མར་ངོའི་ཟླ་བ།

ཀླུ་ཐར་བཀྲ་ཤིས།(ཨ་མཆོག) མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2020-03-14

1

  གྲོང་སྡེའི་སློབ་ཆུང་གིས་ད་རིང་སྔ་དྲོར་གུང་གསེང་བཏང་མོད། ནམ་མཁའ་སངས་རྒྱས་ད་དུང་ཡང་ཡུལ་ལ་མ་ལོག་པར་གཟེབ་གྲུག་ཐང་ན་གཟེབ་གྲུག་རྒྱག་གིན་འདུག ནམ་རྒྱུན་དང་མི་འདྲ་བ་ཞིག་ལ། དེ་རིང་ཁོས་ལུས་རྩལ་ལྭ་བ་ཆ་ཚང་ཞིག་གྱོན་ཡོད། ཁོས་མཚམས་མཚམས་སུ་ལག་ཏུ་གཟེབ་གྲུག་བཟུང་སྟེ་རྒྱང་འཕེན་བྱེད་པ་དང་། མཚམས་རེར་ལག་པས་གཟེབ་གྲུག་ས་ལ་སྤྲུག་སྤྲུག་ཙམ་བྱས་རྗེས་གློ་རྡེག་ཏུ་བརྒྱུགས་ཏེ་ལག་པས་དལ་མོར་གཟེབ་གྲུག་ཡར་དྲ་བར་འཇུག་བཞིན་ཡོད། སྣང་ཚུལ་དེ་ལ་བལྟས་ན་ཁོས་མི་ཞིག་དང་ལྷན་དུ་འགྲན་བསྡུར་བྱེད་བཞིན་པ་དང་འདྲ། ཁོས་ཐེངས་དུ་མར་གཟེབ་གྲུག་དྲ་ནང་དུ་གཟས་ཏེ་འཕངས་མོད། ནང་དུ་འཛུལ་བ་ཕར་ཞོག ཐ་ན་ལྕགས་ཁུང་སྟེང་ལ་ཡང་ཕོག་གི་མི་འདུག ཡིན་ཡང་དེ་ཙམ་གྱིས་ཁོ་རང་ཁོ་ཆད་ཀྱི་མེད་པར་མུ་མཐུད་དུ་གཟེབ་གྲུག་རྩེ་བཞིན་འདུག དེ་ལས་ལྟ་མཁན་གྱི་སྣང་ངོར་ཨུ་ཚུགས་ཀྱི་ཚོར་བ་ཞིག་ཀྱང་དབང་མེད་དུ་སྟེར་འོང་། ཁོའི་ལུས་ཀྱི་སྟངས་སྟབས་ལ་བལྟས་ན། ཁོ་རང་གཟེབ་གྲུག་རྒྱག་པར་དེ་འདྲའི་བྱང་ཆ་མེད་པ་མཚོན་ཐུབ། ཁོ་ལ་མཚོན་ན་གཟེབ་གྲུག་བརྩེས་པ་ནི་འུ་ཐུག་པའི་མཚོན་རྟགས་སམ་དུས་ཚོད་གཏོང་སྟངས་ཙམ་དུ་ཟད། དེ་ལྟར་ཁོས་རང་ཡུན་རིང་ལ་ཁེར་རྒྱག་བྱས་ནས་མུན་རུབ་ལ་ཉེ་དུས་གཞི་ནས་མཚམས་བཞག་སོང་། ཁོས་ལག་པས་ཐོད་པའི་རྔུལ་ཆུ་འབྱིད་བཞིན་སར་ཙོག་སྟེ་འགྲམ་གྱི་གཏེར་ཆུ་བླངས་ཏེ་དབུགས་ཐེངས་གཅིག་གིས་རྔུབ་འཐུང་བྱས་རྗེས། སྟོད་ལྭའི་གློ་ཁུག་ལས་དུ་བ་རྐང་གཅིག་བླངས་ཏེ་མེ་བསྒྲོན་ཅིང་མིག་གིས་རྒྱང་རིང་ལ་ཅེར། སྐབས་དེར་བསིལ་རླུང་ཞིག་དལ་བུར་ལྡང་སྟེ་ཁོའི་རྒྱ་ལྕང་ལྟ་བུའི་སྐྲ་ལོ་དེ་གཡོ་ཙམ་གཡོ་ཙམ་བྱེད། ཁོས་དུ་བ་འཐེན་ཞོར་མིག་གིས་སྡེ་བའི་ཕྱོགས་སུ་བལྟས་པ་ན། ཁྱིམ་ཚང་རེ་རེའི་དུ་ཁུང་ལས་དུ་བ་ལྷོག་ལྷོག་ཏུ་འཕྱུར་བ་དང་བསྟུན། སྒོ་དང་སྒེའུ་ཁུང་ལས་ཧབ་ཆ་དང་དགོད་སྒྲ་ཡང་བསྟུད་མར་ཁོའི་ཐོས་འཛིན་གྱི་བུ་གར་འབྱོར་བྱུང་། སྐབས་དེར་ཁོའི་སེམས་སུ་ཁེར་རྐྱང་གི་སྣང་བ་འགོག་མེད་དུ་སྐྱེས། གལ་ཏེ་ལས་གྲོགས་རྡོར་བྷ་སོང་མེད་ཚེ། ང་རང་འདི་ལྟར་ཁེར་རྐྱང་དུ་ལུས་མི་སྲིད། རྡོར་བྷ་ནི་མི་སེར་སྣ་ཅན་ཞིག་ཡིན་ཡང་ངེད་གཉིས་ཀྱིས་རྩོམ་རིག་དང་གློག་བརྙན། བརྩེ་དུང་དང་ཕུགས་བསམ་གླེང་ཆོག ཁོས་དེ་ལྟར་སྙམ་བཞིན་པའི་སྐབས་སུ། ཁོའི་ཁ་པར་གྱི་འབོད་བརྡ་གྲགས་བྱུང་། ཁོས་འཚབ་འཚུབ་ཀྱིས་ཁ་པར་བླངས་ནས་བལྟས་པ་ན། ཁ་པར་འཆར་ངོས་སུ་ཆུང་མ་ཞེས་པའི་ཡིག་འབྲུ་ཆེན་མོ་གཉིས་འབུར་ཚུགས་སུ་ཤར་ཡོད། ཁོས་ཐེ་ཚོམ་སྒོས་ཁ་པར་ཡར་རྣ་སྒོར་སྦྱར་བ་ན། “ཁ་པར་ཐེངས་དུ་མ་བརྒྱབ་ཀྱང་མི་ལེན་དོན་ཅི་ཡིན། ཁྱོད་ལ་ཁ་པར་ལེན་པའི་དུས་ཚོད་ཀྱང་མེད་དམ། ཕ་རོ་མ་རོ།” ཁོས་མ་གྲགས་གོང་ལ་ཕ་རོལ་བས་དེ་ལྟར་བསྟུད་མར་ཁོ་ལ་སྡིགས་བྱུང་བས། ཁོའི་སེམས་མི་སྐྱིད་པར་གྱུར། ཁོས་རང་ཉིད་ཀྱིས་གཟེབ་གྲུག་བརྒྱབ་པས་ཁ་པར་གྱི་འབོད་བརྡ་མ་གོ་བ་སོགས་རྒྱུ་མཚན་བཤད་མོད། ཕ་རོལ་བའི་སྐད་མགོ་ཇེ་ནས་ཇེ་མཐོར་གྱུར་བས། ཁོས་ཁ་པར་ཤུགས་ཆེན་པོས་ས་ལ་བརྒྱབ་སྟེ་ཧྲུག་ཆག་ཏུ་བཏང་། དེ་ནས་སྟོད་ལྭ་བསྣམས་ཏེ་ཕྱིར་མལ་ཁང་དུ་ལོག

  མལ་ཁང་དུ་སླེབས་རྗེས། ཁོས་སྟོད་ལྭ་གོས་སྒམ་ནང་བཅུག་རྗེས་ཉལ་ཁྲིའི་སྟེང་དུ་ཀན་རྐྱལ་དུ་ལོག ཁོའི་མིག་གིས་ལྟ་ཕྱོགས་ཤིག་ལ། རང་དང་འདྲ་ས་མཚུངས་གཅིག་ཀྱང་མེད་པའི་བུ་ཆུང་དང་བཅས་པའི་མཉམ་པར་དེ་མཐོང་འཕྲལ། ཁོག་ཏུ་ཞེ་སྡང་དང་ཁོང་ཁྲོ་མཉམ་དུ་སྐྱེས། དེ་ཡང་ཁག་མེད་དེ། ཐེངས་ཤིག ཁོ་ཚང་ལ་མགྲོན་པོ་ཞིག་ཕེབས་བྱུང་། མགྲོན་པོས་ཁོའི་ཞི་ལུ་མཐོང་ཙ་ན། རྭ་ཙེ་འཐེན་ཞོར་དུ་ཡིན་མདོག་ཁ་བོས“ཞི་ལུ་འདི་བློ་བཟང་ཚང་གི་རེད་པཱ”ཟེར། སྐད་ཅིག་མར་ཁྱིམ་མི་རྣམས་ཤིན་ཏུ་དོགས་མི་བདེ་བར་བཏང་བས་ཚང་མའི་མགོ་བོ་ཇེ་དམའ་རུ་གྱུར་ཅིང་ཁུ་སིམ་མེར་གྱུར། སྐབས་དེར་སྒྱུག་པོས་ངག་འདར་བཞིན “འདི་ངེད་ཚང་གི་ཞི་ལུ་རེད། བློ་བཟང་ཚང་ལ་ཞི་ལུ་འདི་འདྲ་ཞིག་ག་ལ་ཡོད། ཁོའི་གདོང་གི་རྣམ་འགྱུར་དང་ལུས་ཀྱི་ཆ་བྱད་ཀུན་པོ་ངེད་ཚང་ལ་རིག་ཡོད”ཅེས་བདེན་ཁ་ཡོད་མདོག་གིས་བཤད། མགྲོན་པོ་དེའི་སྐད་ཆ་ཐོས་པའི་སྐད་ཅིག་མར་ཁོའི་སེམས་སུ་ཙག་ཤེད་ཅིག་བརྒྱུགས་སོང་། རྒྱུ་མཚན། ཁོ་རང་ཁྱིམ་ཚང་འདིར་མག་པ་མ་ཡོང་བའི་སྔ་རོལ་ཏུ་ཟླ་བཟང་གི་བུ་ཆུང་བ་རྡོ་རྗེ་ནི་ཁོའི་ཆུང་མའི་དགའ་རོགས་ཡིན་ཀུན་ལ་གསལ། སྒྲོ་བཏགས་དང་དོན་དངོས་གང་ཡིན་གང་ཡིན་མི་ཤེས་མོད། ཡིན་ཡང་ལུང་པ་ཆུང་ངུ་འདིའི་ནང་དུ་མོ་དང་རྡོ་རྗེ་གཉིས་ཀྱི་གཏམ་རྒྱུད་འདྲ་མིན་བཤད་རྒྱུ་འདུག དེ་བས་ཁོ་རང་གཉེན་ཚང་ནས་བསྡད་པའི་ལོ་ཟླ་དེ་གའི་རིང་ཁོ་ནི་མི་གྲལ་ནས་བསྡད་ན་རྩིས་ཐང་དང་ལ་རྒྱ་མེད་པ་ཞིག་ཡིན། ཁོས་དེ་མུར་མཉམ་པར་དེ་ཡང་ས་ལ་རྒྱག་རྩིས་བྱས་མོད། བྱིས་པ་དེ་ནི་རང་དང་འདྲ་ས་གཅིག་ཀྱང་མེད་རུང་། ནམ་རྒྱུན་ཁོ་རང་མཐོང་བ་ན་ཁོ་ལ་ཨ་ཕ་ཞེས་ངག་འཇམ་པོས་འབོད་པ་དྲན་པས་པར་སྒྲོམ་བླངས་ཏེ་མདུན་གྱི་འཐེན་སྒམ་དུ་བཅུག་སོང་། ཁོའི་སེམས་མི་སྐྱིད་པའི་གནད་གཙོ་བོ་དེ་ཞི་ལུ་ཕ་ལ་མ་རིག་པ་དེ་མ་རེད། དེའི་ཕྱོགས་སུ་ཁོས་སྔར་ནས་སེམས་ཐག་གཙང་བཅད་བྱས་ཡོད། གཙོ་བོ་ནི་ཆུང་མ་དང་བརྩེ་དུང་མེད་པ་དེ་རེད། ཁོ་ལ་མཚོན་ན་བརྩེ་དུང་མེད་པའི་མི་ཞིག་དང་མཉམ་དུ་འདུག་པ་ནི་དམྱལ་ཁམས་ནས་འཚོ་བ་སྐྱེལ་བ་དང་འདྲ་ལེ་རེད། དེ་བས་དེ་རིང་སློབ་གྲྭས་གུང་གསེང་བཏང་ཡང་ཁོ་རང་ཕྱིར་ཡུལ་ལ་མ་ལོག་པ་རེད།

