ནམ་མཁའ་བཀྲ་ཤིས་ཀྱི་བརྩམས་སྒྲུང་། 《གཡུ་ཆུང་དྲུག་དཀར》
རྒྱ་ཆེ་བའི་མུ་མེད་ཞིང་ཐང་གི་མཐོངས་སུ། ཁྲུང་ཁྲུང་དཀར་པོ་ཞིག་གིས་གཤོག་རྩལ་ངོམས་བཞིན་ཡོད་ཅིང་། སྔོ་བསངས་ཀྱི་ནམ་མཁའ་དང་དཀར་གཙང་གི་སྤྲིན་དཀར་འོག་དེ་ཉིད་བྱེའུ་ཞིག་གི་ཆེ་ཆུང་ཙམ་ལས་མེད་མོད། གཤོག་སྒྱུར་ངོམས་པའི་ཉམས་སྣང་ནི་ཇི་འདྲའི་མཛེས་པོ་ཞིག་རེད་ཨང་།
༡
རྫུན་ཤོད་མ་དགོས། གཡུ་ཆེན་པོ་དེ་འདྲ་མིད་པའི་ནང་ག་པར་འགྲོ་གི་རས།
པཱ་ལགས། ངས་དངོས་གནས་རྫུན་བཤད་མེད། གཡུ་དེ་མིད་པའི་ནང་མར་རྡོག་ཅིག་བཏང་བ་ནང་བཞིན་ཤོར་སོང་།
པཱ་ལགས་ཀྱིས་ཀོ་བའི་འབྲེང་བུ་ཞིག་སྒོ་རྒྱབ་ནས་བླངས་པ་དང་། པད་མའི་ཕྱོགས་སུ་ཕེབས་ཀྱིན་བསྐྱལ་མགོ་རིལ་རང་རེད། སུ་ལ་སྤྲད་པ་ཡིན་ཞེས་གསུངས་པས། པད་མའི་གདོང་ན་དངངས་སྐྲག་དང་འཇིགས་སྣང་གིས་ཁེངས་ཤིང་། ལག་པ་གཡས་གཡོན་གཉིས་ཀྱིས་རེས་མོས་ངང་མགོ་བོ་བཀབ་ནས་དུས་ངེས་མེད་དུ་བབས་སྲིད་པའི་འབྲེང་ལྕག་དེ་བཀག་རྒྱུའི་གྲ་སྒྲིག་བྱེད་ལ། མིག་གཉིས་ནི་སྐྱ་ལོག་ལོག་ངང་ཕར་ཚུར་འགྱུ་བ་ཧ་ཅང་མགྱོགས། ཕྱིས་ལོང་མ་བྱུང་བའི་སྣབས་རྟུག་ནི་འཁྱགས་རོམ་ཞིག་དང་འདྲ་བར་སྣ་ཆུང་ཆུང་དེའི་འོག་ཏུ་ཡོད་པས། སྣ་ཆུང་ཆུང་དེའི་ནང་ནས་ཐོན་པ་རེད་ཟེར་ན་ཡིད་ཆེས་དཀའ་བ་ཞིག་རེད།
སྐབས་དེར་ཨ་མ་ལགས་ཕྱི་ནས་ཤིང་གཤག་པ་སླེལ་པོ་གང་བསྣམས་ཏེ་ཕེབས་ཤིང་། པཱ་ལགས་དང་པད་མའི་བར་གྱི་འཇིགས་སྣང་གི་རྣམ་པ་དེ་མཐོང་བ་དང་། ལམ་སེང་སླེལ་པོ་མར་ཕབ་སྟེ། ཇོ་དབང་རྒྱལ། ཕྲུ་གུར་འཇིགས་སྣང་དེ་འདྲ་མ་སྐུལ་ཞེས་བཤད།
ཨ་མ་ལགས་ཀྱི་བཀའ་མོལ་དེས་པད་མའི་སེམས་པ་ལྷོད་འཇགས་སེ་བྱུང་ཞིང་། མགོ་ལ་བཀབ་པའི་སེན་དྲེག་གིས་འཚོས་པའི་ལག་པ་གཡས་པ་མར་ཕབ་ནས་སྣབས་རྟུག་དེ་ཕྱིས་པ་དང་། སླར་ཡང་མ་ལག་ཐག་པོའི་ངང་མགོ་ཐོག་ཏུ་བསྐྱལ།
ལྟས་ཕྲུག་འདིས་བླ་གཡུ་བོར་འདུག
ག་རེ། བླ་གཡུ་ཨས། ཨ་མ་ལགས་ཀྱི་བཞིན་མདོག་ལམ་སེང་རྫ་རི་བཞིན་ནག་པོར་གྱུར། དངོས་གནས་རེད་པས།བླ་གཡུ་དེ་བོར་ན་དཔེ་བསགས་པ་རེད། ཕ་ནོར་རེད་ཡཱ།ཨ་མ་ལགས་ཀྱིས་དངངས་སྐྲག་ངང་དེ་ལྟར་གསུངས།
ངས་དངོས་གནས་སྐྱག་རྫུན་བཤད་མེད། གཡུ་མིད་པའི་ནང་ཤོར་སོང་།
ལྐུགས་པ། མ་གཞི་ནས་གཡུ་ཁ་ལ་བཅུག་མཁན་ཁྱོད་རང་མ་གཏོགས་ག་པར་ཡོག་རས།
པཱ་ལགས་ཀྱིས་སྤྱན་ནག་རོག་རོག་ངང་བཀའ་བཀྱོན་གནང་ཞིང་། རླུང་འཚུབ་འཚུབ་ཀྱིས་སྒོ་ཕྱིར་ཕེབས་ལ། ཨ་མ་ལགས་ཀྱང་དངངས་སྐྲག་ལངས་པས་པད་མའི་གདོང་ན་གནོང་འགྱོད་ཀྱིས་ཁེངས།
པད་མས་གཡུ་དེ་ག་དུས་ནས་རང་གི་སྐེ་ལ་ཡོད་པའི་ངེས་ཆ་མེད་མོད། ད་བར་ལོ་མང་པོ་ཞིག་བཏགས་པའི་ཚོར་སྣང་བྱུང་ལ། གཡུ་ཆེན་པོ་དེར་སྟོང་སྐུད་དམར་པོ་ཞིག་བརྒྱུས་པ་དེས་གཡུ་མིག་ཤིན་ཏུ་ཆེན་པོ་ཆགས་ཡོད་པས། ཟླ་གཅིག་གི་སྔོན་ཙམ་ན་པཱ་ལགས་དང་ཨ་མ་ལགས་ཀྱིས་བལ་སྐུད་ཅིག་གིས་སྟོང་སྐུད་དེ་བརྗེས།
ཉིན་དེར་ཕོ་རོག་གིས་མགོ་ཐོག་ཏུ་ག་དྲག་ག་དྲག་ཅེས་སྐད་རྒྱག་བཞིན་ཡོད་ལ། པད་མ་དང་རྩེད་རོགས་ཚོས་གབ་རེས་འུབ་རེས་རྩེད་ཀྱིན་བསྡད། སྐབས་ཤིག་རྩེད་རོགས་ཉི་མ་དབང་ཕྱུག་གིས་པད་མ་གབ་སའི་གནས་ཤེས་ཏེ་ཧོབ་སྟེ་པད་མའི་སྐེ་ནས་འཇུས་པས་གཡུ་ལ་བརྒྱུས་པའི་བལ་སྐུད་ལ་འཁོན་ཏེ་ཆད་པ་དང་། ལྗང་ཞིང་ཆེ་བའི་གཡུ་དེ་ས་ཐོག་ཏུ་ལྷུང་ནས་ལམ་སེང་ཐལ་བས་བཏུམས།
ངས་རྐང་བཙུགས་ནས་བྱས་པ་མིན། ཚིག་པ་མ་ཟ་རོགས།ཉི་མ་དབང་ཕྱུག་གིས་ཐལ་བའི་དཀྱིལ་ནས་གཡུ་དེ་ཡར་སྒྲུག་རོགས་བྱས་པ་དང་། ལག་པའི་ཕུ་དུང་ཐོག་ཕྱིས་ཙམ་བྱས་རྗེས་པད་མར་སྤྲད།
པད་མས་མ་འདོད་པའི་ངང་། གཡུ་འདི་ངས་སྐེ་ནས་ཟགས་མ་མྱོང་ཞེས་བཤད་པ་དང་། བལ་སྐུད་ཆད་མ་དེས་གཡུ་མིག་ནང་བརྒྱུས་ཀྱིན་བསྡད།
རྩེད་མོ་རྒྱུ་མ་ལུག་ལུག་བྱས་པ་རེད། སྡུག་གྱོང་རེད།ཁོང་ཚོའི་རྩེད་རོགས་རྒྱ་མཚོ་ཐོད་ཆེན་གྱིས་དེ་ལྟར་བཤད་པས། པད་མས་བལ་སྐུད་ལ་བརྒྱུས་འཕྲོ་དེ་མར་ཕུད་པ་དང་གཡུ་ཁ་ནང་དུ་བཅུག་ནས་ཁོ་དེད་པར་སོང་།
རྩིག་ཟུར་ཞིག་ཏུ་ཤིང་རིལ་ཐུང་ཐུང་ཞིག་ཡོད་ཅིང་། པད་མས་གཟབ་གཟབ་མ་བྱས་པར་ཤིང་རིལ་དེའི་ཐོག་རྐང་པ་འཁེལ་བ་དང་ཤིང་རིལ་དེ་འདྲིལ་ནས་ཁོ་རང་གན་རྒྱལ་དུ་ནམ་ལངས་པ་ཞིག་བརྡབས་པས། ཁོའི་ཁ་ནང་གི་གཡུ་དེ་འཁོན་ཐོགས་ཅི་ཡང་མེད་པར་མར་རྡོག་ཅིག་མིད་པའི་ནང་བཏང་བ་ལྟར་འཇམ་ཅག་གེར་སོང་།
ཁོས་ག་ལེར་ཡར་ལངས་པ་དང་། མདུན་ངོས་ཀྱི་གྱོན་གོས་ལ་འགོས་པའི་ཐལ་བ་བརྡབས་བརྡབས་བཏང་བས་ཐལ་རྡུལ་སྐྱ་ཆིལ་ལེར་འཕྱུར། དེ་ནས་རྒྱ་མཚོ་ཐོད་ཆེན་རྒྱུག་སའི་ཕྱོགས་སུ་ལྟ་དུས། རྒྱ་མཚོ་ཐོད་ཆེན་གྱིས་རྩིག་ཟུར་གཞན་ཞིག་ནས་མགོ་བོ་ཏོག་ཙམ་བཏོན་ཏེ་དགོད་བཞིན་འདུག་ལ་སྣ་འོག་གི་སྣབས་རྟུག་ནི་ཕྱུར་བ་སྐམ་པོ་བཞིན་སྐྱ་སིང་ངེར་སྐམ་ཡོད་པ་དེ་ཐལ་རྩེད་རྩེད་དྲགས་ཏེ་ཐལ་བ་འགོས་ནས་ནག་ཧྲོག་གེར་ཡོད། མངར་མོ་ཟོས་དྲགས་ཏེ་རུལ་ཡོད་པའི་ཁ་ནང་གི་སོ་རྣམས་དཀར་སིང་ངེ་བ་ཞིག་མིན་པར་ནག་དྲེགས་ཀྱིས་ཁེངས་པ་ཞིག་རེད།
པད་མས་དབུགས་ནར་མར་འབྱིན་གྱིན་མཛུབ་མོ་ཁ་ནང་དུ་བཅུག་པ་དང་ལྕེ་ཆུང་ལ་གཏུགས་ནས་སྐྱུག་འདང་བསླང་སྟེ་གཡུ་དེ་ཁོག་པའི་ནང་ནས་ཐོན་རྒྱུའི་རེ་བ་བཅངས་མོད། གནས་ཚུལ་ཅི་ཡང་ལྷག་མེད་པ་ལྟར་ནང་གི་དོན་ལྔ་སྣོད་དྲུག་ཚང་མས་མེད་པའི་བརྡ་ལ་ཁ་རུབ་ཡོང་བས་སྐྱུག་རྒྱུ་གང་ཡང་མེད་པར་ལྡོག་སྟེ་ཕོ་བ་ན་སྦྲེང་སྦྲེང་བྱས། བླ་གཡུ་དེས་རྫུ་འཕྲུལ་བསྟན་པ་བཞིན་ཁོག་པའི་ནང་སོང་ཞིང་གཟུགས་པོའི་ནང་མི་བདེ་བ་གཞན་གང་ཡང་མེད་པས། པད་མའི་སེམས་ལ་ཕ་མ་གཉིས་ལ་ཇི་ལྟར་ཞུ་དགོས་སྙམ་ནས་སེམས་ཁྲལ་གྱིས་ཁེངས།
གཡུ་དེ་རང་གི་བླ་གཡུ་རེད། ཁྱོད་རང་ལོ་གཉིས་ལ་སླེབས་དུས་བླ་གྱར་བས། བླ་འགུག་ཚེ་འགུག་བྱེད་དུས་པཱ་ལགས་ཀྱི་སྐེ་ནས་དཀྲོལ་ཏེ་སྤྲད་པ་ཞིག་རེད། དྲང་པོ་ཤོད་དང་།གཡུ་དེ་མི་གཞན་ལ་སྤྲད་མེད་དམ། ཡང་ན་བོར་བ་མ་རེད་པས། ཨ་མ་ལགས་ཀྱིས་དེ་ལྟར་གསུངས་དུས་པད་མའི་སེམས་ལ་གདེང་ཚོད་ཅི་ཡང་མེད་པར་གྱུར་ནས་ཇི་ལྟར་བྱེད་དགོས་སྙམ།
གཡུ་མིད་པར་ཤོར་བ་ནས་བཟུང་། པཱ་ལགས་ཀྱིས་པད་མར་སྐད་ཆ་ཚིག་གཅིག་ཀྱང་མི་ཤོད་ལ། གཡུ་མིད་པར་ཤོར་བའི་དཔང་པོའང་བྱེད་ཐབས་བྲལ་བས། པད་མར་དགོང་མོ་ཉལ་བའི་གཉིད་མེད་ལ་ཉིན་མོ་བཟས་པའི་ལྟོ་ལའང་བཅུད་མེད་པར་གྱུར།
ཐབས་ཤེས་གཅིག་རང་ཡོད་མོད། དེ་ལའང་གདེང་ཚོད་མེད་པར་གྱུར། ཁོས་བཙོག་གཅིན་གསང་སྤྱོད་དུ་མི་གཏོང་བར་རྟག་པར་དབྱུག་པ་ཞིག་ཁྱེར་ནས་རྒྱང་རིང་གི་གྲོག་བུའི་ནང་གཏོང་བར་འགྲོ་བ་དང་། གཅིན་པ་ཀོང་དུ་བཏང་ནས་ཆབ་བརྟག་བྱེད་ཅིང་། དབྱུག་པས་བཙོག་པ་བསྲེས་བསྲེས་བཏང་ནས་གཡུ་དེ་ཐོན་མིན་ལ་རྟོག་གིན་ཡོད།
ཟླ་བ་གཅིག་འགོར་རུང་། ཁོའི་བཙོག་གཅིན་ནང་ནས་ཕན་འབྲས་གང་ཡང་མ་ཐོན།
༢
སྨན་པས་སྤྱན་ཤེལ་དཀར་པོ་དེ་སྣ་ཐོག་ཏུ་ཡར་ཙམ་བསྐྱལ་བ་དང་། བརྟག་དཔྱད་འབྲས་བུར་གཟིགས་ཤིང་། དེ་ནས་ཅོག་ཙེའི་ཐོག་ནས་སྨྱུ་གུ་ཞིག་བླངས་ཏེ་ཤོག་བུའི་ཐོག་ཀློག་མི་བདེ་བའི་ཡི་གེ་འཁྱུག་ཆེན་འགའ་བྲིས་རྗེས། ཁོག་པའི་ནང་གང་ཡང་མི་འདུག་ཅེས་གསུངས།
དེ་ནས་པད་མའི་ལག་གཡོན་མར་རྩ་གཟིགས་གནང་བ་དང་། མིག་རྩར་གཟིགས་སྐྱོར་གནང་སྟེ། རྗེས་མ་རིན་གོང་དམའ་བའི་གད་སྙིགས་ཟ་ཆས་དེ་ཚོ་ཉུང་ཙམ་སྟེར་ཅིག གཞན་མ་གཏོགས་དེང་སང་ཕྲུ་གུ་དེ་ཚོར་ན་ཚ་ཡ་མཚན་ཤ་སྟག་འདུག་ཅེས་བརྟག་དཔྱད་དང་འབྲེལ་མེད་ཀྱི་བསླབ་བྱ་དེ་ལྟར་གནང་།
