ཚེ་རིང་དོན་གྲུབ་ཀྱི་བརྩམས་སྒྲུང་གསར་པ། 《པ་པ་པའོ་མ》

ཚེ་རིང་དོན་གྲུབ།(ཟི་ལིང) མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2020-05-15

  གཅིག

  ཧེ། ཀློག་མཁན་རྣམ་པ་སྐུ་ཁམས་བཟང་། ང་རང་པ་པ་པའོ་མ་ཡིན། དེ་ཡང་ངའི་མིང་ངོ་མ་ནི་པ་པ་པའོ་མ་མ་ཡིན་པར་དབང་རྒྱལ་ཡིན། རྒྱ་རིགས་སློབ་གྲོགས་དང་དགེ་རྒན། ངོ་ཤེས་ཚོས་ནམ་རྒྱུན་ང་ལ་ཁྱོད་ཀྱི་རུས་ཅི་ཡིན་ཞེས་འདྲི་བཞིན་འདུག་པས་ངས་ཨ་ཕ་ལ་ངའི་རུས་ཅི་ཡིན་དྲིས་པ་ན་ཨ་ཕས་རུས་ཟེར་བ་ཡོད་པ་མ་རེད་ཟེར་བ་དང་། ཐེངས་ཤིག་ཁོང་གིས་ཀྱང་མཚར་མཚར་གྱིས་ངའི་ཨ་མེས་ལ་ང་ཚོར་རུས་ཡོད་མེད་དྲིས་པ་ན་ཨ་མེས་ཀྱིས“ང་འབྲུ་ཤང་ལྕགས་ཟེར་ན་རུས་མེད་པ་ཞིག་ག་ལ་ཡིན། ཡིན་ནའང་མིག་མཛེས་གོས་ལ་མི་ཕན་པ་འཇའ་ཚོན་སྣ་ལྔ། གནའ་རབས་དེང་ལ་མི་ཕན་པ་ཕ་ཨ་ཁུའི་ལོ་རྒྱུས་ཟེར་བ་ལྟར་ཡིན་པས་ད་དེ་དག་གླེང་ནས་ཅི་བྱེད།”ཟེར་བ་དང་། སྔོན་ཆད་ཁོང་ཚང་ཁྱིམ་ཚང་ཕྱུག་པོ་ཞིག་ཡིན་པས་རིག་གནས་གསར་བརྗེའི་སྐབས་སུ་ཁོའི་མགོ་ལ་ཤོག་ཞྭ་བསྐོན་ཏེ་འཐབ་རྩོད་གྲངས་མེད་བྱས་མྱོང་བ་སོགས་མདོར་བསྡུས་ཙམ་བཤད། ཨ་མེས་ཀྱིས་བཤད་པའི་རུས་དེ་ཐ་ན་ང་རང་གིས་ཀྱང་ཀློག་མི་བདེ་ཞིང་རྒྱ་སྐད་ཀྱི་སྒྲ་གདངས་གཏན་ནས་ཐོན་ཐབས་མེད་པས་ང་རང་ཐབས་ཟད་དེ“ངའི་རུས王ཡིན། མིང་ལ杰ཟེར།”ཞེས་བཤད་པ་ཡིན། འོན་ཀྱང་ངའི་ཐོབ་ཐང་ལག་ཁྱེར་སྟེང་དུ“旺”བྲིས་ཡོད་པས་མི་ལ་ལས་ང་ནི་མི་དྲང་པོ་ཞིག་མ་རེད་བསམ་གྱིན་འདུག དཔེར་ན་ངའི་སྔོན་གྱི་དགའ་རོགས་རྒྱ་མོ་དེས“རང་གི་རུས་མིང་ཡང་དྲང་མོར་མི་བཤད་པ་ཞིག་ལ་རློམ་ཐབས་གང་ན་ཡོད།” ཟེར་བ་ལྟ་བུ་རེད། གང་ལྟར་པ་པ་པའོ་མ་ནི་ཐ་མ་ཏི།(1)ཡུལ་མི་ཚོས་ང་ལ་བཏགས་པའི་མཚང་མིང་མང་པོའི་ནང་གི་རྒྱུགས་ཆེ་བ་དང་མཚང་ལ་ཕོག་པ། སྙིང་ལ་གཟན་པ་དེ་ཡིན། གསོན་ཁྲག་ལེན་རྒྱུ་དེ་ཚོ་གཞན་ལ་མཚང་མིང་འདོགས་པར་ཤིན་ཏུ་དགའ། རྒྱ་ཡིག་བོད་ཡིག་གཉིས་ཀའི་ཆུ་ཚད་ཧ་ཅང་མཐོ་བར་གྲགས་པའི་ངའི་ཨ་ཅེས་བཤད་ན་འདི་ནི་བོད་པ་ཚོར་མིང་གཅིག་ཅན་གྱི་མི་མང་དྲགས་པ་དང་འབྲེལ་བ་ངེས་ཅན་ཡོད་སྲིད་ཟེར། ཡིན་ནའང་ངས་བལྟས་ན་འདི་ནི་ཁོ་ཚོར་རིག་གནས་རྒྱུ་སྤུས་དང་ཀུན་སྤྱོད་རྒྱུ་སྤུས་ཧ་ཅང་ཞན་པའི་རྐྱེན་གྱིས་རེད། དེའི་ཕྱིར་འདི་ཡང་ང་རང་ཁོ་ཚོར་ཧ་ཅང་མི་དགའ་བ་དང་། མཚམས་རེར་རང་ཉིད་བོད་པ་ཞིག་ཡིན་པར་ངོ་གནོང་བའི་རྒྱུ་རྐྱེན་མང་པོའི་ནང་གི་གཅིག་ཡིན། དེ་ཡང་ང་རང་བོད་ཀྱི་ཡོད་ཚད་ལ་མི་དགའ་བའང་མ་ཡིན་ཏེ། དཔེར་ན་ང་རང་བོད་གླུ་ལ་ཧ་ཅང་དགའ་བོ་ཡོད་པ་ལྟ་བུ་རེད། ངས་བོད་གླུ་མང་ཤོས་ཀྱི་ཚིག་འབྲུ་མི་གོ་བ་དང་ནང་དོན་མི་ཤེས་ནའང་དེའི་འགྱུར་ཁུགས་དང་སྐད་ངག་སྙན་མོས་ངའི་སེམས་པ་རབ་ཏུ་བཀུག་ཡོད། དུས་མཚུངས་སུ་དགའ་ཕྱོགས་འདིས་ང་ལ་དཀའ་རྙོག་ཀྱང་བཟོས་མྱོང་སྟེ། ཐེངས་ཤིག་ངས་ཁ་པར་ནང་ནས་བོད་གླུ་ཞིག་གཏོང་བཞིན་ཨ་ཅེ་ལ་འདིའི་ནང་དོན་རྒྱ་སྐད་ཀྱི་ལམ་ནས་བཤད་དགོས་པའི་རེ་བ་བཏོན་པ་ན་ཨ་ཅེའི་གདོང་མདོག་དམར་པོར་གྱུར་ཏེ་ང་དང་གཡོལ་གང་ཐུབ་བྱས། ཐ་མ་ཏི། མ་གཞི་དེ་ནི་ལ་གཞས་ཤིག་ཡིན་འདུག ཡུལ་མི་ཚོས་ད་དུང་ང་ལ“བར་དོ་བ”ཞེས་པའི་མཚང་མིང་ཞིག་ཀྱང་བཏགས་ཡོད། ངས“བར་དོ་བ”ཞེས་པ་འདིའི་ནང་དོན་མི་གོ་བས་ཨ་ཅེ་ལ་དྲིས་པ་ན་མོས“ལུས་རྟེན་འདི་ཤོར་ཟིན་ལ། ལུས་རྟེན་ཕྱི་མ་ད་རུང་མ་རྙེད་པར་འཁྱམ་བཞིན་པའི་རྣམ་ཤེས་ཏེ། རྒྱ་སྐད་ཀྱིས‘阴魂’ཟེར་བ་དེ་རེད།”ཟེར། ངས“阴魂”ཞེས་པ་འདིBaiduནང་ལ་བཙལ་བ་ན། ཐ་མ་ཏི། མ་གཞི་དེ་ནི་རྨོངས་དད་ཀྱི་ཐ་སྙད་ཅིག་ཡིན་འདུག ཡུལ་མི་ཚོ་ནམ་རྒྱུན་ཧ་ཅང་རྨོངས་དད་ཆེ་ལ། འདི་ཡང་ང་རང་ཁོ་ཚོར་མི་དགའ་བ་དང་། མཚམས་རེར་རང་ཉིད་བོད་པ་ཞིག་ཡིན་པར་ངོ་གནོང་བའི་རྒྱུ་རྐྱེན་མང་པོའི་ནང་གི་གཅིག་ཡིན། དེ་ལས་ཀྱང་ཚབས་ཆེ་བ་ཞིག་ནི“པ་པ་པའོ་མ”ཞེས་པ་འདི་ད་ལྟ་ང་གཅིག་པུ་མ་ཡིན་པར་ང་དང་འདྲ་བའི་རྒྱ་ཡིག་གི་སློབ་གྲྭ་བཏོན་མྱོང་བའི་བོད་རིགས་ཕོ་མོ་ཡོངས་རྫོགས་སྟོན་བྱེད་ཀྱི་ཐ་སྙད་ཅིག་ཏུ་གྱུར་དང་འགྱུར་བཞིན་ཡོད་པ་དེ་རེད། དཔེར་ན་ཁོ་ཚོས་ནམ་རྒྱུན“གན་ཡང་པ་པ་པའོ་མ་ཞིག་རེད”ཟེར་བ་ལྟ་བུ་རེད། དེས་ན་བཟོད་ཐབས་བྲལ་བའི་སྣང་ཚུལ་འདི་ལ་ང་དང་འདྲ་བའི་ན་གཞོན་ཡོངས་ཀྱིས་རྡོག་རྩ་གཅིག་སྒྲིལ་གྱིས་ངོ་རྒོལ་བྱེད་དགོས་པ་མ་ཡིན་ནམ།