  ཁོ་མལ་ཁྲིའི་སྟེང་ཀན་རྐྱལ་དུ་ཉལ་ནས་དགོབ་མོའི་ཆུ་ཚོད་དགུ་བར་སླེབས་སོང་། ད་ནི་ཁོའི་ཕོ་བ་ལྟོགས་བྱུང་། ཁོ་ད་སོ་མར་གཉིད་ལས་སད་པ་ལྟར་ཡར་དགྱེ་ནས་གླལ་སྒྱིང་ལན་འགའ་བྱས་ཤིང་། དེ་ནས་མདུན་ཅོག་སྟེང་ན་གོ་རིམ་མེད་པར་སྤུངས་པའི་ཚགས་པར་དེ་དག་བཏུས་ནས་སྤར་བཅིངས་ཤིག་བྱས་རྗེས་ཐབ་ནང་དུ་བཅུག་སྟེ་མེ་བསྒོས། ཅུང་ཙམ་ནས་ཆུ་ཁོལ་ལྷོག་ལྷོག་ཏུ་གདུས་བྱུང་། ཁོས་ཟ་མ་ལས་འདོད་ཀྱང་ལས་མི་ཤེས་པས་ཤོག་སྒམ་ལས་སྟབས་ཐུག་ཅིག་བླངས་ཏེ་ཆུར་སྦངས་ནས་འཐུངས། གལ་ཏེ་ཁོ་རང་ཕ་ཡུལ་ན་ཡོད་ཚེ། ཟ་མ་ཞིམ་པོ་རེག་སྲིད་མོད། ཡིན་ཡང་ཆུང་མའི་ངོ་གདོང་འཁྱག་པ་དེ་དང་སྒྱུག་པོའི་མཐོང་ཆུང་གི་ལྟ་ལུགས་དེ་ཡིད་ལ་དྲན་དུས། འདི་ལྟར་རང་གཅིག་པུས་སྟབས་ཐུག་འཐུང་བའི་ཚོར་བ་ནི་སྐྱིད་པོ་འདུག

  ཁོས་སྟབས་ཐུག་འཐུངས་ཚར་རྗེས། ད་སོ་མར་གཉིད་ལས་སད་པ་བཞིན་ངོ་གཅིག་ཀྱང་ཐུག་མྱོང་མེད་པའི་སྐད་འཕྲིན་ནང་གི་བུ་མོ་དེ་དྲན་བྱུང་། ཁོ་རང་གློ་རྡེག་ཏུ་སྤོ་ལོ་ཐང་དུ་བརྒྱུགས་ཏེ་ཧྲུག་ཆག་ཏུ་བཟོས་པའི་ཁ་པར་བླངས་ནས་བལྟས་པ་ན། ཁ་པར་གྱི་ཤེལ་སྒོ་སིལ་བུར་གས་འདུག ཁོས་འཚབ་འཚུབ་ཀྱིས་ཁ་པར་གྱི་གློག་སྒོ་ཕྱེ་པ་ན། སྟབས་ལེགས་པ་ཞིག་ལ་ཁ་པར་བཀོལ་སྤྱོད་བྱེད་ཐུབ་པས་ཁོའི་སྣང་བར། ཁ་པར་གོང་ཆེན་དེ་རང་ག་བ་ཞིག་མ་རེད་ཨང་སྙམ་ནས་ཕྱིར་མལ་ཁང་དུ་ལོག ཁོའི་ཁ་པར་ནིpinonxཡིན། ཁ་པར་དེ་ན་ནིང་ལོ་སར་སྐབས་སུ། སྒྱུག་པས་ཁོའི་ལག་གི་ཀུ་ཤུ་རབས་ལྔ་བའི་ཁ་པར་དེ་མཐོང་འཕྲལ། “ ངེད་ཆོས་རྒྱམ་ཚང་ཟེར་ན། སྔོན་ན་ལྟ་མཁན་ཡོད། རྗེས་ན་ཉན་མཁན་ཡོད། ཁྱོད་བཟང་ན་ངན་ན་ཆོས་རྒྱམ་ཚང་གི་མག་པ་རེད་མོད། ཁ་པར་འདི་ཙམ་བཟུང་ན་ཁྱིམ་ཚང་གི་ཁ་ངོ་ལ་གནོད་སྲིད། འདིས་སོང་ནས་ཁ་པར་ཉོས”ཞེས་ཤོག་སྒོར་ཁྲི་གཅིག་སྟེར་ནས་ཁ་པར་ཉོ་རུ་མངགས། ཁོར་མཚོན་ན་ཁ་པར་འདིའི་རིན་ནི་ཁོའི་ལོ་གཅིག་གི་ཟླ་ཕོགས་ཡིན་པ་དང་། ཁོས་ཧྲུག་ཆག་ཏུ་བཏང་བའི་ཁ་པར་གྱི་འཆར་ངོས་སུ་བལྟས་ཀྱིན་བལྟས་ཀྱིན་ཡིད་ལ་ཕངས་སེམས་སམ་ནོངས་འགྱོད་མུ་རུ་སྐྱེས། ཁོ་ལ་མཚོན་ན། འགྱོད་པ་སྐྱེས་པ་ནི་རྒྱུན་ལྡན་གྱི་བྱ་སྤྱོད་ཅིག་ཡིན། སློབ་ཆུང་སྐབས་སུ། ཁོས་ལས་བྱ་མ་བྲིས་པར་བརྟེན་དགེ་རྒན་གྱིས་ཁོའི་ལག་ཏུ་རྐུབ་རྟེགས་འཛིན་དུ་བཅུག་ནས་ཡར་བསླངས། ཁོས་ལས་མི་འབྲི་མཁན་ནི་ང་གཅིག་པུ་ག་ལ་ཡིན། འདི་ནི་འདྲ་མཉམ་མིན་པའི་ཆད་པ་གཅོད་སྟངས་ཤིག་རེད་སྙམ་སྟེ། དགེ་རྒན་གྱི་མདུན་ནས་རྐུབ་སྟེགས་སར་བརྒྱབ། སྐབས་དེར་དགེ་རྒན་གྱིས་མིག་ཆུ་འབྱིད་བཞིན“ངས་ཁྱོད་ཚོའི་སྦྱངས་འབྲས་ཇེ་བཟང་དུ་ཨེ་འགྲོ་བསམས་པས་ཡིན། ཁྱོད་ཀྱིས་ང་ཡིད་ཆད་དུ་བཅུག་སོང ” ཞེས་བཤད། ད་ནི་སློབ་ཆུང་མཐར་ཕྱིན་ཏེ་བགྲང་བྱ་བཅུ་ལྷག་འགོར་ཡང་དགེ་རྒན་དེར་འོས་མེད་བྱས་སོང་སྙམ་པའི་ནོངས་འགྱོད་དེ་ཡིད་ལ་དྲན་ཐེངས་རེར་རང་ཉིད་ཀྱི་སྐབས་དེའི་བསམ་སྦྱོར་ལ་འགྱོད་གདུང་བཟོད་གླགས་མེད་པ་སྐྱེས། ཡང་ཐེངས་ཤིག་ལ། ཕ་རྒན་གྱིས་ཁོའི་བྱ་སྤྱོད་ལ་ཡི་མ་རངས་པར་གཤེ་གཤེ་ལན་འགའ་བཏང་བར། ཁོས་སྤོ་མགོ་མ་ནོན་པར་ཕ་རྒན་གྱི་མདུན་ནས་ཟ་མཁས་འཐུང་མཁས་བྱས་ཏེ་ཉོས་པའི་པར་ཆས་དེ་སར་བརྒྱབ་པ། གང་ལྟར་ཁོའི་འཚར་ལོངས་ཀྱི་བརྒྱུད་རིམ་ནང་དུ་དེ་དང་དེ་ལྟ་བུའི་འགྱོད་པ་སྐྱེ་དགོས་པའི་དོན་དག་ཤིན་ཏུ་མང་། ཁོས་རེ་བ་ཆེན་པོས་སྐད་འཕྲིན་གྱི་སྒོ་ཕྱེ་སྟེ་འོད་ཀྲིག་ཀྲིག་གིས་མིག་ཟུང་གིས་སྐད་འཕྲིན་གྱི་ལྕོག་ངོས་སུ་ཅེར་མོད། ཚོགས་པ་འགའི་ནང་དུ་སྐད་ཡོང་བ་ལས་སྒེར་ཐོག་ཏུ་སྐད་ཅིག་ཀྱང་ཡོང་མི་འདུག ཁོས་ངོ་མི་ཤེས་པའི་བུ་མོ་དེ་དག་ལ་རེ་རེ་བཞིན་སྐད་བསྐུར་ནའང་བུ་མོ་དེ་ཚོས་ཉིན་གཅིག་གམ་གཟའ་འཁོར་གཅིག་གི་རྗེས་ནས་ལན་འདེབས་སྲིད། གལ་ཏེ་དེ་དག་གིས་ལན་སློག་པའི་དབང་དུ་བཏང་ན་ཡང་ཁོ་དང་བུ་མོ་དེ་དག་གི་བར་ན་གླེང་དུ་རི་བའི་བརྗོད་གཞི་ཞིག་ཡོད་མི་སྲིད། དེ་བས་དོ་ནུབ་ཀྱང་ཁོས་ཁ་པར་འཆར་ངོས་སུ་ཡང་ཡང་ཅེར་མོད། སྐད་འཕྲིན་སྒེར་ཐོག་ཏུ་ཁ་བརྡ་བྱེད་མཁན་གཅིག་ཀྱང་མ་བྱུང་། ཁོ་རང་འཚིག་པ་ཟོས་ཏེ་བུ་མོ་དེ་དག་ལ་ལག་འཇུའི་རྣམ་འགྱུར་རེ་བསྐུར་མོད། སྔར་བཞིན་ལན་འདེབས་མཁན་མ་བྱུང་། ཁོས“ཨ་བ་ཨ་མ། གནད་འགག་གི་སྐབས་སུ་སྐད་འཇོག་མཁན་གཅིག་ཀྱང་མི་འདུག”ཅེས་རང་ཉིད་ཀྱི་ལས་དབང་ལ་འཁང་ར་བྱེད་བཞིན་ཕར་འགྲོ་ཚུར་འགྲོ་བྱེད། སྐབས་དེར། གློ་རྡེག་ཏུ་ངོ་མི་ཤེས་པའི་བུ་མོ་དེ་དྲན་བྱུང་།