པཱ་ལགས་ཀྱིས་ལགས་སོ། བཀའ་དྲིན་ཆེ་ཞེས་ཞུས། པད་མས་སྨན་པའི་སྤྱན་ཤེལ་དེ་སྤྱན་འོག་ཏུ་ཡོད་པའི་སྨེ་བ་ནག་པོ་ཞིག་གི་ཐོག་བཞག་ཡོད་པ་མཐོང་བས་སྤྱན་ཤེལ་གྱི་ཞབས་ར་བཞག་ས་ཡག་པོ་ཞིག་འདུག་བསམ་ནས་གད་མོ་ཤོར།
གད་མོ་ཤོར་རྒྱུ་ག་རེ་འདུག་གམ། ངས་བལྟས་ན་ཁྱོད་རང་ཡང་ཟས་རིགས་རྫར་རྫོར་དེ་འདྲར་དགའ་པོ་ཡོད་བཟོ་འདུག སྨན་པས་དེ་ལྟར་གསུངས་པས། པད་མས་ལག་གཡས་པས་རྣ་བ་འཕུར་ཙམ་འཕུར་ཙམ་བཏང་ཞིང་། ལྕེ་ཅུང་ཟད་བཏོན་ནས་འཚེར་མདོག་བསྟན།
ངས་བྱས་ན་སྐད་ཆ་དྲང་པོ་ཤོད། གཡུ་དེ་གང་དུ་སྐྱེལ་བ་ཡིན། ཁོག་པའི་ནང་མེད་ན་གང་དུ་སོང་བ་རས། ཀླད་སྟོང་། གཡུ་དེ་དེང་སང་བྱས་ན་རིན་ཐང་མི་ལོན་པའི་ནོར་བུ་རང་རེད། ཡང་སྒོས་དེ་ནི་པཱ་ལགས་འདས་པོ་ཁོང་གིས་ང་ལ་གནང་བ་ཡིན། སྨན་ཁང་གི་སྒོ་ནས་ཐོན་རྗེས་པཱ་ལགས་ཀྱིས་ཁོང་ཁྲོའི་ངང་པད་མར་དེ་ལྟར་གསུངས།
པཱ་ལགས། ངས་དངོས་གནས་གཡུ་དེ་བོར་བརླག་བཏང་མེད། ཅེས་པད་མས་ཡ་ལ་འཁེལ་བའི་རྣམ་པ་ཞིག་སྟོན་པ་དང་། གཡུ་མིད་པའི་ནང་ཤོར་བའི་བརྒྱུད་རིམ་རྣམས་གསལ་པོར་ཞུས་ཀྱང་། པཱ་ལགས་ཀྱིས་ཞལ་ནག་རོག་རོག་ངང་། གཡུ་དེ་ཕ་མེས་ཡང་མེས་ནས་བརྒྱུད་མྱོང་བའི་བླ་གཡུ་དཔེ་མེད་ཅིག་རེད། རང་གི་ཡང་མེས་ཀྱིས་ཡང་སྤོ་ལ་སྦྱིན། ཡང་སྤོ་ཡིས་སྤོ་བོ་ལགས་ལ་གནང་། སྤོ་བོ་ལགས་ཀྱིས་ང་ལ་སྤྲད། ད་ལྟོས། ནོར་བུ་རང་ལ་ཡོད་དུས་ནོར་བུའི་ནོར་ཉམས་མ་ཆོད་པ་རང་རེད། གང་ལྟར་ཧམ་པ་རི་ཙམ་བཤད་ནའི་བདེན་པ་གཡག་ཙམ་ག་ལ་ཐོབ། རང་གི་སྐད་ཆར་སུས་ཡིད་ཆེས་ཀྱི་རས།
པད་མའི་སེམས་ལའང་གཡུ་དེ་དངོས་གནས་མིད་པར་ཤོར་བ་ཨེ་ཡིན། ཡང་མིན་ན་གན་རྐྱལ་ལོག་པའི་སྐད་ཅིག་མ་དེར་གཡུ་ཁ་ནང་ནས་འཐོར་བ་དང་མཆིད་མ་མིད་པ་ག་ཐུག་སྟེ་མིད་པའི་ནང་ཤོར་བའི་ཚོར་སྣང་བྱུང་བ་ཨེ་ཡིན། ཡིན་མི་སྲིད།ཡིན་མི་སྲིད། ཁོས་ཕྱུ་པའི་གོས་གཤམ་སྐེད་རགས་ལ་གཟེར་ནས་བྱ་འཕུར་བ་ལྟར་བསྐྱོད། རླུང་བུ་བསིལ་བསིལ་ཁྲོད་ཁོའི་ཕྱུ་པ་དམར་སྨུག་དེ་ལྷབ་ལྷུབ་ཏུ་གཡོ་ཞིང་། དུས་ངེས་མེད་དུ་ཕྱིར་ལྟ་སློག་ཙམ་སློག་ཙམ་བྱེད། དགོང་མོ་དེར་ཁོ་རང་ནམ་ཕྱེད་བར་གཉིད་མ་ཁུག གཡུ་དེ་གང་དུ་སོང་བ་ཡིན། ཁོག་པའི་ནང་མེད་ལ་རྩེད་སར་ཡང་མེད་པས། གཡུ་དེས་རྫུ་འཕྲུལ་ཤེས་ཀྱི་ཡོད་པ་ཨེ་ཡིན། ནམ་སྨད་དུ་གཉིད་སིལ་སིལ་ཞིག་ཁུག་ཅིང་། རྨི་ལམ་ཡ་མཚན་ཞིག་རྨིས། དེ་ནི་ཁོས་ད་བར་རྨིས་མྱོང་མེད་པ་ཞིག་ཡིན།
གཉིད་ལས་སད་དུས་ཉི་མ་སེར་ཐིང་ངེར་ཤར་ཡོད་ཅིང་། སྒེའུ་ཁུང་ནས་འཕྲོས་འོང་བའི་འོད་མདངས་ཁྲོད་རྡུལ་ཕྲ་རབ་མང་པོ་ཞིག་སྐྱ་སིབ་བེར་གཡེང་ཞིང་འཕྱོ་བས། པད་མས་གཡུ་དེའང་རྡུལ་ཕྲ་རབ་དེ་ཚོ་དང་འདྲ་བར་མིག་གིས་མི་མཐོང་བའི་གནས་ཤིག་ན་གཡེང་ཞིང་འཕྱོ་ཡོད་དམ་སྙམ་ནས་སེམས་སྐྱོ་ལྷང་ལྷང་བྱུང་། འོན་ཀྱང་མདང་དགོང་ནམ་སྨད་དུ་རྨིས་པའི་རྨི་ལམ་དེས་ཁོའི་སྐྱོ་སྣང་ཅུང་ཟད་འཇགས་པས་གྱོན་པ་ཧ་རེ་ཧུ་རེའི་ངང་གྱོན་པ་དང་། གདོང་ལ་འཛུམ་མདངས་རྒྱས་ཏེ་ཐབ་ཚང་དུ་སོང་།
པཱ་ལགས། ཨ་མ་ལགས། ང་ལ་མདང་དགོང་གཡུ་དེའི་རྨི་ལམ་བཏང་བྱུང་།
པཱ་ལགས་གོ་སྟོད་དུ་བཞུགས་ཡོད་ཅིང་། མདུན་གྱི་ཅོག་ཙེའི་སྟེང་གི་ཤིང་ཕོར་ནང་ཇ་ནག་རླངས་པ་འཐོལ་འཐོལ་བྱེད་ལ། ཁར་གཡེངས་པའི་མར་སེར་ནི་སྤྲིན་པ་ཁ་སེར་གཏིང་ནག་དང་ཅིས་མི་འདྲ།
ཨ་མ་ལགས་ནི་ཕྱིས་རས་ཤིག་བསྣམས་ནས་ཐབ་ཟུར་དུ་ཕྱིས་བརྡར་བསྐྱོན་བཞིན་འདུག་ལ། དཀྱིལ་ཐབ་ཏུ་བཀབ་པའི་ཧུའུ་ནག་པོ་དེ་ལས་འོད་འཚེར་ཞིང་། ཆུ་འཁོལ་བའི་འཁོལ་སྒྲ་སིང་སིང་དུ་གྲགས་པ་དང་། དེ་མ་ཐག་ཁེབས་གཅོད་ཀྱི་གསེང་ནས་ཆུ་ལུད་ཡོང་སྟེ་ཧུའུ་ཡི་ངོས་སུ་འགྲིལ་སོང་ནས་ཐབ་སྟེང་དུ་བབས་མ་ཐག་ཚེའོ་ཚེའོ་ཞེས་ལམ་སེང་སྐམ་ནས་ཡལ་འགྲོ།
ག་རེའི་གཉིད་ལམ།ཉིན་མོའི་གཉིད་ལམ་ཡིན་འགྲོ། ད་ནས་བཟུང་གཡུའི་སྐོར་ཤོད་མི་དགོས། པཱ་ལགས་ཀྱིས་དེ་ལྟར་གསུངས་པ་དང་། ཇ་ཕོར་ཡར་བླངས་ཏེ་མགོ་བོ་ཡུག་ཡུག་ངང་ཇ་ཞག་ལ་ཕུ་བཏབ་ནས་མཆོད་པས། ཡས་མཆུ་དང་མས་མཆུ་གཉིས་ཀར་ཞག་འགོས་ཏེ་སྣུམ་ཤིག་ཤིག་བྱེད།
པད་མ། ཚར་ཚར་བའི་ལས་ཀར་ཕྱི་བལྟས་དང་འཕེན་ཟིན་པའི་མདའ་ལ་ལོག་ཤོག་ཟེར་རྒྱུ་མེད། ད་དེའི་སྐོར་མ་ཤོད། སྙིང་རླུང་ལངས་རོགས་ལས་མེད། ཨ་མ་ལགས་ཀྱིས་ཀྱང་དེ་ལྟར་གསུངས་པས། མཆུ་རྩེར་སླེབས་ཟིན་པའི་རྨི་ལམ་ངོ་མཚར་ཅན་དེ་ཁོག་པའི་ནང་མར་མིད་དགོས་བྱུང་ལ། དེ་ནི་གཡུ་མིད་པའི་ནང་ཤོར་བ་ལྟར་སྟབས་བདེ་ཞིག་མ་རེད།
ཕྱི་ཉིན་དགོང་མོར། པད་མར་སླར་ཡང་རྨི་ལམ་དེ་རྨིས་ཤིང་། དེ་ནི་ད་ལྟའི་ང་ཚོའི་འཚོ་གནས་བྱེད་པའི་སྤྱི་ཚོགས་དང་ཡོངས་སུ་ཁག་ཁག་གཅིག་རེད། ཞོགས་པ་ཡར་ལངས་དུས། རྨི་ལམ་དེའི་བརྒྱུད་རིམ་ཚང་མ་སྦར་མཐིལ་དུ་སྐྱུ་རུ་ར་བཞག་པ་ལྟར་གསལ་ལེར་འཆར་བས། ཤོད་འདོད་འགོག་མེད་ཅིག་བྱུང་མོད། བཤད་ས་ལེགས་པོ་ཞིག་མ་རྙེད། ཕ་མ་གཉིས་ཀྱིས་གཡུ་དེ་བོར་བའི་སྐོར་ཡང་ཕྱི་མི་སུ་གཅིག་ལའང་བཤད་མི་ཆོག་ཅེས་བཤད་རྒྱ་བསྡམས་ཟིན་པས། ཕ་མ་གཉིས་ལ་ནི་དེ་བས་ཀྱང་བཤད་ས་མེད་དེ་ཁ་རྡུང་གཟེད་རོགས་ལས་མེད།
ངོ་མཚར་ཆེ་བའི་རྣམ་པ་དེ་ཁོས་ཁ་པར་ནས་མཐོང་མྱོང་མེད་ལ། བརྙན་འཕྲིན་ནས་ཀྱང་མཐོང་མྱོང་མེད། དེ་བས་ཡུལ་གྱི་རྒན་པོ་ཚོའི་ངག་རྒྱུན་དུའང་མེད།
ཉིན་མོ་ཡིན་རུང་།པད་མས་མིག་བཙུམས་ཚེ་རྨི་ལམ་དེ་ཡིད་ལ་འཁོར་ཡོང་ཞིང་། དེས་ཁོ་རང་འཛུམ་དམུལ་ལེར་སྡོད་དུ་འཇུག་པ་དང་། རང་དབང་མེད་པར་གཅིག་པོར་ཆིག་ལབ་ཤོར། མིག་གདངས་ཚེ་རང་ཉིད་གཅིག་པུ་ཡིན་པས། སེམས་ལ་སྐྱོ་སྣང་འགོག་མེད་ཅིག་སྐྱེས་ཤིང་། ངོ་མཚར་ཆེ་བའི་གཏམ་རྒྱུད་དེ་སུ་ཞིག་ལ་བཤད་དགོས་སྙམ།
ཁོས་ཐེ་ཚོམ་དང་བཅས་ཏེ་སྒོ་རའི་ནང་སོང་བ་དང་། གཟན་རྩྭ་ཟ་བཞིན་པའི་བ་ཕྱུགས་ཁྲ་ཁྲ་དེར་གཏད་ནས། ང་ལ་བླ་གཡུ་དེའི་སྐོར་གྱི་རྨི་ལམ་ཡ་མཚན་ཞིག་རྨིས་བྱུང་། ཉན་འདོད་འདུག་གམ་ཞེས་དྲིས་པས། བ་ཕྱུགས་ཁྲ་ཁྲ་དེས་མིག་ལྟ་ཙམ་ཡང་མི་བྱེད་པར་རྩྭ་ཟ་ཞིང་། དེ་ནས་མཇུག་མ་ཡར་བཀྱག་ནས་ལྕི་བ་སེར་པོ་རླངས་པ་འཐོལ་འཐོལ་ཞིག་ཐོབ་ཐོབ་ཅེས་བཏང་བས། དེ་ནི་ཆུ་ཡར་རྒྱུགས་ན་རྒྱུགས་མར་རྒྱུགས་ན་རྒྱུགས། ང་གྲྭ་པ་རྒན་འཁོགས་ཆུ་འཁོར་འཐགས་དགོས་མེད་ཅེས་བཤད་པ་དང་ཅིས་མི་མཚུངས།
གཡུ་དེ་སྤྱིར་བཏང་གི་གཡུ་ཞིག་རེད་མི་འདུག ཁོས་དེ་ལྟར་བཤད་ནས་བ་ཕྱུགས་ལ་ལྟ་ཙམ་བྱེད་དུས་བ་ཕྱུགས་གིས་ཁོར་ལྟ་ཙམ་བྱས་རྗེས་སྔར་རྒྱུན་བཞིན་མཇུག་མ་གཡུག་གཡུག་ངང་རྩྭ་ཟ་བཞིན་བསྡད་པས་ཁོ་རང་འུ་ཐུག
ཉིན་དེར། པད་མས་རྨི་ལམ་དེ་བཤད་ས་ཞིག་མ་བྱུང་། དགོང་ཟས་ཟོས་རྗེས་ནང་མི་ཚང་མ་བརྙན་འཕྲིན་ནས་སྟོན་བཞིན་པའི་རྒྱུན་མཐུད་འཁྲབ་ཚན་ལ་དབྱིངས་ཞུགས་ཡོད་ཅིང་། བཟའ་ཚང་ཞིག་གཟིམ་ཆུང་འཁྲུག་པ་དང་། རྒྱུ་རྐྱེན་ནི་ཁྱོ་བོ་དེས་ཕྱི་རོལ་དུ་ཟུར་མོ་ཞིག་བཙལ་བའི་སྐོར་ཡིན་པས། ནང་མི་ཚང་མས་ཁྱོ་བོ་དེའི་བྱེད་སྟངས་ལ་ཁོང་ཁྲོ་བྱེད་པ་དང་བུད་མེད་དེའི་ལས་དབང་ལ་གདུང་སེམས་མཉམ་སྐྱེ་བྱེད་བཞིན་ཡོད། འོན་ཀྱང་པད་མས་ལེ་ཚན་དེར་ལྟ་རིན་གཡའ་ནས་མེད་པར་མཐོང་སྟེ། རྨི་ལམ་ནང་གི་ལེ་ཚན་དེ་ནི་ངོ་མཚར་ལོངས་སྤྱོད་ཅིག་ཡིན་ལ། ཡིད་ཀྱི་ཡོལ་གོར་ཇེ་གསལ་ཇེ་མཚར་དུ་འགྲོ་བཞིན་མཆིས།
པད་མས་སྔ་ཙམ་ཉལ་དགོས་བསམས་པ་དང་། རྨི་ལམ་དེ་རྨིས་ཚེ་སུ་ཞིག་ལ་བཤད་དགོས་སྙམ་ནས་ཐེ་ཚོམ་སྐྱེས་པས་ཁོས་རྐང་བཙུགས་ནས་སྔས་འགོ་བརྗེས་ཏེ་རྨི་ལམ་དེ་མ་རྨིས་ཆོག་ཨང་སྙམ་རུང་དགོང་མོ་དེར་ཁོ་ལ་རྨི་ལམ་དེ་ག་རང་གི་འཕྲོ་མཐུད་ནས་བསྟན།