  ང་རང་ལོ་ན་ལྔ་དྲུག་ཙམ་ཡིན་པའི་དུས་དེར་ངའི་ཨ་ཕ་ནི་རྩེ་གཞུང་ཞང་གི་ཏང་ཨུའི་ཧྲུའུ་ཅི་ཡིན་ལ། ཞང་ཡོངས་ཀྱི་རླངས་འཁོར་གཅིག་པུ་སྟེ“北京”རྟགས་ཅན་གྱི་ལྗིབ་འཁོར་ལྗང་སེར་དེ་ནམ་རྒྱུན་ངེད་ཚང་གི་ཁང་བའི་སྒོ་ཁར་བཞག་ཡོད་པ་དང་། རླངས་འཁོར་དེའི་ལྡེ་མིག་ངེད་ཚང་གི་ཁྱིམ་གྱི་གྱང་ངོས་ཤིག་ཏུ་བཀལ་ཡོད་པ་འདིས་ཀྱང་ངའི་ཨ་ཕ་ནི་ཞང་ཡོངས་ཀྱི་གོ་གནས་ཆེས་མཐོ་བའི་མགོ་ཁྲིད་ཡིན་པ་འཁྲུལ་མེད་ངང་མཚོན་བཞིན་ཡོད། ཡིན་ནའང་ངའི་ཨ་ཕ་གོ་གནས་འདི་ལ་དེ་འདྲའི་ཡིད་ཚིམ་གྱིན་མེད་པ་འདྲ་སྟེ། ཁོ་པ་ལྗིབ་འཁོར་འདི་ལ་བསྡད་དེ་རྫོང་མཁར་དུ་ཚོགས་འདུར་སོང་ནས་ཕྱིར་ཐོན་ཐེངས་རེར“རྒྱ་སྐད་རྒྱ་ཡིག་ཅིག་མ་ཤེས་ན་ངོ་མ་དཀའ་མོ་རེད།”ཅེས་བཤད་རྗེས་ཤུགས་རིང་འཐེན་བཞིན་འདུག་པའི་ཚུལ་དེ་ད་དུང་ངའི་མིག་ལམ་ན་གསལ་ལེར་ཡོད། རྗེས་སུ་ཤེས་གསལ་ལྟར་ན་དེ་དུས་ངའི་ཨ་ཕ་ནི་ལྟོས་བཅས་ཀྱིས་བཤད་ན་མི་གཞུང་དྲང་ཞིག་ཡིན་པ་དང་། ལས་ཀ་བསྒྲུབ་པར་ཐབས་མཁས་པ། མང་ཚོགས་དང་འབྲེལ་བ་བཟང་ནའང་སྐབས་དེར་བོད་ཡིག་གི་སློབ་གྲྭ་ནས་ཐོན་པའི་ལས་བྱེད་མང་ཤོས་དང་འདྲ་བར་རྒྱ་ཡིག་གི་ཆུ་ཚད་དེ་འདྲ་མཐོ་རྒྱུ་མེད་པ་དང་། ལྷག་པར་དུ་ཨ་ཕ་ནི་དེ་སྔོན་དམའ་འབྲིང་མཐར་ཕྱིན་རྗེས“ཁྱིམ་ཚང་གི་གྲུབ་ཆ་མི་བཟང”ཟེར་ནས་བྱ་བ་མ་བྱིན་པར་ཕྱིར་རྩྭ་ཐང་ལ་ལོག་ནས་ལོ་འགར་ཕྱུགས་རྫི་བྱས་ཤིང་། རིག་གསར་མཇུག་རྫོགས་རྗེས་ད་གཟོད་ལས་བྱེད་ནང་ལ་བསྡུ་ལེན་བྱས་པ་ཡིན་པས་རྒྱ་སྐད་ནི་དེ་བས་ཀྱང་སྒྲ་གདངས་ཧ་ཅང་མི་དག་པས་རྫོང་རིམ་པ་གཞོན་པའི་རྗེས་གྲབས་ལས་བྱེད་ནང་ལ་ཚུད་ཀྱི་མེད་པ་རེད། ལྷག་པར་དུ་ཉེ་སྔོན་བོད་སྐད་ཚིག་གཅིག་ཀྱང་མི་གོ་བའི་རྫོང་ཨུའི་ཧྲུའུ་ཅི་སྨད་རྒྱ་ཞིག་སླེབས་ཡོད་པ་དེས་ཞང་སོ་སོའི་མགོ་ཁྲིད་ཀྱིས་ཚོགས་ཐོག་ཏུ་ངེས་པར་དུ་རྒྱ་སྐད་ཀྱི་ལམ་ནས་གནས་ཚུལ་ཡར་ཞུ་བྱེད་དགོས་ཟེར་བས་ཨ་ཕས་མགོ་ནས་དུ་སྨུག་འཐིབ། གདོང་ནས་རྔུལ་ཆུ་བཞུར། ཁ་ནང་ལ་རྡོ་བཞག་པ་ལྟར་ཀ་ཅུའི་ཀོ་པགས་ཉོ་མཁན་དང་ཞོན་ཧྭའི་དབྱར་རྩྭ་རྐོ་མཁན་སོགས་ཀྱི་ཡུལ་སྐད་འདྲེས་མའི་ལམ་ནས་རང་ཞང་གི་གནས་ཚུལ་ཡར་ཞུ་བྱེད་སྐབས་མི་མང་པོར་ཡང་ཡང་ཁོང་དགོད་ཤོར་བ་དང་། ཧྲུའུ་ཅི་གསར་བ་དེས་ཕལ་ཆེར་ཚིག་འབྲུ་གཅིག་ཀྱང་མ་གོ་བས་ཁོང་ཁྲོ་ལངས་ཏེ་ངེས་པར་དུ་ཞང་སོ་སོའི་མགོ་ཁྲིད་སྙོམ་སྒྲིག་བྱེ་རྒྱུ་ཡིན་ཟེར། ང་རང་ཨ་ཕའི་གོ་གནས་ལས་ཀྱང་ང་རྒྱལ་སྐྱེ་བ་ནི་སྒེར་ལ་དབང་བའི་རྒྱུ་ནོར་ཇི་བཞིན་ནམ་ཡང་ངེད་ཚང་གི་སྒོ་ཁར་བཞག་ཡོད་པའི་ལྗིབ་འཁོར་དེ་ཡིན་ལ། དོན་དངོས་སུའང་རླངས་འཁོར་དེ་ངེད་ཚང་གིས་འབྲོག་ཁྱིམ་ཞིག་གི་གཡག་རྒན་དང་རོང་ཁྱིམ་ཞིག་གི་བོང་རྒན་བཞིན་དུ་གང་འདོད་ཀྱིས་བེད་སྤྱོད་བྱས་ཆོག་སྟེ། ངའི་ཨ་ཕས་རླངས་འཁོར་འདི་རྩེད་སྤྱད་བྱེད་ཞོར་རླངས་འཁོར་བསྐོར་ཤེས་པར་གྱུར་པ་དང་། ནམ་རྒྱུན་ཁ་ལོ་བ་ཡོད་བཞིན་དུ་རང་གིས་དངོས་སུ་བསྐོར་ཏེ་ངེད་བཟའ་ཚང་གང་བོ་ཞང་གཞན་ཞིག་གི་འབྲོག་སྡེ་ན་ཡོད་པའི་ཁྱིམ་དུ་འགྲོ་བ། མཚམས་རེར་སྐུ་འབུམ་དང་བླ་བྲང་སོགས་ལའང་མཇལ་སྐོར་དུ་འགྲོ་བ་ལྟ་བུ་རེད། རྗེས་སུ་ང་རང་སློབ་གྲྭར་འགྲོ་དུས་ཀྱང་རླངས་འཁོར་འདིས་ཡར་སྐྱེལ་མར་ལེན་བྱས་པ་བཤད་ཅི་དགོས། ཡིན་ནའང་མཚམས་རེར་ཞང་དེའི་མགོ་ཁྲིད་གཞན་དག་གིས་ཀྱང་ངའི་ཨ་ཕའི་ཆོག་མཆན་བརྒྱུད་ནས་རླངས་འཁོར་དེ་བེད་སྤྱོད་གཏོང་བས་ན་ད་གཟོད་རླངས་འཁོར་དེ་ངེད་ཚང་གི་སྒེར་ལ་དབང་བའི་རྒྱུ་ནོར་མིན་པ་ར་སྤྲོད་བྱེད་ཀྱིན་འདུག་པས་ངའི་སེམས་ལ་རྦད་དེ་རང་ལ་དབང་བའི་རླངས་འཁོར་ཞིག་ཡོད་པ་དང་། དེ་ང་རང་གིས་དངོས་སུ་བསྐོར་ཐུབ་ན་ཅི་མ་རུང་སྙམ་པའི་འདོད་པ་འགོག་མེད་དུ་སྐྱེས། དེ་ནི་རླངས་འཁོར་འདིས་ངེད་ཚང་གི་གཞན་དང་མི་མཚུངས་པའི་གོ་གནས་མཚོན་ཐུབ་པ་གཅིག་པུ་མ་ཡིན་པར་ང་རང་རླངས་འཁོར་ལ་སེམས་གཏིང་ནས་དགའ་བོ་ཡོད་པས་ཀྱང་ཡིན། ཡིན་ནའང་རླངས་འཁོར་ཟེར་བ་འདི་རལ་གྲི་སོ་གཉིས་མ་ཞིག་དང་འདྲ་བར་ཉེན་ཁ་ཅན་གྱི་འགྲིམ་འགྲུལ་ཡོ་བྱད་ཅིག་ཀྱང་ཡིན་པ་འདྲ་སྟེ། ཐེངས་ཤིག་ངེད་ཚང་གང་ཞིག་ལ་འགྲོ་བའི་ལམ་དུ་ཕ་རོལ་མི་མཐོང་བའི་གདོང་སྣ་ཞིག་གི་དཀྱོག་མཚམས་ནས་གློ་བུར་དུ་ལྗིབ་འཁོར་གཞན་ཞིག་མདུན་ནས་བུད་པ་དང་མཉམ་དུ་ཨ་ཕས་དཀྱོག་འཁོར་ཤུགས་ཀྱིས་གཡས་སུ་བསྐོར་བ་ན་བྲག་ངོས་སུ་དྲུད་དེ་རླངས་འཁོར་གྱི་ངོས་གཅིག་ཕལ་ཆེར་ལེན་རྒྱུ་མེད་པ་བཟོས་འདུག དེ་ལས་ཀྱང་ཚབས་ཆེ་བ་ཞིག་ནི་ཕ་མ་གཉིས་ཀ་ཁྱིམ་ན་མེད་པའི་ཉིན་ཞིག་ངས་རླངས་འཁོར་གྱི་སྒོ་ཕྱེས་ཏེ་ཁ་ལོ་བའི་སྡོད་གནས་སུ་ལངས་མ་ཙོག་གིས་གཡོན་ལག་དཀྱོག་འཁོར་ལ་འཇུས་པ་དང་གཡས་ལག་གིས་ལྡེ་མིག་བསྐོར། གཡོན་རྐང་གིས་ཕྱེ་སྦྲེལ་རྐང་གདན་མནན་པ་དང་གཡས་རྐང་གིས་སྣུམ་སྒོའི་རྐང་གདན་མནན། མཚམས་ཤིག་རླངས་འཁོར་གྱིས་གློ་བུར་དུ་འོ་དོད་འདོན་པ་དང་འཕག་འཚག་བརྒྱབ་པས་ང་རང་འཚབ་འཚུབ་ཏུ་གྱུར་ཏེ་སྣུམ་སྒོའི་རྐང་གདན་སྔར་ལས་ཤུགས་ཀྱིས་མནན་པ་ན་རླངས་འཁོར་མདུན་ལ་བརྒྱུགས་ཏེ་བསམ་དབང་དྲན་དབང་མེད་པར་ངེད་ཚང་གི་སྒོ་ཁར་ཤུགས་ཀྱིས་བརྡབ། དེའང་སྒོ་ཁར་བརྡབ་པ་ཙམ་ཡིན་ན་སྐྱོན་མེད་མོད། འོན་ཀྱང་ཕྱིར་འདང་བརྒྱབ་ན་སྐྲག་འདར་རྒྱག་པ་ཞིག་ནི་ཅུང་ཙམ་མིན་ན་ཏག་ཏག་སྒོ་ཁ་ན་མགོ་སྐྲ་བཀྲུ་བཞིན་པའི་ཨ་ཅེ་གྱང་ལ་སྦྱར་བྱུང་། ར་སྐོར་ནང་གི་མི་རྣམས་དེ་མ་ཐག་ངེད་ཚང་གི་སྒོ་ཁར་འདུས་པ་དང་། དོན་དག་ཅི་ཞིག་ཡིན་ཡང་ཆེ་བཤད་བྱེད་པར་ཤིན་ཏུ་དགའ་བའི་མི་འདི་དག་གིས“ཨ་ཙི་ཨ་ཙི། དཀོན་མཆོག་གསུམ་པོས་མཁྱེན། གྲི་ཁ་སེན་ཁ་ཙམ་མིན་ན་ཞི་མོ་ལེབ་ལེབ་བཟོས་སོང་།”ཟེར་བཞིན་ལྕེ་བསྣར་བ་དང་མགོ་གཡུག་གིན་འདུག དོན་དངོས་སུ་ཨ་ཅེ་ལ་རྨས་སྐྱོན་ཙམ་ཡང་བཟོས་མེད་ནའང་མོ་སྐྲག་ཐག་ཆོད་དེ་འདར་སིག་སིག་ངུ་ཤུམ་བྱེད་བཞིན་འདུག་པ་དང་། ང་རང་ཡང་རླངས་འཁོར་ནང་ན་ཧད་ནས་འདུག སྐབས་འདིར་ཨ་ཕ་གང་ནས་ཐོན་པ་མ་ཤེས་པར་ང་རང་རླངས་འཁོར་ལས་མར་དྲུད་དེ་ངའི་མིད་པར་རྩམ་ཁུ་མི་འགྲོ་བ་ཙམ་གྱིས་གཅར་རྡུང་བྱས། དེ་ནས་བཟུང་མི་རྣམས་ཀྱིས་ང་ནི་བྱིས་པ་པྲ་ཆལ་དང་ཉེན་ཁ་ཅན་ཞིག་ཏུ་ངོས་འཛིན་བཞིན་འདུག་ལ། ངེད་ཚང་གི་གྱང་ངོས་སུ་བཀལ་ཡོད་པའི་རླངས་འཁོར་གྱི་ལྡེ་མིག་དེའང་ནམ་ཡང་ངའི་མཐོང་ཡུལ་ནས་ཡལ་སོང་།

  རྩེ་ཆུའི་འགྲམ་ན་ཁ་ཆག་སྣ་རལ་དུ་གྱུར་པའི་ས་གྱང་གྲུ་བཞི་མ་ཞིག་གི་ནང་དུ་རྫ་ལེབ་དམར་པོའི་ཁང་ཀླད་ཅན་གྱི་ཁང་པ་གྲལ་ཤར་དྲུག་ཡོད་པ་འདི་ལ་རྩེ་གཞུང་ཞང་ཏང་ཨུ་དང་སྲིད་གཞུང་ཟེར་བ་དང་། དེའི་གཡས་གཡོན་ནའང་དེ་དང་གཉིས་སུ་མ་མཆིས་པར་ཁ་ཆག་སྣ་རལ་དུ་གྱུར་པའི་ས་གྱང་གྲུ་བཞི་རེའི་ནང་དུ་ཁང་པ་གྲལ་ཤར་འགའ་རེ་ཡོད་པ་འདི་ལ་སོ་སོར་རྩེ་གཞུང་ཞང་ཕྱུགས་སྨན་ས་ཚིགས་དང་རྩེ་གཞུང་ཞང་འཕྲོད་བསྟེན་ཁང་ཟེར་ལ། འཕྲོད་བསྟེན་ཁང་འདི་ནི་ངའི་ཨ་མའི་ལས་ཁུངས་ཡིན། རྒྱ་ལམ་གྱི་ཁ་གཏད་ན་ད་དུང་ངའི་ཨ་ཅེས་སློབ་སྦྱོང་བྱེད་སའི་སློབ་ཆུང་དང་ཡིད་རྟོན་དངུལ་ཁང་། ཚོང་ཁང་སོགས་ཀྱང་ས་གྱང་གྲུ་བཞི་རེས་བསྐོར་ནས་ཡོད། མདོར་ན་འདི་ནི་ལོ་ངོ་སུམ་ཅུ་ལྷག་གི་ལོ་རྒྱུས་ལས་མེད་ལ། ལོ་ངོ་སུམ་ཅུ་ལྷག་ལ་འགྱུར་ལྡོག་ཅི་ཡང་མེད་པའི་རྩྭ་ཐང་གི་གྲོང་རྡལ་ཆུང་ཆུང་ཞིག་ཡིན། མཚམས་རེར་གྲོང་རྡལ་གྱི་མཐའ་འཁོར་གྱི་འབྲོག་ཁྱིམ་ཚོའི་ནོར་ལུག་རྣམས་སྲང་ལམ་དང་ལས་ཁུངས་སོ་སོའི་ར་སྐོར་ནང་དུ་ཡན་འདུག་པ་དང་། ཚྭ་སྐོམ་གྱིས་གདུང་བའི་རྔ་བྲན་དང་ནོར་ནག་ལ་ལས་ཉིན་ལྟར་མི་རྣམས་ཀྱི་གཅིན་པ་བཏང་ཤུལ་གྱི་གྱང་རྩ་བལྡགས་ཏེ་རྐོ་རུ་བཟོས་ཡོད།

  གྲོང་རྡལ་འདིའི་མཐའ་འཁོར་ན་འབྲོག་ཁྱིམ་འགའ་ཡོད་པའི་ཁྲོད་ཀྱི་ཆེས་ཆེ་ཞིང་ཆེས་གསར་བའི་སྦྲ་ནག་དེ་ནི་ང་རྒྱུན་དུ་འགྲོ་མྱོང་བའི་ཁྱིམ་ཚང་ཞིག་ཡིན་ལ། ཉིན་འགའི་སྔོན་ལ་དེ་ཚང་གི་སྐྱེས་པས་མཛོ་གཡག་གཉིས་ལ་སྒ་སྟོང་བསྟད་དེ་སྣ་སྦྲེལ་བྱས། རང་ཉིད་རྟ་ལ་བཞོན་ཏེ་རྩེ་ཆུའི་འབབ་ཕྱོགས་སུ་དེད་སོང་སྟེ་ཕྱི་ཉིན་རིང་ཐུང་སྦོམ་ཕྲ་མེད་པའི་ཀ་ར་ཁལ་གཉིས་ཀྱི་སྟེང་ལ་རིང་ཐུང་སྦོམ་ཕྲ་མེད་པའི་ཕུར་བ་མང་པོ་བཀལ་ནས་ཡོང་། ཁོ་ཚང་ལ་སྔོན་མ་ནས་རེ་ལྡེ་ཐགས་མགོ་མང་པོ་ཡོད་པའི་ཁར་ན་ནིང་དཔྱིད་ཀར་གློ་བུར་དུ་བུད་མེད་མང་པོ་བོས་ཡོང་སྟེ་རྩིད་པ་བསེད་ནས་ཡུས་མར་བཅོས། དབྱུག་པ་སྦོམ་པོ་མི་དར་མའི་རྗེ་ངར་འདྲ་བ་གཉིས་ས་ལ་བཙུགས། གཅིག་གི་སྟེང་ལ་ཤིང་འཕྲུས་ཤིག་བཅིངས། ད་དུང་སུ་ཚང་ནས་རྭ་འཕྲུས་ཤིག་གཡར་ཡོང་སྟེ་དབྱུག་པ་གཅིག་གི་སྟེང་ལ་བཅིངས་རྗེས་བུད་མེད་གཅིག་ས་ལ་ཙོག་སྟེ་ལག་པ་གཅིག་འཐེན་གཅིག་ལྷོད་རེས་མོས་ཀྱིས་འཕྲུས་འཐེན་པ་དང་། བུད་མེད་གཅིག་ཡར་ལངས་ནས་ཕྱིར་བཀྱེད་བྱེད་བཞིན་རྩིད་པ་རྨེལ་ཏེ་རྩིད་སྐུད་འདོམ་པ་ཉི་ཤུ་སུམ་ཅུ་ཙམ་བཀལ་རྗེས་ཉིས་རྐྱ་བྱས་ནས་གྲུ་གུར་བསྒྲིལ། སློབ་གྲྭའི་སྤོ་ལོ་དང་འདྲ་བའི་གྲུ་གུ་དེ་དག་གིས་རེ་ལྡེ་ཐགས་མགོ་མང་པོ་བཏགས་རྗེས་སྦྲ་ཆེན་པོ་འདི་བཟོས། ཉིན་ཞིག་གི་ཞོགས་པར་བསང་ཕུལ་བ་དང་དུང་བུས་པས་ང་རང་མཚར་མཚར་གྱིས་བརྒྱུགས་སོང་བ་ན་སྦྲ་འདི་འབུབས་ཀྱིན་འདུག་ལ། སྦྲ་ཕུབ་ཚར་རྗེས་ཀ་ར་དང་རྡེའུ་ཧྲུག སིལ་ཏོག གྲོ་ཐུད་ཀྱིས་སྡེར་ཁ་བཤམས་ཏེ་སྟོན་མོ་བྱས་པར་མི་མང་ཤོས་ཀྱིས་རས་དང་དར་ཟབ། མར་དང་ཆུར་བ་ཁྱེར་ཡོང་བ་དང་། གཉེན་ཉེ་དང་གྲོགས་པོ་འདང་ཆེན་འགའ་རེས་ནོར་ནག་དང་རྔ་བྲན་ཁ་ཆུང་གི་རྣ་ཅོག་གཉིས་ཀར་དར་ཚོན་སྣ་ལྔའི་མཚོན་དོན་གྱི་རས་ཤར་སོར་དོ་ཙམ་གྱི་རྣ་ཚར་རེ་བརྒྱུས་ནས་དེད་ཡོང་སྟེ་རྟེན་འབྲེལ་ཞུས་ཤིང་ཟ་འཐུང་ལ་རོལ།