  ན་ནིང་དགུན་ཁར་ཁོ་རང་སློབ་གྲྭའི་དགེ་རྒན་འགའ་དང་ལྷན་དུ་ཁུལ་ཐོག་གིKTVཞིག་ཏུ་ཆང་འཐུང་དུ་སོང་། ཁོ་རང་སྔོན་ཆད་སློབ་མ་ཡིན་དུས་སློབ་གྲོགས་དག་དང་ལྷན་དུKTVནས་གླུ་ལེན་གར་རྩེད་བྱས་མྱོང་མོད། ཡིན་ཡང་སྔུན་དང་མི་འདྲ་ས་ནི་ཁོའི་གྲོགས་པོ་གཅིག་གིས་ཧ་ཅང་བྱང་ཆ་ལྡན་པའི་ངང་ཞབས་ཞུ་མར། “ཀོང་ཇོ་ཁྲིད་ལ་ཤོག”ཟེར། ཁོ་ལ་མཚོན་ན་ཀོང་ཇོ་བྱ་བ་ནི་གསང་བ་ལྐོག་གྱུར་ཞིག ཅུང་ཙམ་ནས་ལོ་ཉི་ཤུ་ཡས་མས་ཀྱི་བུ་མོ་གཞོན་ནུ་མ་བཅུ་ལྷག་གྲལ་བསྒྲིགས་ནས་ནང་དུ་འཛུལ་བྱུང་། སྐབས་དེར་ཁོའི་གྲོགས་པོ་ཚོས་ཀ་ཆིའི་ཧེ་ཧེ་ཚོས་ལུག་གི་ཤ་ཤེད་ལ་བརྟག་པ་བཞིན་བུ་མོ་དེ་དག་གི་མགོ་ནས་མཇུག་བར་ཞིབ་མོར་བལྟས་རྗེས་དེ་དག་གི་ནང་ནས་གཉིས་བདམས་སོང་། བྲང་རྗེན་དུ་གྱུར་བའི་བུ་མོ་འདི་གཉིས་ནི་བལྟས་པ་ཙམ་གྱིས་འདོད་པའི་སྤུ་ལོང་གཡོ་བ་ཤ་སྟག་ཏུ་འགྱུར་སྲིད་མོད། ཡིན་ཡང་ཁོས་ཀོང་ཇོ་དེ་གཉིས་ཀྱི་བཟོ་ལྟ་དང་བྱ་བྱེད་ལ་ཐེངས་ཤིག་བལྟས་རྗེས་སྐྱུགས་མེར་བྱུང་། ཁོ་དེ་གར་སྡོད་མ་ཚུགས་པར་སྒོར་ཡོང་ནས་དུ་བ་རྐང་གཅིག་མེ་བསྒྲོན་ཏེ་རྔུབ་འཐེན་བྱས་ནས་བསྡད། ཁོས་ཕར་ཕྱོགས་སུ་བལྟས་པ་ན། ཁོ་དང་ཐག་ཉེ་སར་གཞོན་ནུ་མ་ཞིག་འདུག གྱོན་པ་གྱོན་ལུགས་དང་སྐྲ་ཚུགས་གང་ལ་བལྟས་ཀྱང་སློབ་ཆེན་སློབ་མ་ཞིག་ལོས་ཡིན་སྙམ། ཁོས་ཧ་ཅང་སྣང་མེད་སྒོས་བུ་མོ་དེར་དོ་སྣང་བྱས་ནས་བསྡད། མཚམས་མཚམས་སུ། གསར་བུ་འགའ་ཡོང་ནས་མོ་ལ་སྐད་ཆ་རྡབ་རྡིབ་འགའ་བཤད་རྗེས་མོ་དང་རྒྱང་བཀྱེད་འགྲོ། ཁོས་དུ་སྣེ་སར་འཕངས་ཏེ་རྡོག་བརྫིས་ཤིག་བཏང་ནས་ནས་མོ་ལ་ཕུར་ཚུགས་ས་ཅེར་བ་ན། མོས་ལག་པས་མཆུ་ཏོ་བཏབ་སྟེ་ཐེངས་གཅིག་བགད་བྱུང་། མོ་དགོད་པའི་ཚུགས་ཀ་ནི་ཤིན་ཏུ་སྙིང་ཉེ་བ་ཞིག་རེད། སྐབས་དེར་ཁོའི་སེམས་བདེ་ལ་བབ་སོང་། ཁོས་གང་ལྟར་ཀྱང་མོ་ནི་སྤྱིར་བཏང་གི་ལམ་འགྲོ་བ་ཞིག་མ་རེད་སྙམ་ནས་སྤོབས་པ་བསྐྱེད་དེ་མོ་དང་ཐག་ཇེ་ཉེར་བཏང་སྟེ་“ཨ་རོགས་བུ་མོ། ཐེངས་གཅིག་ལ་སྒོར་མོ་དུ་ཡིན། ”སྐད་ཆ་དེ་ཐལ། སྐད་ཆ་དེ་བཤད་མ་ཐག་ཁོའི་ངོ་གདོང་ཚ་ལམ་མེར་གྱུར། ཡིན་ཡང་གློག་འོད་ཟ་ཟིའི་འོག་ཕན་ཚུན་གྱི་ངོ་གདོང་གསལ་བོར་མཐོང་མི་ཐུབ་པས་སེམས་ཅུང་བདེ་ལ་བབ། “ཁྱོད་རང་བཟི་འདུག” མོས་མགོ་བོ་དང་ཁར་སྨད་ནས་དེ་ལྟར་བཤད་པར། ཁོས་“ངས་ཆང་ཅུང་ཙམ་འཐུངས་མོད། ད་རུང་བཟི་མེད”ཅེས་ཧ་ཅང་ནན་ཏན་སྒོས་བཤད་པ་ན། མོས་སྐད་ཆུང་ངུས“རེབ་གཅིག་ལ་སྒོར་བརྒྱ་ཡིན”ཟེར། ཁོས“ཆོག་ཆོག”ཟེར་བ་ན། མོས“དེ་ན་ངའི་རྗེས་དེད་ནས་ཤོག”ཟེར་བཞིན་དེ་དག་ཐག་ཉེ་བའི་མགྲོན་ཁང་ཞིག་གི་ནང་དུ་འཛུལ། དེ་ནས་ཁོ་རང་མོའི་རྗེས་བསྙེགས་ཏེ་སོང་།

  ཁོ་རང་མོ་དང་ལྷན་དུ་གློག་སྐས་ནང་དུ་བསྡད་པ་ན། མོས་ང་ཡི་ཁ་གཏད་དུ་ལངས་ནས་མགོ་བོའི་དང་ཁར་སྨད་སོང་། སྣང་བ་ཞིག་ལ་གློག་འོད་མོག་མོག་འོག་ཁྲོད་ཀྱི་མོའི་ངོ་གདོང་ནི་ཡི་གར་འོང་བ་ཞིག་རེད། ངས་ཧ་ཅང་སྣང་མེད་སྒོས་མོའི་ཡིད་འོང་གི་ངོ་གདོང་ལ་ཅེར་བ་ཡིན། མོས་སྣང་ཚུལ་དེ་མ་བཟོད་པར་མིག་གིས་ཐང་ལ་ལྟ་བར་བྱེད། གློག་སྐས་ནང་ནས་ངས་མོའི་དབུགས་གཏོང་ལེན་བྱེད་པའི་སྒྲ་ཡང་ཚོར་ཐུབ། དེ་བས་མོ་རང་འཚུབ་ཆས་ཁེངས་པ་ཤེས།

  མགྲོན་ཁང་གི་བཅུ་ཐོག་ཏུ་སླེབས་པ་ན། མོ་རང་བྱང་ཆ་ལྡན་པའི་ངང་གློག་སྐས་ལས་བབས་ཏེ་ཁང་མིག་ཅིག་གི་སྒོ་ཁར་སླེབས། མོས་བྱང་བུས་ཁང་བའི་སྒོ་འབྱེད་པར་བརྩམས་མོད། སྒོ་དེ་དེ་ལྟར་ལས་སླ་བོས་འབྱེད་མ་ཐུབ་པས། མོ་རང་ལྷག་ཏུ་འཚུབ་ཆ་ལངས། སྐབས་དེར་ཁོས་ང་ཡོང་ཞེས་མོའི་ལག་ནས་བྱང་བུ་བླངས་ཏེ་སྒོ་ཕྱེ་པ་ན། སྒོ་ཕྱེ་ཐུབ་པར་གྱུར་བས་ཁོ་དང་མོ་གཉིས་རྐུན་མ་གཉིས་དང་འདྲ་བར་ཁང་བའི་ནང་དུ་འཛུལ་སོང་། ཁོས་ཁང་བའི་གློག་བཀར་བར་བརྩམས་པ་ན། མོས་དགོད་བཞིན་དུ“གློག་མ་བཀར་དང་། ང་རང་ངོ་ཚ་གི”ཟེར། དེ་ནས་ཁོས་ཀྱང་ཨུ་ཚུགས་མ་བྱས་པར་བསྡད། མོས་འཚབ་འཚུབ་ངང་རྐང་སྣམ་མར་འདེད་ཞོར“ང་རང་དེ་རིང་སོ་མར་འདིར་འབྱོར་བ་ཡིན ”ཟེར། སྐབས་དེར་ཁོའི་མིག་གི་མཐོང་ཕྱོགས་ཤིག་ལ། མལ་ཁྲིའི་འགྲམ་དུ་འདྲུད་སྒམ་ཞིག་གི་ཁ་ཕྱེ་སྟེ་བཞག་ཡོད་པས་མོ་རང་འདིར་འབྱོར་ནས་ཡུན་རིང་འགོར་མེད་དམ་སྙམ།

  ཁོ་རང་མོའི་སྟེང་དུ་འབུད་པར་རྩོམ་དུས། མོས་མིག་ཟུང་བཙུམས་ཏེ“ཡུན་རིང་ལ་འདི་འདྲའི་བྱ་བ་མ་ལས། ཡུམ་དུམ་པ་བཅུ་གཉིས་ཟེར། ” སྐབས་དེར་ཁོས་མོར་ཅི་ཡང་མ་བཤད་པར་ཕོ་མོ་གཉིས་ཀྱིས་བྱ་དགོས་པའི་བྱ་བ་དེ་ལས་ཚར་རྗེས། མོ་ལ་སྒོར་མོ་བྱིན་ཏེ“བདེ་མོ་བྱོས། ” ཟེར་བཞིན་ཕྱིར་ལྡོག་སྐབས། མོས“རྗེས་ཕྱོགས་ད་རུང་ཤོག”ཟེར། སྐབས་དེར་ཁོའི་རེ་བ་ནི་མོས་ཕྱིན་ཆད་བྱ་བ་འདི་ལ་བདེ་མོ་བཞག་སྟེ་ལས་རིགས་གཞན་ཞིག་གདམ་རྒྱུ་དེ་ཡིན་མོད། ཡིན་ཡང་ཁོ་ལ་མོར་སློབ་གསོ་བྱེད་པའི་ཐོབ་ཐང་མེད་པས། མོར་འཛུམ་ཙམ་བསྟན་ནས་སྒོར་བུད།