ཕྱི་ཉིན་ཞོགས་པ་ཡར་ལངས་དུས། ཁོ་ལ་བཤད་འདོད་ཀྱི་འདུན་པ་འགོག་མེད་ཅིག་སྐྱེས་པས། ཉིན་མོ་ཕྱི་འཁྱམས་རྒྱག་པར་ཁ་གཡར་ནས་ཕྲུ་གུ་ཞིག་ཐུག་ཚེ་བཤད་དགོས་སྙམ། འོན་ཀྱང་ཨ་མ་ལགས་ཀྱིས་གཡུ་དེ་ཕ་མེས་ཡང་མེས་ནས་བརྒྱུས་ཡོང་བའི་བླ་གཡུ་ཡིན་པས། དོན་དེ་སུ་གཅིག་ལའང་མ་ཤོད། ཐ་ན་ཕྲུ་གུ་ཞིག་ཡིན་རུང་ཆོག་གི་མ་རེད། གཡང་ཤོར་གྱི་རེད་ཅེས་གསུངས་པ་དེ་ཡིད་ལ་འཁོར། ལོ་ངོ་དྲུག་ལ་སླེབས་མ་ཐག་པའི་ཕྲུ་གུ་ཞིག་གིས་གཡང་ཟེར་བ་དེ་ཅི་ཞིག་ཡིན་མིན་མི་ཤེས་རུང་ཕ་མས་གསུངས་ཚེ་དེ་ལ་བཀའ་སྲུང་གཅིག་སྒྲུབ་ཞུ་དགོས་པས་ཁོ་རང་བཤད་ཐབས་མེད་པར་གྱུར།
ཁ་སྔོན་ནས་བཟུང་བའི་དགོང་མོ་གསུམ་གྱི་རིང་བཏང་བའི་རྨི་ལམ་ནི་གོ་རིམ་ལྡན་ལ། སྒྲིག་གཞི་ཚགས་དམ་པ་དང་། གཏམ་རྒྱུད་ཀྱི་བྱུང་བ་ངོ་མཚར་བ་གེ་སར་གྱི་སྒྲུང་ལྟ་བུ་ཞིག་ཡོད་པ་དེ་པད་མའི་ཡིད་ཁམས་སུ་གསལ་ལེར་ཡོད་ཅིང་། བཤད་ས་ཞིག་མེད་པ་དེས་ཁོའི་གྲོད་པའི་ནང་ཁེངས་ཡོང་བ་ལྟར་བྱེད། རྒྱུན་གཏན་ཡིན་ན་ཁོས་རྩེད་མོ་ཁོ་ནར་གཡེང་ནས་ལས་གཡོལ་བྱེད་ཀྱིན་སྡོད་པ་དང་ཁ་ལག་ཟ་དུས་ཕོར་པ་གསུམ་བཞི་ཟ་བས། ཨ་མ་ལགས་ཀྱིས་རྟག་པར་པད་མ་ཟ་རུའི་འོག་ལ་ལས་ཡོད་དཔུང་ཐང་ཤིག་ཤིག རྒྱ་ཞིང་ཕྲ་མོའི་སྒང་ལ་སེམས་པ་སྐྱོ་ལས་མི་འདུག་ཅེས་པད་མའི་གླང་ལྟོ་བེའུ་ལས་དང་ཁྱེམ་མཐོང་འུ་ཟུག་གི་རྣམ་པར་ཟུར་ཟ་གནང་གི་ཡོད།
ད་སྡུག་བསྔལ་མ་བྱེད། གཡུ་བརླག་ཚར་བས་བར་ཆད་བཟློག་འགྲོ་ཡི་རེད། དེ་ལས་ཁ་ལག་ཡག་པོ་བྱས་ཟོ་དང་། པཱ་ལགས་ཀྱིས་པད་མར་ཞལ་འོ་དང་མགོ་ལ་ཕྱག་བྱིལ་གནང་གིན་དུ་གསུངས། ཨ་མ་ལགས་ཀྱིས་ཀྱང་། པད་མ། ཤ་བག་ཐུག་འདི་ནི་ངས་ཆེད་མངགས་ཁྱོད་རང་ལ་བཟོས་པ་ཡིན། ཉེ་ཆར་རང་ཁ་ལག་ཡག་པོ་ཞིག་རྩ་བ་ནས་ཟ་ཐུབ་ཀྱི་མི་འདུག རྒྱུན་གཏན་ཡིན་ན་ཕོར་པ་གསུམ་བཞི་འཐུང་བ་མིན་ནམ་ཞེས་གསུངས།
པད་མས་འབད་པས་བཏུངས་མོད། ཕོར་པ་གང་པོ་དེ་ཡང་འཐུང་མི་ཐུབ་པར། ཕོ་བ་ཤིན་ཏུ་རྒྱགས་པའི་ཚོར་སྣང་གིས་ཐ་ན་དབུགས་ཀྱང་འབྱིན་འབྱིན་བྱེད་དགོས་བྱུང་བས། དཀན་གཟར་གྱི་རི་མཐོན་པོ་ཞིག་འཛེགས་པ་དང་མཚུངས།
དེ་ནི་ཅི་ཞིག་གིས་སྐུལ་བ་དང་འདྲ་བར་སེམས་ཀྱི་གཏིང་ན་ཉར་ཐབས་མེད་ཅིང་སྐབས་རེ་རྨི་ལམ་ནང་གི་འཆར་སྣང་ལ་ཐིམ་སྟེ་དོན་དངོས་འཚོ་བའི་ཉམས་སྣང་ཤོར་འགྲོ་བས། འཆི་བའི་རྟགས་སུ་གྲུབ་པ་ཨེ་ཡིན་སྙམ། རྨི་ལམ་དེ་བཤད་འདོད་ཀྱི་འདུན་པ་འགོག་མེད་ཅིག་སྐྱེས་པ་དང་། མིག་ལམ་དུ་འཆར་ཡོང་བ་ནི་རྒྱ་ཆེ་བའི་མུ་མེད་ཞིང་ཐང་གི་མཐོངས་སུ། ཁྲུང་ཁྲུང་དཀར་པོ་ཞིག་གིས་གཤོག་རྩལ་ངོམས་བཞིན་ཡོད་ཅིང་། དེ་ནི་རྒྱུན་མཐུད་རྨི་ལམ་དེའི་འགོ་བརྗོད་ཀྱང་ཡིན།
དུས་དེ་ནས་བཟུང་།ཁོ་རང་ནད་ཀྱིས་མནར་བ་ལྟར་སྡོད་ལ། སུ་ཞིག་ལའང་ཁ་ཡ་མི་བྱེད་པར་ཉིན་ལྟར་འཕྲེད་ཉལ་ལོགས་ནས་སྡོད། ཕ་མ་གཉིས་པོས་མོ་རྩིས་ལུང་ཞུ་བྱེད་དུས་བླ་གྱར་འདུག་ཅེས་གསུངས་པས་སྔགས་པ་གདན་འདྲེན་ཞུས་པ་དང་བླ་འགུག་ཚེ་འགུག་བྱས་ཏེ་སླར་ཡང་གཡུ་ཆེན་པོ་དེ་ཙམ་མིན་པ་ཞིག་ལ་བལ་སྐུད་དཀར་པོ་ཞིག་ལ་བརྒྱུས་ཏེ་པད་མའི་སྐེ་ལ་བཏགས།
དེ་ནི་སྔོན་མའི་གཡུ་དང་མི་འདྲ་བར། སྔོ་ཤས་ཆེ་བས་པད་མའི་བྲང་ཁར་མེ་ཏོག་གི་ཕྲ་ཚོམ་བརྒྱན་པ་ལྟར་སྔོ་མཐིང་ངེར་སྣང་། འོན་ཀྱང་པད་མར་འགྱུར་ལྡོག་གང་ཡང་མ་བྱུང་བར་སྔར་རྒྱུན་བཞིན་བླ་གྱར་བ་ལྟར་བྱེད།
པད་མའི་ཡིད་ཁམས་སུ་མདང་དགོང་གི་རྨི་ལམ་དེས་ཁ་ནུབ་དགོང་མོའི་རྨི་ལམ་གྱི་རྒྱུན་མཐུད་ཅིང་། བཤད་འདོད་ཀྱི་འདུན་པ་ནི་དྲག་ཏུ་འབབ་པའི་རྦབ་ཆུ་དང་འཕེན་ཟིན་པའི་མདའ་མོ་ལྟར་ལྡོག་ཐབས་མེད། འོན་ཀྱང་ཁོ་ལ་བཤད་ས་ཞིག་རྩ་བ་ནས་མེད་པས། ད་ནི་ཡོད་ཚད་ཁོག་ཏུ་ཉར་སྡོད་པ་ལས་ཐབས་མེད། ཁོག་ཏུ་ཉར་ཉར་ནས་ཁོའི་གྲོད་པའི་མཚམས་སུ་ན་སྦྲེང་ངེར་སྡོད་ཅིང་། དེ་ནི་ཉི་མ་རེ་རེ་ནས་ན་ཟུག་ཇེ་ཆེ་ཇེ་ཆེར་འགྲོ་བཞིན་ཡོད།
ཞོགས་པ་དེར། པད་མ་དུས་ཐོག་ཏུ་ལངས་མེད་པས། ཨ་མ་ལགས་ཀྱིས་སྐད་གཏོང་བར་ཕེབས་དུས། པད་མ་ནི་མལ་སའི་ནང་རྔུལ་ནག་ཁྲུམ་མེར་གཟེར་ཁ་རྒྱག་བཞིན་ཡོད། ཨ་མ་ལགས་ཀྱིས་པད་མའི་དཔྲལ་བར་ཕྱག་སྦྱར་ཙམ་གནང་དུས། ཚ་བ་ཤིན་ཏུ་རྒྱས་ཡོད་ལ་ཡ་ཁུང་དང་དཔྲལ་འདབས་ནས་རྔུལ་ཆུའི་ཐིགས་པ་མུ་ཏིག་གི་དོ་ཤལ་བཞིན་འཛགས་ཡོང་།
པད་མ། པད་མ། ག་རེ་ན་གི་འདུགཨ་མར་མིག་གཅིག་ལྟོས་དང་། ཨ་མ་ལགས་དངངས་སྐྲག་ཆེན་པོས་སྐྱེས། པད་མས་འགྲེ་སློག་ཅིག་བརྒྱབ་པ་དང་། ཨ་མར་ལྟ་གིན་ང་གྲོད་པ་ན་གི་འདུག ཡིན་ནའང་བཤལ་རྒྱུ་ཅི་ཡང་མི་འདུག་ཅེས་བཤད་དེ་སླར་ཡང་ཕར་འགྲེ་སློག་བརྒྱབ། པད་མའི་མིག་གཉིས་པོ་འུག་པའི་མིག་ལྟར་སེར་པོར་གྱུར་ཡོད་ཅིང་། ངོ་གདོང་ནི་སེ་འབྲུ་བཞིན་དམར་སྨུག་ཆགས་ཡོད།
ངས་རྨི་ལམ་དེ་ཚོ་མ་བཤད་ན། ངའི་ཕོ་བ་ཁེངས་ཡོང་གི་འདུག་ལ། སྙིང་ཁ་ཡར་བཀྱག་ཡོང་གི་འདུག སྐུ་ཅི། ང་བཤད་དུ་འཇུག་རོགས། ངས་ཕྱི་མི་སུ་ཞིག་ལའང་བཤད་མ་མྱོང་།
པཱ་ལགས་དང་ཨ་མ་ལགས་གཉིས་ཀས་ཧོན་འཐོར་རེར་ཁོ་རང་ལ་གཟིགས་པ་དང་། གཉིས་ཀས་མ་བགྲོས་གཅིག་མཐུན་ངང་མགོ་བོ་ལྕོག་ལྕོག་བྱས།
༣
པད་མས་འཛུམ་ཙམ་བྱས་ཤིང་། དེ་ནི་ཞལ་ཁ་ཕྱེ་ལ་ཁད་ཀྱི་མེ་ཏོག་གི་ཐེའུ་ཞིག་ལ་ཉི་འོད་ཕོག་པ་དང་བཞད་པ་ལྟར་རེད།
ཁོས་ལག་པའི་ཐལ་མོ་སྦྱར་ནས་ནམ་མཁར་ལྟ་ཞིང་མིག་ཟུང་ལ་འོད་དང་ལྡན།
ངས་གླུ་དེ་ལ་ཡིད་ཆེས་རྩ་བ་ནས་མེད། ཁོང་འཆལ་པོ་ཞིག་ག་ལ་ཡིན། མ་ཉེས་ཁ་གཡོགས་རང་རེད།
ཉིན་དེར་ང་རང་ཟས་ཀྱི་དང་ག་མེད་ལ། ཉལ་བའི་གཉིད་ཀྱང་མེད། སྒེའུ་ཁུང་ནས་པོ་ཏ་ལའི་ཡང་སྟེང་ལ་ལྟ་དུས། རྩིག་ཟུར་དུ་བཏགས་པའི་རླུང་དྲིལ་སིལ་སིལ་ངང་གྲགས་ཤིང་། སྡེ་པ་གཞུང་གི་ལས་བྱ་འདྲ་མིན་སྣ་ཚོགས་ཡར་མར་བྲེལ་བཞིན་མཆིས།
ཁོས་ང་གཅིག་པུ་བཞག་ནས་འགྲོ་དགོས་རྒྱུ་ལ་ཨང་། ད་དུང་ངའི་བུ་འཇིགས་མེད་དབང་གྲགས་ཀྱིས་ཀྱང་ང་ཁེར་རྐྱང་མར་བཞག་བྱུང་། ད་ནི་ང་རང་འཇིག་རྟེན་འདིར་བསྡད་ནས་ཞེན་ཆགས་བྱེད་ཡུལ་ཏིལ་འབྲུ་ཙམ་ཡང་མེད་པས། མུ་མཐུད་འཚོ་བ་ལ་སྙིང་པོ་མེད་ཅིང་། སྔོན་ཆད་ལྟར་ཆང་ཁང་གཙང་ཐིང་ངེར་བཞག་ནས་ཞོལ་པ་ལས་ཁུངས་ཀྱི་ལས་བྱ་ཚོས་ཆང་འཐུང་བར་ཡོང་རྒྱུར་སྒུག་གི་མེད། ངས་ཆང་ཁང་གི་སྒོ་ཁར་བཀལ་བའི་བྱང་ཤིང་ཐོག་ཚོང་གཉེར་མི་བྱེད་པའི་བརྡ་སྦྱོར་སྦྱར་ཞིང་། ཉིན་ལྟར་ཁང་པའི་ནང་འཛུལ་འཛུལ་བར་བསྡད་པ་ཡིན།
པད་མའི་མིག་ལ་མཆི་ཞགས་འཁོར་ཞིང་། ལག་པའི་རྒྱབ་ངོས་ཀྱིས་མིག་གི་གཡས་གཡོན་ལ་འཕུར་འཕུར་གང་མང་བཏང་།
ངའི་ཁྱོ་ག་ལ་ཆ་མཚོན་ན། ལོ་ཆུང་ཆུང་ནས་ཚེ་ཡི་འཕེན་པ་རྫོགས་པ་འདི་གཅིག་བྱས་ན་ལས་ཟད་གཅིག་ཡིན་ངེས། གཅིག་བྱས་ན་དེ་ལས་ཡག་པའི་སྐྱེ་བ་ཞིག་གི་ཆེད་དུ་སོང་བ་ཡིན་ངེས། གང་ལྟར་རུང་ཞོལ་པ་ལས་ཁུངས་ཀྱི་གཉེར་པ་དེས་ལོ་གཉིས་ལྷག་འགོར་མོད། ཆང་རིན་རྩིས་མ་བརྒྱབ་པས་མ་ཚད། ད་དུང་རྟག་པར་ང་ལ་བརྙས་དམོད་བྱེད་སེམས་ཀྱིས་ཁེངས་ཡོད། དབང་ཆེན་དཔོན་པོའི་དྲུང་དུ། ཞུ་སའི་ལུང་ཡང་མི་འདུག་ཅེས་པ་ལྟར། ཐེངས་གཅིག་ངའི་ཁྱོ་གས་གཉེར་པ་དེ་སླེབས་ཐོག་ཅིག་ལ་ཆང་ཚོད་མེད་བཏུངས་ནས་ཁོ་ལ་སྐྱུར་འགོང་དང་སྦྲགས་ཆང་རིན་རྩིས་རྒྱག་དགོས་པ་དང་། རྗེས་མ་ནས་ངའི་བཟའ་ཟླར་བརྙས་དམོད་བྱས་ཚེ་ཐར་པར་བཏང་གི་མིན་ཞེས་བཤད་དེ་སྣ་མཛུབ་སྤྲད།
གཉེར་པ་དེའི་གདོང་ལ་ཞེ་སྡང་གིས་ཁེངས་ཤིང་། ག་ལེར་ཡར་ལངས་པ་དང་། ངའི་ཁྱོ་གའི་བྲང་ནས་འཇུས་ཏེ། མི་ཁྱོད་ཀྱི་དཔའ་བློ་ཁོག་ལ། ང་སུ་ཡིན་མིན་ཤེས་ཀྱི་ཡོད་པས། གཞུང་ས་དགའ་ལྡན་ཕོ་བྲང་གི་ཕྱག་མཛོད་ཡིན་ད། ཁྱོད་རང་གི་བྱེད་སྟངས་དེ་གཞུང་ས་དགའ་ལྡན་ཕོ་བྲང་ལ་མ་འདོད་པ་ཨེ་ཡིན་ཞེས་རྫིག་རྫིག་སྐུལ།