  འབྲོག་ཁྱིམ་འདི་ཚོའི་བྱིས་པ་དག་ནི་ང་རང་ཧ་ཅང་འདྲིས་ལོབས་སུ་གྱུར་པའི་རྩེད་གྲོགས་ཡིན། ས་སྲོད་དུས་སུ་སྦྲ་ནག་རེ་རེའི་ཁ་ཚུབ་ལས་དུ་བ་སྔོན་པོ་དལ་བ་དལ་བས་འཕགས་ཤིང་། མཐོན་མཐིང་གི་སང་རས་ཡུག་གཅིག་དང་འདྲ་བར་བར་སྣང་ལ་འཁྱུག་འདུག་དུས་གྲོང་རྡལ་གྱི་སྲང་ལམ་ཉུལ་འདུག་པའི་སེམས་ཅན་རྣམས་ལས་མང་ཤོས་རང་འགུལ་དང་། འགའ་རེ་བདག་པོ་ཡོང་ནས་རང་རང་གི་ལྷས་ལ་དེད་འགྲོ། དེ་དུས་ངའང་འབྲོག་ཁྱིམ་འདི་ཚོའི་བྱིས་པ་རྣམས་དང་མཉམ་དུ་ཉིན་གང་བོར་རྩེ་ཆུའི་འགྲམ་དུ་ཆུ་རྩེད་བྱས་ཤིང་། ཁ་སྐོམ་པ་དང་ཕོ་ལྟོགས་དུས་སུ་ཞིག་དང་མཉམ་དུ་དེ་ཚང་ལ་བརྒྱུགས་ཏེ་འོ་འཁྱག་དཀར་ཡོལ་གང་འཇོང་བའམ་ཡང་ན་རྩམ་སྐྱ་འོ་མའི་ནང་ལ་དཀྲུགས་ཏེ་བཟའ་ཙམ་བྱས་རྗེས་སླར་ཡང་རླབས་ཆེན་གྱི་ལས་ཀ་ཞིག་གི་མཇུག་སྐྱོང་བ་ནང་བཞིན་བྲེལ་འཚུབ་ཀྱིས་ཆུ་འགྲམ་དུ་བརྒྱུགས་ཏེ་གང་འདོད་ཀྱིས་བེའུ་བཟུང་ནས་ཞོན་པ་དང་། ཆུ་རྩེད་འདམ་རྩེད་བྱས་ཏེ་རྐང་ལག་དང་ངོ་གདོང་ཡོངས་རྫོགས་འདམ་གྱིས་དཀྲིས་ནས་ཁྱིམ་དུ་ལོག་པའི་དུས་ཡིན། ད་ལྟ་བསམས་ན་དེ་ནི་ང་ལ་སེམས་ཁྲལ་དང་འགན་འཁྲི། གནོན་ཤུགས་དང་འགྲན་རྩོད་ཅི་ཡང་མེད་པའི་ཆེས་སྤྲོ་སྐྱིད་ཀྱི་དུས་སྐབས་ཤིག་ཡིན་པ་འདྲ་ལ། ད་དུང་རྩེ་ཆུ་ཧ་ཅང་བྲུག་པའི་ཉིན་ཞིག་ལ། ང་ལས་ལོ་ན་ཆུང་ཞིང་། མཁུར་ཚོས་གཉིས་ཀ་ཤིན་ཏུ་དམར་བའི་བུ་མོ་ཞིག་ཆུས་ཁུར་ཏེ་རྩེད་གྲོགས་གཞན་རྣམས་ཧ་ལས་ཤིང་ཧོན་ཐོར་ནས་སྡོད་སྐབས་ང་རང་འདང་རྒྱག་མེད་པར་ཆུ་ལ་བརྒལ་ཏེ་བུ་མོ་དེ་སྐྱོབ་རྩིས་བྱས། ཆུ་དེ་ངའི་ལྟེ་བའི་མཚམས་སུ་སླེབས་པའི་སྐབས་སུ་ཏག་ཏག་ངའི་རྐང་པ་གཡས་པ་རྡོ་ལོག་ཅིག་གི་སྟེང་ནས་ཤུད་དེ་ཆུ་ནང་ལ་འགྱེལ་པ་དང་མཉམ་དུ་མིག་ཟུང་ནག་འཐིབ་བེར་སོང་བ་དང་རྣ་ནང་ལ་འུར་སྒྲ་གྲགས་པས་ད་གཟོད་སྐྲག་སྣང་སྐྱེས་ཏེ་རྐང་ལག་བཞི་བོ་གཡུག་ཅི་ཐུབ་བྱས་ནའང་ཆུ་ཁར་གཡེང་མ་ཐུབ་པར་མ་ཟད་སྔར་ལས་མར་ལ་བྱིང་སོང་། ངས་བུ་མོ་དེ་སྐྱོབ་ཐུབ་པ་ཕར་ཞོག རང་གི་སྲོག་ཀྱང་འཆོར་ལ་ཉེ་བའི་སྐབས་དེར་མི་དར་མ་ཞིག་བརྒྱུགས་ཡོང་ནས་བུ་མོ་དེ་དང་ངེད་གཉིས་ཀའི་སྲོག་བསྐྱབས་བྱུང་། ངས་བུ་མོ་དེ་སྐྱོབ་མ་ཐུབ་ནའང་ཚང་མས་ངེད་གཉིས་ཀྱི་སྲོག་སྐྱོབ་མཁན་གྱི་མི་དར་མ་དེ་ལས་ཀྱང་ང་ལ་བསྟོད་བསྔགས་བྱས་པ་དང་། བུ་མོ་དེའི་ཁྱིམ་བདག་གིས་ང་ལ་འབུ་རས་ཀྱི་ཚི་ལེན་བཟོ་མགོ་ཞིག་གི་སྟེང་ལ་ཁ་བཏགས་ཤིག་བཞག་ནས་བྱིན། ང་ནི་རང་ལས་གཞན་གཅེས་པའི་བྱིས་པ་དཔའ་བོ་དང་ཡ་རབས་ཀྱི་དཔེ་མཚོན་དུ་གྱུར་ཏེ་ཟླ་འགའི་སྔོན་ལ་ང་ནི་བྱིས་པ་པྲ་ཆལ་དང་། ཐ་ན་ཉེན་ཁ་ཅན་དུ་ངོས་འཛིན་བཞིན་པའི་ལྟ་ཚུལ་དེར་རྩ་བའི་ཆ་ནས་འགྱུར་ལྡོག་བྱུང་།

  ང་རང་ཏག་ཏག“北京”རྟགས་ཅན་གྱི་ལྗིབ་འཁོར་སྒོ་ཁར་བཞག་ཡོད་པའི་རང་ཁྱིམ་དུ་འཛུལ་གྲབས་བྱེད་སྐབས་ཁྱིམ་ན“དབང་རྒྱལ......”ཞེས་ངའི་སྐོར་ཁ་བརྡ་བྱེད་བཞིན་ཡོད་པས་ང་མཚར་སྣང་གིས་ཁྱིམ་ལ་མ་འཛུལ་བར་ལྐོག་ཉན་བྱས་ཚེ་ཨ་ཕས“རྒྱ་སྐད་དག་མོ་ཞིག་བཤད་མ་ཤེས་ན་དཀའ་མོ་རེད། དེའི་མ་ཚད་ད་དུང་ཇེ་དཀའ་ནས་ཇེ་དཀའ་ཡིན་པ་འདྲ། མི་འགྱང་བར་རྒྱ་སྐད་རྒྱ་ཡིག་མ་ཤེས་ན་ལས་བྱེད་ནང་དུའང་ཚུད་དཀའ་བ་འདྲ། འདི་ནི་རྫོང་གི་མགོ་ཁྲིད་ཚང་མས་རང་གི་བྱིས་པ་རྒྱ་ཡིག་གི་སློབ་གྲྭར་སྐྱེལ་བཞིན་ཡོད་པ་དང་། ཐ་ན་ཨ་ལགས་འབྲོང་ཚང་གིས་ཀྱང་རང་གི་བུ་མོ་རྒྱ་ཡིག་གི་སློབ་གྲྭར་བཞག་ཡོད་པ་འདིས་ཀྱང་གསལ་པོར་མཚོན་ཡོད། ཨེ——ཕར་བལྟས་ན་ཞི་མོའང་བོད་ཡིག་གི་སློབ་གྲྭར་བཞག་པ་དེ་རྩ་བ་ནས་འཆུགས་སོང་། ཡིན་ནའང་ད་ནི་མོ་ལོ་རིམ་གསུམ་པར་བུད་ཟིན་པས་ཐབས་མེད། གང་ལྟར་ཞི་ལུའི་མདུན་ལམ་འཆུག་མི་རུང་།”ཟེར།

  ཨ་མས“ཡིན་ནའང་འདི་ན་རྒྱ་ཡིག་གི་སློབ་གྲྭ་མེད་པས་བོད་ཡིག་འདོན་དུ་འཇུག་རྒྱུ་ལས་ཐབས་ཅི་ཡོད།”ཟེར།

  “དེའི་ཕྱིར་རྫོང་མཁར་ལ་བསྐྱལ་དགོས་རྒྱུ་རེད།”

  “རྫོང་མཁར་ནའང་གཏན་སྡོད་བྱེད་པའི་རྒྱ་ཡིག་གི་སློབ་གྲྭ་མེད་པ་མིན་ནམ། གལ་ཏེ་ཡོད་ནའང་ཞི་ལུ་ད་རུང་ལོ་ཆུང་བས་རང་མགོ་གང་ནས་ཐོན།”

  “གནས་སྐབས་རྫོང་མཁར་ནས་ཁང་པ་ཞིག་བཙལ་ཏེ་ངའི་ཨ་ཕ་ཨ་མ་གཉིས་ཀར་དབང་རྒྱལ་སྙོར་དུ་འཇུག་དགོས་འདུག ལོ་གཅིག་གཉིས་ཙམ་གྱི་རྗེས་སུ་འུ་གཉིས་ཀྱང་རྫོང་མཁར་དུ་ལས་གནས་སྤར་ཐུབ་རྒྱུ་རེད།”

  “དེས་ན་འུ་གཉིས་ལས་གནས་སྤར་རྗེས་ཞི་ལུ་སློབ་གྲྭར་བཞག་ནའང་འཕྱི་མེད། ཁོ་ད་རུང་ལོ་ཆུང་།”

  “སྐད་རིགས་གཞན་ཞིག་སློབ་པ་དང་། ལྷག་པར་དུ་དེའི་སྒྲ་གདངས་དག་མོ་ཐོན་དགོས་ན་ལོ་ཅི་ཙམ་ཆུང་ན་དེ་ཙམ་བཟང་། དེའི་ཕྱིར་འགོར་འགྱང་བྱེད་མི་རུང་།”

  “རྒྱ་སྐད་ཚིག་གཅིག་མི་ཤེས་པར་རྒྱ་ཡིག་གི་སློབ་གྲྭར་བཞག་ན་དཀའ་རྒྱུ་རེད།”

  “ལོ་ཆུང་དུས་རྒྱ་ཡིག་གི་སློབ་གྲྭར་བཞག་ན་ལོ་གཅིག་ཀྱང་མ་འགོར་བར་རྒྱ་སྐད་བཤད་ན་རྒྱ་དང་ཁྱད་པར་མེད་ཅེས་ཚང་མས་བཤད་ཀྱིན་འདུག”

  “......”

  འོ། མ་གཞིར་ཁོ་ཚོས་ང་རང་སློབ་གྲྭར་མངག་རྒྱུ་དེའི་སྐོར་གླེང་གིན་འདུག འདི་ནི་སྔ་མོ་ནས་གླེང་གིན་འདུག་པས་ང་ལ་དགའ་སྤྲོ་སྐྱེ་རྒྱུ་མེད་ལ། སེམས་པ་སྡུག་རྒྱུའང་མེད། དེ་བས་ཀྱང་ཡ་མཚར་རྒྱུ་མེད། ཡིན་ནའང་ངའི་བློ་ཡིད་ལས་འདས་པ་ནི་ང་རང་ཨ་ཅེས་སློབ་སྦྱོང་བྱེད་བཞིན་པའི་ཞང་གི་སློབ་ཆུང་ལ་མངག་རྒྱུ་མིན་པར་ནང་མི་དང་ཁ་གྱེས་ཏེ་རྫོང་ཐོག་ལ་འགྲོ་དགོས་པ་དེ་རེད། སྔོན་ཆད་ཨ་ཕ་ཨ་མ་གཉིས་ཀ་དུས་མཉམ་དུ་སློབ་སྦྱོང་སོགས་ལ་འགྲོ་དུས་ང་རང་ཨ་མེས་དང་ཨ་ཕྱི་གཉིས་ཀའི་རྩིབ་ནས་བསྡད་མྱོང་ལ། ཁོང་གཉིས་ཀས་ང་ལ་ཧ་ཅང་གཅེས་པ་དང་། ཕ་མ་གཉིས་ལས་རང་དབང་སྟེར་བས་ཁོང་གཉིས་དང་མཉམ་དུ་འདུག་དགོས་ན་དེའང་མི་བཟང་རྒྱུ་མེད། དེ་ལྟར་བསམ་བཞིན་ངའི་མིག་ལམ་དུ་ཨ་མེས་ཀྱི་དམར་གོག་ཏུ་གྱུར་པའི་སྤྱི་བོ་དང་ཨ་ཕྱིའི་ལན་བུ་ཐལ་མདོག་ཅན་གྱི་མགོ་བོ། ཁོང་གཉིས་ཀའི་སྐྱོ་མདོག་ཅི་ཡང་མེད་པར་ནམ་ཡང་དགའ་འཛུམ་འཛུམ་གྱི་ངོ་གདོང་ཤར་བ་དང་། དུས་མཚུངས་སུ་ང་ལ་ཁོང་གཉིས་ཤིན་ཏུ་དྲན་པའི་སྣང་བ་ཞིག་སྐྱེས།

  དགའ་འོས་པ་ཞིག་ནི་རིང་པོ་མ་འགོར་བར་ཨ་ཕས་ངེད་བཟའ་མི་རྣམས་རླངས་འཁོར་ནང་ལ་བཞག་ཅིང་། ཁོས་དངོས་སུ་རླངས་འཁོར་བསྐོར་ནས་རྫོང་མཁར་དུ་སོང་། ཁང་པ་གྱན་གང་བཙལ། ཉེར་མཁོའི་ཅ་ལག་རྣམས་བསྒྲིགས། དེ་བས་ཀྱང་དགའ་འོས་པ་ཞིག་ནི་ཚོན་ལྡན་བརྙན་འཕྲིན་ཆུང་ཆུང་ཞིག་ཀྱང་ཉོས་པས་ངས་སྔོན་ཆད་རྫོང་མཁར་དུ་ནམ་ཡང་བརྗེད་ཐབས་མེད་པའི་འགུལ་རིས་བརྙན་འཕྲིན་དུམ་བུ་ཞིག་ལ་བལྟས་མྱོང་བ་དེའི་རིགས་ལ་ལྟ་ཐུབ་པར་གྱུར་པ་དེ་རེད། ཨ་ཕས་མུ་མཐུད་དུ་རླངས་འཁོར་བསྐོར་ཏེ་རུ་ནང་ལ་སོང་ནས་ཁོའི་ནུ་བོ་སྟེ་ངའི་ཨ་ཁུའི་བུ་ཡང་ང་དང་མཉམ་དུ་རྒྱ་ཡིག་གི་སློབ་གྲྭར་འཇོག་དགོས་པ་དང་། དེ་ལྟར་བྱས་ན་རྗེས་སུ་མདུན་ལམ་ཡོད་རབས་བཤད། ཡིན་ནའང་ངའི་ཨ་ཁུས“ཞི་ལུ་ད་རུང་ལོ་ཆུང་བས་སློབ་གྲྭར་འཇོག་རྩིས་མེད་ལ། རྗེས་སུ་གལ་ཏེ་སློབ་གྲྭར་མངག་ནའང་བོད་ཡིག་གི་སློབ་གྲྭར་མངག་རྒྱུ་ཡིན།”ཟེར། དེ་ནས་ཁོང་གཉིས་བར་ལ་ཁ་རྩོད་ཅིག་བྱུང་སྟེ་ཨ་ཕ་ཁོང་ཁྲོ་ལངས་ནས་ཇ་ཡང་མ་འཐུང་བར་ངའི་ཨ་མེས་དང་ཨ་ཕྱི་གཉིས་རྫོང་མཁར་དུ་ཁྲིད་ཡོང་བ་ད་དུང་ངའི་སེམས་ན་གསལ་པོར་ཡོད།