  ལམ་བར་དུ། ཁོའི་ཡིད་ལ་ལམ་སང་གཉིས་སྦྱོར་གྱི་དགའ་སྟོན་རོལ་རྗེས་མོས“ལོ་ཆུང་ནི་གཞན་དང་མི་འདྲ་པཱ། ” ཞེས་པའི་སྐད་ཆ་དེ་བྲག་ཅིའི་ཚུལ་གྱིས་ཡང་ཡང་ཁོའི་རྣ་ལམ་དུ་འཁོར། གང་ལྟར་ཐེངས་དེར་ཁོས་སྨྲ་བརྗོད་ལས་འདས་པའི་བདེ་སྣང་ཁྱད་པར་ཅན་ཞིག་ཉམས་སུ་མྱངས་ཐུབ་སོང་། ཁོ་རང་ཆུང་མ་དང་ཉལ་སྐབས་དེ་འདྲའི་བདེ་སྣང་ཞིག་ཐོབ་མ་མྱོང་། དེ་བས་ཁོ་བར་སྐས་ནས་མར་འབབ་སྐབས། གདོང་ལ་ཡིད་ཚིམས་པའི་ཉམས་ཤིག་མངོན་ཡོད།

  ཉིན་འགའི་རྗེས་ནས་ཁོས་ཁུལ་ཐོག་ནས་བུ་མོ་དེ་ཡང་ཡང་བཙལ་མོད། བུ་མོ་དེའི་གྲིབ་མ་ཙམ་ཡང་ཁོའི་མཐོང་ལམ་དུ་མངོན་རྒྱུ་མ་བྱུང་།

  དེ་རིང་ཡང་ཁོའི་ཡིད་ལ་མིང་མི་ཤེས་པའི་བུ་མོ་དེ་དྲན་བྱུང་། ལྷག་ཏུ་བུ་མོ་དེའི་འཇམ་ཤ་དང་མཁྲང་ཟླུམ་གྱི་མྱོས་བུམ། ཕྲ་བའི་རྐེད་སྐབས། མཉེན་ལྕུག་གི་ལག་པ་སོགས་དྲན་པས་ཁོ་རང་སྡོད་མི་ཚུགས་པར་གྱུར། ཁོས་གློ་རྡེག་ཏུ་གོས་སྒམ་ལས་ནུབ་ལྭ་ཆ་ཚང་ཞིག་བླངས་ཏེ་གྱོན། ནུབ་ལྭ་དེ་ཁོས་གཉེན་སྒྲིག་བྱེད་དུས་མ་གཏོགས་གྱོན་མྱོང་མེད། ཁོས་ནུབ་ལྭ་གྱོན་རྗེས་ཡུན་རིང་བཀོལ་སྤྱོད་མ་བྱས་པའི་ཀོ་ཁུག་ཆུང་ངུ་དེ་བཙལ། ཀོ་ཁུག་དེ་ཁོའི་ཆུང་མས་ཁོ་རང་མོའི་གྲོགས་པོ་དག་དང་ལྷན་འཛོམས་བྱེད་དུས་འཁྱེར་བར་ཉོས་པ་རེད། ཁོས་ཡར་བསློགས་མར་བསློགས་མང་ཙམ་བྱས་མཐར་ཀོ་ཁུག་དེ་ཉལ་ཁྲིའི་འོག་ནས་ཡར་བླངས་བྱུང་། ཁོས་ཀོ་ཁུག་སྟེང་གི་ས་རྡུལ་སྤྲུག་སྤྲུག་བྱས་ཏེ་ཁ་ཕྱེ་པ་ན། ཀོ་ཁུག་ཏུ་གླ་གཏོང་དང་མགྲོན་ཁང་ཁ་ཤས་ཀྱི་མིང་བྱང་ལས་གཞན་ཅི་ཡང་མི་འདུག

  ཤིན་ཏུ་སྨག་ནག་པའི་མཚན་མོར། ཁོསBYDརྟགས་ཅན་གྱི་མོ་ཊ་དེ་བསྐོར་ནས་ཁུལ་ཐོག་ཏུ་བསྐྱོད། རླངས་འཁོར་འདི་ཁོའི་སྒྱུག་པས་ཆེད་དུ་ཁོ་ལ་ཉོས་པ་རེད། ཉིན་དེར་སྒྱུག་པས་རླངས་འཁོར་གྱི་ལྡེ་མིག་ཁོའི་ལག་ཏུ་འཇོག་དུས “རླངས་འཁོར་གོང་ཆེན་ཞིག་ཡིན། སེམས་ཆུང་བྱོས”ཞེས་ནན་བཤད་བྱས་མྱོང་། ཡིན་ཡང་ཁོས་མོ་ཊ་འདི་གང་འདོད་དུ་གྲོགས་པོ་དག་ལ་གཡར་བ་དང་ལམ་བཙོག་སར་བརྒྱུགས་དྲགས་པས། ཁོ་སྡོད་སའི་ཡུལ་མི་ཚོས་“ཁྱོའི་རླངས་འཁོར་འདི་སློག་རལ་ཞིག་དང་འདྲ་ལེ་རེད”ཅེས་ཀུ་རེ་རྩེ་ཡུལ་དུ་གྱུར་ཡོད།

  ཁོ་ཡོད་སའི་གཞི་རིམ་ནས་ཁུལ་ཐོག་བར་དུ་སྤྱི་ལེ་ཉིས་བརྒྱ་ལྷག་ཡོད། ཁོ་རང་སྤྱི་ལེ་བཅུ་ཕྲག་ཁ་ཤས་ལ་བསྐྱོད་མ་ཐག་ཆར་བབས་བྱུང་། ཡིན་ཡང་ཁོས་མོ་ཊའི་མྱུར་ཚད་ཇེ་དལ་དུ་བཏང་མ་སོང་། ཁོའི་མོ་ཊ་གཏོང་བའི་རྩལ་ཤིན་ཏུ་བཟང་། ཁོས་ད་སྔ་བར་དུ་མོ་ཊ་བཏང་མོད། དོན་རྐྱེན་གཅིག་ཀྱང་བྱུང་མྱོང་མེད་པས་རི་སྡེ་གཉིས་ལ་གྲགས། དེ་བས་དོ་ནུབ་ཀྱང་ནམ་རྒྱུན་དང་འདྲ་བར་མོ་ཊ་གཏོང་ཞོར་གླུ་དབྱངས་ཐན་ཐུན་ཞིག་ཀྱང་ལེན་མུས་མཆིས།

  2

  ལོ་ངོ་དྲུག་གི་གོང་ལ། ཁོ་རང་འབྲིང་རིམ་ཆེད་གཉེར་སློབ་གྲྭ་ནས་མཐར་ཕྱིན་སོང་། ཁོ་རང་སློབ་མཐར་ཕྱིན་མ་ཐག་གཞུང་ཞབས་ལ་རྒྱུགས་ཐེངས་ཁ་ཤས་སྤྲད་མོད། འདོད་ཐོག་ཏུ་འཁེལ་མ་སོང་། ཡིན་ཡང་ཁོ་ལ་སྐྱེས་འབྲས་ཅུང་ལེགས་པོ་ཞིག་ཡོད་པས། ཁོ་རང་མག་པར་སློང་མཁན་ཆར་རྗེས་ཀྱི་ཤ་མོ་བརྡོལ་བ་བཞིན་བྱུང་། ཆོས་རྒྱམ་ཚང་ནི་དེ་དག་ལས་གཅིག ཡིན། སྐབས་དེར་ཆོས་རྒྱམ་ནི་ཡུལ་ཚོའི་ཧྲུའུ་ཅུ་ཡིན་པ་དང་། མོའི་བུ་མོ་ཆེ་བ་སློབ་ཆེན་ནས་མཐར་ཕྱིན་དགེ་རྒན་གྱི་བྱ་བ་གཉེར་ནས་ལོ་འགའ་འགོར་མོད། མག་པ་རེག་མེད་པ་དེ་ནི་ཆོས་རྒྱམ་ལ་མཚོན་ན་སེམས་ནད་དུ་གྱུར་ཡོད། དེ་བས་ཆོས་རྒྱམ་གྱིས་ཐབས་བརྒྱ་ཇུས་སྟོང་གིས་ནམ་མཁའ་སངས་རྒྱས་ཁོ་ཚང་ལ་མག་པར་བསླངས་སོང་། སྐབས་དེར། ནམ་མཁའ་སངས་རྒྱས་ཚང་ནི་སྡེ་བའི་ནང་གི་ཆ་རྐྱེན་ཞན་གྲས་ཡིན། དེང་ཐོག་ཁོ་རང་མག་པར་འགྲོ་འདོད་གཏན་ནས་མེད་མོད། ཨ་ཕ་དང་ཤ་ཉེ་དག་གིས་ཁ་བརྡ་སློབ་གསོ་བྱས་པ་བརྒྱུད་རང་ལས་ལོ་བཅུ་ཡིས་ཆེ་བའི་ཆོས་རྒྱམ་གྱི་བུ་མོ་ཆེ་བ་ལྷ་མོ་འཚོའི་མག་པར་བསྡད།

  ལྷ་མོ་འཚོ་ནི་ཕྱི་ནས་བལྟས་ན་གཤིས་འཇམ་ཞིག་ཡིན་མོད། དོན་དུ་མོ་རང་འཆལ་མོ་ཞིག་ཡིན་ཞེས་གང་སར་གྲགས། ཅིག་ཐེངས་ནས་གཏམ་དེ་དག་ནི་བཤད་ཡམས་ཙམ་དུ་ཟད་པས་ཁུངས་འདེད་རྒྱུ་མི་འདུག དེ་བས་ཁོས་བཤད་ཡམས་དེ་དག་ལ་ཁ་ཡ་མ་བྱས།

  ཁོ་རང་ཆོས་རྒྱམ་ཚང་ནས་མག་པར་བསྡད་ནས་ཉིན་གཉིས་མ་འགོར་བར་ཁོ་ལ་རྫོང་མཁར་ན་རང་ཉིད་ལ་དབང་བའི་ཁང་པ་ཞིག་ཡོད་པར་གྱུར། ཁོ་རང་ཁང་པ་དེའི་ནང་སྡོད་དུས། ཁེར་རྐྱང་གི་ཚོར་བ་འགོག་མེད་ཅིག་སྐྱེས་ཡོང་། དེ་མིན་ཁོ་རང་ཆུང་མ་དང་མཉམ་དུ་ལྷན་འཛོམས་ལ་ཞུགས་པའི་ཁ་གྲངས་ཇེ་མང་ནས་ཇེ་མང་དུ་གྱུར་ཡོད། ནམ་རྒྱུན་ཁོམ་དྲགས་པའི་གྲོགས་པོ་དག་དང་ལྷན་དུ་ཧ་ཧ་ཧོ་ཧོ་བྱེད་དུས། ཁོའི་སེམས་པ་ཁུ་སིམ་དང་ཁེར་རྐྱང་དུ་ལུས་ཡོད།