ངའི་ཁྱོ་ག་རྒྱུན་གཏན་གཉོམ་ཆུང་ལྕེ་བསྣར་བསྣར་དང་རྣ་ཅོག་ཞུད་ཞུད་གཏོང་མཁན་ཞིག་ཡིན་མོད། དེ་ཉིན་ཆང་གིས་ཅུང་ཟད་བཟི་ཡོད་ཅིང་། གཉེར་པའི་རྫིག་རྫིག་ལ་ཁོང་ཁྲོས་ཁྱི་འུ་ཐུག་གྱང་ལ་མཆོངས་ཞེས་པ་ལྟར། དགའ་ལྡན་ཕོ་བྲང་གི་གཉེར་པ་ཡིན་ན་ཉམ་ཆུང་ལ་དབང་ཡོད་ཤོད་དགོས་རེད་དམ་ཞེས་ངར་ཕོད་ཕོད་བྱེད་པ་དང་། དེ་ནས་རླུང་དེ་བས་ཆེ་རུ་ལངས་ཏེ་ངས་བཀག་འགོག་བྱས་ཀྱང་མ་ཐུག་པར་གཉེར་པའི་ངོ་ལ་མུར་མཛོག་ཅིག་འཕེན་པས་གཉེར་པ་ནི་རང་སར་འགྱེལ་སོང་།
དུས་དེ་ནས་བཟུང་ངའི་ཁྱིམ་ཚང་འདིར་ཆག་སྒོ་གཅིག་ཤོར་གཉིས་ཤོར་དུ་ལྷག ཉིན་དེར་ངའི་བཟའ་ཟླས་ལྷ་སར་སོང་བ་དང་གཟིམ་ཤག་ཅིག་གི་ཁྱིམ་ལུད་འདོན་པར་སོང་ནས། ཞོལ་ལ་ལོག་དུས་ངེས་པར་དུ་ཆུ་ཆེན་པོ་ཞིག་བརྒལ་ནས་འགྲོ་དགོས་ཤིང་། ཆུ་བོ་དེ་མུ་མེད་ཞིང་ཐང་གི་དབུས་སུ་སྦྲུལ་རིང་པོ་ཞིག་ནར་རེར་ཉལ་ཡོད་པ་འདྲ་བར་སྐྱིད་ཆུའི་ནང་བཞུར་བཞིན་མཆིས། ཁོ་རང་ཆུ་བོ་ཆེན་པོ་བརྒལ་ཁ་མར་གློ་བུར་གར་ཡོང་མི་ཤེས་པའི་མི་གསུམ་ཡོང་བ་དང་། ངའི་བཟའ་ཟླར་གཅར་རྡུང་ཚོད་མེད་བྱས་ཤིང་། རྐང་ལག་ཆག་སྐྱོན་ཤོར་བ་དང་ཤི་མིན་རོ་མིན་ལ་བཏང་རྗེས་ཆུ་ལ་འཕངས་ནས་ཤུལ་རྗེས་ཙམ་ཡང་མེད་པ་བཟོ་རྩིས་བྱས་འདུག འོན་ཀྱང་ཁོ་རང་གིས་ཆུ་ནང་ནས་ཆུ་ཁར་ཐོན་ཐུབ་ཙམ་བྱུང་རུང་ནམ་དུས་དགུན་ཁ་ཡིན་པས་གང་ལྟར་འཆི་བདག་གི་ཁ་ནས་ཐར་མི་འདུག
དགོང་མོ་དེར་ངས་ཆང་ཁང་གི་སྒོ་སྔ་ཙམ་བརྒྱབ་པ་དང་། བུ་ཆུང་འཇིགས་མེད་དབང་གྲགས་མཉམ་དུ་ཐུག་པ་རྩམ་ཐུག་བསྐོལ་ནས་ཁོ་རང་མཚན་སྒང་སྒུག་པ་ཡིན་མོད། ད་བྱེད་དུས་རེ་སྒུག་དེ་ནི་སྟོང་ཟད་རང་རེད་འདུག
ཕྱི་ཉིན་ཞོལ་པའི་མི་ཞིག་ལྷ་སར་སོང་ནས་ཕྱིར་ལོག་པའི་དུས། ཆུ་ཆེན་པོ་དེའི་འགྲམ་ན་མི་རོ་ཞིག་རྫར་རེར་ཡོད་པ་མཐོང་བས། ཞིབ་པར་ལྟ་དུས་ངའི་ཁྱོ་ག་ཡིན་པ་ཧ་གོ་འདུག
ཁྱོ་ག་གྲོངས་པ་ནས་བཟུང་། ངའི་འཚོ་བར་གོ་རིམ་མེད་པར་གྱུར། རེ་བ་བཅོལ་ས་གཅིག་རང་ཡོད་པ་ནི་བུ་ཆུང་འཇིགས་མེད་དབང་གྲགས་ཡིན། ངས་གང་ཐུབ་ཀྱིས་ཁྱོ་ག་གསོད་མཁན་དེ་ཚོ་རྩད་གཅོད་བྱས་ཀྱང་རེ་འབྲས་མ་སྨིན། དགོང་མོ་ཞིག་སྒོའི་གསེང་ནས་ཤོག་ཡིག་གཡུགས་ཡོད་པའི་ནང་། ཁུ་སིམ་མེར་མ་བསྡད་པར་བརྒྱ་གྲགས་བོས་གྲགས་བཟོས་ན་མ་བུ་གཉིས་ཀའི་སྲོག་ལ་ཉེན་ཁ་ཆེ་ཞེས་པའི་འཇིགས་སྐུལ་ཡི་གེ་དེས་རྩད་གཅོད་བྱེད་པའི་བསམ་བློའང་སྐྱེ་མ་ནུས་པར་གྱུར་བས། དགོང་མོ་ས་མ་རུབ་གོང་ནས་སྒོ་དམ་པོར་བརྒྱབ་ནས་སྡོད་ཀྱི་ཡོད།
དེ་ཉིན་ནི་གནམ་ངོ་ལེགས་པོ་ཞིག་ཡིན་འདུག པོ་ཏ་ལའི་གཞུང་ས་དགའ་ལྡན་ཕོ་བྲང་ནས་བཀའ་རྒྱ་བཀྲམ་སྟེ་རྒྱལ་དབང་སྐུ་ཕྲེང་ལྔ་པ་མཆོག་ཞིང་གཞན་ལ་གཤེགས་པ་དང་། ཡང་སྲིད་མཚོ་སྣ་མོན་ཡུལ་དུ་འཁྲུངས་ཤིང་གསེར་ཁྲི་མངའ་གསོལ་བྱུང་བའི་རྩ་ཚིག་བསྒྲགས་པས་བོད་ཁམས་ཡོངས་སུ་ཉིན་གཅིག་ལ་མྱ་ངན་དང་དགའ་བ་ཅིག་ཅར་དུ་སྐྱེས་བྱུང་ལ། སྙིང་ཁོང་རུས་པའི་གཏིང་ནས་རྒྱལ་དབང་མཆོག་གིས་ཉམ་ཐག་བདག་གི་ལས་དབང་ལ་སྤྱན་གྱིས་གཟིགས་ཤིང་ཐུགས་རྗེས་སྐྱོང་རོགས་མཁྱེན་ཞེས་སྨོན་ལམ་བཏབ།
ཕྱི་རོལ་ནས་བཀྲ་ཤིས་ལྡུམ་རྭའི་ནང་ལ། །གཡང་ཆགས་མེ་ཏོག་འཁྲུངས་བཞག །སྔ་དྲོའི་ཟིལ་པ་མ་ཡལ། །ཉིན་དགུང་སྦྲང་ཆར་བབས་བྱུང་ཞེས་མི་དམངས་རྣམས་ཀྱི་དགའ་འབོད་བསམ་པ་མཚོན་པའི་གླུ་དབྱངས་ཀྱང་གང་སར་གྲགས།
གྲོང་པ་ཚོས་ཀྱང་ང་རང་ཁྱོ་ག་གྲོངས་པའི་སྡུག་བསྔལ་ལས་སངས་ཆེད། སྐྱིད་ཆུའི་འགྲམ་དུ་ཁྲུས་ལ་ཁྲིད། ངས་ཁྱིམ་གྱི་བཀྲུ་བྱའི་ཅ་ལག་རྣམས་སྒལ་པར་ཁུར་བ་དང་། བུ་ཆུང་འཇིགས་མེད་དབང་གྲགས་ཁྲིད་དེ་ཁོང་ཚོ་མཉམ་དུ་སོང་།
རླུང་བུ་བསིལ་བསིལ་ངང་ལྡང་ཞིང་། དཔྱིད་ཀྱི་ངད་བཟང་ཕྱོགས་མཚམས་ཀུན་ནས་འཐུལ། རྒྱང་རིང་གི་རི་བོའི་རྩེ་མོ་ཁ་བས་གཡོགས་པ་དང་། གནས་མཆོག་པོ་ཏ་ལ་ནི་བརྗིད་ཉམས་ཤིན་ཏུ་ཆེ་ཞིང་རྩེ་མོ་དགུང་ལ་ཟུག་པ་མ་ཟད་དབུ་རྩེའི་གསེར་ཐོག་ལ་ཉི་འོད་འཕྲོས་པས་གསེར་ལམ་ལམ་བྱེད།
སྐྱིད་ཆུའི་ནང་ངང་པ་ཆ་རེ་བྱས་ཏེ་རྐྱལ་རྩལ་སྦྱོང་ཞིང་འདུག་པས་ཆུང་དུས་རྨོ་བོ་ལགས་ཀྱིས་གསུངས་མྱོང་བའི་མགར་བ་མི་འཁྲུལ་ཐོ་ཡག་གི་གཏམ་རྒྱུད་དེ་དྲན་པ་དང་སེམས་པ་སྐྱོ་ལྷང་ལྷང་བྱུང་མོད། གྲོང་པ་ཚོའི་སེམས་བཟང་ལ་མི་འདོད་པ་བྱེད་མི་རུང་སྙམ་བྱུང་།
ང་ཚོས་ཁྲུས་བརྒྱབ་ནས་བསྡད་ཅིང་། ཕྲུ་གུ་ཚོ་ཆུ་འགྲམ་གྱི་བྲག་རྡོའི་ཐོག་རྩེད་མོ་རྩེད་བཞིན་ཡོད། གྲོང་པའི་ཨ་ཅག་བཟང་མོ་ལགས་ནས། ཕྲུ་གུ་ཚོ་གཟབ་གཟབ་བྱོས་མ་གཏོགས། ཆུ་ནང་དུ་ཟགས་ཡོང་ཞེས་བཤད་མ་ཐག ངས་ཀྱང་མགོ་ཡར་བཀྱག་ནས་བུ་ཆུང་གི་ཕྱོགས་སུ་ལྟ་ཙམ་བྱས་པ་ཡིན། བུ་ཆུང་འཇིགས་མེད་དབང་གྲགས་ཀྱིས་ལག་ན་དབྱུག་པ་ཐུང་ཐུང་ཞིག་ཁྱེར་ནས་ཆུ་རྩེད་རྩེད་བཞིན་མཆིས་ལ་ངོ་གདོང་ཡང་རྩེད་མོ་རྩེད་དྲགས་ཏེ་རློན་རྐྱང་ཆགས་འདུག
ཡུད་ཙམ་སོང་རྗེས་སྲོག་སྐྱོབ་དང་། འཇིགས་……གྲགས་ཞེས་པའི་སྒྲ་གྲགས་པས། ངའི་སྙིང་མགོ་རྟིང་ལོག་སོང་། ཕྱིར་ལྟ་དུས་འཇིགས་མེད་དབང་གྲགས་མཐོང་སར་མི་འདུག་ལ། སྐྱིད་ཆུ་ནི་རྦ་རླབས་ཤུགས་དྲག་ངང་བཞུར་བཞིན་མཆིས་ལ་སྐབས་སྐབས་སུ་སྐྱིད་ཆུའི་ནང་ནས་ལག་པ་གཅིག་པུ་གཡབ་ཙམ་གཡབ་ཙམ་བྱེད། ངས་དེ་མ་ཐག་རྒྱུག་སོང་ནས་ཆུ་ནང་དུ་མཆོངས་དུས། གྲོང་པའི་ཨ་ཅག་གིས་རྒྱབ་ནས་འཇུས་བྱུང་བས། ང་རང་བྲག་རྡོའི་ཐོག་ཤག་ཟེར་བརྡབས་བྱུང་མོད་ན་བའི་ཚོར་སྣང་གང་ཡང་མ་བྱུང་ལ་དེ་ནས་ཅི་ཡང་དྲན་རྒྱུ་མི་འདུག
དྲན་པ་སོས་དུས་ང་རང་ཆང་ཁང་གི་ཁང་པ་སྦུག་མར་ཡོད་ཅིང་། གྲོང་པའི་ཨ་ཅག་སྒྲོན་ལགས་ངའི་འགྲམ་དུ་བཞུགས་འདུག ཁོང་གིས་ང་ལ་སྣུམ་བསང་བསྒར་གནང་བྱུང་། དྲང་པོ་བཤད་ན་ངས་མུ་མཐུད་མི་ཡུལ་དུ་སྡོད་འདོད་ཀྱི་སེམས་པ་ཡེ་ནས་མི་འདུག ངའི་ཁྱོ་ག་གྲོངས་པ་དང་སྙིང་ནས་བརྩེ་བའི་བུ་ཆུང་འཇིགས་མེད་དབང་གྲགས་ཀྱང་ཆུ་ཡིས་འཇིབ་སོང་བས། ངས་ཀྱང་སྐྱིད་ཆུའི་ནང་འགྲོ་འདོད། གཅིག་བྱས་ན་བུ་ཆུང་གིས་ང་ལ་སྒུག་ཡོད་ལ། ངའི་ཁྱོ་བོས་ཀྱང་ང་ལ་སྒུག་ཡོད། ང་ཡང་སྣང་རུ་དཔོན་གྱི་སྲས་མོ་བཞིན་སྐྱིད་ཆུའི་ནང་འགྲོ་འདོད། དེ་ནི་བཤད་ཚེ་ཡ་ང་བའི་གནས་ཚུལ་ཞིག་རེད།
གནའ་སྔ་མོ་ལྷ་སའི་སྣང་རུ་གཞིས་ཀའི་གཞིས་བདག་སྣང་རུ་དཔོན་ལ་དཔྲལ་བའི་མིག་ལྟར་བརྩི་བའི་སྲས་མོ་ཡོད་དུ་འོང་བ་ཞིག་ཡོད། སྲས་མོ་དེ་ཆུང་དུས་ནས་སྐྱེ་འབྲས་མཚར་ཞིང་སེམས་བཟང་ལ། གཞིས་ཀའི་ནང་གི་ནང་ཟན་ཚོ་དང་རྩེད་མོ་རྩེད་རྒྱུར་ཤིན་ཏུ་དགའ། ལྷག་པར་དུ་གཞིས་ཀའི་བཟོ་ཁང་གི་མི་འཕྲུལ་ཐོ་ཡག་དང་རྩེད་མོ་རྩེད་ནས་སྡོད་རྒྱུར་ཤིན་ཏུ་དགའ་བས། སྣང་རུ་དཔོན་གྱིས་རྟག་པར་ཁོ་མོར་མི་འཕྲུལ་ཐོ་ཡག་འགྲམ་དུ་འགྲོ་མི་ཆོག་ཅེས་ཤོད་དུས་ཁོ་མོས་མི་དགའ་བར་བྱེད།
སྲས་མོ་ཆེར་ལོངས་པ་དང་ཉི་འོག་གི་གཞིས་ཀ་ཁག་ནས་སློང་མི་མང་པོ་ཡོད་མོད། སྣང་རུ་དཔོན་གྱིས་སུ་གཅིག་ལའང་མ་སྟེར། སྲས་མོས་ཀྱང་ཕྱི་ལ་འགྲོ་འདོད་རྩ་བ་ནས་བྱེད་ཀྱི་མེད་ལ་རྟག་པར་ཁོམ་པ་བྱུང་རིམ་བཞིན་མགར་བ་མི་འཕྲུལ་ཐོ་ཡག་གི་བཟོ་ཁང་དུ་འགྲོ་ཡི་ཡོད། རིམ་བཞིན་མགར་བ་མི་འཕྲུལ་ཐོ་ཡག་དང་སྣང་རུ་དཔོན་གྱི་སྲས་མོའི་དབར་བརྩེ་བའི་མིག་མདའ་འཕེན་རེས་བྱེད་པ་ནས་རིམ་གྱིས་ཁ་འབྲལ་ཐབས་མེད་པར་གྱུར་ཏེ་མཛའ་བརྩེའི་སྙིང་གི་ཟེ་འབྲུ་ཞིག་སྣང་རུ་དཔོན་གྱི་སྲས་མོའི་ལྷུམས་སུ་ཞུགས་ཟིན།