  ཉིན་འགའི་རྗེས་སུ་སློབ་མགོ་རྩོམ་དུས་ང་རང་རྒྱ་ཡིག་སློབ་ཆུང་ནང་ཐོ་འགོད་བྱས་པ་དང་། ང་ལ་རྒྱ་ལྭ་གསར་བ་ཆ་ཚང་ཞིག་ཉོས། སྐྲ་བཞར་ཁང་ཞིག་ཏུ་ཁྲིད་སོང་སྟེ་མགོ་སྐྲ་སྲབ་མོར་བཞར་དུ་བཅུག དེ་ནས་ཡང་ཁྲུས་ཁང་ཞིག་ཏུ་ཁྲིད་དེ་ལུས་པོ་གཙང་མར་བཀྲུས། སློབ་གྲྭའི་སྒྲིག་ལམ་བརྩི་དགོས་པ་དང་སློབ་སྦྱོང་ལ་འབད་པ་བྱེད་དགོས་པ། དགེ་རྒན་དང་ཨ་མེས་ཨ་ཕྱི་སོགས་ཀྱི་ཁ་ལེན་ཚིག་བརྩི་བྱེད་དགོས་པ་སོགས་ལུང་བ་གང་བཤད་རྗེས་ཨ་མས་མིག་ཆུ་གཏོང་བཞིན་ཁོ་ཚོ་ཕྱིར་ཞང་ཐོག་ལ་བུད་སོང་།

  གཉིས།

  ངའི་བློ་ཡིད་ལས་འདས་པའི་མནར་གཅོད་ཅིག་ནི་ཞོགས་པ་རེ་རེར་ང་རང་རྨི་ལམ་སྐྱིད་པོའི་ཞིང་ཁམས་ན་ཡོད་དུས་ཨ་མེས་དང་ཨ་ཕྱི་གཉིས་ཀྱིས་གཅེས་མ་བཙན་གྱིས་གཉིད་ལས་བསླངས་ཏེ་སློབ་གྲྭར་སྐྱེལ་བ་དེ་རེད། དེ་དུས་ད་ལྟའི་འདི་འདྲའི་རླངས་འཁོར་མང་པོ་མེད་པས་སྲང་ལམ་དུ་འགྲིམ་འགྲུལ་དོན་རྐྱེན་ཕལ་ཆེར་མེད་མོད། འོན་ཀྱང་ཉེན་ཁ་གཞན་ཞིག་ཡོད་པ་ནི་ཉིན་རེ་ནས་ཉིན་རེར་ཇེ་མང་དུ་འགྲོ་བཞིན་པའི་རྒྱུད་སྦགས་ཁྱི་ལྡོམ་ཧ་ཅང་མང་བ་དང་། དེ་ཚོས་བྱིས་པ་དང་བུད་མེད་ཁེར་འགྲོ་བ་ལ་འཇབ་རྒོལ་བྱས་པའི་དོན་རྐྱེན་རྒྱུན་དུ་འབྱུང་གིན་འདུག་པ་དེ་རེད། འདི་འདྲའི་དོན་རྐྱེན་ངས་ཀྱང་དངོས་སུ་མཐོང་མྱོང་སྟེ། ཉིན་ཞིག་ཨ་མེས་ངེད་གཉིས་དང་བར་ཐག་མི་རིང་བའི་ས་ན་ཁྱི་ལྡོམ་དམར་དམར་ཞིག་འགྲོ་བཞིན་པ་དེས་གློ་བུར་དུ་བུ་མོ་ཁེར་འགྲོ་ཞིག་གི་གདོང་བསུས་ནས་བརྒྱུགས་ཏེ་མཆོང་ཐེངས་གཅིག་གིས་བུ་མོ་དེ་གན་རྐྱལ་དུ་མནན། དོན་དངོས་སུ་དེ་ནི་“འཇབ་རྒོལ”མ་ཡིན་པར་མངོན་སུམ་འཛེམ་མེད་དང་རྒྱལ་ཁྲིམས་སྣང་མེད་ཀྱིས་གཞན་གྱི་ཚེ་སྲོག་ལ་གནོད་འཚེ་བཟོས་པ་རེད། དགའ་འོས་པ་ཞིག་ལ་ཨ་མེས་ཀྱིས་སྐད་བརྒྱབ་ནས་ཕར་བརྒྱུགས་པས་འདྲེ་ཁྱི་དེས་བུ་མོ་དེ་ལ་རྨས་སྐྱོན་བཟོ་ཁོམ་མ་བྱུང་བར་གློད་བྱུང་། འདི་འདྲའི་ཉེན་ཁའི་དབང་གིས་ང་དང་འདྲ་བའི་སློབ་ཆུང་གི་སློབ་མ་ཚོ་ངེས་པར་དུ་ཁྱིམ་བདག་གིས་ཕར་སྐྱེལ་ཚུར་ལེན་བྱེད་དགོས།

  ཞོགས་པ་སྔ་མོར་ང་རང་གཉིད་མ་སད་ཀྱི་ངང་དཔེ་ཁུག་ལྗིད་མོ་ཞིག་ཁུར། ཨ་ཕྱིས་ང་རང་ཁྲིད་མ་འདྲུད་ཀྱིས་སློབ་གྲྭར་ཐོན་པ་ན་སློབ་གྲོགས་ཚོས་དུས་རབས་གཅིག་གི་སྔོན་གྱི་མི་རྒྱུད་གཞན་ཞིག་མཐོང་བ་ནང་བཞིན་ཧ་ཅང་མཚར་སྣང་གིས་ངའི་ཨ་ཕྱི་ལ་སྐོར་ལྟ་བྱས་ཤིང་། དེ་ཡང་གསལ་པོར་བཤད་ན་ཁོ་ཚོ་ངའི་ཨ་ཕྱིའི་སྐྲའི་ལན་བུ་ལ་མཚར་སྣང་སྐྱེ་བཞིན་འདུག དེའི་མ་ཚད་སློབ་གྲོགས་ལ་ལས་མངོན་སུམ་འཛེམ་མེད་ཀྱིས་ཕན་ཚུན་ལ་མཆུ་སྟོན་བྱས་ཤིང་། ཐ་ན་སྐད་ཕྱུང་ནས་ངའི་ཨ་ཕྱི་ལ་ཁྲེལ་དགོད་དང་འཕྱ་སྨོད་བྱས། དྲང་མོར་བཤད་ན་སྐབས་དེར་ངའི་ཨ་ཕྱི་ལྟར་དུ་མགོ་སྐྲ་ལན་བུར་སླ་མཁན་ཕལ་ཆེར་མེད་ལ། དེ་ནི་སྐབས་དེར་སྐྲ་སེར་པོར་བཟོ་མཁན་མེད་པ་ལྟ་བུ་ཡིན་པས་ཁོ་ཚོར་དེ་འདྲའི་མཚར་སྣང་སྐྱེ་བར་ཡང་ཁག་མེད། འོན་ཀྱང་དོན་དག་འདིས་ང་ལ་ངོ་ཚ་བཟོད་ཐབས་མེད་པ་བཟོས་སོང་བས་དེ་ནས་བཟུང་ངས་ཨ་མེས་ཀྱིས་ང་རང་སྐྱེལ་ལེན་བྱེད་དགོས་པའི་རེ་བ་བཏོན། བློ་ཡིད་ལས་འདས་པ་ནི་སློབ་གྲོགས་ཚོས་ཨ་མེས་ལའང་མཚར་སྣང་སྐྱེས་ཤིང་ཁྲེལ་དགོད་བྱས། དེ་ཡང་ཞིབ་ཏུ་བརྟག་ན་ཁོ་ཚོ་ངའི་ཨ་མེས་ཀྱི་ཟངས་དམར་གྱི་སྐྱོགས་དང་འདྲ་བའི་ཀླད་པ་ལ་མཚར་སྣང་སྐྱེ་བཞིན་འདུག སྣང་ཚུལ་འདིས་ངའི་སེམས་ལ་རྨ་ཁ་བཟོས་ཤིང་འདང་རྒྱག་ནང་ལ་གཡུགས། ཡ་མཚན། ཁོ་ཚོའི་ཁྱིམ་ན་ལོ་ལོན་གཅིག་ཀྱང་མེད་དམ། གལ་ཏེ་ཡོད་ནའང་ངའི་ཨ་མེས་ལྟ་བུའི་སྤྱི་ཐེར་གཅིག་ཀྱང་མེད་པ་ཡིན་ནམ། གང་ལྟར་ངས་ཨ་མེས་དང་ཨ་ཕྱི་གཉིས་ལ་ང་རང་སྐྱེལ་བསུ་བྱེད་སྐབས་ངེས་པར་དུ་ཞྭ་མོ་གོན་དུ་འཇུག་དགོས་བསམ། ཕངས་པ་ཞིག་ལ་ཁོང་གཉིས་ཀའི་ཞྭ་མོ་གཉིས་ཀ་ཧ་ཅང་རྙིང་ཞིང་ཚུགས་ཀ་བཙོག་པའི་ཁར་སྣུམ་དྲགས་ཆགས་འདུག་པས་གཅིག་བྱས་ན་སྔར་ལས་ཤུགས་རྐྱེན་ངན་པའང་འཇོག་ན་ཐང་། ང་རང་སེམས་ཁྲལ་ནང་ལྷུང་འདུག་སྐབས་གློ་བུར་དུ་ཁོང་གཉིས་ཀར་མ་རྩ་ཆུང་ཞིང་མིག་ལ་མཛེས་པའི་ཞྭ་མོ་གཉིས་བཟོ་རྒྱུ་ཡིད་ལ་དྲན། དེའི་མི་ཚད་ལེགས་སྐྱེས་གློ་བུར་བ་ཞིག་གིས་ཁོང་གཉིས་ཀར་དགའ་སྤྲོ་སྐྱེ་རུ་འཇུག་པ་དང་སེམས་འགུལ་ཐེབས་སུ་འཇུག་དགོས་བསམ། དྲང་མོར་བཤད་ན་ཁོང་གཉིས་ཀས་ནམ་རྒྱུན་ང་ལ་སྒོར་མོ་གཅིག་གཉིས་རེ་དང་། ཡང་ན་ཀ་ར་སིལ་ཏོག་རེ་སྟེར་གྱིན་ཡོད་ནའང་ངས་ཁོང་གཉིས་ཀར་ལེགས་སྐྱེས་གཅིག་ཀྱང་ཕུལ་མ་མྱོང་། ངས་དེ་མ་ཐག་ཁོང་གཉིས་ཀས་མི་མཐོང་ས་ནས་ཞྭ་མོ་གཉིས་བཟོས་ཏེ་གློ་བུར་དུ་སོ་སོའི་མགོ་ལ་བསྐོན། བློ་ཡིད་ལས་འདས་པ་ཞིག་ལ་ཁོང་གཉིས་ཀས་ཕན་ཚུན་གྱི་མགོ་ལ་ལྟ་བཞིན་ཁ་གདངས་ཤིང་མིག་ཅེར་བ་དང་། མཚམས་ཤིག་ཕལ་ཆེར་དུས་གཅིག་ཏུ“ཨ་ཧོ། ཐན་ལྟས། རྣམ་རྟོག་ཟ་བ་ལ།”ཟེར་བཞིན་རང་རང་གི་མགོ་བོའི་ཞྭ་མོ་བླངས་ཏེ་ལྕགས་ཐབ་ནང་ལ་གཡུགས་རྗེས་སོ་སོའི་གདོང་ལ་སྡུག་བསྔལ་གྱི་ཉམས་ཤིག་ཤར་ནས་འདུག་པ་དང་། ཐ་ན་ཨ་ཕྱིའི་མིག་མཐར་མཆི་མ་ཞིག་ཀྱང་འཁོར་བྱུང་བས་ང་རང་ཡ་མཚར་ཞིང་ཅི་བྱ་གཏོལ་མེད་དུ་གྱུར།

  དེ་ཡང་ངེད་ཚང་དང་བར་ཐག་ཉེ་བའི་ས་ན་ཚོང་ཁང་ཆུང་བ་ཞིག་ཡོད་པ་དང་། དེ་ཚང་གིས་ནམ་རྒྱུན་ཤོག་སྒམ་སྟོང་བ་འགའ་རེ་སྒོ་ཁར་གཡུག་གིན་འདུག ངས་ཤོག་སྒམ་གཙང་མ་ཞིག་གིས་ཞྭ་མོ་སྙུང་དབྱིབས་གཉིས་བཟོས་པ་ཡིན་ལ། མ་གཞིར་ཤོག་ཞྭ་དེས་ལོ་མང་པོའི་སྔོན་ལ་ཨ་མེས་དང་ཨ་ཕྱི་གཉིས་ཀའི་མགོ་ལ་ཤོག་ཞྭ་རྩེ་རིང་རེ་བསྐོན་ཏེ་དེ་དུས་ཀྱི་བཤད་སྟངས་ལྟར་ན“འཐབ་རྩོད་བྱས་ནས་ལང་རྒྱུ་མེད་པ་དང་དྲི་ངན་འཐུལ་བ་བཟོས་པའི”ཡ་ང་བའི་འདས་དོན་དེ་རང་དབང་མེད་པར་མིག་ལམ་ལ་འཆར་དུ་བཅུག་པ་རེད།

  ང་ཚོ་འབྲོག་ཁུལ་ནས་ཡོང་བའི་སློབ་མ་ཚོས་རྒྱ་སྐད་ཚིག་གཅིག་ཀྱང་མི་ཤེས་པས་འོན་ལྐུགས་ཤིག་མི་ཚོགས་དཀྱིལ་ལ་སླེབས་པའམ། འབྲོག་པ་ཚོས་བཤད་སྟངས་ལྟར་ན་ཝ་སྨུག་པའི་ནང་ལ་ལྷུང་བ་ལྟ་བུའི་སྡུག་བསྔལ་མྱངས། དེའི་ཕྱིར་ང་ཚོའི་འཛིན་གྲྭའི་ནང་ན་རྒྱ་སྐད་མི་ཤེས་པའི་ས་གནས་ཀྱི་སློབ་མ་དྲུག་ཡོད་པ་དེ་ཚོ་མ་བགྲོས་རང་མཐུན་གྱིས་མི་གཉིས་རེ་ཅོག་ཙེ་གཅིག་ཏུ་བསྡད་དེ་ཕན་ཚུན་ལ་བོད་སྐད་བཤད་ཀྱིན་འདུག རྒྱུ་མཚན་ཅི་ཡིན་མི་ཤེས་མོད། ཟླ་གཅིག་ཙམ་གྱི་རྗེས་སུ་ང་ཚོའི་ཐོད་པ་ཡོངས་རྫོགས་བད་ཐོར་གྱིས་ཁེངས་པའི་འཛིན་བདག་རྒྱ་མོ་གཞོན་ནུ་མ་དེ་ངའི་ཨ་ཕ་དང་ལོ་ཚད་མཉམ་པའི་དགེ་རྒན་ཞིག་དང་བརྗེ་སྤོར་བྱས་སོང་། དགེ་རྒན་དེ་ནི་ཐབས་ཤེས་དང་ཉམས་མྱོང་གཉིས་ཀ་ལྡན་པ་ཞིག་ཡིན་པ་འདྲ་སྟེ། ཁོང་གིས་རྒྱ་སྐད་མི་ཤེས་པའི་ས་གནས་ཀྱི་སློབ་མ་རེ་དང་རྒྱ་སྐད་ཤེས་པའི་རྒྱ་རིགས་སློབ་མ་རེ་ཅོག་ཙེ་གཅིག་ཏུ་བཀོད་སྒྲིག་བྱས་ཏེ་ང་ཚོར་རྒྱ་སྐད་ཁྲིད་དུ་བཅུག