  ཉིན་ཞིག་ཆོས་རྒྱམ་གྱིས“ནམ་མཁའ། ཁྱོས་གནས་སྐབས་སུ་རྫོང་མི་རིགས་སློབ་ཆུང་ནས་དགེ་རྒན་གྱི་འགན་བཞེས་དང་། སང་ལོར་བྱ་བ་ངོ་མར་བསྒྱུར་ཐུབ”ཅེས་གདེང་ཡོད་པའི་ངང་ནས་བརྗོད། ཁོ་རང་ཆོས་རྒྱམ་གྱི་རེ་བ་ལྟར་རྫོང་མི་རིགས་སློབ་ཆུང་ནས་དགེ་རྒན་ཞིག་གི་ཚུགས་ཀ་བཟུང་། ཉིན་ཞིག ཁོ་རང་ཆང་གིས་བཟི་སྟེ་ཁྱིམ་མཚེས་དགེ་གྲོགས་བུ་མོ་ཞིག་གི་སྒོ་བརྡུངས་པས། བུ་མོ་དེས་སློབ་གཙོ་ལ་གཏུགས་སོང་། ཕྱིར་ཉིན། ཁོ་རང་སློབ་གཙོས་གཞུང་ལས་ཁང་དུ་བོས་ནས། “ཁྱོད་རང་གསར་བུ་ལོ་ཆུང་རེད། ཁྱོད་ཚོའི་སྣང་བ་ང་ལའང་ཡོད་མྱོང་། བསྟན་བཤིག་ཚ་བོ་གནང་བ་དེ་ཡང་རྒྱུན་ལྡན་རེད། ཡིན་ཡང་འདི་ནི་སློབ་གྲྭ་རེད། སློབ་གྲྭ་ལ་སློབ་གྲྭའི་སྒྲིག་སྲོལ་དང་རྩ་དོན་ཡོད་པ་རེད། ཁྱོས་དགེ་གྲོགས་བུ་མོ་ཚོའི་སྒོ་བརྡུངས་པ་དེ་དགེ་རྒན་གྱི་ངོས་ནས་ཚུལ་མིན་གྱི་བྱ་སྤྱོད་ཅིག་རེད། དེ་བས། ཁྱོད་དང་གནས་སྐབས་སུ་གྲོང་སྡེའི་སློབ་ཆུང་ནས་ཉིན་འགར་སྡོད། རྣམ་འགྱུར་བཟང་ན་མགྱོགས་པོར་ཕྱིར་ལེན་ངེས”ཞེས་ཤིན་ཏུ་འཇམ་པའི་ངག་གིས་དེ་ལྟར་བཤད། དེ་ལྟར་ཁོ་རང་རེ་ཆད་དང་འུ་ཐུག་སྒོས་གྲོང་སྡེ་སློབ་ཆུང་དུ་ཆས། ལོ་གཅིག་གི་རྗེས་སུ་སྒྱུག་པོས་ལས་ཁྱུར་ངལ་གསོ་བྱས་སོང་། སྒྱུག་པོས་ལས་ཁྱུར་ངལ་གསོ་བྱས་རྗེས་ཁོ་ཚང་ལ་ཡོང་བའི་མགྲོན་པོ་ནི་ཇེ་ཉུང་ནས་ཇེ་ཉུང་དུ་སོང་མོད། ཡིན་ཡང་སྒྱུག་པོའི་དཔོན་ཚུགས་དེར་འགྱུར་བ་ཕྲན་ཙམ་ཡང་མ་བྱུང་། ཡིད་ཕངས་པ་ཞིག་ལ་དེང་ཐོག་སྒྱུག་པོས་ལོ་གཅིག་གི་རྗེས་ནས་བྱ་བ་ངོ་མར་བསྒྱུར་ཐུབ་ཅེས་པ་དེ་ནི་མངོན་འགྱུར་འབྱུང་ཐབས་བྲལ་བའི་རྨི་ལམ་ཁོ་ནར་གྱུར་ལ། སློབ་གཙོས་ཁོ་རང་ཕྱིར་ལེན་རྒྱུ་ཞེས་པའི་ཁ་དན་དེ་ཡང་གཏིང་བརྗེད་དུ་གྱུར་ཡོད་པ་འདྲ། ཡིན་ཡང་། ཁོ་ལ་མཚོན་ན་དེ་གལ་ཆེན་མ་རེད། གྲོང་ཁྱེར་ནས་བྱ་བ་ཅི་ཞིག་བསྒྲུབས་ཀྱང་རྩ་དོན་དང་བསྟུན་དགོས། གལ་ཏེ་སུ་ཞིག་རྩ་དོན་དེ་དང་འགལ་ཚེ་དུས་ངེས་མེད་དུ་སྐྱོན་བརྗོད་དང་ཆད་པ་ཕོག་སྲིད། དེ་བས་ཁོ་རང་གཞི་རིམ་གྱི་རང་ཡན་དང་བག་ཡངས་ཀྱི་འཚོ་བར་དུངས་པར་གྱུར། གཞི་རིམ་ནི་འཆར་ཡན་རྒོད་ཅིང་གསར་རྩོམ་ལ་གཞོལ་སའི་གནས་མཆོག་ཁྱད་པར་བ་དེ་ཡིན་པས། ད་ནི་ཁོ་རང་གཞི་རིམ་གྱི་མི་དང་རི་ཆུ་ལ་ཤ་འདྲེས་པགས་འདྲེས་སུ་གྱུར་ཡོད།

  རྗེས་སུ་གྲོགས་པོ་ཞིག་གི་ཁ་ནས་གོ་ཐོས་བྱུང་བ་ལྟར་ན། མ་གཞི་དགེ་གྲོགས་བུ་མོ་དེ་ནི་སློབ་གཙོའི་དགའ་རོགས་ཡིན་འདུག སློབ་གཙོས་ཁོ་རང་གཞི་རིམ་དུ་སྤྱུགས་དོན་ཡང་སློབ་གྲྭའི་ཆེད་མིན་པར་རང་གི་འདོད་ཆགས་ཀྱི་ཆེད་དུ་ཡིན་འདུག

  ཡིན་ཡང་། ཁོས་སློབ་གཙོའི་སྦྱོར་བ་དེར་འཁང་ར་དང་ལེ་བདའ་བྱས་མ་མྱོང་བ་མ་ཟད། དེ་ལས་ལྡོག་སྟེ། སློབ་གཙོས་ཁོར་ལྷིང་འཇགས་ཀྱི་ཁོར་ཡུག་ཅིག་གནང་བར་རྗེས་སུ་ཡི་རངས་བྱེད་བཞིན་ཡོད།

  ཕྱིར་འདང་རེ་བརྒྱབ་ན། སློབ་གཙོས་ཁོ་རང་གཞི་རིམ་དུ་མངགས་པ་ནི་ཁོ་ལ་མཚོན་ན་དོན་བཟང་ཞིག་རེད། ཁོ་རང་རྫོང་ན་ཡོད་དུས་བརྩེ་དུང་མེད་པའི་ཆུང་མ་སྟག་མོ་འདྲ་བ་དེ་དང་ལྷན་དུ་འདུག་དགོས་ལ། རི་ལྟར་སྤུངས་པའི་ལས་བྱའི་ཁ་གཏད་ན་གདོང་ན་འཛུམ་དབེན་ལ་ནམ་རྒྱུན་སྨྲེ་ངག་འདོན་བཞིན་པའི་བུ་མོ་དེ་དག་དང་ལྷན་དུ་གཞུང་ལས་ཁང་གཅིག་ཏུ་སྡོད་པ་ནི་མནར་གཅོད་འབའ་ཞིག་ཏུ་ཟད། གཞི་རིམ་ན་སློབ་མ་བཅུ་གཉིས་མ་གཏོགས་མེད་ལ། ཁོའི་བྱ་བ་ནི་བྱིས་པ་དེ་དག་ལ་ཀ་ཁ་སུམ་ཅུ་ཤེས་སུ་འཇུག་རྒྱུ་ད་རེད། གནས་དེ་ན་ཁོ་ལ་འདི་བྱོས་དང་གན་མ་བྱེད་ཟེར་མཁན་གཅིག་ཀྱང་མེད།

  ཆར་བ་ཇེ་ཆེ་ནས་ཇེ་ཆེར་གྱུར་བས། ད་ནི་ཁོ་ལ་གཉིད་དུབ་འོངས། ཁོས་གཉིད་མ་སད་ཀྱིས་མོ་ཊ་བཏང་ནས་དཀྱོགས་མཚམས་ཤིག་ལ་ཐོན་པ་ན། གློ་རྡེག་ཏུ་ཆག་སྒྲ་ཆེན་པོ་ཞིག་གྲགས་སོང་། སྒྲ་དེ་གྲགས་པ་དང་བསྟུན་ཁོའི་མཐོང་ལམ་ཡོད་ཚད་མག་མོག་ཏུ་གྱུར་ཏེ་མཐར་ཅི་ཡང་མི་ཚོར་པར་གྱུར།

  3

  ནམ་མཁའ་སངས་རྒྱས་གཉིད་ལས་སད་དུས་ཉི་འོད་སྒེའུ་ཁུང་བརྒྱུད་དེ་ཁོའི་མིག་ལ་ཕོག་སྟེ་རབ་རིབ་ཏུ་སྣང་། ཅུང་ཙམ་ནས་རབ་རབ་ནས་ཇེ་གསལ་དུ་གྱུར་སོང་། སྐབས་དེར་ཁོའི་མགོ་བོ་ཅུང་གཟེར་གྱིན་འདུག ཁོས་དེ་མུར་ལག་པ་ཡར་བཀྱགས་ནས་མགོ་བོ་འཕུར་འདོད་ཀྱང་ལག་པ་ནི་ཟུངས་ཤུགས་བྲལ། ཁོས་རང་ཉིད་ཀྱི་ལག་པའི་ཕྱོགས་སུ་བལྟས་པ་ན། ལག་པ་རས་དཀར་པོ་ཞིག་གིས་ཡོངས་སུ་དཀྲིས་ཡོད་པ་མཐོང་། ཁོས་ཡང་བསྐྱར་ལག་པ་ཡར་འགྱོག་བསམས་ཀྱང་ལག་པ་དེ་ནི་ཁོ་རང་གི་མིན་པར་མི་གཞན་ཞིག་གི་ལག་པ་ཡིན་པའི་ཚོར་བ་འདུག སྐབས་དེར་ཁོའི་སྔས་འགྲམ་ན་གཉིད་ལྕོག་རྒྱག་གིན་པའི་ཕུ་བོས་ཚོར་བས“བཟང་བྱུང་། ཁྱོད་རང་གཞི་ནས་སད་བྱུང་། ”ཟེར་བཞིན་སྒེའུ་ཁུང་ཁར་སོང་སྟེ་དྲ་ཡོལ་བརྒྱབ་སོང་། དེ་མ་ཐག་ཁོའི་འགྲམ་ནས་མི་མང་པོ་ཞིག་གཉིད་ལས་སད་པ་ལྟར་ཡར་ལངས་བྱུང་། ཁོས་མགོ་བོ་ཕར་འཁོར་ནས་མི་དེ་དག་ལ་ཞིབ་ཏུ་བལྟས་པ་ན། དེ་དག་གི་ཁྲོད་དུ་ཁོའི་ཨ་ཕ་དང་ཨ་ཅེ། སྒྱུག་པོ་དང་སྒྱུག་མོ། ད་རུང་སྔོན་ཆད་མཐོང་མ་མྱོང་བའི་མི་མང་པོ་འདུག ཁོ་ཚོའི་རྣམ་འགྱུར་ལ་བལྟས་པ་ན། མི་འདི་དག་གི་གདོང་ལ་ངལ་དུབ་ཀྱི་མདངས་ཤིག་མངོན་ཡོད་པས་ཁོ་ཚོས་ཁོ་རང་བསྲུངས་ནས་དུས་ཚོད་རིང་བོ་འགོར་བ་རྟོགས།