ཁོ་གཉིས་བར་གྱི་གསང་བ་དེ་སྣང་རུ་དཔོན་གྱིས་ཤེས་པས། སྲས་མོ་གནས་གཞན་དུ་སྤྲོ་གསེང་དུ་བཏང་བའི་སྐབས་དང་བསྟུན་ནས་མགར་བ་མི་འཕྲུལ་ཐོ་ཡག་སྐྱིད་ཆུར་གཡུགས་ནས་བསད་པ་དང་། ཁོའི་བཟོ་ཐབ་དང་བཅས་པའང་མཐོང་ས་མེད་པར་དོར། སྲས་མོ་ཚུར་ལོག་སླེབས་པ་དང་མགར་བ་མི་འཕྲུལ་ཐོ་ཡག་མཐོང་སར་མེད་པས་ཁོའི་ཁྱིམ་མཚེས་ཨ་མ་ཉི་མ་ལགས་སུ་སྐད་ཆ་འདྲི་སྐབས་སྣང་རུ་དཔོན་གྱིས་ཁྲིད་ཟིན་པ་དང་སྐྱིད་ཆུར་བཤངས་པའི་སྐོར་གསང་སྟབས་ངང་བཤད་པས། སྣང་རུ་དཔོན་གྱི་སྲས་མོ་ནི་སྐྱོ་ཐག་ཆོད་དེ་སྐྱིད་ཆུར་མཆོངས། དུས་དེ་ནས་བཟུང་ཁོང་གཉིས་སེར་བྱ་ངང་པའི་སྐྱེ་བ་བླངས་པ་དང་མི་རིང་བར་ངང་ཕྲུག་གཅིག་ཀྱང་ཁྲིད་དེ་སྐྱིད་ཆུའི་ནང་རྐྱལ་རྩལ་སྦྱོང་བཞིན་སྡོད་པར་བྱེད།
རྨོ་བོ་ལགས་ཀྱིས་གསུངས་པའི་གཏམ་རྒྱུད་དེ་དྲན་དུས། རང་ཉིད་ཀྱིས་ཆེས་དགའ་བའི་སྒྲུང་དེས་ད་བྱེད་དུས་ང་རང་གི་ལས་དབང་ཡང་དེ་ལས་མ་འདས་པའི་སྔོན་བརྡ་བཏང་བ་ཡིན་འདུག
སྐབས་དེར། པད་མའི་མིག་གཉིས་ལས་མཆི་མ་ཉིལ་ཉིལ་དུ་ཤོར་བས། པཱ་ལགས་དང་ཨ་མ་ལགས་གཉིས་ཀྱིས་མགོ་རས་ཤིག་སྤྲད་པས། ཁོས་མིག་ཆུ་ཕར་ཕྱིས་ནས་ཕ་མ་གཉིས་ལ་ལྟ་དུས། ཁོ་གཉིས་ཀྱི་ངོ་ན་ཧོན་འཐོར་བའི་ཉམས་ཀྱིས་ཁེངས།
པད་མ། སྐྱོན་མི་འདུག་གམ།
ཡང་ན་སང་ཉིན་བཤད་ཀྱང་ཆོག དེ་རིང་མལ་གསོས་ཤིག
པཱ་ལགས་དང་ཨ་མ་ལགས་ཀྱིས་དེ་ལྟར་གསུངས་པས། པད་མས་ཡིན་པའི་བརྡ་ལ་མགོ་ལྕོག་ལྕོག་བྱས། དགོང་ཟས་བཟས་རྗེས་པཱ་ལགས་ཀྱིས་པད་མར་ཞལ་འོ་དང་ཕྱག་བྱིལ་གནང་བཞིན་ཁོ་རང་མལ་སའི་ནང་བསྙལ་ཞིང་། བློ་མི་བདེ་བར་པད་མའི་ཁ་སྤྲོད་དུ་ཉལ།
དགོང་མོ་དེར།པད་མ་གཉིད་སྟུག་པོ་ཞིག་ཁུག་ནས་ཕྱི་ཉིན་ཞོགས་པ་ཉི་མ་ཚ་ལྷོད་ལྷོད་ཙམ་ལ་གཞི་ནས་གཉིད་ལས་སད། ཁོས་མལ་ལས་ལངས་དུས་གཟུགས་པོའི་ནང་ནས་མི་བདེ་བ་ཡོད་ཚད་ཅི་ཞིག་འཐེན་ཟིན་པ་ལྟར་བྱུང་བས་ཤིན་ཏུ་བདེ་བའི་ཚོར་སྣང་བྱུང་། ཨ་མ་ལགས་ཀྱིས་ཇ་སྲུབས་མ་དང་བོད་ཇའི་སྒོ་ང་བཙོས་ནས་ཞོགས་ཟས་གྲ་སྒྲིག་གནང་ཡོད་པས། པད་མས་སྤྱང་ཀི་ཤ་ལ་རྔམ་པ་བཞིན་སྤགས་ཕོར་པ་གཉིས་དང་སྒོ་ང་གསུམ་བཟས། པཱ་ལགས་དང་ཨ་མ་ལགས་གཉིས་ཀས་པད་མར་གཟིགས་བཞིན་ཞལ་ན་འཛུམ་གྱིས་ཁེངས།
ཕྱི་རོལ་གྱི་རི་རྩེ་སྨུག་པ་འཁྲིགས་ཤིང་། ཤུག་པ་དང་སྟག་མ།དཀར་ཤིང་། རྒྱ་ཤིང་། བསེ་ཤིང་། ཇ་ཤིང་གིས་ཁེངས་པའི་ཚང་ཚིང་ནགས་ཀྱི་ལྗོན་པ་རྣམས་གཅིག་ལ་གཅིག་འགྲན་གྱིས་གནས་འདིའི་ཕྱོགས་མཚམས་ཀུན་ལ་སྐྱེས་ཡོད་ཅིང་། སྤྲེའུ་དང་དོམ།སྤྱང་ཀི དོམ་ནག་ནགས་གསེབ་ཏུ་གང་དགར་གནས་བཅས་ཡོད། དེ་ལས་ཀྱང་ཁུ་བྱུག་གིས་ལྷང་ལྷང་གསུང་སྐད་སྒྲོག་པས་གནས་འདི་ནི་ནམ་ཡིན་རུང་དཔྱིད་ཀྱི་རྣམ་པས་ཁེངས། མི་ཁྱིམ་རྣམས་ཤོད་ཀྱི་ཐང་ཡངས་སུ་ཆགས་ཡོད་ཅིང་། ཁང་ཐོག་ལྕགས་ཤོག་བཀབ་པའི་ཐོག་ཚོན་རྩི་དམར་པོ་ཡིན་པས། རྒྱང་ནས་བལྟས་ཚེ་མཁའ་ལ་འཁྲིགས་པའི་མཚམས་སྤྲིན་ས་ལ་བབས་པ་ཨེ་ཡིན་སྙམ་པ་ཞིག་འདུག
མདང་དགོང་པད་མ་རང་གིས་བཤད་པ་དེ་སྒྲུང་ག་རེ་ཡིན་ནམ། པཱ་ལགས་ཀྱིས་ཡ་མཚན་ངང་དེ་ལྟར་དྲིས་གནང་ཞིང་། ཨ་མ་ལགས་ནས་ཀྱང་ཧང་སངས་པའི་རྣམ་འགྱུར་ཐོག་ནས་པཱ་ལགས་ཀྱི་འཁྲིས་སུ་བཞུགས་ཏེ་པད་མའི་ངོ་ལ་ལྟ་བཞིན་མཆིས།
ངས་ཀྱང་མི་ཤེས།གང་ལྟར་ངའི་རྨི་ལམ་དུ་གོ་རིམ་ལྡན་པའི་སྒོ་ནས་བཏང་ཡོང་གི་འདུག
བྱས་ན་མདང་དགོང་མུ་མཐུད་བཏང་བྱུང་ངམ། ཨ་མ་ལགས་ཀྱི་གདོང་ན་རེ་བས་ཁེངས།
བཏང་བྱུང་།
པད་མས་དེ་ལྟར་བཤད་པ་དང་། མིག་གཉིས་བཙུམས། ཁོའི་སྣང་བར་རྒྱ་ཆེ་བའི་མུ་མེད་ཞིང་ཐང་མཐོངས་སུ། ཁྲུང་ཁྲུང་དཀར་པོ་ཞིག་གིས་གཤོག་རྩལ་ངོམས་བཞིན་པ་མཐོང་ཞིང་། དེ་ནས་ཁུ་བྱུག་གིས་གསུང་སྙན་སྒྲོག་བཞིན་པ་འཆར།
ང་རང་སྐྱོ་གདུང་གི་དཀྱིལ་དུ་ཐིམ་ཞིང་། འཚོ་བར་སྙིང་པོ་མེད་ལ་མི་དང་མིའི་བར་གྱི་ཧམ་སེམས་དང་ཟོལ་བཅོས་ལ་སྙིང་རླུང་ལངས་ཡོང་། ཞོགས་ལྟར་ཡར་ལངས་དུས་པོ་ཏ་ལའི་ཡང་སྟེང་ནས་དུང་ཆེན་བུད་ཅིང་། དེ་ནི་ང་ལ་དོན་སྙིང་མེད་པའི་མི་ཚེར་མགོ་འཁོར་རིན་མེད་ཅེས་ཟེར་བ་དང་ཅིས་མི་མཚུངས་པས། གོད་ཆག་བྱུང་བ་ནས་བཟུང་ངས་ཆང་ཁང་གི་སྒོ་རྩ་བ་ནས་ཕྱེ་མེད། གྲོང་པ་ཁྱིམ་མཚེས་ཚོས་གཤིན་པོར་ཕྱག་མཆོད་འབུལ་མང་ཙམ་བྱས་ཏེ་གང་མགྱོགས་སྐྱེ་བ་གཞན་ཞིག་ལེན་དུ་འཇུག་དགོས་ལ། འདས་ཟིན་པའི་བུ་ཆུང་འཇིགས་མེད་དབང་གྲགས་ལ་གཏོར་མ་ལན་གཏོར་མང་ཙམ་བཏང་། སྒྲོལ་མ་མང་ཙམ་བསགས་ན་ཚུར་འཁོར་ཡང་སྲིད་པས། འདི་ལྟར་ཉི་མ་གང་འཁྱོལ་དང་ཡི་ཐང་ཆད་ནས་མ་སྡོད་ཅེས་སློབ་གསོ་བརྒྱབ་པའི་ཐོག དུད་ཆུང་གཅིག་པ་ཡིན་པའི་ན་མཉམ་དགྲ་འདུལ་ཟེར་བ་ཞིག་ཡོད་པ་དེ་ང་ལ་ངོ་སྤྲོད་བྱས།
ངས་ཀྱང་སྐྱོ་གདུང་གི་གནས་ལས་བྲལ་འདོད་ཀྱིས་འདས་ཟིན་པའི་གོད་ཆག་བརྗེད་ཐབས་བྱས་པ་དང་། ལྷ་སའི་དགོན་སྡེ་ཁག་ལ་སོང་ནས་མར་དང་རྩམ་པ། དེ་བཞིན་སྐུ་འགྱེད་ཕུལ་ཏེ་ལན་གཏོར་གཏོང་རོགས་ཞུས་ལ། ལག་དལ་མེད་དུ་ལུས་རུང་ཁ་ནས་སྒྲོལ་མ་འདོན་རྒྱུ་མ་ལུས་པ་བྱས།
རྗེ་བཙུན་བཅོམ་ལྡན་འདས་མ་ཐུགས་རྗེ་ཅན། །
བདག་དང་མཐའ་ཡས་སེམས་ཅན་ཐམས་ཅད་ཀྱི། །
སྒྲིབ་གཉིས་བྱང་ཞིང་ཚོགས་གཉིས་མྱུར་རྫོགས་ནས། །
རྫོགས་པའི་སངས་རྒྱས་ཐོབ་པར་མཛད་དུ་གསོལ། །
……………
ངའི་སེམས་པ་ལྷོད་ལ་འབབ་ཅིང་། ཡ་ཁུང་གཉིས་ཀ་བསྡམས་ཏེ་མགོ་བོ་ཡམ་མེ་ཡོམ་མེ་བྱེད་པའི་ཚོར་སྣང་ཡལ་ཏེ་ནམ་ལངས་པ་ལྟར་བྱུང་བས། གཏི་ཐུག་གི་བསམ་བློ་དང་བར་ཐག་ཇེ་རིང་ལ་སོང་། རིམ་བཞིན་ངས་དགྲ་འདུལ་ལ་དོ་སྣང་བྱས་པ་ཡིན། ཁོས་ཀྱང་ཁོམ་པ་ཡོད་ཚེ་ངའི་ཆང་ཁང་དུ་ཡོང་ཞིང་། སྒོ་ཕྱེ་མ་ཐག་པའི་ཆང་ཁང་ནང་གི་ལས་ཀ་ལས་རོགས་བྱེད་ཀྱི་འདུག་པས། སེམས་ནང་གི་སྐྱོ་སྣང་ཅུང་ཟད་ཡང་དུ་སོང་། འོན་ཀྱང་དགྲ་འདུལ་གྱིས་མལ་ཁྲིའི་ཐོག་བསྡད་ནས་ཇ་འཐུང་བའི་རྣམ་པ་དེས་ང་རང་ལ་འདས་ཟིན་པའི་ཁྱོ་བོའི་གཟུགས་བརྙན་དྲན་དུ་འཇུག་པས། སྙིང་གི་ངོས་གང་རུང་དུ་གཟོང་གིས་བརྐོ་བཞིན་པ་ལྟར་ན་ཟུག་ཅིག་རྒྱུག་བྱུང་།
ཁོས་མལ་ཁྲིའི་ཐོག་སྐྱིལ་ཀྲུང་ངང་བསྡད་པ་དང་། ལག་གཡས་པའི་གྲུ་མོ་མདུན་ཅོག་སྟེང་བཙུགས་ནས་ལག་གཡོན་མས་ཇ་ཕོར་བླངས་ཏེ་ཇ་འཐུང་བས། དེ་ནི་ངའི་འདས་ཟིན་པའི་ཁྱོ་བོ་དང་ཨ་ན་མ་ན་རེད་འདུག མ་གཞི་དགྲ་འདུལ་གྱིས་ང་ལ་སེམས་བསམ་པའི་གློ་གཏད་ཅིང་སྙིང་སྤྲད་མོད་ངས་ཁོ་རང་དང་ལེན་མ་ཐུབ།
ཕྱིས་ཀྱི་ཉིན་ཤས་ནང་དགྲ་འདུལ་གྱིས་ངས་ཨུ་ཚུགས་མི་བྱེད། ཁྱེད་རང་བསམ་བློ་ཡག་པོ་ཐོངས་ཞེས་བཤད་པ་དང་། དུས་ཚོད་བྱུང་ཚེ་ལས་ཀའི་རོགས་པར་ཡོང་མོད། སྔོན་མ་ལྟར་ཞག་སྡོད་མི་བྱེད་པར་ལམ་སེང་ལོག་འགྲོ། ངས་རྒྱབ་གཟུགས་ལ་ཅེར་ནས་ཁོ་རང་ཡང་ཆུང་དུས་ནས་ཨ་མ་མཉམ་དུ་ཡུལ་གྱར་ཏེ་ཡོང་ཞིང་། རིང་པོར་མ་སོང་བར་ཨ་མ་ལགས་འཇིག་རྗེན་ཕྱི་མར་གཤེགས་ཏེ་ཤུལ་དུ་ཁོ་རང་གཅིག་པུ་ལུས་པས། ཁོ་རང་ཡང་ལོ་ཟླའི་ལྷགས་རླུང་གིས་དེད་པའི་རྩྭ་རྐང་སེར་པོ་ཉག་ཕྲ་བ་ཞིག་དང་འདྲ་བར་སྡུག་གི་ཆུ་བོའི་འཇིངས་སུ་ཚུད་ནས་ཐར་མེད་པའི་ཚོར་བ་བྱུང་མོད། ཕྱིས་འབྱུང་ཁོ་དང་འབྲེལ་ཐག་གཅོད་རྒྱུའི་བསམ་བློ་དེར་འགྱུར་བ་གང་ཡང་མ་བྱུང་།
དགྲ་འདུལ་དང་འབྲེལ་འདྲིས་བྱུང་བ་ནས་བཟུང་། ངའི་སྡུག་བསྔལ་ཡང་དུ་མི་སོང་བར་དེ་ལས་ལྡོག་སྟེ་ལྕི་རུ་འགྲོ་ལ། འཚོ་བར་སྙིང་པོ་མེད་པའི་ཚོར་སྣང་ཇེ་ཟབ་ནས་ཇེ་ཟབ་ཏུ་འགྲོ་བཞིན་མཆིས། དེ་ལས་ཀྱང་ཡིད་མུག་པ་ཞིག་ནི་ཉིན་དེར་གློ་བུར་ཐོག་རྒྱག་ཏུ་སྐྱུག་མེར་ལྡང་བ་དང་། དུས་ཡུན་འཁྱུག་ཙམ་འཁྱུག་ཙམ་ནང་སྐྱུག་མེར་ལངས་ཡོང་བས། ལྕགས་མཁར་སྒོ་མེད་ཅིག་ཏུ་བཅུག་པ་ལྟར་བྱུང་བས་མིག་གི་ཟུར་ནས་མཆི་མ་རང་དབང་མེད་པར་ཐོན་ཡོང་གི་འདུག ང་ལ་མངལ་འཁོར་བ་ཡིན་ནམ། ཡིན་མི་སྲིད། སྐྱུག་མེར་ལངས་སྟངས་དེར་བལྟས་ན་ཡག་རྟགས་མི་འདུག་པས། མངལ་སྦྲུམ་པ་བདེན་ནམ། ཡང་མིན་ན་བུ་ཆུང་འཇིགས་མེད་དབང་གྲགས་ཚུར་འཁོར་བ་ཨེ་ཡིན། མིན་ན་ཅི་ཞིག་བྱེད་དགོས་སམ།