  ང་རང་སློབ་གྲྭར་སོང་བའི་ཉིན་དེ་ནས་ངའི་མིང་ལ“དབང་རྒྱལ”མི་ཟེར་བར“ཝང་ཅེ”ཟེར་དགོས་པ་དང་། དེ་ནི་ང་གཅིག་པུ་མ་ཡིན་པར་དཔེར་ན“སྒྲོལ་མ་འཚོ”ཟེར་བའི་བུ་མོ་ཞིག་ཡོད་པ་དེའི་མིང་ལའང“ཀྲོ་མ་ཚོ”ཟེར་དགོས། “ནོར་བུ་ཉི་མ”ཟེར་བ་ཞིག་ཡོད་པ་དེའི་མིང་ལ“ནོ་རི་ཉེའུ་མ”ཟེར་དགོས། ད་དུང་“བསྟན་འཛིན”ཟེར་བ་ཞིག་ཡོད་པ་དེའི་མིང་ལ“ཧྲན་ཙེང”ཟེར་དགོས། མ་མཐར་ཡང་སློབ་གྲྭའི་ནང་དུ་དེ་ལྟར་འབོད་དགོས།

  ནོར་བུ་ཉི་མའམ“ནོ་རི་ཉེའུ་མ”སློབ་འབྲིང་དུ་སླེབས་རྗེས་མིང་འདིའི་སྟེང་ནས་ཡང་ཡང་དཀའ་རྙོག་ལ་ཕྲད་མྱོང་སྟེ། སུ་ཞིག་གིས་ཁོ་པར“ཁྱོད་ཀྱི་མིང་ལ་ཅི་ཟེར།”ཞེས་དྲིས་པ་ན་ཁོས་འདང་རྒྱག་མེད་པར“ནོ་རི་ཉེའུ་མ།(2)”ཟེར། ཕ་རོལ་བ་དེ་གལ་ཏེ་མཚོ་སྔོན་གྱི་རྒྱ་མི་ཞིག་ཡིན་ཚེ་དེ་མ་ཐག་ཁོང་ཁྲོ་ལངས་ནས་ཆེས་བཙོག་པའི་ཚིག་གིས་སྡིགས་དམོད་བྱེད་པ་དང་། ཐ་ན་ཐད་ཀར་ཁུ་ཚུར་གཅིག་བྱིན་རྗེས་ཁོ་གཉིས་ཀས་ཁྱོད་ཤི་ང་གསོན་གྱིས་དམར་འཛིང་ཐེངས་གཅིག་བྱེད་དགོས་པ་རེད།

  བསྟན་འཛིན་ནི་ང་དང་འབྲེལ་བ་ཆེས་བཟང་ཤོས་ཀྱི་སློབ་གྲོགས་ཡིན་ལ། ཁོའི་ཁྱིམ་ཐོའི་སྟེང་དུ་རྒྱ་ཡིག་གི་རུས་མིང“单增”ཞེས་བྲིས་ཡོད། དགེ་རྒན་གྱི“单”ཞེས་པའི་ཡི་གེ་འདི་རུས་ཡིན་དུས་ངེས་པར་དུ“ཧྲན”ཞེས་འདོན་དགོས་ལ། དེས་ན་ཁོའི་མིང་ལ“ཧྲན་ཙེང”ཞེས་འདོན་དགོས་ཟེར་བས་ཚང་མས་ཁོ་ལ་དེ་ལྟར་འབོད། ཅང་མ་འགོར་བར་ཁོ་རང་ཡང་དེ་ལ་གོམས་པར་གྱུར་ཏེ་ཁྱིམ་མི་ཚོས་ཁོ་ལ་བསྟན་འཛིན་ཞེས་བོས་ན་ཁོས་ཨ་ལན་མི་སྟེར་བས་བླ་འཁྱམས་སོང་ཟེར་ནས་བླ་འགུག་ཆོ་ག་ཡང་ཡང་བསྒྲུབས་ཀྱང་མ་ཕན་པར་མ་ཟད་སློབ་ཆེན་མཐར་ཕྱིན་རྗེས་རྒྱ་མོ་ཞིག་དང་གཉེན་སྒྲིག་བྱས་ཏེ་རྒྱ་ནང་ལ་ཐིམ་པར་གྱུར་ཅིང་། དེ་ནས་བཟུང་ངེད་གཉིས་ཀྱི་འབྲེལ་གཏུག་ཀྱང་མཚམས་ཆད་སོང་།

  ང་རང་དེ་འདྲའི་གནས་ཚུལ་ལ་ཕྲད་མ་མྱོང་ནའང་ང་ཚོའི་འཛིན་གྲྭའི་ནང་ན་མིང་ལ“王杰”ཟེར་བའི་སློབ་གྲོགས་ཤིག་ཡོད་པ་དེ་ནི་ང་ལ་མཚོན་ན་ཧ་ཅང་རྙོག་དྲ་ཞིག་ཡིན་པའམ། གསལ་པོར་བཤད་ན་ཁོའི་རུས་མིང་གིས་ང་ལ་དཀའ་རྙོག་གྲངས་མེད་བཟོས་མྱོང་སྟེ། དགེ་རྒན་གྱིས“ཝང་ཅེ”ཞེས་བོས་མ་ཐག་ང་རང་ཀྲོང་ངེར་ལངས་པ་ན་དགེ་རྒན་འུ་ཐུག་པའི་ཉམས་ཀྱིས“ཨ་ཡོ། ‘旺’(wàng)ཅེ་མ་རེད། ‘王’(wáng)ཅེ་རེད།”ཟེར་བ་ན་སློབ་གྲོགས་ཚང་མ་འུར་ཆིལ་ལེར་གད་མོ་དགོད་པའི་དུས་མཚུངས་སུ་ངས་རང་གིས་ངོ་གནོང་དགོས་པའི་བྱ་བ་ངན་པ་ཞིག་བཟོས་པ་ནང་བཞིན་ངོ་མདོག་དམར་པོར་འགྱུར་བཞིན་ཕྱིར་བསྡད་པ་ཡིན། དང་ཐོག་ང་ལ་མཚོན་ན“王”དང“旺”གཉིས་ཀྱི་ཁྱད་པར་འབྱེད་རྒྱུ་ནི་སྲོག་ཆགས་གྲོག་མའི་ཕོ་མོ་འབྱེད་རྒྱུ་ལྟ་བུའི་དཀའ་ངལ་ཆེན་པོ་ཞིག་རེད། ངས་དེ་འདྲའི་དཀའ་རྙོག་ཁྲོད་ནས“b p m f......”སློབ་པ་དང་། ཁྱིམ་ལ་ལོག་ནས་རྒྱ་སྐད་ཀྱི་འགུལ་རིས་བརྙན་འཕྲིན་ལ་བལྟས་པས་རིམ་བཞིན“王”དང“旺”གཉིས་སོ་སོར་ཀློག་ཤེས་ཤིང་། མཚམས་ཤིག་ང་ཚོར“我爱北京天安门……”(ང་རང་པེ་ཅིན་ཐེན་ཨན་མོན་ལ་དགའ……)ཞེས་པའི་སློབ་ཚན་ཁྲིད་སྐབས་ཐོག་མར་ངའི་མིག་ལམ་དུ་ཤར་བ་ནི་ནམ་ཡང་ངེད་ཚང་གི་སྒོ་ཁ་ན་ཡོད་པའི་ལྗིབ་འཁོར་དེ་ཡིན་པ་དང་། དེ་ལ་ང་རང་དངོས་གནས་དགའ་བོ་ཡོད། དེའི་ཕྱིར་ང་རང་ནི་འཛིན་གྲྭ་ཡོངས་ཀྱི་ནང་ནས་ཆེས་ཐོག་མར“北京”ཞེས་པའི་རྒྱ་ཡིག་འདི་གཉིས་འབྲི་ཤེས་མཁན་དུ་གྱུར་ནས་སྐར་གྲངས་མཐོ་གྲས་ཐོབ་སྟེ་དགེ་རྒན་གྱིས་ཀྱང་ཐེངས་དང་པོར་ང་ལ་བསྟོད་བསྔགས་གནང་། ཡིན་ནའང་སློབ་ཚན་ནང་བཤད་པའི་པེ་ཅིན་ནི་ལྗིབ་འཁོར་མ་ཡིན་པར་གྲོང་ཁྱེར་ཞིག་ཡིན་པ་དང་། གྲོང་ཁྱེར་དེ་ནི་སྤྱིར་བཏང་གི་གྲོང་ཁྱེར་ཞིག་མ་ཡིན་པར་ཀྲུང་གོའི་རྒྱལ་ས་ཡིན་ལ། ཐེན་ཨན་མོན་ཟེར་བ་དེ་རྒྱ་ནག་གི་རྒྱལ་པོ་སྔོན་མ་རྣམས་ཀྱི་ཕོ་བྲང་གི་མཁར་སྒོ་ཡིན། དགེ་རྒན་གྱིས་ང་ཚོར་ངེས་པར་དུ་དེ་ལ་དགའ་དགོས་པ་དང་། དགའ་དགོས་ན་ཐོག་མར་ཡི་གེ་འདི་དག་འབྲི་ཀློག་ཤེས་དགོས། འབྲི་ཀློག་ཤེས་ཡོད་མེད་དེ་རྒྱུགས་བླངས་ནས་སྐར་གྲངས་ཀྱིས་ཐག་གཅོད་བྱེད་དགོས། སྐར་གྲངས་མཐོན་པོ་ལོན་མཁན་ནི་སློབ་མ་བཟང་པོ་ཡིན་ལ། མ་འོངས་པར་ལས་བྱེད་པ་དང་ཐ་ན་དཔོན་པོ་མཐོན་པོ་སོགས་གང་ལྟར་སྐྱེ་བོ་འཇོན་ཐང་ཅན་དུ་འགྱུར་སྲིད། སྐྱེ་བོ་འཇོན་ཐང་ཅན་དུ་འགྱུར་བསམ་ན་ཆུང་དུས་ནས་སྲོག་བསྡོས་ཏེ་འབད་བརྩོན་བྱེད་དགོས་ཞེས་ཁ་ཆུ་ཕྱོགས་བཞིར་གཏོར་བཞིན་བཤད་པ་རྣམས་ངས་རྒྱ་སྐད་དེ་ཙམ་མི་གོ་ནའང་ཁོང་གི་རྣམ་འགྱུར་ལས་རགས་ཙམ་ཤེས་ཐུབ། དེས་ན་ངས་ད་ཐེངས་རང་གིས་སྐར་གྲངས་མཐོ་གྲས་ལོན་པ་དེར་དགའ་སྤྲོ་བཟོད་ཐབས་མེད་པ་ཞིག་སྐྱེས་ནས་ཨ་མེས་ང་བསུ་རུ་ཡོང་བ་མཐོང་མ་ཐག་གནས་ཚུལ་འདི་ཁོང་ལ་བཤད། ཕངས་པ་ཞིག་ལ་ཨ་མེས་དེར་ཚོར་བ་ཅི་ཡང་མེད་པ་དང་འདྲ་བར་ང་ལ་བསྟོད་བསྔགས་ཙམ་ཡང་མ་བྱས། ང་ཁྱིམ་ལ་ལོག་མ་ཐག་དགེ་རྒན་གྱིས་སྐུ་དངོས་སུ་སྨྱུག་གུ་དམར་པོས་སྐར་གྲངས་མཐོན་པོ་བྲིས་ཡོད་པའི་ལས་བྱ་འབྲི་དེབ་བླངས་ནས་དགའ་འོས་པའི་དོན་དག་འདི་ཨ་ཕྱི་ལ་བཤད་མོད། ཕངས་པ་ཞིག་ལ་མོའང་ཨ་མེས་དང་འདྲ་བར་ཚོར་བ་ཅི་ཡང་མི་འདུག དོན་དངོས་སུ་ཁོང་གཉིས་རྫོང་མཁར་དུ་ཡོང་བ་ནས་ཧ་ཅང་སུན་གྱི་ཡོད་པ་དང་། ལྷག་པར་དུ་ངས་ཁོང་གཉིས་ལ་ཤོག་བུའི་ཞྭ་མོ་བསྐོན་པ་ནས་ཁོང་གཉིས་ཀྱི་གདོང་གི་སྤྲོ་ཉམས་དེ་ཕལ་ཆེར་ཡོངས་སུ་ཡལ་འདུག

  ཉིན་འདི་གར་རྫོང་མཁར་ཡོངས་སུ་གློག་ཆད་དེ་ངས་འགུལ་རིས་བརྙན་འཕྲིན་ལ་ལྟ་ཐབས་མེད་པ་དང་། ཨ་མེས་དང་ཨ་ཕྱི་གཉིས་ཀས་སོ་སོའི་ས་ན་ཁ་ཏོན་འདོན་པ་ལས་ངས་དུས་ཡུན་རིང་པོར་དཀའ་བ་གྲངས་མེད་སྤྱད་མཐར་དེ་རིང་གཞི་ནས་རྒྱུགས་འབྲས་ཅུང་བཟང་པོ་བླངས་པ་དེ་ལབ་གླེང་ཙམ་ཡང་མི་བྱེད་པས་ང་རང་ཧ་ཅང་བློ་ཕམ་པ་དང་སུན་སྣང་སྐྱེས་ཏེ་ཁོང་གཉིས་ཀར་འཚིག་པ་ཟོས། བསམ་ཞིང་བསམ་བཞིན་ངའི་མིག་ལམ་དུ་ཁོང་གཉིས་ཀྱི་ཚི་དྲེག་ཅན་གྱི་གྱོན་པ་དང་གཉེར་མ་ཅན་གྱི་ངོ་གདོང་སོགས་མདོར་ན་ཡོད་ཚད་ཆེས་མི་སྡུག་པའི་སྣང་བརྙན་ཞིག་ཏུ་གྱུར་ཏེ་རང་ཉིད་ལ་འདི་འདྲའི་གཉེན་མི་གཉིས་ཡོད་པ་ནི་སྡུག་བསྔལ་ཞིག་ཡིན་པའི་སྣང་བ་སྐྱེས། དུས་མཚུངས་སུ་ཁྱིམ་མི་རྣམས་དྲན་ཞིང་། ལྷག་པར་དུ་ཨ་ཅེ་དྲན། གལ་ཏེ་རང་ཁྱིམ་དུ་ཡོད་པའི་དབང་དུ་བཏང་ན་སྐབས་འདིར་ཨ་ཅེས་ང་ལ《གསེར་མོ་མཚོ་དང་དངུལ་མོ་མཚོ》ཞེས་པའི་གནའ་གཏམ་དེ་བཤད་ཀྱིན་ཡོད་པའམ། ཡང་ན་ངེད་གཉིས་ཀྱིས་ཕན་ཚུན་ལ་ཁེད་བཤད་བཞིན་ཡོད་སྲིད་དེ།

  “‘ཁྱོད་ཕར་ལ་སོང་། ང་ཁྱོད་ཀྱི་ཤུལ་དུ་ཡོང་།’ ཅི་ཁེད།”

  “དེ་སུས་མི་ཤེས། ཕྱུགས་ཟོག་གིས་གོམ་པ་སྤོ་བ་རེད།”

  “‘ནག་པོ་ཁྲི་མ་འབུམ་གྱི་སྟེང་ན་གུག་གུ་ར་འཁྱིལ་ཞིག’ ཅི་རེད།”

  “རིལ་མ་སྤུངས་པའི་སྟེང་དུ་ཁྱི་ཉལ་བ་རེད།”

  “‘གཡག་བརྒྱ་ལ་སྣ་ཐག་གཅིག’ ཅི་ཁེད།”

  “ཕྲེང་བ་རེད།”

  “‘གཡག་གཅིག་ལ་སྣ་ཐག་བརྒྱ།’ ཅི་ཁེད།”