  ཁོའི་ཨ་མའི་མིག་ལ་མཆི་མ་འཁོར་བཞིན། “ཁྱོད་རང་དྲན་པ་ཤོར་ནས་ཉིན་གཉིས་ཏག་ཏག་འགོར་སོང་། བསད་མ་བཏང་པ་ལས་བཟང་སོང་། ”ཟེར་བཞིན་ཁོ་ལ་འཐམས། སྐབས་དེར། མི་གཞན་པ་དག་གིས་ཀྱང“ངོ་མ་བདེན་པ་རེད། ད་ནི་དལ་མོར་ལུས་ཕུང་གསོས”ཞེས་ཤ་ཚ་ཚ་དང་སྙིང་ཉེ་ཉེ་སྒོས་བཤད།

  ཁོས་ནུ་བོ་ལ“དུས་ཚོད་དུ་རེད”ཞེས་དྲིས་པར།

  “སྔ་དྲོའི་ཆུ་ཚོད་དགུ་བ་རེད། ”ཟེར།

  དེ་ནས་ཁོས་མིག་ཟུང་བཙུམས་ནས་རང་ཉིད་ཇི་ལྟར་རྨས་ཕོག་པའི་ཕྱོགས་སུ་ཕྱིར་འདང་བརྒྱབ་མོད། ཁོའི་ཀླད་པ་སྟོང་སང་ངེར་འདུག་པས་ཅི་ཡང་དྲན་མི་ཐུབ་པར་གྱུར། ཁོ་ལ་འཚམས་འདྲི་ཡོང་མཁན་ཚོས་སྒོར་མོ་བརྒྱ་ཤོག་རེ་མལ་ཁྲིའི་འགྲམ་དུ་འཇོག་ཞོར་ལུས་སེམས་གསོ་དགོས་པའི་དྲན་སྐུལ་རེ་བྱས་རྗེས་ཁོ་དང་ཁ་བྲལ་འགྲོ།

  སྒྱུག་པོས་འཚམས་འདྲིར་ཡོང་མཁན་དག་སོང་ཤུལ་དུ། “ ཁས་ཉིན་དགོང་མོར་ངས་རྨི་ལམ་ཐན་ལྟས་ཤིག་རྨིས་སོང་། ད་གང་ལྟར་སྐྱོན་ཆེན་པོ་མ་བྱུང་པ་ངོ་མ་བཟང་སོང་། ”ཟེར། སྐབས་དེར། ཁོ་རང་ཧ་ལས་པར་གྱུར། དོན་དམ་དུ་སྒྱུག་པོས་ཁྱོད་གཉིས་ཟེར་བ་ནི་སུ་གཉིས་ལ་གོ་བ་རེད། ཁོས་སྒྱུག་པོར “ཁྱོས་སུ་གཉིས་ལ་ཟེར་བ་ཡིན”ཞེས་དྲིས་པར། སྒྱུག་པོས་“ལྷ་མོ་འཚོ”ཟེར། དེ་ནས“མོའི་རྐང་བ་གཡོན་པར་རྨས་ཆུང་ངུ་ཕོག་འདུག་པ་ལས་གཞན་རྨས་སྐྱོན་ཆེན་པོ་མི་འདུག ཁྱོས་སེམས་བདེ་མོའི་ངང་ངལ་གསོས་དང་ཆོག ”ཟེར། སྐབས་ཐོག་དེར་ཁོའི་ཁ་ནས “ཡ་ཡ”ཤོར་མོད། སེམས་སུ་དྲི་རྟགས་ཀྱིས་ཁེངས་པར་གྱུར།

  “ནུ་བོ། ངའི་ཁ་པར་དེ་ཁྱེར་ཤོག་དང་། ”ཁོས་ཁ་པར་བསློགས་ན་བསམ་བྱུང་།

  “འོ། ཁ་པར་འདི་ན་ཡོད། ”ནུ་བོས་འགྲམ་གྱི་རྒྱབ་ཁུག་ལས་ཁ་པར་བླངས་ཏེ་ཁོ་ལ་གཏད།

  ཁོས་ཁ་པར་བླངས་ཏེ་སྐད་འཕྲིན་དུ་ཉུལ་བ་ན། སྐད་འཕྲིན་དུ་ཁོས་ཉིན་རྒྱུན་ཁ་བརྡ་བྱེད་པའི་བུ་མོ་དེ་གས་སྐད་མང་པོ་བཞག་འདུག ཁོས་ཁ་བརྡའི་ནང་དོན་དག་རེ་རེ་བཞིན་བལྟས་པ་ན། ཚང་མ་ཁས་ཉིན་དགོང་མོར་བཞག་པའི་སྐད་ཆ་ཏག་ཏག་རེད། བསམ་ཡིད་ལས་འདས་པ་ཞིག་ལ། ཁོས་བུ་མོ་དེ་དག་ལ་མོ་ཊའི་ནང་ནས་ཕྱིའི་ཡུལ་ལྗོངས་བླངས་པའི་བརྙན་ཐུང་ཞིག་བསྐུར་འདུག སྐབས་འདིར། ཁོ་རང་གཅིག་པུས་མོ་ཊ་བཏང་བའི་ཚུལ་དེ་ཡིད་ལ་དྲན་པས། ཁས་ཉིན་དགོང་མོར་བྱུང་བའི་འཁོར་བགེགས་ཀྱི་བརྒྱུད་རིམ་དེ་ཡིད་ལ་གསལ་བོར་ཤར་བྱུང་།

  ཉིན་དེའི་དགོང་མོར། ཆར་རླུང་དྲག་པོའི་ཁྲོད་དུ། ཁོས་སྐད་གསེང་མཐོན་པོས་གཞས་གཏོང་ཞོར་མོ་ཊ་བཏང་ནས་དཀྱོགས་མཚམས་ཤིག་ལ་ཐོན་པ་གློ་རྡེག་ཏུ་འགྲམ་ནས་གློག་འོད་མག་མོག་ཅིག་འཕྲོས་པས་ཁོས་འཚབ་འཚབ་སྒོས་འཁོར་དགག་བསྡམས་མོད། མོ་ཊ་ཞིག་དང་རྡུང་ཀ་བརྒྱབ་སྟེ་ཆག་སེར་བཞག་སོང་། དེ་མ་ཐག་ཁོ་རང་དྲན་པར་བརྒྱལ་སོང་། ཡིན་ཡང་འཁོར་བགེགས་བྱུང་སྐབས་ཆུང་མ་ཁོའི་གམ་ན་མེད་པས་ཡང་བསྐྱར་ཁོའི་ཀླད་པར་དྲི་རྟགས་རྟགས་ཀྱིས་ཁེངས།

  “ཕ་རོལ་བ་རྨས་པ་ཇི་འདྲ་རེད། ”ཁོས་ནུ་བོར་དེ་ལྟར་དྲིས།

  “ཕ་རོལ་བ་ཉིན་དེར་མ་འཚམས་ཟིག”ནུ་བོས་ཡིད་སྐྱོ་བའི་ངང་དེ་ལྟར་ལན་བཏབས།

  “ ཨ”ཁོའི་མགྲིན་པ་བརྣངས་ཏེ་ངག་མི་ཁྲོལ་བར་གྱུར།

  རེ་ཞིག ཁོའི་སེམས་སུ་ཙག་ཤེད་ཅིག་བརྒྱུགས་སོང་།

  དུས་ཚོད་ངེས་ཅན་ཞིག་འགོར་རྗེས། འགྲིམ་འགྲུལ་ཉེན་རྟོག་པའི་ལྭ་བ་གྱོན་པའི་མི་འགའ་སླེབས་བྱུང་། ཁོ་ཚོའི་ནང་གི་མི་གཟུགས་ཐུང་རྒྱགས་པ་ཞིག་གིས“ཐོབ་ཐང་ལག་ཁྱེར་དང་རླངས་འཁོར་གྱི་འཛིན་ཡིག རླངས་འཁོར་སྐོར་ཡིག་སོགས་སྤྲོད” ཟེར། ཁོས་ནུ་བོ་མངགས་ནས་རྒྱུ་ཆ་ཚང་མ་མཁོ་སྤྲོད་བྱས་པ་ན། བུ་མོ་འགྲིམ་འགྲུལ་ཉེན་རྟོག་པ་ཞིག་གིས་རྒྱུ་ཆ་དེ་དག་བལྟས་ནས་རེའུ་མིག་འགའ་བསྐངས་སོང་། དེ་ནས་མོས་རེའུ་མིག་ཁོར་གཏད་ནས“འདི་ལ་མིང་རྟགས་ཁོད། ”ཟེར། ཁོས་མོས་བཤད་པ་ལྟར་མིང་རྟགས་བཀོད་རྗེས་མི་དེ་ཚོ་ཁོ་དང་བྲལ། རེ་ཞིག་སྨན་ཁང་ནང་དུ་འཇམ་ཐིང་ངེར་གྱུར།

  “ཁྱོད་དང་རྡུང་ཀ་རྒྱག་མཁན་གྱི་རླངས་འཁོར་ནི་ཁྱོའི་ཆུང་མའི་རླངས་འཁོར་ཡིན་འདུག ཚེ་ལས་འདས་སོང་བ་ཡང་ཟླ་བཟང་ཚང་གི་རྡོ་རྗེ་རེད། ནུ་བོ། ཁྱོད་རང་ཁོ་དང་ཆུང་མའི་སྟེང་ལ་སྙིང་ལངས་ཀྱང་ཁྱོད་ཤི་ང་གསོན་གྱི་སྦྱོར་བ་འདི་འདྲ་བྱ་དགོས་སམ། ”ནུ་བོའི་གདོང་ལ་ཡི་ཆད་དང་འཁའ་རའི་ཉམས་ཤིག་མངོན་ཏེ་ཁོ་ལ་དེ་ལྟར་བཤད།

  “ མ་རེད། ནུ་བོ། ངས་བསམ་གཟས་ནས་རྡུང་ཀ་བརྒྱབ་པ་མིན། འདི་ནི་སྟེས་དབང་ཞིག་ཡིན། ”ཁོས་ནུ་བོའི་ངོ་ལ་ཅེར་ནས་ཤིན་ཏུ་གཟབ་ནན་གྱིས་དེ་ལྟར་ལན་བཏབ་མོད།

  “ ཡོད་ཚད་ཁྱི་མོ་དེ་ལན་པས་རེད ” དེ་ནས་ཁོས་ཀྱང་ཕུ་བོར་འགྲེལ་བཤད་བྱ་འདོད་མེད་པར་གྱུར་བས་ཁ་རོག་རོག་གེར་བསྡད། ཅུང་ཙམ་ནས་ཁོས་ཡང་བསྐྱར“དེ་རིང་ཨ་ཕས་ཁ་པར་བཏང་སྟེ། ཟླ་བཟང་་ཚང་གི་ཤ་ཚ་ཉེ་རིང་དག་འཛོམས་ནས་ཁྱོད་ལ་ཤ་འཁོན་རྩོད་གྲབས་བྱེད་ཀྱིན་འདུག གཟབ་གཟབ་བྱོས”ཟེར།

  “ ཕུ་བོ། དོན་དག་ཅི་བྱུང་ཡང་ང་གཅིག་པུས་འགན་འཁུར་ཆོག ངས་ཁྱོད་ཚོ་སྡུག་ལ་སྦྱོར་མི་སྲིད། ”ཁོ་རང་ཡར་ཅུང་ཟད་དགྱེ་ནས་དེ་ལྟར་བཤད།