དགོང་མོ་དེར་ངས་རང་ཤི་རྒྱག་རྩིས་བྱས། རྒྱང་རིང་དུ་རྒྱུགས་པའི་སྐྱིད་ཆུ་འཇམ་ཅག་གེར་ཡོད་ཅིང་། སྐབས་སྐབས་སུ་རླབས་སྒྲ་རེ་གོ་ཡོང་བས། དེ་ནི་ང་ལ་མགྱོགས་ཙམ་ཤོག་ཅིག ཁྱོ་བོ་དང་བུས་སྒུག་ཡོད་ཅེས་བཤད་པ་དང་ཡོངས་སུ་མཚུངས། ངས་ལོ་ཡི་འཁོར་མོ་ཉི་ཤུ་ལྷག་སྡོད་མྱོང་བའི་ཁང་ཆུང་གི་ཕྱོགས་བཞིར་ལྟ་ཞིང་། ནག་འཁོག་འཁོག་གི་གྱང་ངོས་དང་། ཆང་དྲི་འཐུལ་བའི་ཅོག་ཙེ་རྙིང་པ། ད་དུང་གྱང་ཟུར་དུ་གྲལ་སྒྲིག་ནས་བཞག་ཡོད་པའི་རྫ་མ་ཁ་ཤས་ལས་གཞན་མེད་པས། ཞེན་ཆགས་བྱེད་ཡུལ་གཅིག་ཀྱང་མེད་པར་གྱུར་ལ། ས་ཐག་རིང་གི་ཁམས་ལི་ཐང་ནས་སྤྲང་ལ་འཁྱར་བ་ཞིག་ལ་ལྷ་སར་སྤུན་མཆེད་དང་གྲོགས་པོ་ནི་མེད་པས། རང་གི་སེམས་ཐག་བཅད་པ་དེར་བློ་ཡིད་རབ་ཏུ་ཚིམས།
ངའི་སེམས་པ་ཞི་འཇམ་དུ་སོང་ཞིང་། མིག་མདུན་དུ་ཆུ་བོའི་བཞུར་སྒྲ་ལས་མེད། ཁུ་སིམ་པའི་ལྷ་སའི་མཚན་མོ་ནི་དབུགས་བསྡམས་པའི་མི་ཞིག་དང་འདྲ་བས། སྣ་ཤུ་ཞིག་བཏབ་ཀྱང་ཡོད་ཚད་ཀྱིས་ཐོས་འགྲོ་བ་ལྟར་ཡིན། ངས་པོ་ཏ་ལའི་ཡང་སྟེང་ནས་འཆར་ཅན་བཞིན་གྲགས་པའི་གྱང་གི་སྒྲ་དེ་གྲགས་རྒྱུར་སྒུག་ཅིང་། སྒྲ་དེ་གྲགས་མ་ཐག་ལྷ་ཡི་ཞིང་དུ་འབོད་པའི་གནས་འདི་ནས་སྡུག་གི་སེམས་ཁྲལ་ཀུན་ཁྱེར་ནས་འགྲོ་རྒྱུ་ཡིན།
པད་མའི་མིག་ཟུང་ན་སྐྱོ་སྣང་མེད་ལ་དགའ་སྣང་ཡང་མེད་མོད། ཨ་མ་ལགས་ནི་མཆི་མས་གདོང་ཡོངས་འཚོས་ཡོད་ལ་པཱ་ལགས་ཀྱི་ངོ་ལའང་སྐྱོ་མདངས་ཤར་ཡོང་། ཤིན་ཏུ་འཚེར་བའི་གློག་འོད་འོག་ཕྱི་རོལ་ནི་ནག་ཐུམ་མེར་ཡོད། ཤང་ཤང་དུ་རྒྱུག་པའི་རྒྱུག་ཆུའི་བཞུར་སྒྲས་དེ་བས་ཁུ་སིམ་པར་བཏང་ཞིང་སིམ་སིམ་གྱི་ཆར་པ་དལ་གྱིས་འབབ། སྲིན་འབུ་ཆུང་ཆུང་ཞིག་འཕུར་ཡོང་རུང་སྐད་སྒྲ་གསལ་ལམ་མེར་ཐོས་ཡོང་། པད་མས་ཆུ་ཧུབ་གང་བཏུངས་ནས་སླར་ཡང་ཤོད་འགོ་ཚུགས།
གློ་བུར་དུ་སྒོ་བརྡུངས་བྱུང་བས། ང་རང་འཇིགས་སྣང་གིས་ཅི་བྱེད་འདི་བྱེད་མེད་པར་གྱུར་མོད། མཚན་མོའི་དུས་སུ་སྒོ་བརྡུངས་མཁན་བྱུང་ནས་མ་ཕྱེ་བར་མི་ལ་སྒོ་རྡུང་ཕོག་ཏུ་བཅུག་ན་རྣམ་རྟོག་རེད་སྙམ་པ་དང་། སླར་ཡང་ཁ་སྔོན་གྱི་འཇིགས་སྐུལ་དེ་ལ་བསམས་ན་ངན་བྱེད་མཁན་ཞིག་ཨེ་ཡིན་སྙམ་པའི་ཐེ་ཚོམ་གྱིས་ངས་དབུགས་བསྡམས་པ་དང་ག་ལེར་སྒོའི་ཕྱོགས་སུ་འགྲོ་དུས། དངངས་སྐྲག་གིས་ས་ངོས་ལས་ཀེར་བའི་རྡེའུ་ཆུང་ཆུང་ཞིག་ལ་ཟོན་པ་འཁོན་པ་དང་འགྱེལ་ལ་ཁད་བྱས་བྱུང་བས། ཞིབ་པར་ལྟ་དུས་ཟོན་པའི་མགོ་སྐུད་སྔོན་མོ་ཁ་ཤས་ཆད་འདུག
ཁྱོད་རང་རང་ཤི་རྒྱག་རྩིས་མ་བྱེད། སྒོ་ཕྱིར་ཡོད་པའི་མི་དེས་ང་ལ་དེ་ལྟར་བཤད་བྱུང་།
ངའི་བསམ་ཚུལ་དེ་ཁོས་ཇི་ལྟར་ཤེས་པ་ཡིན་སྙམ་ནས་ཁྱོད་སུ་ཡིན་ཞེས་དྲིས་པ་ཡིན།
ང་སུ་ཡིན་མིན་གཙོ་བོ་མིན། གཙོ་བོ་ནི་ང་ཡང་ཡུལ་གྱར་ནས་ཡོང་བ་ཞིག་ཡིན་ལ། སེམས་ཀྱི་སྡུག་བསྔལ་ཡོད་ཚད་ཁྱད་བསད་བྱེད་མཁན་ཞིག་ཡིན། ཁྱོད་ཀྱིས་ང་ནང་དུ་འཛུལ་བཅུག་ན་ཆོག་གམ་ཞེས་མི་དེས་དེ་ལྟར་ཟེར་བྱུང་། ཡུལ་གྱར་ཞེས་པ་དེ་གོ་བ་དང་ངའི་སྙིང་ལྷོད་དུ་འབབ་པས་ངས་སྒོ་ཕྱེ་དུས་མིག་ཤེལ་ཞིག་བརྒྱབ་པ་དང་གདོང་གི་བབ་ལེགས་ལ་སྣའི་གཟེངས་མཐོ་ལ་རྣ་ཅོག་ཤིན་ཏུ་རིང་པོ་ཡོད་ཅིང་། སྣམ་བུའི་ཕྱུ་པ་དམར་སྨུག་གསར་རྐྱང་ཞིག་གྱོན་པ་དེ་རྐུབ་སུལ་རྡོག་མི་ཐུབ་པར་སྐེ་རགས་ཀྱིས་རོབ་ཙམ་བསྡམས་འདུག་པས། རྒྱུན་གཏན་ཕྱུ་པ་གྱོན་མྱོང་མེད་པ་ཞིག་ཡིན་འདུག
མི་དེས་ཆང་འཐུང་སའི་ཅོག་ཙེའི་དེའི་ཐོག་བསྡད་སོང་བས། ངས་ཀྱང་རྫ་མའི་ནང་ལྷག་ཡོད་པའི་ཆང་ཅུང་ཟད་དེ་རྫའི་ཁོག་ལྡིར་ནག་རིལ་ཞིག་ནང་བླུག་ནས་ཁོའི་མདུན་གྱི་ཅོག་ཙེའི་ཐོག་བཞག་པ་དང་། ཆང་ཕོར་ཞིག་ལེན་པར་འགྲོ་དུས། མི་དེས་ང་ཆང་འཐུང་གི་མེད། ང་ལ་ཇ་ཞིག་སྟེར་རོགས། ཨ་མ་ཆང་མའི་ཇ་བཏུངས་ན་བྲོ་བ་དམིགས་བསལ་ཡོད་ཟེར་བྱུང་བས། ངས་མེ་སླང་གི་མེ་མདག་ཨ་སློག་ཅིག་བརྒྱབ་པ་དང་རིལ་མ་ཅུང་ཟད་བརྒྱབ་རྗེས་ཁོག་ལྡིར་ནང་གི་ཇ་ལྷག་དེ་ཚ་སིལ་བཏང་།
ཁོས་ཇ་ཧུབ་གང་བཏུངས་པ་དང་། ཆང་མའི་ཇ་ཟེར་བ་དེ་འདྲ་ས་མི་འདུག ཁྱོད་རང་འདིར་སྡོད་དང་། ངེད་གཉིས་ཁ་བརྡ་བྱས་ན་ཆོག་གམ་ཞེས་བཤད་བྱུང་བས། ངས་ཆོག་པའི་བརྡ་ལ་མགོ་ལྕོག་ལྕོག་བྱས་ཏེ་ཁ་གཏད་ཀྱི་ཤིང་གི་རྐུབ་སྟེགས་ཐོག་བསྡད་པས། དེས་ལུས་པོའི་ལྗིད་མ་བཟོད་པ་ལྟར་ཙེ་རེག་ཙེ་རེག་ཅེས་སྨྲེ་ངག་འདོན་པར་བྱེད།
དགའ་སྐྱོ་གཉིས་ལྡན་གྱི་འཚོ་བ་དེ་དངོས་གནས་ཡག་པོ་ཞིག་རེད། ལྷ་ཚེ་རིང་ཡང་སྨོན་དགོས་དོན་མེད་ལ། འཁོར་བ་ཁབ་ཀྱི་རྩེ་མོར་ཡང་བདེ་བ་སྐད་ཅིག་ག་ལ་ཡོང་། བྱས་ཙང་སྡུག་བསྔལ་ཉིད་བདེ་བ་ཡིན་པར་བསྒོམ་དགོས། བསམ་བློ་མ་ཐོངས་པ་མ་བྱེད། སྐྱིད་ཆུ་ཡག་པོ་དེ་ལྷ་སའི་ཡོན་ཆབ་དང་ཁྱད་མེད་པས་མི་ཁ་ཕོག་ས་བཟོས་ན་ག་ལ་འགྲིག རང་ཤི་ཟེར་བ་དེ་སྡིག་པ་ཆེན་པོ་རེད་ད།
ཁོས་དེ་ལྟར་བཤད་བྱུང་བས། ངའི་སྙིང་ཁ་ཚ་ལོང་ལོང་དུ་བཏང་བྱུང་། ཁོས་ང་རང་རང་ཤི་རྒྱག་རྒྱུའི་ས་ཆ་ཡང་ཇི་ལྟར་ཤེས་སམ།
ད་དུང་ཁོག་པའི་ནང་སྲོག་གཅིག་ཡོད་པ་མ་ཡིན་ནམ། སྲོག་གཅོད་དེ་མི་དགེ་བ་བཅུའི་ནང་ནས་སྡིག་ཉེས་ཆེ་ཤོས་རེད་ད། ང་རང་ཧོན་འཐོར་རེར་གནས་སྐབས། ཁོའི་སྐད་ཆ་དེས་ང་དེ་བས་ཞེད་སྣང་སྐྱེས་ཤིང་། གནས་ཚུལ་དེ་ཚོ་ཇི་ལྟར་ཤེས་པ་ཡིན་ནམ། ཡང་སྒོས་མི་དེར་མངོན་ཤེས་ཡོད་པ་ཨེ་ཡིན། ངའི་སེམས་ནང་རང་དབང་མེད་པར་ཁོ་རང་ལ་དད་འདུན་ཞིག་སྐྱེས་པས། ངས་ལག་པ་གཉིས་ཀྱིས་ཇ་ཕོར་ཡར་བཏེགས་ནས་ཁོ་ལ་ཕུལ།
བཀའ་དྲིན་ཆེ།ཇ་ཞིམ་པོ་ཞིག་འདུག ངས་རང་ལ་ངའི་ལོ་རྒྱུས་གཅིག་བཤད། ང་ཚོ་ཕན་ཚུན་ཐུག་པ་ནི་ཚེ་སྔོན་བསོད་ནམས་བཟང་པོ་རེད། ཁོས་དེ་ལྟར་བཤད་པ་དང་། གདོང་ནས་དགའ་བའི་འཛུམ་མདངས་བསྟན། ཕར་ལྟ་དུས་ཁོ་རང་ལོ་བཅུ་བདུན་བཅོ་བརྒྱད་ལ་སོན་ཙམ་ཡིན་ཞིང་། གདོང་གི་ཤ་རྩི་དཀར་ལ་གཟུགས་པོའི་སྟེང་ནས་སྤོས་ཀྱི་དྲི་ཞིམ་ཡོད་ལ་མེད་ལ་ཞིག་འཐུལ་ཡོང་། ངས་ལག་པ་གཉིས་ཕན་ཚུན་འཐམས་ནས་པང་ཁར་བཞག་པ་དང་། རིག་པ་རྩེ་གཅིག་གིས་ཁོས་བཤད་པར་ཉན།
དྲང་པོ་བཤད་ན་ང་ཡང་ཡུལ་གྱར་བ་ཞིག་ཡིན། ངའི་ཕ་ཡུལ་ལྷོ་ཕྱོགས་ཀྱི་ས་མཚམས་མོན་ཡུལ་ན་ཡོད། གནས་དེ་ནི་ཚང་ཚིང་ནགས་ཀློང་གིས་བརྒྱན་ཞིང་། ས་གཤིས་དྲོ་གྲང་སྙོམས་པ། རི་དྭགས་དང་བྱ་བྱིའུ་ཤིན་ཏུ་མང་པོ་གནས་བཅའ་བའི་ཡུལ་ལུང་སྐྱིད་པོ་ཞིག་ཡིན། ཁྱོད་རང་གིས་ཁུ་བྱུག་གསུང་སྐད་ཉན་མྱོང་ངམ། ང་ཚོའི་ཕ་ཡུལ་ལ་ག་དུས་ཡིན་རུང་ཁུ་བྱུག་གི་གསུང་སྐད་ཉན་རྒྱུ་ཡོད།
ཆུང་དུས་ང་ཡང་ལུང་པའི་བྱིས་པ་ཚོ་དང་མཉམ་དུ་ཕག་པ་འཚོ་བ་དང་། བ་ཕྱུགས་རི་ལ་འདེད་པ། ནགས་གསེབ་ནས་ཤ་མོ་འགོག་པ་སོགས་ཀྱི་རྩེད་འཇོར་རོལ་ནས་སྡོད་ཀྱི་ཡོད་ལ། ཕ་མ་གཉིས་ཀྱིས་ཤིན་ཏུ་བྱམས་པོ་གནང་གི་ཡོད་པས། སྡུག་བསྔལ་གང་ཡང་སྐྱེ་མ་མྱོང་། ད་ལྟ་ང་པོ་ཏ་ལའི་ནང་སྡོད་ཀྱི་ཡོད་ཅིང་། ཟས་གོས་ལ་སྡུག་བསྔལ་མེད་མོད་སེམས་ལ་སྡུག་གིས་མནར་ཡོང་གི་འདུག ཡིན་ནའང་ངས་རང་ཤི་རྒྱག་པའི་འདུན་པ་འཁོར་མ་མྱོང་།
