བརྡ་གཏོང་བ་ཡིན་ལ། སྤྲོ་སྐྱིད་ལྡན་པའི་སྐབས་སུ་སྐད་སྒྲ་ཐུང་ངུ་འབྱིན་ཏེ་བདེ་འཇགས་ཡིན་པར་མཚོན་ལ། གཙེར་སྐད་རིང་བོ་འབྱིན་དུས་གནས་གང་དེར་ཉེན་ཁ་ཡོད་པར་མཚོན་པ་ཡིན།
[2] ཨ་མདོའི་དམངས་ཁྲོད་དུ་བྱི་ལས་སྔུར་སྒྲ་སྒྲོག་པ་ལ་སྒྲོལ་མ་འདོན་པ་ཞེས་ཟེར་སྲོལ་ཡོད།
རྩོམ་སྒྲིག་པ། གངས་དགའ།
རྩོམ་ཁུངས། ངེད་དྲ་བ།