  “ཡ་ཡ། ”

  གཟའ་འཁོར་གཅིག་གི་རྗེས་ཀྱི་ཞོགས་པ་ཞིག་ལ། སྒྱུག་པོ་དང་སྒྱུག་མོ་གཉིས་ཁོ་ལ་ལྟ་རུ་སླེབས་བྱུང་།

  “ ཉིན་འདི་ཚོར་ང་རང་འགྲིམ་འགྲུལ་ཉེན་རྟོག་རུ་ཁག་ཏུ་སོང་ནས་གནས་ཚུལ་རྒྱུས་ལོན་བྱས་ཏེ་ཟླ་བཟང་ཚང་དང་གྲོས་འགྲིག་སོང་། ཁོ་ཚང་གི་བུའི་སྟོང་གི་ཚབ་ཏུ་སྒོར་ཁྲི་ལྔ་བཅུ་སྟེར་རྒྱུ་བྱས་ཡོད། དེ་གྲངས་ཀ་ཆུང་ཆུང་ཞིག་མ་རེད་མོད། ཡིན་ཡང་མི་སྐྱོན། མི་བདེ་ན་ནོམ་པ་རེད། རྒྱུ་མེད་ན་ང་ཚོས་ག་ལེར་བཙལ་ཆོག”ཅེས་ཁོའི་རྨས་ཇེ་དྲག་ཏུ་ཡོང་ཡོད་མེད་ལ་ཁ་ཡ་ཙམ་ཡང་མི་བྱེད་པར་དེ་ལྟར་བཤད། སྐད་ཆ་འདི་བཤད་དུས་ཁོའི་གདོང་ན་རང་རློམ་དང་ང་རྒྱལ་གྱི་མདངས་དེ་གར་སོང་ཆ་མེད་དུ་གྱུར་ལ། སྐད་མགོ་ཡང་ལྡབ་ཀྱིས་ཇེ་དམའ་རུ་་སོང་འདུག

  4

  ཟླ་བ་གཅིག་འགོར་རྗེས། ཁོའི་རྨས་སངས་དྲག་ཏུ་གྱུར་སོང་། ཡིན་ཡང་ཁོ་རང་གཉེན་ཚང་ཚང་ལ་མ་སོང་བར་རང་ཁྱིམ་ན་བསྡད་ཡོད། ཚ་གདུག་ཤིན་ཏུ་ཆེ་བའི་ཉིན་གུང་ཞིག་ལ། ཁོ་རང་འདུག་སྟེགས་རིང་བོ་ཞིག་ཡོད་པ་དེའི་སྟེང་དུ་བསྡད་དེ་ཆང་དམར་འཐུང་ཞོར་<<ལོ་བརྒྱའི་ཁེར་ཧྲེང>>ཞེས་པའི་བརྩམས་སྒྲུང་དེར་ལྟ་བཞིན་ཡོད། མཚམས་མཚམས་སུ་གྲོག་མ་རེ་གཉིས་ཁོའི་རྐང་བའི་སྟེང་ལ་བུད་དེ་ཁོར་ཟ་འཕྲུག་སློང་གིན་པས་ཁོས་ཉི་འོད་འོག་ཏུ་རྐང་བ་འགུལ་ཙམ་འགུལ་ཙམ་བྱེད།

  “ཏིང”སྐད་འཕྲིན་གྱི་འབོད་བརྡས་ཁོའི་དཔེ་ཀློག་གི་བསམ་གཞིགས་དཀྲོགས་པས། ཁོས་དཔེ་ཆ་བལྟ་མཚམས་བཞག་སྟེ་འགྲམ་གྱི་འགྱིག་གི་ཅོག་ཙེའི་སྟེང་ལ་བཞག་རྗེས། ལག་ཏུ་ཁ་པར་བླངས་ཏེ་སྐད་འཕྲིན་གྱི་ཁ་ཕྱེ་པ་ན།

  ཆུང་མ་ཞེས་པའི་ཡིག་འབྲུ་ཞིག་ཁོའི་མིག་ལམ་དུ་མངོན་བྱུང་། ད་གཟོད་རང་ཉིད་ལ་བརྩེ་དུང་མེད་ཀྱང་ཁྲིམས་མཐུན་གྱི་ཆུང་མ་ཞིག་ཡོད་པ་རྨང་ནས་ཤེས། དོན་རྐྱེན་དེ་བྱུང་ཉིན་ནས་བཟུང་། ཁོས་ཆུང་མ་དང་ངོ་གཅིག་ཀྱང་ཐུག་མ་མྱོང་ལ། སྐད་འཕྲིན་ལས་ཕན་ཚུན་ལ་ཁ་གཅིག་ཀྱང་གྲགས་མྱོང་མེད། དེ་རིང་མོས་ཁོ་ལ་འདི་ལྟར་སྐད་འཇོག་པ་ཅི་ཡིན་སྙམ་ནས་ཆུང་མས་བསྐུར་བའི་ཁ་བརྡའི་ནང་དོན་ལ་བལྟས་པ་ན།

  “ནམ་མཁའ། ངས་ཁྱོད་ལ་དཀའ་ལས་གཏད་སོང་། ཉིན་དེའི་དོན་དག་ཚང་མ་ང་རང་ལན་པས་ཡིན། ཉིན་དེར། ངས་ཁྱོད་ལ་ང་རང་ལན་དྲུག་ཏུ་གསོ་སྦྱོང་དུ་འགྲོ་རྒྱུ་ཞེས་རྫུན་བཤད་པ་ཡིན། དོན་དུ་ང་རང་རོགས་ཐུག་རྒྱག་ཏུ་སོང་བ་ཡིན། མི་ཚང་མས་ཁྱོད་ཀྱིས་ཁོང་ཁྲོ་མ་ནོན་པར་རྡོ་རྗེ་དང་ངེད་གཉིས་ལྔ་ལམ་དུ་བརྫངས་འདོད་པ་རེད་སྙམ་གྱི་འདུག་མོད། ཁྱོད་ཀྱིས་དེ་འདྲའི་མི་ཆོས་ལས་འགལ་བའི་སྦྱོར་བ་སྤེལ་མི་སྲིད་པ་ང་རང་ཡིད་ཆེས་ཡོད། ཡིན་པ་ནི་ངས་མོ་ཊ་ཡག་པོ་གཏོང་མ་ཤེས་པ་ལན་པས་ཡིན། ཉིན་དེར། རྡོ་རྗེས་ང་ལ་མོ་ཊ་ཁོས་གཏོང་ཟེར་མོད། ཡིན་ཡང་ངས་ཨུ་ཚུགས་བྱས་ནས་ཁོའི་བསམ་ཐོག་ལ་མ་བཞག གལ་ཏེ་ངས་མོ་ཊ་བཏང་མེད་ཚེ་ཁོ་རང་ཚེ་ལས་འདས་མི་སྲིད་ལ། ཁྱོད་ལ་ཡང་མི་ཁ་འཁོར་དོན་མེད། ད་ལྟ་ངས་ཁྱོད་རང་རྩིས་ཐང་དང་ལ་རྒྱ་མེད་པ་ཞིག་ཏུ་བཏང་བས། ང་རང་ཉིད་ཀྱི་སྟེང་ལ་ཁོང་ཁྲོ་དང་སྡང་སེམས་རབ་ཏུ་སྐྱེ་ཡོང་། ངས་རང་སྲོག་བཅད་ན་བསམ་མོད། ཡིན་ཡང་ལག་ཆགས་མེད་པའི་བུ་ཆུང་དང་རྒས་འཁོགས་ཀྱི་ཕ་མ་གཉིས་ལ་འདང་བརྒྱབ་ཚེ། ངས་རང་སྲོག་བཅད་ན་རྗེས་ཕྱོགས་སུས་ཁོ་ཚོར་བདག་སྐྱོང་བྱ། ངས་ཁྱོད་ལ་འོས་མེད་ཀྱི་བྱ་བ་མང་དུ་བསྒྲུབས་མྱོང་། ཡོད་ཚད་ང་རང་སྒེར་སེམས་ཆེ་དྲགས་པས་ཡིན། ཁྱོད་ད་རུང་ལོ་ཆུང་རེད། ང་དང་འགྲོགས་ནས་དུས་ཚོད་གཏོང་ཟད་དུ་གཏོང་ག་ལ་རིགས། ཁྱོས་རང་དང་ན་མཉམ་གྱི་བུ་མོ་ཞིག་ཆུང་མར་ལོངས། ད་ནི་ངས་སེམས་ཐག་བཅད་ཟིན། འུ་གཉིས་གཉེན་འཐོར་བར་བྱ། སང་ཉིན་སྔ་དྲོར་རྫོང་དམངས་སྲིད་ཅུས་ནས་ཐུག”

  རེ་ཞིག ཁོ་རང་འབག་སྐུ་ལྟར་འགུལ་རྒྱུ་མེད་པར་གྱུར།

  ཅུང་ཙམ་ནས་ཅི་ཞག་རྟོགས་སོང་བ་ལྟར། མོ་ལ“ཡ་ཡ”་ཞེས་པའི་ཡིག་འབྲུ་གཉིས་བསྐུར། ཁོས་ཡིག་འབྲུ་དེ་གཉིས་བསྐུར་རྗེས་ཅི་ཡང་མ་བྱུང་བ་ལྟར་ཁ་པར་སར་བཞག་སྟེ་མུ་མཐུད་དུ་བརྩམ་སྒྲུང་དེའི་མཇུག་བསྐྱངས།

  ཕྱིར་ཉིན་སྔ་དྲོར། ཁོ་དང་ཆུང་མ་གཉིས་དམངས་སྲིད་ཅུས་ཀྱི་ནང་དུ་གཉེན་འཐོར་ཡི་གེ་ལེན་དུ་སོང་། ཉིན་དེར། ཁོ་དང་མོ་གཉིས་ཀྱིས་གཉེན་འཐོར་གྱི་འགྲོ་ལུགས་བསྒྲུབས་རྗེས་སོ་སོར་གྱེས་དུས་མོས་ཅི་ཞིག་བརྗེད་སོང་བ་ལྟར་ཕྱིར་མོ་ཊའི་ནང་དུ་བརྒྱུགས་ཏེ་ལག་ཁུག་ཅིག་ཁྱེར་ཡོང་སྟེ་ཁོའི་ལག་ཏུ་འཇོག་ཞོར་འཇམ་པའི་ངག་གིས“འདིའི་ནང་དུ་སྒོར་མོ་ཁྲི་ལྔ་ཡོད། ད་ནས་བཟུང་འུ་གཉིས་ཁྱོད་ཁྱོད་དང་ང་ང་ཡིན”ཟེར། སྐད་ཆ་དེ་བཤད་རྗེས་མོའི་བསམ་དོན་གྱི་རི་མོ་གྲུབ་སོང་བ་ལྟར་ཕྱིར་མོ་ཊའི་ནང་དུ་འཛུལ་ཏེ་བྱ་འཕུར་བ་ལྟར་ཁོའི་མིག་མདུན་ནས་ཡལ་བར་གྱུར། ཁོ་ལ་མཚོན་ན་མོས་སྒོར་བྱིན་ཡང་ཆོག་ལ་མ་བྱིན་ཡང་རུང་། ཁོས་དེ་ལ་དོ་སྣང་ཆེན་པོ་བྱེད་ཀི་མེད། ཁོས་གཉེན་འཐོར་བྱེད་དུས་སྒོར་མོ་ཞིག་ལེན་པར་འདང་སྤུ་ཙམ་ཡང་བརྒྱབ་མ་མྱོང་། ཡིན་ཡང་ཁོས་ལོ་སྔོན་མར་སྙན་དེབ་དཔར་སྐྲུན་བྱེད་དུས་གྲོགས་པོ་ཞིག་གི་ས་ནས་སྒོར་ཁྲི་གཅིག་བསྐྱིས་པ་ད་དུང་སྐྱིན་ཚབ་སྤྲད་མེད་པ་ཡིད་ལ་དྲན་པས་མོའི་ལག་ནས་སྒོར་མོ་དེ་དག་མི་ལེན་ཐབས་མེད་གྱུར། དེ་ནས་གྲོགས་པོ་དེར་ཁ་པར་བཏང་སྟེ་ལྷན་འཛོམས་བྱས།