ང་རང་ཅུང་ལོངས་པ་དང་ངོ་མི་ཤེས་པའི་མི་མང་པོ་ཞིག་གིས་མཚོ་སྣ་རྫོང་དུ་ཁྲིད་ཅིང་། དེར་ངས་སྡུག་མང་པོ་མྱངས་པ་ཡིན། ལམ་བར་དུ་ཞག་གཅིག་ང་ས་ཆ་སྐྱིད་པོ་ཞིག་ཏུ་བཞག་བྱུང་ལ། གནས་དེ་ནི་མཚོ་ཆུང་ཆུང་ཞིག་གི་འགྲམ་དུ་འདུག རྒྱང་རིང་གི་རི་དབྲག་ཅིག་ནས་སྤྱང་ཀིའི་སྐད་རྒྱག་པས་ང་རང་ལ་འཇིགས་སྣང་ཅུང་ཟད་བྱུང་མོད། མི་དེ་ཚོས་སྤྱང་ཀི་ཡོང་གི་མ་རེད། སློབ་དཔོན་རིན་པོ་ཆེས་དམ་ལ་བཏགས་ཏེ་རི་ཟུར་ནས་མར་བབས་མི་ཆོག་པ་བཟོས་གནང་བ་རེད་ལ་དེར་སྤྱང་ཚང་རོང་ཟེར་གྱི་ཡོད་ཅེས་བཤད་བྱུང་། དགོང་མོ་དེར་ང་གཉིད་རྩ་བ་ནས་མ་ཁུག་ལ་ཕྱི་ཉིན་མཚོ་སྣའི་ཕྱོགས་སུ་འགྲོ་དུས་ཀྱང་རྟ་ཐོག་ནས་ཕྱིར་ལྟ་ཡང་ཡང་བྱས་ཏེ་སྤྱང་ཀི་ཡོང་མིན་ལ་ལྟ་དགོས་བྱུང་། དྲང་པོ་བཤད་ན་ངས་ད་བར་སྤྱང་ཀི་མཐོང་མ་མྱོང་།
མཚོ་སྣ་རྫོང་དུ་ཁོང་ཚོས་ང་རང་བཟང་བཙོན་ལྟ་བུར་ལྟ་རྟོག་བྱས་པ་དང་། ཕྱི་ལ་རྩེད་མོ་རྩེད་པར་འགྲོ་རུ་མི་འཇུག་ལ་གཏན་འཇགས་ཀྱི་ཇ་ཐང་སླ་པོ་ཞིག་དང་སྤགས་ལ་ཕྱུར་ཞིབ་རྙིང་པ་བརྒྱབ་པ་ཞིག་ལས་གཞན་སྟེར་བར་མི་བྱེད། དེས་མ་ཚད་དབྱར་དགུན་མེད་པར་གྱོན་གོས་གཅིག་རང་ཡིན་པས། དགུན་ཨ་རང་ད་རང་གི་སྐབས་སུའང་གྱོན་པ་དེ་གཅིག་པུ་ཡིན། ངས་བརྗེད་ཀྱི་མི་འདུག དེ་ནི་ངའི་ཕ་མ་གཉིས་ཀྱིས་ང་ལ་བཟོས་གནང་བ་ཞིག་རེད་ལ་སྣམ་བུའི་གོས་ཐུང་དང་སྟོད་ཐུང་རང་འགྲིག་མ་ཞིག་ཡོད་པ་དེ་ཡིན།
བྱས་ན་ཁྱོད་ཀྱི་ཕ་མ་གཉིས་དེ་དུས་མཉམ་དུ་མེད་དམ།
ཡོད། ཡིན་ནའང་ང་ཚོ་མཉམ་པོར་ཐུག་ཏུ་འཇུག་གི་མི་འདུག
ལོ་ཁ་ཤས་དེ་ལྟར་བསྡད་པ་ཡིན། རྗེས་སུ་ཁོང་ཚོས་ང་རང་སྣ་དཀར་རྩེ་རུ་བསྐྱལ་བ་དང་། གནས་དེ་ནི་གནམ་གཤིས་ཤིན་ཏུ་གྲང་མོ་ཞིག་རེད། ཡིན་ནའང་ངོ་མཚར་ཡིད་དབང་འཕྲོག་པའི་ཡར་འབྲོག་གཡུ་མཚོ་དེ་ས་གཞིའི་ཐོག་བཏབ་པའི་གཡུ་ཡི་ཕྲ་ཚོམ་ཞིག་དང་འདྲ་པོ་འདུག་པས། ངས་རྟག་པར་ཡར་འབྲོག་གཡུ་མཚོའི་ཁར་སྐྱོ་སངས་ལ་འགྲོ་ཡི་ཡོད། སྣ་དཀར་རྩེར་སླེབས་པ་དང་ངའི་འཚོ་བར་ལེགས་བཅོས་བྱུང་ཞིང་། བསམ་སྡིངས་དགོན་པར་ངས་གཞི་ནས་ཆོས་གཞུང་དེ་ཚོར་སྦྱོང་འགོ་ཚུགས། ཡིན་ནའང་དུས་ཡུན་རིང་པོ་མ་སོང་བར་ང་རང་གནས་མཆོག་པོ་ཏ་ལར་སླེབས་བྱུང་།
ཁྱོད་རང་གི་མིང་ལ་ག་རེ་ཟེར་གྱི་ཡོད་དམ།
དངས་བཟང་དབང་པོ།
བྱས་ན་ཁྱེད་རང་པོ་ཏ་ལ་རུ་ལས་ཀ་ག་རེ་བྱེད་ཀྱི་ཡོད་དམ།
ཉིན་ལྟར་དགེ་རྒན་རྣམ་གཉིས་ཀྱི་བཀའ་སློབ་འོག་ཏུ་ཆོས་གཞུང་ལ་སློབ་སྦྱོང་དང་། རྙོག་དྲས་ཁེངས་པའི་བཀའ་ཤག་གི་ཚོགས་འདུ། ད་དུང་……ད་དེ་ཚོ་མ་ཤོད། མགོ་བོ་ན་རོགས་ལས་མེད།
ཁོས་དབུགས་རིང་ཤིག་འཐེན་པ་དང་། ངས་ཁོག་ལྡིར་འཁྱོམ་ཙམ་བཏང་ནས་ཇ་གང་བླུགས། རྫ་ཁོག་ནང་གི་མེ་སོས་ཏེ་དུ་བ་ཆིལ་ཆིལ་བྱེད་པས། གློག་སྒྲོན་མོག་པོའི་འོག་ཁོའི་གདོང་དབྱིབས་དེ་དུ་བའི་ཁྲོད་ཀྱི་སྣུམ་ཚོན་རི་མོ་ཞིག་ལྟར་སྣང་།
ང་རང་ཤི་རྒྱག་རྒྱུ་ཡིན་པ་ཁྱོད་ཀྱིས་ཇི་ལྟར་ཤེས་བྱུང་། མ་གཞི་ནས་ཁྱོད་རང་པོ་ཏ་ལའི་ནང་ཡང་སྙིང་ལས་ཀ་ག་རེ་བྱེད་ཀྱི་ཡོད་དམ། ངས་ཡ་མཚན་ངང་དེ་ལྟར་དྲིས་པ་དང་ཁོས་ལན་རྒྱག་རྒྱུར་སྒུག
ང་རང་སུ་ཡིན་མིན་ཁྱོད་ཀྱིས་རྗེས་སུ་ཤེས་ངེས་ཡིན་པས་བཤད་པའི་དགོས་པ་མེད། འོན་ཀྱང་མི་ཞིག་གིས་བསམ་ཡུལ་ལས་འདས་པའི་ལས་ཀ་བྱས་ཚེ་མིག་ངོ་གསལ་ཡོང་། གླེན་རྟགས་མ་བྱེད། མི་ཡུལ་དྲན་པ་སྒང་འདི་དགའ་རུང་སྡུག་རུང་སྐྱིད་པོ་རེད། འཚོ་བར་སྡུག་བསྔལ་མེད་ན་བདེ་སྐྱིད་ག་ནས་ཚོར། བྱས་ཙང་སྡུག་བསྔལ་བདེ་སྐྱིད་དུ་བསྒོམ་དགོས། ཡཱ། ད་ཕྱི་པོ་མ་རེད།ང་ཡང་ལོག་གི་ཡིན། དུས་ཚོད་བྱུང་ཚེ་ཡོང་གི་ཡིན།
ཁོས་དེ་ལྟར་བཤད་པ་དང་དེ་ནས་སྒོའི་ཕྱོགས་སུ་སོང་། སྒེ་ཕྱེ་བ་དང་ཕྱི་རོལ་མུན་པ་ཤིན་ཏུ་སྟུག་པས་ཅི་ཡང་མི་མཐོང་། ཁོས་ཕྱིར་མིག་ཅིག་བལྟས་ཤིང་། ཧོན་འཐོན་རེར་ལངས་པའི་ང་རང་མཐོང་དུས། དྲང་པོ་ཡིན།རང་ཤི་བརྒྱབ་ན་འཁོར་བ་ཇི་སྲིད་བར་དུ་མི་ལུས་ལ་རེ་བ་མེད། ཡང་སྒོས་ཁྱེད་རང་གི་ཁོག་ན་ཕྲུ་གུ་ཞིག་ཡོད་པ་མ་ཡིན་ནམ། ཕྲུ་གུ་བུ་སྙིང་རྗེ་པོ་ཞིག་འདུག་ཅེས་བཤད་ནས་མུན་ནག་ནང་ཡལ།
ཁོའི་སྐད་ཆ་དེས་ང་རང་ཧོན་འཐོར་དུ་བཅུག ཁོས་ཇི་ལྟར་ཤེས་པ་ཡིན་ནམ། ཁོ་རང་ཡང་སྙིང་སུ་ཡིན་ནམ།
ཕྱིས་ཀྱི་ཉིན་ཤས་ནང་ང་རང་བསམ་གཞིག་ཁོ་ནའི་དབང་དུ་ཚུད་ཅིང་། མངལ་དུ་སྦྲུམ་པའི་བུ་ཆུང་དེ་འདས་ཟིན་པའི་བུ་ཆུང་འཇིགས་མེད་དབང་གྲགས་ཕྱིར་འཁོར་བ་ཨེ་ཡིན། ངས་ཁང་པ་སྦུག་མ་སྟེ་རང་ཉིད་ཀྱི་མལ་ཁང་དུ་བཤམས་པའི་གུ་རུའི་འཇིམ་སྐུ་ཆུང་ཆུང་དེའི་མདུན་དུ་མིག་གཉིས་བཙུམས་སྟེ་སྨོན་ལམ་བཏབ།
ཨོ་རྒྱན་རིན་པོ་ཆེ་ལ་གསོལ་བ་འདེབས། །
འགལ་རྐྱེན་བར་ཆད་མི་འབྱུང་ཞིང་། །
མཐུན་རྐྱེན་བསམ་པ་འགྲུབ་པ་དང་། །
མཆོག་དང་ཐུན་མོང་དངོས་གྲུབ་སྩོལ་དུ་གསོལ། །
གུ་རུ་རིན་པོ་ཆེས་འཛུམ་དམུལ་ལེར་འགྲོ་བའི་སྡུག་བསྔལ་ལ་གཟིགས་ཤིང་། དེ་བས་ཀྱང་ངའི་མིག་སྔའི་བསྒྲལ་དཀའ་བའི་སྡུག་བསྔལ་ལ་གཟིགས།
ཕྱི་ཉིན་དགོང་མོ་ས་རུབ་པ་དང་། ངས་ཁོ་རང་སླེབས་རྒྱུར་སྒུག རྫ་ཁོག་ཐོག་གི་ཁོག་ལྡིར་སྣུམ་ཚིལ་ལེར་ཡོད་ཅིང་། སེང་སེང་ཞེས་ཁོག་ལྡིར་ལས་གཞས་གཏོང་བཞིན་འདུག་ལ་དུ་བ་སྒོར་འཁྱིལ་ལེར་གཏོང་བས་ཁོག་ལྡིར་དུ་བའི་ཁྲོད་དེ་བས་ཞག་རྩི་དང་ལྡན།
དུས་ལྟར་སྒོ་བརྡུངས་བྱུང་།
ཁོ་རང་གིས་འཛུམ་ཚེག་ཚེག་བྱེད་ཀྱིན་རྐུབ་སྟེགས་ཐོག་བསྡད་ནས། བསམ་བློ་འཁོར་བྱུང་ངམ་ཟེར།
ངས་ལན་གང་ཡང་མ་བཏབ་པར། ངའི་ཁོག་ཏུ་ཡོད་པ་ནི་བུ་ཆུང་འཇིགས་མེད་དབང་གྲགས་ཚུར་འཁོར་བ་ཨེ་ཡིན་ཞེས་དྲིས། དེ་ནི་ཁོ་རང་གིས་མངོན་ཤེས་མཁྱེན་པ་ལྟར་བྱེད་པས་ཡིན། ངས་བུ་ཆུང་འདས་པོའི་མིང་ནས་འབོད་པར་འགྱོད་བཤགས་ཀྱིས་ཡིག་དྲུག་ཚར་གཅིག་བཏོན།
མིན་ན་རང་ཤི་རྒྱག་གི་ཡིན་པས། ཁོས་ང་ལ་ལྡོག་འདྲི་བྱས་པས་ང་རང་གང་ཡང་བཤད་རྒྱུ་མེད་པར་གྱུར།
དངས་བཟང་དབང་པོ།ཡག་པོ་བྱས་ཤོད་དང་།
ཧེ་ཧེ། དེ་རྗེས་ནས་བཤད།
དགོང་མོ་དེར་ཁོས་ང་རང་ལ་ངའི་ལོ་རྒྱུས་ཤོད་དུ་བཅུག་ནས་ཧ་ཅང་འཕྱི་པོ་བར་བསྡད་རྗེས་ཁོ་རང་ལོག་སོང་།
དེ་ནས་བཟུང་ཁོས་དགོང་ལྟར་དུས་ཐོག་ཏུ་ཡོང་བ་དང་། ང་ལ་སྐད་ཆ་ཤོད་རོགས་བྱེད་པས་ངའི་རང་ཤི་རྒྱག་པའི་འདུན་པ་དེ་ཡོངས་སུ་ཤི་སོང་། ངས་སླར་ཡང་ཆང་ཁང་སྒོ་ཕྱེ་བ་དང་འཚོ་བར་གདོང་གཏད།
ཉིན་ཞིག་གི་ཞོགས་པ་ང་རང་ཆང་ཁང་དུ་གད་ཕྱིས་བྱེད་དུས། ཕྱི་རོལ་དུ་མཐོང་མྱོང་མེད་པའི་མི་ཞིག་གིས་གླུ་ལེན་བཞིན་འདུག ང་རང་དེ་སྔོན་གླུ་ལ་དགའ་བས་སྒོ་ཕྱིར་ཐོན་ནས་ལྟ་གིན་བསྡད། ཁོའི་གདངས་དབྱངས་ཤིན་ཏུ་སྟབས་བདེ་སྟེ་དམངས་གཞས་ཤིག་ཡིན་བཟོ་འདུག
འགྲོ་ཞོར་ལམ་བུའི་སྙིང་ཐུབ། །
ལུས་དྲི་ཞིམ་པའི་བུ་མོ། །
གཡུ་ཆུང་དྲུག་དཀར་རྙེད་ནས། །
བོར་བ་དེ་དང་འདྲ་བྱུང་། །
པོ་ཏ་ལ་རུ་བཞུགས་དུས། །
རིག་འཛིན་ཚངས་དབྱངས་རྒྱ་མཚོ། །
ལྷ་ས་ཞོལ་ལ་སླེབས་དུས། །
འཆལ་པོ་དངས་བཟང་དབང་པོ། །
གླུ་དེས་ང་རང་ཧོན་འཐོར་དུ་བཅུག་ཅིང་། རྒྱུག་མ་འདུར་གྱིས་ཁང་སྦུབ་ཀྱི་གུ་རུའི་སྐུ་མདུན་དུ་པུས་མོ་བཙུགས་པ་དང་། འཐོལ་བཤགས་ཕུལ།གལ་ཏེ་ཁོང་ཡིན་ཚེ། ང་སོ་སྐྱེ་ཕལ་པ་ཞིག་གིས་རྒྱལ་དབང་མཆོག་ལ་ཁྱོད་དང་ཁྱོད་ཅེས་མཐོ་དམན་གྱི་ཁྱད་པར་ཙམ་ཡང་མེད་པར་འབོད་པས་ཉེས་དམིགས་ཇི་ཙམ་བསགས་ཡོད་དམ།
ངས་ཉིན་ལྟར་འཐོལ་བཤགས་ཀྱིས་བརྐྱང་ཕྱག་འཚལ་བ་དང་། ནམ་ཞིག་ཁོང་དང་མཇལ་བའི་བསྐལ་བ་ཐོབ་ཚེ་མཐོལ་བཤགས་ཡིད་ཚིམ་པ་ཞིག་འབུལ་དགོས་སྙམ་མོད། དུས་དེ་ནས་བཟུང་ཁོང་ངའི་ཆང་ཁང་དུ་མ་ཕེབས།