  “སྦྲ་རེད།”

  “‘སོག་པའི་ཁ་ཤན་ལྕགས་རེད། ལྟོ་བའི་ནང་རྫོངས་རྩྭ་རེད། ཁྲ་ཆུང་སྙིང་དེ་རྡོ་རེད།’ ཅི་ཁེད།”

  “དེ……དེ……”

  “མི་ཁེད་ན་རུ་བྱིན།”

  “ཁ་ལོ་བ་ཚང་བྱིན་ནི་ཡིན།”

  “མེ་ཆ་རེད།”

  ……

  ངས་བསྟུད་མར་གླལ་སྒྱིང་འགའ་བྱས་པ་ན་ཨ་ཅེས་ངའི་མགོ་ལ་བྱིལ་བྱིལ་བྱེད་བཞིན“ཨ་ཅེའི་ལོ་ལོ་གཉིད་འབབ་ཀྱིན་འདུག ད་གཉིད་ལ་ཐོངས། གཉིད་ལ་ཐོངས་དང་རྟ་ཞིག་སྟེར། རྟ་དེར་སྒ་ཞིག་བསྟད་ནས་སྟེར།”ཟེར།

  ངས་ཨ་ཅེ་ལྷག་ཏུ་དྲན་ཏེ་མིག་ཆུ་ཤོར……

  འདི་ནི་གཟའ་མཇུག་ཅིག་ཡིན་ལ། ཕྱི་ཉིན་ཨ་ཕས་རླངས་འཁོར་བསྐོར་ཏེ་ཨ་མ་དང་ཨ་ཅེ་གཉིས་ཀ་རྫོང་མཁར་དུ་ཁྲིད་ཡོང་བ་དང་། ངས་སྐར་གྲངས་མཐོན་པོ་ལོན་པ་ལ་བསྟོད་བསྔགས་ལུང་བ་གང་བྱས། ངས་གོ་སྐབས་དེ་དང་བསྟུན་ནས་ཨ་ཕ་ལ་ཨ་མེས་དང་ཨ་ཕྱི་གཉིས་ཀར་ཞྭ་མོ་གསར་བ་རེ་ཉོ་དགོས་པའི་རེ་བ་བཏོན། བསམ་ཡིད་ལས་འདས་པ་ཞིག་ལ་བཟའ་མི་ཚང་མ་ཧ་ཅང་སེམས་འགུལ་ཐེབས་ཏེ་ང་ནི་ཅི་འདྲའི་བྱིས་པ་བསམ་ཤེས་དང་ཁྲེལ་ཡོད་ཅིག་རེད་ཟེར་ནས་སྔར་ལས་བསྟོད་བསྔགས་བླ་ན་མེད་པ་བྱས་པར་མ་ཟད་དེ་མ་ཐག་ཏུ་རྒན་རྒོན་གཉིས་ཀར་ཞྭ་མོ་གསར་བ་རེ་ཉོས་པས་ང་ཁོང་གཉིས་སྐྱེལ་ལེན་དུ་ཡོང་དུས་དེ་འདྲའི་སེམས་ཁྲལ་དང་ངོ་གནོང་མི་དགོས་པར་གྱུར།

  ངའི་ཅོག་ཙེ་གཅིག་གི་འདུག་རོགས་ནི་ཁ་བརྡ་གློད་པར་ཧ་ཅང་དགའ་བའི་རྒྱ་ཁོག་གི་བྱིས་པ་ཞིག་ཡིན་ལ། ལྷག་པར་དུ་ཁོས་རང་ཉིད་གཙོ་བྱས་པའི་ཁོ་ཚང་གི་བཟའ་མི་རེ་རེའི་ཟས་གོས་གཏམ་སྤྱོད་ལས་ཀ་སོགས་ཆུ་བཞུར་བཞུར་བཤད་པའི་ཤུགས་སུ་རང་ཚང་གི་འཇོན་ཐང་ངོམ་པ་དང་། ཡང་དེའི་ཤུགས་སུ་གཞན་དག་ལ་མཐོང་ཆུང་བྱེད་བཞིན་པ་ཤེས་ཐུབ། ཁོས་བཤད་ན་རང་གི་ཕ་ཡུལ་ནི་གྲོང་ཁྱེར་ཆེན་པོ་ཞིག་ཡིན་པ་དང་། དེ་རུ་གནམ་ལ་ཐུག་པའི་ཁང་བརྩེགས་མཐོན་པོ་བགྲང་གིས་མི་ལང་ཞིང་གནམ་གྲུ་དང་མེ་འཁོར། རླངས་འཁོར་ཆེ་ཆུང་སོགས་ནི་ས་འདིའི་བྱ་བྱེའུ་འབའ་འབུ་དང་ཨ་བྲ་བྱི་ལོང་ལས་ཀྱང་མང་། ཁོ་ཚང་ལོ་རེའི་ལོ་གསར་སྐབས་སུ་མེ་འཁོར་དུ་བསྡད་ནས་ཕ་ཡུལ་ལ་འགྲོ་བཞིན་ཡོད་པ་དང་། མེ་འཁོར་ནང་དུ་ཉལ་ཁྲི་དང་ཟ་ཁང་། སྤྱོད་ཁང་སོགས་ཁྱོད་ཀྱི་ཡིད་ལ་དྲན་ཐུབ་པ་རྣམས་ཡོངས་སུ་འཛོམས། ཁོའི་ཨ་ཕས་འབྲོག་ཁྱི་གང་བཟང་ཉོས་ནས་རྒྱ་ཁོག་ཏུ་བཙོང་བཞིན་ཡོད་པ་དང་། ང་ཚོས་སྲང་ལམ་དུ་མཐོང་བའི་རྒྱུད་སྦགས་ཁྱི་ལྡོམ་དེ་དག་ཉོ་མི་དགོས་ལ་བཙོང་སའང་མེད་པས་ནམ་རྒྱུན་ཁོ་ཚང་གི་ཁ་ཟས་བྱེད་ཀྱིན་ཡོད་ཟེར། ཁོས་ཁྱི་ཚོང་རྒྱག་པའི་ལས་དེ་ནི་མ་རྩ་ཆུང་ཞིང་ཁེ་བཟང་ཆེ་བས་གཟི་བརྗིད་ཅིག་ཏུ་རྩི་བཞིན་ཡོད་པ་དང་། རིན་མེད་དུ་ཁྱི་ཤ་བཟའ་ཐུབ་པ་ནི་དེ་བས་ཀྱང་གཟི་བརྗིད་ཅིག་ཏུ་རྩི་བཞིན་ཡོད། རྗེས་སུ་ངས་ཁོ་ལ“狗老板的儿子”(ཁྱི་ཡོན་བདག་གི་བུ)ཞེས་མཚང་མིང་ཞིག་བཏགས་པས་ཚང་མས་ང་ནི་སྐྱེས་ཐོབ་ཀྱི་ཤེས་རབ་ལྡན་པ་ཞིག་རེད་ཟེར། གཅིག་བྱས་ན་མི་གཞན་ལ་མཚང་མིང་འདོགས་པར་མཁས་པ་འདི་ང་རང་བོད་པ་ཡིན་པར་འབྲེལ་བ་ཡོད་ཀྱང་སྲིད། གང་ལྟར་དེ་ནས་བཟུང་ཁྱི་ཡོན་བདག་གི་བུ་དེས་ང་ལ་འཁོན་སེམས་བཟུང་སྟེ་ངེད་གཉིས་བར་ལ་དེ་འདྲའི་ཁ་བསྲེ་ཡང་མེད་མོད། འོན་ཀྱང་ཉིན་ཞིག་ངའི་ཨ་ཕས་རླངས་འཁོར་ཆུང་བ་བསྐོར་ནས་ང་སློབ་གྲྭར་བསྐྱལ་ཡོང་བ་ཁྱི་ཡོན་བདག་གི་བུས་མཐོང་ཞིང་། ངའི་ཨ་ཕ་ཞང་ཏང་ཨུའི་ཧྲུའུ་ཅི་ཡིན་པ་ཤེས་རྗེས་ཁོས་ང་ལ་མངོན་གསལ་གྱིས་བརྩི་བཀུར་བྱེད་པ་དང་། ངས་དོན་དག་མི་ལེགས་པ་རེ་ལས་ནའང་ཁོས་ངའི་ལས་དེ་འགྲིག་རབས་བཟང་རབས་ཟེར་བར་མ་ཟད་ཐེངས་མང་པོར་ཁོ་ཚང་ལ་ཟ་མ་བཟའ་བའམ་གསལ་པོར་བཤད་ན་ཁྱི་ཤ་བཟའ་བར་མགྲོན་འབོད་ཞུས། ང་ནི་དེ་ཚང་ལ་མགྲོན་པོར་འགྲོ་བ་ཕར་ཞོག ཁྱི་ཤ་ཟེར་བ་གོ་མ་ཐག་མིག་ལམ་དུ་རང་དབང་མེད་པར་མཆེ་བ་གཙིགས་པའི་ཁྱི་མགོ་སྐམ་པོ་ཞིག་ཤར་ཡོང་སྟེ་བྲེད་ཤ་ལངས་པ་དང་ཞེན་པ་ལོག་ཡོང་བས་ན་ཁ་གཡོར་ས་སྣ་ཚོགས་བཙལ་ནས་གཡོལ་ཐབས་བྱས།

  ཧ་ཅང་འཁྱག་པའི་དགུན་ཟླ་རིང་པོ་ཞིག་ཕར་བསྐྱལ་རྗེས་མིག་ཕྱེ་དབང་མེད་པའི་དཔྱིད་རླུང་ཡུན་རིང་གཡུགས་མཐར་སྟོད་ཀྱི་རི་རྩེའི་ཁ་བ་ཞི། སྨད་ཀྱི་གཙང་པོའི་འགྲམ་དར་ཞི། རྩྭ་ཕྲན་གྱི་རྩེ་མོ་ས་ཁར་བུད་པ་སོགས་རིམ་བཞིན་གནམ་གཤིས་ཇེ་དྲོར་ཡོང་བས་ངས་ཐེངས་གཅིག་ཀྱང་བརྗེས་མ་མྱོང་བའི་རྒྱ་ལྭ་བར་འཚང་ཅན་དེ་གཞི་ནས་ཕུད། རྗེས་སུ་ང་རང་ཉིད་ཀྱང་ཡ་མཚར་དགོས་པ་ཞིག་ནི་འདི་དུས་ངས་ཕལ་ཆེར་རྒྱ་སྐད་གོ་ཐུབ་པར་མ་ཟད་མཚམས་རེར་མཉམ་མ་བཞག་པའི་བར་ནས་ཨ་མེས་དང་ཨ་ཕྱི་གཉིས་ལའང་རྒྱ་སྐད་རེ་བཤད་དེ་ཁོང་གཉིས་ཅི་བྱ་གཏོལ་མེད་བཟོ་བཞིན་འདུག་པ་དེ་རེད། སྐབས་འདིར་ངས་ད་དུང་ཨ་མེས་ཀྱི་མིང་ལ“ཡེ་ཡེ”དང་ཨ་ཕྱིའི་མིང་ལ“ནའེ་ནའེ།” ཨ་ཕའི་མིང་ལ“པ་པ།” ཨ་མའི་མིང་ལ“མ་མ།” ཨ་ཅེའི་མིང་ལ“ཅེ་ཅེ”ཞེས་འབོད་ཀྱིན་འདུག་ལ། མ་མཐའ་ཡང་ཨ་ཕ་འདི་ལ་དགའ་བོ་ཡོད་དེ། ཁོས་ཀྱང་ང་ལ“ཨེར་ཙི”ཞེས་འབོད་པ་དང་། ངས་རྒྱ་སྐད་ཤེས་འདུག་ཟེར་ནས་ཧ་ཅང་དགའ་སྤྲོ་སྐྱེས་ཏེ་བསྟོད་བསྔགས་བྱས། མཚམས་རེར་ངས་བོད་སྐད་ད་མ་དིག་རེ་བཤད་སྐབས་ཁོས“ངའི་ཨེར་ཙིས་རྒྱ་སྐད་མ་གཏོགས་བོད་སྐད་དེ་འདྲ་མི་ཤེས།”ཟེར་ནས་གཟི་བརྗིད་ཅིག་ཏུ་ངོམ་པར་བྱེད།

  སློབ་གྲྭ་ཡོངས་སུ“六·一”ཟེར་བའི་དུས་ཆེན་ཞིག་ལ་གྲ་སྒྲིག་བྱེད་བཞིན་ཡོད་པ་འདི་ནི་སྔོན་ཆད་ངའི་ཨ་ཅེ་ཡོད་སའི་སློབ་གྲྭ་དེས“དྲུག་གཅིག”བྱིས་པའི་དུས་ཆེན་ཟེར་བ་ཞིག་རོལ་བ་དེ་ཡིན་སྲིད། དེ་དུས་སློབ་གྲྭ་དེའི་སློབ་མ་རྣམས་ཀྱི་ངོ་གདོང་ཡོངས་རྫོགས་དགའ་སྤྲོས་ཁེངས་བཞིན་མེ་ཏོག་སེར་ཆེན་གྱི་གང་བུ་མང་པོ་ད་རུང་ཁ་གས་མེད་པའི་རྩེ་ཆུའི་འགྲམ་དུ་ཡོང་སྟེ་གླུ་ལེན་པ་དང་བྲོ་འཁྲབ་པ། རྒྱུག་རྩལ་འགྲན་པ། ཐག་པ་འཐེན་པ། ཆུ་རྩེད་བྱེད་པ་སོགས་ཀྱི་རྩེད་འཇོ་རོལ། ང་དང་འདྲ་བའི་སློབ་ལོ་མ་རན་པའི་བྱིས་པ་རྣམས་ཀྱང་ཁོ་ཚོའི་གྲལ་དུ་བླངས་ཏེ་མངར་ཟས་སྟེར་བ་དང་མཉམ་དུ་རྩེད་འཇོར་རོལ་བར་བྱེད། བར་སྣང་དུ་བྱ་བྱེའུ་འབའ་འབུ་རྣམས་ཀྱང་སྤང་ཐང་གི་བྱིས་པ་འདི་དག་དང་འདྲ་བར་མགྲིན་སྒྲ་སྒྲོག་ཅིང་གཤོག་རྩལ་ངོམ་བཞིན་དགའ་བའི་དཔལ་ལ་རོལ་གྱིན་འདུག་པའི་རྣམ་པ་ངའི་མིག་ལམ་ན་གསལ་ལེར་ཡོད།

  “དེས་ན་ད་ལྟ་ཕྱི་རོལ་ཏུ་མེ་ཏོག་བཞད་བཞིན་པའི་སྒང་ཡིན་ལ། ཆེས་སྐྱིད་པའི་དུས་ཚིགས་ཀྱང་མིན་ནམ།”ངས་འདི་ལྟར་བསམ་བཞིན་ཕ་མ་ཨ་ཅེ་དྲན་པ་དང་། དེ་བས་ཀྱང་ཕྱི་རོལ་གྱི་སྤང་ཐང་དང་མེ་ཏོག བྱ་བྱེའུ་འབའ་འབུ་སོགས་དྲན།