  མཚན་མོ། ཁོ་དང་གྲོགས་པོ་གཉིས་ཀྱིས་ཆང་ཡིད་ཚིམས་པ་ཞིག་འཐུངས། ཏག་ཏག་དགོང་མོ་དེར། ཁོ་རང་ར་བཟི་བར་གྱུར་ཏེ་ལུས་པོ་བདག་མི་ཐུབ་ཀྱང་དེང་མར་ལོངས་སུ་སྤྱད་མྱོང་བའི་བུ་མ་དེའི་ཤ་ཁ་དང་བཞིན་རས། མཆུ་སྒྲོས་དང་སྨྲ་བརྗོད་སོགས་ཡིད་ནས་རབ་རིབ་ནས་ཇེ་གསལ་དུ་གྱུར་བས། མོ་རང་ཐུག་འདོད་ཀྱི་ཚོར་བ་དྲག་པོ་སྐྱེས། དེ་བས་ཁོ་རང་འཁྱར་འཁྱོར་གྱིས་སྲང་ལམ་གྱི་གྲུ་ག་རེ་རེ་ཉུལ། མཚམས་ཤིག ཁོས་མོ་དང་སྐྱེས་གཟུགས་འདྲ་བའི་བུ་མོ་ཞིག་མཐོང་སོང་། རེད་རེད། འཆུགས་མི་འདུག་སྙམ་བཞིན་མོའི་ཕྱོགས་སུ་བཏུད་དེ་ཝུ་ཆང་གི་ཤེལ་དམ་ཡར་འགྱོག་བཞིན“ངས་ཁྱོད་ལ་བསྒུགས་ནས་ཡུན་རིང་འཕྱིན། ཁྱོད་ད་བར་དུ་གང་ནས་བསྡད་པ་ཡིན”ཞེས་ཤོར་བ་ན། བུ་མོ་དེས “ཧྲིན་ཅིན་པུས། ”ཟེར་བཞིན་དང་སྡང་མིག་ཅིག་བགྲད་དེ་ཁོ་དང་བྲལ། ཁོ་ལ་མཚོན་ན་མོ་ནི་ཞེ་བསམ་པའི་གཏིང་ནས་དགའ་མྱོང་བའི་ཡིད་འོང་གི་བུ་མོ་ཞིག་ཡིན་མོད། ཡིན་ཡང་ཁོའི་གོམ་ཁ་རང་དབང་མེད་པར་སྨད་འཚོང་ཁང་གི་ཕྱོགས་སུ་བསྒྱུར། ཁོ་རང་སྨད་འཚོང་ཁང་དུ་སོང་སྟེ་ཁང་མིག་རེ་རེའི་སྒོ་བརྡུངས། སྨད་འཚོང་ཁང་དུ་རྒན་དར་གཞོན་གསུམ་གྱི་བུ་མོ་ཤིན་ཏུ་མང་མོད། ཡིན་ཡང་ཁོས་འཚོལ་བཞིན་པའི་བུ་མོ་དེ་མཐོང་མ་བྱུང་། བར་གླགས་དེར། ཉེན་རྟོག་པའི་ལྭ་བ་གྱོན་པའི་མི་སྐོར་ཞིག་ལུག་ནང་ལ་སྤྱང་ཀི་བརྒྱུགས་པ་ལྟར་ནང་དུ་བརྒྱུགས་བྱུང་ཏེ་སྐད་ཅིག་མར་ར་སྐོར་ཆུང་ཆུང་དེ་འུར་ཟིང་ངེར་བཟོས། སྐབས་དེར་ཁོ་ལ་སྐྲག་སྣང་ཏོག་ཙམ་ཡང་སྐྱེས་མ་སོང་། རྒྱུ་མཚན་ཁོས་གཞན་ལ་ཚུལ་མིན་གྱི་བྱ་བ་གཅིག་ཀྱང་བསྒྲུབས་མྱོང་མེད། མི་འཇུ་བཟུང་ལ་བྱང་བའི་ཉེན་རྟོག་པ་དེ་དག་གི་ལག་བས་ཐར་མ་སོང་། མཐར་དེར་ཡོད་ཀྱི་སྐྱེས་པ་ཚང་མ་ཉེན་རྟོག་པའི་མོ་ཊར་བཅུག་སྟེ་སྤྱི་བདེ་ཅུས་ལ་བསྐྱལ།

  “ཤོད། འདིར་ཅི་བྱེད་དུ་ཡོང་བ་ཡིན། ”གཟུགས་པོ་རིང་བའི་ཉེན་རྟོག་པ་ཞིག་གིས་ལག་པ་ཡ་གཅིག་གིས་གློག་རྒྱག་སྤྱད་དེར་འཕུར་བཞིན་བཤད།

  “ང་རང་མཛའ་མོ་འཚོལ་དུ་ཡོང་བ་ཡིན། ”ཁོས་གཉིད་མ་སད་ཀྱིས་དེ་ལྟར་ལན་བཏབ་པ་ན། དེར་ཡོད་ཀྱི་མི་ཚང་མ་ཧ་ཧ་བགད།

  “ བཟི་བོ་ཞིག་རེད། གནས་སྐབས་སྐྱུར་ཞོག ” གཟུགས་པོ་ཐུང་བའི་ཉེན་རྟོག་པ་ཞིག་གིས་དེ་ལྟར་བཤད།

  ཉིན་དེར། འཆལ་ལས་རྡུང་རྡེག་གཏོང་བའི་ཉེན་རྟོག་པས་འཇུ་བཟུང་བྱས་པའི་མི་དེ་དག་མཚན་གང་བོར་བཀག་ཉར་བྱས་པ་དང་ཕྱིར་ཉིན་མི་རེ་རེར་སྒོར་སྟོང་རེ་ཆད་པ་བཅད་ནས་ཕྱིར་བཏང་། སྐབས་དེར། ནམ་མཁའ་སངས་རྒྱས་ཀྱིས“ངས་དངུལ་མི་སྤྲོད། ང་རང་མི་འཚོལ་དུ་ཡོང་བ་ལས། འཆལ་ལས་གཉེར་དུ་ཡོང་བ་མིན། ངས་ཅིའི་ཕྱིར་དངུལ་སྤྲོད་དགོས། ”ཞེས་ཨུ་ཚུགས་བྱས་པར། འགྲམ་གྱི་ཉེན་རྟོག་པ་དེ་ཡོང་ནས་ཁོའི་སྐྲ་ལོ་ནས་བཟུང་སྟེ་ཕར་འདྲུད་ཚུར་འདྲུད་འགའ་བྱས་ནས་“ཁྱོད་ད་རུང་བཟི་ཡོད་དམ”ཟེར། དེ་ནས་ཁོས་ཉེན་རྟོག་པ་དེར། “འོ་ན། ཁྱོད་ཚོས་སྨད་འཚོང་ཁང་དེ་མེད་པར་བཟོ་མི་ཆོག་པ་ཡིན་ནམ”ཟེར་བ་ན། ཉེན་རྟོག་པ་དེའི་ཁྲག་ཞགས་འཁོར་བའི་མིག་ཇེ་ཆེར་གྱུར་ཏེ་ཁོ་ལ་འགྲམ་ལྕག་ཚ་ཐག་ཆོད་པ་ཞིག་གཞུས་ཏེ“ ཁྱོད་ལ་ད་རུང་བཤད་རྒྱུ་དག་དག”ཟེར་བས། མཐར་ཁོ་རང་ཐབས་ཟད་དེ་སྒོར་སྟོང་གཅིག་མི་སྤྲོད་ཐབས་མེད་དུ་གྱུར།

  མི་ཚེ་འདིར་ཁོ་རང་སྤྱི་བདེ་ཅུས་ཀྱིས་ཐེངས་གཅིག་མ་གཏོགས་བཟུང་མྱོང་མེད། ཐེངས་གཅིག་པོ་དེ་རང་གི་སྙིང་ཉེ་བའི་མཛའ་མོ་འཚོལ་དུ་སོང་ནས་བཟུང་བ་ཡིན། ཁོ་ལ་མཚོན་ན་དེ་ནི་རླབས་ཆེན་གྱི་བྱ་བཞག་ཅིག་ཡིན།

  ཁོ་རང་སྤྱི་བདེ་ཅུས་ཀྱི་སྒོ་ནས་ཡོང་ནས་གླ་གཏོང་ཞིག་བཀག་སྟེ་ནང་དུ་བསྡད་པ་ན། ཁ་པར་གྱི་འབོད་བརྡ་གྲགས་བྱུང་།

  ཕ་རོལ་བ་ནི་རྒད་པོ་ཞིག་གི་སྐད་རེད།

  “ ཁྱོད་ད་རུང་མི་ཡོང་ངམ། ཚེ་རིང་དོན་གྲུབ་ཁྱུང་ཚང་གི་ཡང་སྤྲུལ་དུ་ངོས་བཟུང་ཟིན། ནངས་ཁར”ཕ་རོལ་བའི་ཁ་པར་བརྡ་རྟགས་ཆད་སོང་།

  ཁོ་རེ་ཞིག་བསམ་གཞིག་གི་སྦུབས་སུ་ཚུད།

  “ཚེ་རིང་དོན་གྲུབ། ཚེ་རིང་དོན་གྲུབ། ” ཁོས་དེ་ལྟར་བསྐྱར་ཟློས་འགའ་བྱས་པ་ན། ད་གཟོད་རང་ཉིད་ལ་རིག་ས་མཚུངས་ས་གཅིག་ཀྱང་མེད་པའི་བུ་ཆུང་ཞིག་ཡོད་པ་དེའི་མིང་ལ་ཚེ་རིང་དོན་གྲུབ་ཟེར་བ་དྲན་བྱུང་། མོ་ཊའི་དོན་རྐྱེན་མ་བྱུང་བའི་སྔ་ཉིན། སྒྱུག་པོས་ཁོ་ལ་ཁ་པར་བཏང་སྟེ། “མི་གསུམ་གྱི་གྲས་སུ་ཐེ་འདུག”ཅེས་བརྗོད་མྱོང་བ་དྲན། སྐབས་དེར་ཁོས་དོན་དེའི་ཐད་ལ་འདང་སྤུ་ཙམ་ཡང་བརྒྱབ་མ་མྱོང་། མཚམས་འདིར་ཁོས་ཚོད་ཚོད་དུ་སྒེའུ་ཁུང་ཕྱི་རུ་ཡང་ཡང་བལྟ་དགོས་བྱུང་།

                                                                                                                  2019-7-23ཉིན་གྲུབ།

རྩོམ་སྒྲིག་པ། ལྷ་སྐྱིད།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མར་ངོའི་ཟླ་བ།

2020-03-14 ཀླུ་ཐར་བཀྲ་ཤིས།(ཨ་མཆོག) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།