ཉིན་དེར་མི་རྒྱུས་མེད་ཅིག་གློ་བུར་ངའི་ཆང་ཁང་དུ་ཡོང་བ་དང་། དེ་ནས་མི་གཞན་གྱིས་མ་ཚོར་བ་བྱས་ཏེ་བུ་མོ། གོ་ཐོས་ལ་རྒྱལ་དབང་ཚངས་དབྱངས་རྒྱ་མཚོ་ཁྱེད་རང་གི་ཆང་ཁང་དུ་ཕེབས་ཀྱི་ཡོད་པ་འདྲ།ཡིན་ནའང་བདེན་མིན་མི་ཤེས་པས། ཕེབས་ཡོད་ན་ཕེབས་སོང་ཞེས་ཤོད་དང་། ངས་རྔན་པ་གྱ་ནོམ་པ་སྤྲད་ཆོག་ཤེས་ཤོད་ཀྱིན་སྐེད་པར་བཏགས་པའི་ཀོ་བའི་འབའ་ཁུག་དེ་བསྟན་ཙམ་བྱས་བྱུང་བས། དེ་ནི་ཕྱི་རྒྱལ་ནས་ཐོན་པའི་འབའ་ཁུག་ཅིག་རེད་འདུག
ང་ལ་དེ་འདྲའི་བསོད་ནམས་ཤིག་ག་ནས་ཡོང་། ངས་དེ་ལྟར་བཤད་པས། མི་དེས་འབའ་ཁུག་ལས་ཏྲམ་ཀ་དཀར་པོ་བཅུ་བཏོན་ནས་ངའི་ལག་ཏུ་སྤྲད་པ་དང་། དེ་ནས་ཞུ་བ་འབུལ་བའི་མིག་མདངས་ཀྱིས། ཕེབས་མེད་ཀྱང་ཕེབས་མྱོང་ཞེས་ཤོད་རོགས། གཞན་མ་གཏོགས་རྒྱལ་པོ་ལྷ་བཟང་ཧན་གྱིས་ང་གསོད་ངེས་རེད་ཅེས་ཞུ་བ་འབུལ་བར་བྱེད་ལ། མིག་ཟུང་ནང་རེ་བས་ཁེངས།
ངས་ཁུ་སིམ་མེར་ལན་ཅི་ཡང་མ་བཏབ། མིག་ལམ་ན་ཁོང་གི་ཞལ་རས་ཁོ་ན་མཇལ་ཞིང་། ཁོང་གིས་གསུངས་པའི་བཀའ་མོལ་དེ་ཚོ་དྲན་འོངས།
མི་སྲོག་ལ་ཐུག་པའི་ཉེན་ཁ་ཡོད་ཚེ། ཁྱོད་ཀྱིས་ང་འདིར་ཡོང་བ་བཤད་ཀྱང་ཆོག བཀའ་མོལ་དེ་གསུངས་དུས་ཁོང་གིས་འཛུམ་དམུལ་དམུལ་གནང་བཞིན་ཡོད།
ཕྱི་ཉིན་ཞོགས་པར།གར་ཡོང་མི་ཤེས་པའི་བྱིས་པ་ལོ་བརྒྱད་དགུ་ཅན་ཞིག་གིས་ཆང་མ་གཡུ་མཚོས་ཚངས་དབྱངས་རྒྱ་མཚོ་ཆང་ཁང་དུ་གདན་དྲངས་ཀྱི་འདུག་པས། ཁོང་གི་སྡོམ་པ་ཤོར་ཟིན་པ་རེད་ལ། དྲང་པོ་བཤད་ན་ཁོང་ཡང་སྲིད་ངོ་མ་མ་རེད་ཅེས་བཤད་པ་དང་། དེ་ནས་རིག་འཛིན་ཚངས་དབྱངས་རྒྱ་མཚོ། །འཆལ་པོ་རྒྱུག་གིས་མ་གསུངས། །མི་ལ་དགོས་པ་བཞིན་དུ། །རང་ལ་དགོས་ཀྱི་ཡོད་འགྲོ་ཞེས་གླུ་ལེན་གྱིན་དུ་སོང་བས། ཞོལ་གྱི་སྲང་ལམ་གང་སར་མི་མང་པོ་ཞིག་གིས་ཁོ་མོར་མིག་ལོག་ལྟ་ཞིང་། ཕྲུ་གུ་ཆུང་ཆུང་ཞིག་གིས་ཀྱང་། འཆལ་མོ། རྒྱལ་དབང་མཆོག་གི་སྡོམ་པ་འཕྲོག་མཁན་ཟེར་བས། ཁོ་མོའི་གྲོང་པ་ཨ་ཅག་སྒྲོན་ལགས་ནས་ཀྱང་ཁོ་མོར་མིག་ལོག་ཅིག་བལྟས་ནས། སྡིག་ཆེན་ཞབས་འདྲེན་མ་ཞེས་བཤད་པ་དང་སྒོ་རྫང་ཞེས་བརྒྱབ། དེ་ནས་བཟུང་ཞོལ་པ་རྣམས་ཀྱིས་ཁོ་མོར་ཁ་ཡ་མི་བྱེད་ལ། ཐ་ན་དགྲ་འདུལ་གྱིས་ཀྱང་ཁོ་མོར་མིག་དཀར་ལོག་ལྟ་གིན་ཁ་ཡ་མ་བྱས་པས། ཁོ་མོ་སླར་ཡང་སེམས་སྡུག་དང་མི་ཁའི་རྒྱ་མཚོར་ལྷུང་།
གཡུ་དེ་སྡེ་སྲིད་སངས་རྒྱས་རྒྱ་མཚོས་ང་ལ་གནང་བ་ཞིག་རེད། ཁྱེད་རང་གིས་ལུས་ནས་མ་བྲལ་བར་ཐོགས་ཤིག བླ་གཡུ་ཡག་པོ་ཞིག་རེད། གལ་ཏེ་རྗེས་སུ་ལས་འཕྲོ་ཡོད་ན་ཐུག་ངེས། དེ་ནི་ཁོང་གིས་ཆེས་མཐའ་མར་ང་ལ་གསུངས་པ་ཞིག་རེད།
ཕྱིས་སུ་རྒྱལ་དབང་མཆོག་ལྷ་བཟང་ཧན་གྱིས་པེ་ཅིན་དུ་ཁྲིད་པ་རེད་ཟེར་ཞིང་། མི་ཚང་མས་ཁོང་གི་སྐུ་ལ་བར་ཆད་མེད་པའི་སྨོན་ལམ་འདེབས་པར་བྱེད། དེ་དུས་ང་རང་ལྷ་ས་ནས་ཁ་བྲལ་བཞིན་ཡོད།
པད་མས་བཤད་ནས་འདིར་སླེབས་དུས། པཱ་ལགས་དང་ཨ་མ་ལགས་སུ་ལྟ་ཙམ་བྱས་པས། ཁོང་གཉིས་ཀས་བློ་རྩེ་གཅིག་སྒྲིམ་ངང་ཁོ་རང་ལ་ལྟ་ཞིང་ཉན་འཇོག་བྱེད་ཀྱིན་མཆིས།
སྡེ་སྲིད་སངས་རྒྱས་རྒྱ་མཚོ་དང་རྒྱལ་དབང་ཚངས་དབྱངས་རྒྱ་མཚོ་མཆོག་དབར་གང་གི་འབྲེལ་བ་ཡིན། ཨ་མ་ལགས་ཀྱིས་པད་མར་དེ་ལྟར་དྲིས་གནང་བ་དང་། པཱ་ལགས་ཀྱིས་ཀྱང་། རེད་རེད། ད་དུང་ལྷ་བཟང་ཧན་ཟེར་བ་དེ་སུ་རས་ཞེས་དྲིས་གནང་།
ངས་ག་ལ་ཤེས། ཡང་མིན་ན་ངས་དོ་དགོང་སྔ་ཙམ་ཉལ་ཏེ་རྨི་ལམ་ཞིག་སྒུག་ན། པད་མས་དེ་ལྟར་བཤད་པ་དང་། གདོང་ན་ཅི་ཡང་མི་ཤེས་པའི་ཉམས་ཤིག་བསྟན། པཱ་ལགས་དང་ཨ་མ་ལགས་གཉིས་ཀས་སྒེའུ་ཁུང་ཕྱི་རོལ་དུ་ལྟ་དུས་ས་རུབ་ནས་ཅི་ཡང་མི་མཐོང་ལ། སྐབས་སྐབས་སུ་སྒོ་ཁྱི་དཀར་རིལ་གྱིས་ཟུག་སྐད་རིང་པོ་རེ་གྲགས་ཡོང་།
རེད། ང་ཚོ་དགོང་ཟས་བཟས་རྗེས་བུ་རང་སྔ་ཙམ་ཉོལ་ཅིག
བུ་མོ་དེ་ག་རེ་བྱས་པ་ཡིན་ནམ། སྙིང་རྗེ་དགོས་པ་ཞིག་འདུག
པཱ་ལགས་དང་ཨ་མ་ལགས་ཀྱིས་དེ་ལྟར་གསུངས་པ་དང་། ཉེ་ཆར་གསར་དུ་བཙུགས་པའི་ཇ་ཁང་དེའི་ནང་ནས་སྒྲ་སྒམ་ལས་གླུ་དབྱངས་ལེན་བཞིན་མཆིས་ལ། ཁུ་སིམ་པའི་རི་གྲོང་འདིའི་ཕྱོགས་ཀུན་ལ་ཁྱབ།
བྱ་དེ་ཁྲུང་ཁྲུང་དཀར་མོ། །
གཤོག་རྩལ་ང་ལ་གཡོར་དང་། །
ཐག་རིང་རྒྱང་ལ་མི་འགྲོ། །
ལི་ཐང་བསྐོར་ནས་སླེབས་ཡོང་། །
དགོང་མོ་པད་མས་མགོ་བོ་སྔས་ཐོག་ཏུ་བཞག་ནས་རྨི་ལམ་དེ་སྒུག སྒེའུ་ཁུང་ལས་འཕྲོས་ཡོང་བའི་བཅོ་ལྔའི་དུང་ཟླའི་འོད་དཀར་དེས་ཁང་པའི་ནང་ངོས་སྐྱ་སིང་ངེར་བཏང་། པཱ་ལགས་ཀྱིས་པད་མའི་སྔས་སྤྲོད་དུ་སྔུར་པ་རིང་པོ་ཞིག་གཏོང་བཞིན་ཡོད།
༤
པད་མས་པོ་ཏ་ལའི་གཤམ་དུ་ཡོད་པའི་ཆང་ཁང་དེའི་སྒོ་བརྡུངས། སྒོ་ཕྱེ་མཁན་ནི་ཡིད་དུ་འོང་བའི་ན་ཆུང་མ་ཞིག་ཡིན་ལ། ཕོ་བརྒྱ་སེམས་པ་ཤོར་བ་དང་མོ་བརྒྱ་སྙིང་རླུང་ལངས་དགོས་པ་ཞིག་ཡོད། ཁོས་ཆང་ཁང་ནང་སོང་ནས་རྐུབ་སྟེགས་ཤིག་གི་ཐོག་སྡོད་དུས་ཁ་སྤྲོད་དུ་སྐྱེས་པ་ཞིག་བསྡད་ཡོད། ཁོས་ན་ཆུང་མ་དེར་ཆང་ཧུའུ་གང་ཁྱེར་ཤོག་ཅེས་བཤད་པས་ཁོ་མོས་ལམ་སེང་ཁྱེར་ཡོང་། པད་མས་ཆང་ཧུབ་ཁ་ཤས་བཏུངས་པ་དང་། ཁ་སྤྲོད་ཀྱི་སྐྱེས་པ་དེ་ལ་ཆང་འཐུང་ངམ་ཞེས་བཤད། ཁོས་མིན་ཟེར་གྱིན་དགོད་ཙམ་བྱས་ཏེ། ཅོག་ཙེའི་འཁྲིས་ཀྱི་ཁོག་ལྡིར་དེ་འཁྱོམ་ཙམ་འཁྱོམ་ཙམ་བྱས་ནས་ཕོར་པའི་ནང་ཇ་ཐང་གང་བླུག་པ་དང་། ཨ་མ་ཆང་མའི་ཆང་ལས་ཇ་ཞིམ་གྱི་རེད་ཅེས་ཟེར།
ཁྱོད་ཀྱི་མིང་ལ་གང་ཟེར།
དངས་བཟང་དབང་པོ།
ཁྱོད་ལྷ་ས་ནས་མ་རེད་པཱ། པད་མས་ཁོའི་ལུས་ལ་གྱོན་པའི་སྣམ་བུའི་ཕྱུ་པ་དམར་སྨུག་དེར་བལྟས་ནས་དྲིས།
མིན། ང་ལྷོ་མོན་ནས་ཡིན།
ཁོ་གཉིས་ཀྱིས་དེ་ལྟར་གླེང་མོལ་བྱེད་ཀྱིན་བསྡད། ནམ་ཕྱེད་ཙམ་ལ་པད་མ་ར་བཟི་ནས་ཁྱར་རེ་ཁྱོར་རེའི་ངང་སོང་ཞིང་། ཁོས་མི་དེ་མི་རིང་བར་ལི་ཐང་དུ་འགྲོ་རྒྱུ་ཡིན། བུ་མོ་འདིར་མངལ་འཁོར་ཡོད་པས་རོགས་པ་བྱེད་རོགས་ཞེས་བཤད་པ་ཁོ་ན་ཀླད་པའི་ནང་གསལ་པོར་འཆར་ལ། ཆང་ཁང་གི་བུ་མོ་མཛེས་མ་དེས་མིག་ལ་མཆི་ཞགས་འཁོར་ནས་པད་མར་ཕྱོགས་ཏེ་མགོན་མེད་སྐྱབས་མེད་ཀྱི་ཉམས་ཤིག་སྟོན་པ་དང་མིག་ཟུང་ནང་རེ་བས་ཁེངས་འདུག་པས། པད་མས་ཐེ་ཚོམ་མེད་པའི་ངང་ཁོ་མོའི་ལག་ནས་བཟུང་སྟེ་སོང་བའི་སྣང་བས་རྡོ་རྡོག་གཅིག་ལ་རྐང་པ་ཐོགས་ནས་ཁ་སྦུབ་ས་རུབ་པ་ཞིག་བརྡབས་པས། མིག་ལ་སྐར་མའང་ཁྲ་ཆིལ་ལེར་ཤར།
གཉིད་ལས་སད་དུས་པད་མའི་སྔས་མགོར་བླ་གཡུ་སྔོན་པོ་དེ་བཞག་ཡོད།
པད་མ། མདང་དགོང་རྨི་ལམ་ག་རེ་བཏང་བྱུང་ངམ། པཱ་ལགས་ཀྱིས་མགོ་བོ་སྔས་ཐོག་ནས་བཏེགས་མ་ཐག་དེ་ལྟར་དྲིས་གནང་བས། སྒོའི་ཕྱི་ནས་ཨ་མ་ལགས་ཀྱིས་ཀྱང་། ཨ་ལས་སྒུག་དང་ཞེས་གསུངས་ཀྱིན་ལག་པར་འགོས་པའི་ཐལ་བ་པང་གདན་ལ་ཕྱིས་ཀྱིན་ཁང་པའི་ནང་རྒྱུག་མ་འདུར་གྱིས་འཛུལ་ཕེབས།
རྨི་ལམ་ནང་ཆང་ཁང་གི་བུ་མོ་དེ་དང་ལག་པ་བཏང་བ་དྲན་པས། པད་མ་ཁོང་དགོད་ཤོར།
གད་མོ་ཤོར་རྒྱུ་ག་རེ་འདུག མགྱོགས་ཙམ་ཤོད་དང་།
རེད། མགྱོགས་ཙམ་ཤོད་དང་ཞེས་པཱ་ལགས་དང་ཨ་མ་ལགས་ཀྱིས་དངངས་སྐྲག་ངང་གསུངས། གང་ཡང་བཏང་མི་བྱུང་། གཟིགས་དང་། བླ་གཡུ་འདིར་འདུག་ཅེས་པད་མས་བཤད།
གསལ་བཤད།
རྩོམ་འདི་ནི་གུས་པ་རང་ཉིད་2018ལོའི་ཟླ་5པར་རྩོམ་པ་པོ་ཨེ་ཉི་མ་ཚེ་རིང་ལགས་ནས་མོན་ཡུལ་ལེགས་པོ་རོང་དུ་རྩོམ་རྒྱུ་འཚོལ་བར་འགྲོ་བའི་གོ་སྐབས་གནང་ཞིང་། ཚངས་དབྱངས་རྒྱ་མཚོ་མཆོག་དང་འབྲེལ་བའི་རྩོམ་ཞིག་འབྲི་རྒྱུར་སྐུལ་མ་གནང་བའི་སྐྱེས་སུ་ཕུལ་བ་ཡིན་ལ།2018ལོའི་བོད་ཀྱི་རྩོམ་རིག་སྒྱུ་རྩལ་དེབ་དྲུག་པའི་ཐོག་བཀོད་ཅིང་། བོད་ཀྱི་རྩོམ་རིག་སྒྱུ་རྩལ་གྱི་ལོ་ཟུང་བྱ་དགའ་ཐོབ་ཡོད།
རྩོམ་སྒྲིག་པ། གངས་དགའ།
རྩོམ་ཁུངས། བཀྲ་ཤིས་པའི་ནམ་མཁའ་ཞེས་པའི་འཕྲིན་སྟེགས།