  ཕངས་པ་ཞིག་ལ་ང་ཡོད་སའི་རྫོང་མཁར་གྱི་སློབ་ཆུང་འདི་ངའི་ཨ་ཅེ་ཡོད་སའི་རྩེ་གཞུང་ཞང་གི་སློབ་ཆུང་དང་འདྲ་བར་དྲུག་གཅིག་སྐབས་སུ་སྤང་ཐང་ལ་མི་འགྲོ་བར་ངའི་ཨ་མེས་བཤད་སྟངས་ལྟར་ན“གྱང་ཆག་སྐམ་པོ”སྟེ་སློབ་གྲྭའི་ར་བའི་ནང་དུ་གླུ་ལེན་པ་དང་བྲོ་འཁྲབ་པ་སོགས་བྱ་འགུལ་མང་པོ་སྤེལ་གྱིན་འདུག བྱ་འགུལ་ཡོད་ཚད་ནང་གི་ཆེས་གཟབ་རྒྱས་ལྡན་པ་ནི་ང་རང་ཚུད་པའི་བྱིས་པ་སྐོར་ཞིག་གི་སྐེ་ལ་གོང་དམར་ཟེར་བའི་རས་དམར་པོ་ཟུར་གསུམ་ཅན་ཞིག་དཀྲིས་ཏེ་གྲལ་བསྒྲིག་ནས་ལོ་ཆུང་གདོང་ལེན་རུ་ཁག་གི་དར་ཆའི་མདུན་དུ་གཡས་ལག་ཡར་བསྒྲེངས་ཏེ་རྒྱ་སྐད་ཀྱིས“ངས་རུ་དར་འོག་ཏུ་དམ་བཅའ་འཇོག་རྒྱུ་ནི། ང་རང་ཀྲུང་གོ་གུང་ཁྲན་ཏང་ལ་དགའ་ཞིང་མེས་རྒྱལ་ལ་དགའ། མི་དམངས་ལ་དགའ། སློབ་སྦྱོང་བཟང་པོ་བྱེད་པ་དང་ལུས་རྩལ་བཟང་པོ་སྦྱངས་ཏེ་གུང་ཁྲན་རིང་ལུགས་ཀྱི་ལས་དོན་གྱི་ཆེད་དུ་ནུས་ཤུགས་འདོན་པར་གྲ་སྒྲིག་བྱེད་བཞིན་ཡོད།”ཅེས་དམ་བཅའ་བཞག་རྗེས་སྐད་གསང་མཐོན་པོས“ང་ཚོ་ནི་གུང་ཁྲན་རིང་ལུགས་ཀྱི་རྗེས་སྐྱོང་མཁན་ཡིན།……”ཞེས་རུ་གླུ་ལེན་པ་དེ་རེད།

  དུས་དེ་ནས་བཟུང་ང་ལ་རང་ཉིད་གཞན་དང་མི་མཚུངས་པའམ། མ་མཐའ་ཡང་ལོ་ཆུང་གདོང་ལེན་རུ་ཁག་ཏུ་ཞུགས་མ་ཐུབ་པའི་སློབ་གྲོགས་རྣམས་དང་བསྡུར་ན་རང་ཉིད་ཁྱད་དུ་འཕགས་པའི་སྣང་བ་ཞིག་སྐྱེ་བཞིན་འདུག དེ་བས་ཀྱང་ང་རང་དགའ་འོས་ཤིང་ང་རྒྱལ་སྐྱེ་དགོས་པ་ཞིག་ནི་ཨ་ཕ་ལ་རྫོང་རིམ་པ་གཞོན་པའི་གོ་གནས་ཐོབ་སྟེ་ངེད་ཚང་རྫོང་མཁར་དུ་སྤོར་ཡོང་ནས་ཨ་མེས་དང་ཨ་ཕྱི་གཉིས་ཕྱིར་རུ་ནང་ལ་བསྐྱལ། རྗེས་སུ་ཤེས་གསལ་ལྟར་ན་ངའི་ཨ་ཕ་ལ་ད་རག་བར་དུ་རྫོང་རིམ་པ་གཞོན་པའི་གོ་གནས་མ་རག་པ་ནི་ཁོའི་རྒྱ་སྐད་ཀྱི་སྒྲ་གདངས་མི་དག་པ་གཅིག་པུའི་རྐྱེན་གྱིས་མ་ཡིན་པར་གཙོ་བོ་རྒྱབ་རི་མེད་པས་ཡིན་འདུག དེ་ལྟ་ནའང་ངའི་རྒྱ་ཡིག་རྒྱ་སྐད་ཀྱི་ཆུ་ཚད་ཇེ་མཐོར་ཡོང་ཆེད་ཨ་ཕས་བཟའ་མི་ཡོངས་ཀྱིས་ཁྱིམ་ནས་རྒྱ་སྐད་བཤད་དགོས་པ་གཏན་ཁེལ་བྱས་ཏེ་ངའི་མིང་ལའང“ཝང་ཅེ”ཟེར་བ་ལས“དབང་རྒྱལ”ཞེས་འབོད་ཀྱི་མི་འདུག ཕངས་པ་ཞིག་ལ་ཁོ་ཚོ་ཐོག་མའི་ང་ནང་བཞིན“王”དང“旺”ཀྱི་སྒྲ་གདངས་ཁྱད་པར་མི་ཤེས་པས་ངས་ཐོག་མའི་ང་ཚོའི་དགེ་རྒན་ནང་བཞིན“‘wáng’མ་རེད‘wàng’རེད”ཅེས་དག་བཅོས་བྱས་པ་ན་ཁོ་ཚོ་ངའི་མདུན་དུ་ཇེ་གཉོམ་དུ་གྱུར་ཅིང་། ང་ལ་ཡིད་སྨོན་འཆོར་གྱིན་འདུག

  དུས་ནམ་ཞིག་ནས་ངའང་ངའི་འདུག་རོགས་ཁྱི་ཡོན་བདག་གི་བུ་དང་འདྲ་བར་སློབ་གྲྭ་ནས་ང་ཉིད་གཙོ་བྱས་པའི་ངེད་ཚང་གི་འཇོན་ཐང་གླེང་བར་དགའ་བ་དང་། རང་ཁྱིམ་དུ་རང་ཉིད་གཙོ་བྱས་པའི་ངེད་སློབ་གྲྭའི་འཇོན་ཐང་གླེང་བར་དགའ་བའི་མི་ཞིག་ཏུ་གྱུར། ལྷག་པར་དུ་ངས་ནམ་རྒྱུན་ཨ་ཅེའི་རྒྱ་སྐད་སྒྲ་གདངས་མི་དག་པ་དེར་ཁྲེལ་དགོད་དང་ཟུར་ཟ་བྱས་པས་ང་རང་དམའ་འབྲིང་མཐར་ཕྱིན་ཞིང་། ཨ་ཅེ་མཐོ་འབྲིང་མཐར་ཕྱིན་པའི་ཉིན་ཞིག་ཨ་ཅེ་འཚིག་པ་ཟོས་ཏེ“དབྱིན་ཡིག་ཆ་མ་ཆོལ་ཙམ་ཤེས་པ་དེ་མ་བརྩིས་ན་ངས་སྐད་ཡིག་གཉིས་ཤེས། དབྱིན་ཡིག་ཆ་མ་ཆོལ་ཙམ་ཤེས་པ་དེ་མ་བརྩིས་ན་ཁྱོད་ཀྱིས་སྐད་ཡིག་གཅིག་ཤེས། སྐད་ཡིག་རིགས་གཅིག་ཤེས་ན་ཀླད་པ་གཅིག་ཇེ་མང་དུ་སོང་བ་དང་འདྲ་རབས་ཟེར། དེས་ན་འུ་གཉིས་ཀའི་སུ་ལ་འཇོན་ཐང་ཡོད་པ་གསལ་པོ་མིན་ནམ།”ཟེར།

  ང་རང་ཁོང་ཁྲོ་ལངས་ཏེ“ཁྱོད་ཀྱིས་བེད་སྤྱོད་མེད་པའི་ཡིག་རིགས་ཤིག་སྦྱོང་བཞིན་པ་དེ་ལ་རིན་ཐང་ཅི་ཡོད། ཁྱོད་ཀྱིས་རང་གི་མི་ཚེ་ཆུད་ཟོས་སུ་གཏོང་བཞིན་ཡོད་པ་མི་ཤེས་སམ།”ཞེས་ངར་ངར་བྱས་པ་ན་ཨ་མས“ཆེ་ཆུང་བརྩི་བཀུར་མེད་པ་འདི་ཅི་ཡིན། རང་གི་ཨ་ཅེ་ལ་འདི་ལྟར་སྐད་ཆ་བཤད་སྲོལ་ཡོད་དམ། དྲང་མོར་བཤད་ན་ཁྱོད་ནི་རང་ཉིད་གཅིག་པུ་མ་གཏོགས་བསམ་རྒྱུ་མེད་པའི་མི་ཞིག་ཏུ་འགྱུར་བཞིན་འདུག སྡུག་ཁྱོད་འདྲ་བོས་རྒྱ་ཡིག་འགའ་ཤེས་རྗེས་རང་མི་རིགས་ཀྱི་སྐད་ཡིག་མར་ཞབས་སུ་གཅོད་པ་སྙིང་རེ་རྗེ།”ཞེས་བོད་སྐད་ཀྱིས་གཤེ་གཤེ་བཏང་།

  ངས་ནམ་རྒྱུན་ངས་རྒྱ་ཡིག་རྒྱ་སྐད་ཤེས་པར་བསྟོད་བསྔགས་ལུང་བ་གང་བྱེད་པའི་ཨ་ཕ་ལ་སྐྱབས་རེ་བའི་མིག་མདངས་ཀྱིས་བལྟས་པ་ན་ཁོས་གནད་དོན་གལ་ཆེན་ཞིག་ལ་བསམ་བློ་གཏོང་བཞིན་ཡོད་པ་ལྟར་ངོ་གདོང་ནག་རོག་གེར་འདུག་པ་ལས་ངའི་ཕྱོགས་ཀྱི་སྐད་ཆ་ཚིག་གཅིག་ཀྱང་མ་བཤད།

  དེ་ནས་བཟུང་ཁོ་ཚོས་ཕན་ཚུན་བར་ལ་བོད་སྐད་བཤད་དེ་ང་རང་ཁེར་རྐྱང་དུ་ཕུད། མ་མཐར་ཡང་ངས་དེ་ལྟར་བསམ་བཞིན་ཡོད། ཉིན་འགའི་རྗེས་སུ་ཨ་ཅེ་གྲོང་ཁྱེར་ནང་ལ་སློབ་གྲྭ་ཆེན་མོ་འདོན་དུ་བུད་སོང་། མོས་མཚམས་རེར་ང་ལ་རྒྱ་ཡིག་དང་མཚམས་རེར་དབྱིན་ཡིག་གི་ལམ་ནས་ང་དང་ཕ་མ་ཕ་ཡུལ་སོགས་དྲན་བཞིན་ཡོད་རབས་སོགས་བརྩེ་དུངས་ཀྱིས་རབ་ཏུ་ཕྱུག་པའི་འཕྲིན་ཡིག་རེ་བསྐུར་ཡོང་ནའང་ངའི་སེམས་ལ་མོས་རང་གི་ཆུ་ཚད་ངོམ་གྱིན་འདུག་བསམ་པ་ལས་སེམས་འགུལ་ཅུང་ཙམ་ཡང་མ་ཐེབས། དྲང་མོར་བཤད་ན་ངས་མོ་རང་གཏིང་བརྗེད་དུ་སོང་འདུག་ལ། དེ་ནི་ངས་ཨ་མེས་དང་ཨ་ཕྱི་གཉིས་གཏིང་བརྗེད་དུ་སོང་སྟེ་རྗེས་སུ་ང་སློབ་གྲྭ་ཆེན་མོར་ཡོད་དུས་ཨ་མེས་དང་ཨ་ཕྱི་གཉིས་སྔ་གཞུག་ཏུ་ཚེ་ལས་འདས་པའི་གཏམ་ངན་གོ་ནའང་ང་ལ་སེམས་སྡུག་ཕྲན་ཙམ་ཡང་མེད་པ་དང་འདྲ། ཁོ་ཚོ་དང་བསྡུར་ན་ངས་ནམ་ཡང་བརྗེད་ཐབས་མེད་པ་ནི་ང་རང་བྱིས་པའི་དུས་སུ་ངེད་ཚང་གི་སྒོ་ཁར་བཞག་ཡོད་པའི“北京”རྟགས་ཅན་གྱི་རླངས་འཁོར་དེ་རེད། ཨ་ཕ་ལ་ད་ལྟ“北京”རྟགས་ཅན་གྱི་རླངས་འཁོར་དེའི་རིན་གོང་ལས་ལྡབ་གཅིག་གིས་མཐོ་བའི་རླངས་འཁོར་ཞིག་ཡོད་པ་དང་། དེ་མཚམས་རེར་ངེད་བཟའ་ཚང་གང་བོས་བེད་སྤྱོད་གཏོང་བཞིན་ཡོད་ནའང་ནམ་རྒྱུན་ངེད་ཚང་གི་ར་སྐོར་ནང་ལ་འཇོག་གི་མེད་པས་དེ་ནི་ངེད་ཚང་གི་སྒེར་ལ་དབང་བའི་རྒྱུ་ནོར་མིན་པའི་འདུ་ཤེས་ཤིག་སྟེར་གྱིན་འདུག དེའི་ཕྱིར་ནམ་ཞིག་གི་ཚེ་རྦད་དེ་རང་ལ་དབང་བའི་རླངས་འཁོར་ཞིག་ཡོད་རྒྱུ་ནི་ངའི་ཕུགས་བསམ་དུ་གྱུར། ཕུགས་བསམ་འདི་ཡང་ང་རང་སློབ་ཆེན་མཐར་ཕྱིན་ནས་རིང་པོ་མ་འགོར་བར་མངོན་འགྱུར་བྱུང་། འདི་དུས་ངེད་ཚང་གི་འཚོ་བ་ལ་གནམ་ས་བླ་འོག་བརྗེས་པ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད་དེ། སྒེར་ལ་དབང་བའི་ར་སྐོར་ཆེན་པོ་ཞིག་གི་ནང་ན་ཁང་པ་གྲལ་ཤར་གཅིག་ཡོད་པ་དེ་ཆ་སྙོམས་བྱས་ན་མི་རེར་ཁང་པ་གྱན་གཉིས་རེ་ཐེམས་པ་དེ་རེད།

  འོ། དེ་རེད། ངས་ད་དུང་ང་རང་སློབ་ཆེན་སྐབས་ཀྱི་དོན་དག་གཅིག་བཤད་འདོད་ཡོད་དེ། དེ་ནི་རྒྱ་མོ་ཞིག་དང་ངེད་གཉིས་བར་གྱི་མཛའ་བརྩེ་རེད། སྤྱིར་ན་འདི་བཤད་རིན་ཅང་མེད་མོད། འོན་ཀྱང་ཐོག་མའི་མཛའ་མོ་ཟེར་བ་དེ་སྐྱེས་པ་ཞིག་གི་མི་ཚེའི་ཁྲོད་ཀྱི་དོན་དག་གལ་ཆེན་ཞིག་ལ་རྩི་བཞིན་ཡོད་པ་མིན་ནམ། མ་མཐར་ཡང་རྒྱ་མི་ཚོ་དེ་འདྲ་རེད། རྒྱ་མོ་དེའི་མིང་ལ་ཀྲང་ཆན(张倩)ཟེར་བ་དང་། ངེད་གཉིས་ཅོག་ཙེ་གཅིག་གི་སློབ་གྲོགས་ཡིན། ངས་བལྟས་ན་མོའི་གཟུགས་དང་བྱད་དབྱིབས། མིག་དང་མཆུ་སྒྲོས། སྐྲ་དང་རྣ་ཅོག་སོགས་ཡོད་ཚད་ཡིད་དུ་འོངས། ལྷག་པར་དུ་ངའི་མིག་ལམ་དུ་བུད་མེད་ཅིག་ལ་འཛོམས་དགོས་པའི་ཐོག་མའི་ཆ་རྐྱེན་ཏེ་ཤ་མདོག་དཀར་ཞིང་རེག་བྱ་ཤིན་ཏུ་འཇམ། མ་མཐར་ཡང་དང་ཐོག་ངའི་སྣང་བར་དེ་འདྲ་རེད། ལོ་གཅིག་ལྷག་གི་རྗེས་སུ་ངེད་གཉིས་སློབ་གྲོགས་ཀྱི་འབྲེལ་བ་ལས་བརྒལ་ཏེ་གཅིག་སེམས་གཅིག་ལ་ཤོར། དེ་ནས་མངོན་གསལ་གྱི་དགའ་རོགས་སུ་གྱུར་ཏེ་གཟའ་མཇུག་ཏུ་མགྲོན་ཁང་ནང་དུ་མཉམ་འདུག་བྱས། ཐ་ན་སློབ་ཁྲིད་སྐབས་སུའང་ཕན་ཚུན་ལག་པ་སྦྲེལ་བ་དང་གསང་གནས་ལའང་རེག ཐེངས་ཤིག་ངའི་ཕོ་མཚན་ཤིང་ལྟར་གྱུར་འདུག་པའི་སྐབས་སུ་དགེ་རྒན་གྱིས་ངེད་གཉིས་ཀྱི་རྒྱུན་ལྡན་མིན་པའི་རྣམ་འགྱུར་རྟོགས་སོང་བའམ་གང་ལྟར་གློ་བུར་དུ་ངའི་མིང་ནས་བོས་བྱུང་། ང་རང་ཡར་ལང་ཐབས་མེད་པས་རེ་ཞིག་མ་གོ་ཁུལ་བྱས་ནས་བསྡད་ནའང་དགེ་རྒན་གྱིས་ཡང་བསྐྱར་སྔར་ལས་སྐད་གསང་མཐོན་པོས་ངའི་མིང་ནས་བོས། ང་རང་ཐབས་ཟད་དེ་འཕོངང་ཚོས་ཕྱི་རུ་རྐྱོང་བཞིན་ཡར་ལངས། སློབ་གྲོགས་ཚོ་ངའི་ཚུགས་ཀར་བལྟས་ནས་ཁོང་དགོད་ཤོར་བ་དང་། ངའི་གདོང་ལ་མེ་བླུག་པ་ལྟར་དུ་གྱུར། དགའ་འོས་པ་ཞིག་ལ་ཁོ་ཚོས་སྐབས་འདིར་ངའི་ཕོ་མཚན་ཤིང་ལྟར་གྱུར་འདུག་པ་ཤེས་མི་སྲིད། མ་མཐར་ཡང་ངས་རང་གིས་རང་ལ་འདི་ལྟར་སེམས་གསོ་བྱས།

  ང་ཚོ་ལོ་རིམ་བཞི་བར་སླེབས་རྗེས་མོས་ངེད་གཉིས་ཀྱི་འབྲེལ་བ་དེ་སོ་སོའི་ཁྱིམ་མི་ལ་བཤད་རྒྱུའི་རེ་བ་བཏོན། ཕངས་པ་ཞིག་ལ་སྐབས་འདིར་མོར་ངས་དང་ལེན་བྱ་ཐབས་བྲལ་བའི་གཤིས་རྒྱུད་དང་གོམས་གཤིས་མང་པོ་ཡོད་པ་རྟོགས་ཡོད་ལ། ལྷག་པར་མོས་སྒོར་མོ་སྐར་མ་གང་གི་ཡོང་ཁུངས་སོང་ཤུལ་ཡང་ཕུ་འདེད་མདོ་འདེད་བྱེད་པ་དང་། ནམ་ཡང་གཞན་ལ་དོགས་པ་ཟོས་འདུག་པ་ནི་ང་ལ་མཚོན་ན་གཏན་ནས་བཟོད་སྒོམ་བྱེད་ཐབས་བྲལ། ཡང་གཅིག་བཤད་ན་ངེད་གཉིས་བཟའ་ཚང་བྱེ་རྒྱུ་དེར་ངའི་ཁྱིམ་མིར་གཏན་ནས་མོས་མཐུན་ཡོད་མི་སྲིད། དེའི་ཕྱིར་ངས་མོ་དང་ཇི་ལྟར་གྱེས་མཚམས་འཇོག་རྒྱུའི་སྐོར་ལ་བསམ་བློ་གཏོང་བཞིན་ཡོད་པ་ལས་ངེད་གཉིས་ཀྱི་དོན་དག་དེ་ཕན་ཚུན་གྱི་ཁྱིམ་མི་ལ་བཤད་འདོད་གང་ན་ཡོད། ཡིན་ནའང་མོ་ནི་ཧ་ཅང་ཨུ་ཚུགས་ཅན་ཞིག་ཡིན་པས་ངེད་གཉིས་ཀྱི་འབྲེལ་བ་དེ་མོས་རང་གི་ཁྱིམ་མི་ལ་བཤད་ཟིན་ཟེར། གོ་ཚུལ་ལྟར་ན་དང་ཐོག་མོའི་ཕ་མ་གཉེན་མི་རྣམས་རྩ་བ་ནས་འཐད་པ་མ་བྱུང་ནའང་མོས་ང་ནི་ཅི་འདྲའི་མི་གཞུང་དྲང་ཞིག་ཡིན་རབས་དང་། ལྷག་པར་དུ་ངའི་ཨ་ཕ་དཔོན་པོ་ཞིག་ཡིན་པ་དང་ངེད་ཚང་ལ་ཆ་རྐྱེན་བཟང་རབས་ལུང་བ་གང་བཤད་པ་ན་ཁོ་ཚོས་གཞི་ནས་མ་མཐར་ཡང་ང་དང་ཐེངས་གཅིག་འཕྲད་ཆོག་པར་མོས་མཐུན་བྱུང་། ང་རང་ཁོ་ཚོར་འཕྲད་འདོད་མེད་ནའང་མོས་ཨུ་ཚུགས་མཐར་སྐྱེལ་བྱས་པས་ཐབས་ཟད་དེ་མོ་ཚང་ལ་འགྲོ་རྒྱུ་ཁས་ལེན་བྱས།

  ང་ནི་འཇིག་རྟེན་ན་མཐོང་དཀོན་པའི་དོན་དག་ཡ་མཚན་ཞིག་དངོས་སུ་མཐོང་མྱོང་བའི་མི་ཞིག་གསར་འགོད་པ་མང་པོའི་དཀྱིལ་ལ་ལྷུང་བ་ལྟར་དྲི་བ་སྣ་ཚོགས་གཅིག་རྗེས་གཉིས་མཐུད་ཀྱིས་དྲིས་པ་འདི་ལྟ་སྟེ།

  “གོ་ཚུལ་ལྟར་ན་ཁྱོད་ཚོའི་ཁྱིམ་ཚང་གཅིག་གི་རྩྭ་སའི་སྟེང་ན་ལོ་རེར་སྒོར་མོ་ཁྲི་ཚོ་ཉིས་བརྒྱ་སུམ་བརྒྱའི་རིན་གྱི་དབྱར་རྩྭ་དགུན་འབུ་ཡོད་ཟེར་བ་བདེན་ནམ།”

  “གོ་ཚུལ་ལྟར་ན་ཁྱོད་ཚོར་སྒོར་མོ་མང་པོ་ཡོད་ནའང་ཚང་མ་དགོན་པ་དང་བླ་མ་ལ་འབུལ་བཞིན་ཡོད་ཟེར་བ་བདེན་ནམ།”

  “གོ་ཚུལ་ལྟར་ན་ཁྱོད་ཚོས་ནད་བྱུང་ན་སྨན་པར་མི་སྟོན་པར་ཆོས་འདོན་པ་རེད་ཟེར་བ་བདེན་ནམ།”

  “གོ་ཚུལ་ལྟར་ན་ཁྱོད་ཚོས་ཉ་ཤ་བྱ་ཤ་མི་ཟ་ཟེར་བ་བདེན་ནམ།”

  “གོ་ཚུལ་ལྟར་ན་ཁྱོད་ཚོས་ཚེ་གང་བོར་ལུས་ཕུང་མི་བཀྲུ་ཟེར་བ་བདེན་ནམ།”

  “གོ་ཚུལ་ལྟར་ན་ཁྱོད་ཚོའི་བུད་མེད་ཚོས་བྱིས་པ་སྐྱེས་པའི་ཕྱི་ཉིན་ནས་ངལ་རྩོལ་བྱེད་དགོས་ཟེར་བ་བདེན་ནམ།”

  ……

  ང་རང་ཧ་ཅང་ཁོང་ཁྲོ་ལངས་ནའང་ཅི་ནུས་ཀྱིས་ལྷོད་ལ་ཕབ་སྟེ་བསམ་གཟས་ནས་གོང་གི་དྲི་བ་རེ་རེ་བདེན་པ་ཡིན་རབས་བཤད་པ་དང་། ཐ་ན་རང་གིས་རྒྱ་སྐད་ཀྱང་དེ་འདྲ་མི་གོ་ཁུལ་དང་དེ་འདྲ་བཤད་མི་ཤེས་ཁུལ་བྱས་པ་ན་ཀྲང་ཆན་བྲེལ་བ་ལངས་ཏེ་དེ་འདྲ་གཏན་ནས་མིན་རབས་བཤད།

  “གལ་ཏེ་དེ་འདྲ་མིན་ན་མི་འདི་ཁྱོད་ཀྱིས་བཤད་པ་ལྟ་བུའི་གཞུང་དྲང་ཞིག་གཏན་ནས་མ་རེད།”མཇུག་མཐར་ཀྲང་ཆན་གྱི་ཨ་ཕས་དེ་ལྟར་བཤད་རྗེས་ང་ཕྱིར་སོང་ཆོག་པའི་བརྡ་བསྟན།

  ང་ནི་ཁུར་བོ་ལྗིད་མོ་ཞིག་མར་ཕབ་པ་ལྟ་བུའི་བདེ་སྣང་དང་རང་ཉིད་ཀྱི་འཁྲབ་སྟོན་ཤེས་རབ་ལ་ཧ་ཅང་ཡིད་ཚིམ་བཞིན་ཕྱིར་ལོག ཡིན་ནའང་ཀྲང་ཆན་ཡང་བླུན་མོ་ཞིག་གཏན་ནས་མིན་པས་མོས་ང་ལ་ཁྱོད་ཀྱིས་བསམ་གཟས་ནས་དེ་ལྟར་བཤད་པ་རེད། ཅིའི་ཕྱིར་ཞེ་ན་སྔོན་ཆད་ཁྱོད་ཀྱིས་རང་གི་ཕ་ཡུལ་འབྱོར་ཕྱུག་ལྡན་རབས་དང་། འབྲོག་པ་ཚོས་བྱ་དངོས་གསར་བ་དང་ལེན་བྱེད་སླ་བས་ཉིན་འགའ་རེའི་ནང་དུ་འཕྲུལ་རྟར་ཞོན་ནས་རྫོང་མཁར་དུ་ཡོང་སྟེ་ཁྲུས་བྱེད་ཟེར་བ་མིན་ནམ། ད་དུང་ཁྱོད་ཀྱིས་རྒྱ་སྐད་ཀྱང་མི་ཤེས་ཁུལ་བྱས་པའི་དམིགས་ཡུལ་ནི་མོ་དང་ཁ་གྱེས་འདོད་པ་རེད། རང་དང་རིགས་མཐུན་མིན་ན། དེའི་སེམས་ཁ་ཁ་སོ་སོ་ཟེར་བ་ཅིས་མ་བདེན། གལ་ཏེ་ཁ་གྱེས་འདོད་ན་མོ་ལ“ལང་ཚོའི་གྱོང་གུད་གསབ་དངུལ”སྟེར་དགོས་ཟེར།

  དེར་ང་ཡང་ཁོང་ཁྲོ་ལངས་ཏེ“ཁྱོད་ནི་མ་གཞི་ནས་ཕྱུགས་ཆུང་མ་ཞིག་མིན་པས་ཁྱོད་ཀྱི་མཛའ་བོ་སྔོན་མ་དང་ཡང་ན་དེའི་སྔོན་མ་དེས་ཁྱོད་ལ‘ལང་ཚོའི་གྱོང་གུད་གསབ་དངུལ’ཟེར་བ་ག་ཚོད་བྱིན།”ཞེས་བཤད་པ་ན་མོས་ཕེ་རིང་ཞིག་བཏབ་སྟེ་ང་ལ་འཇུས་ནས་སྲོག་བསྡོ་རྒྱུ་ཡིན་ཟེར་བ་དང་། རྗེས་སུའང་ཡང་ཡང་སྙད་རྐོ་བ། ཀྲང་ཆན་དང་ཁ་གྱེས་རྗེས་ང་ལ་མ་གཞི་ནས་འཛིན་གྲྭའི་ནང་ན་གྲོགས་པོ་གཅིག་ཀྱང་མེད་པ་སོགས་ཀྱིས་ང་རང་སློབ་ཆེན་མཐར་ཕྱིན་པའི་ལོ་དེ་སྐྱིད་པོ་ཞིག་གཏན་ནས་མ་ཡོང་།

  གསུམ།

  སོ་སོའི་ལྟོ་གོས་ཀྱི་ཆེད་དུ་ཆ་རྒྱུས་མེད་པའི་ས་ཆ་ཞིག་ཏུ་འདྲིས་ལོབས་མེད་པའི་མི་གཞན་དང་མཉམ་དུ་སྤྲོ་བ་མེད་པའི་ལས་ཀ་ཞིག་སྒྲུབ་དགོས་པ་འདི་ལ་ཆབ་སྲིད་པ་ཚོས་བཤད་སྲོལ་ལྟར་ན་མི་དམངས་ལ་ཞབས་འདེགས་ཞུ་བ་ཡིན་ཟེར། དེས་ན་ང་རང་མི་དམངས་ལ་ཞབས་འདེགས་ཞུ་རུ་སོང་ས་དེ་ནི་ཆ་རྒྱུས་མེད་པའི་ས་ཆ་ཞིག་མ་ཡིན་པར་ཏག་ཏག་ང་རང་བྱིས་པའི་དུས་ཀྱི་བེའུ་ཞོན་ས་དང་མེ་ཏོག་བཏུ་ས་སྟེ་རྩེ་གཞུང་ཞང་རེད། ངས་བསམས་ན་འདི་ནི་སྐབས་དེའི་རྩེ་གཞུང་ཞང་གི་ཞང་ཀྲང་ནི་ངའི་ཨ་ཕའི་ཕྱོགས་ཀྱི་ཡིན་པ་དེར་འབྲེལ་བ་ངེས་ཅན་ཡོད་སྲིད། ངའི་ལས་ཀ་ནི་རང་གི་ཆེད་ལས་ཏེ་ཁྲིམས་རིག་དང་འབྲེལ་བ་ཅི་ཡང་མེད་པའི་ཞང་སྲིད་གཞུང་གི་དྲུང་ཡིག་རེད།

  ང་རང་རྩེ་གཞུང་ཞང་དུ་འབྱོར་བའི་སྐད་ཅིག་མ་དེར་ཡུན་རིང་ཕྱི་ལ་འཁྱམས་མཐར་གཞི་ནས་རང་ཁྱིམ་དྲོན་མོར་སླེབས་པ་ལྟ་བུའི་དུངས་ཞེན་ཞིག་སྐྱེས་ཏེ་ས་ལྟ་ཡུལ་ལྟ་བྱེད་དགོས་བྱུང་། སྔོན་གྱི་ཁ་ཆག་སྣ་རལ་དུ་གྱུར་པའི་གྱང་ར་རྣམས་མཐོང་རྒྱུ་མེད་པར་གྱོ་མོག་ཁོག་སྟོང་གི་ར་སྐོར་བརྒྱབ་འདུག་པ་དང་། ཞང་སྲིད་གཞུང་གི་ལས་བྱེད་སྡོད་ཁང་དང་གཞུང་ལས་ཁང་ནི་རྣོ་རྩིབ་དང་རྡོ་འདམ་གྱིས་བཟོས་པའི་ཁང་བརྩེགས་སུ་བསྒྱུར་འདུག ལྷག་པར་དུ་སྔོན་ཆད་ངའི་ཨ་ཅེས་སློབ་སྦྱོང་བྱས་མྱོང་བའི་སློབ་ཆུང་དེར་སློབ་མ་ལྡབ་འགྱུར་གྱིས་ཇེ་མང་དུ་སོང་ཡོད་པ་དང་། རྣོ་རྩིབ་དང་རྡོ་འདམ་གྱིས་བཟོས་པའི་ཁང་བརྩེགས་རེ་རེའི་གོང་ཁར་སྤེན་ཏོག་དང་དུང་ཕྲེང་གི་རི་མོ་བྲིས་ཏེ་མི་རིགས་ཀྱི་ཁྱད་ཆོས་འབུར་དུ་བཏོན་འདུག་པ་ནི་མཐོ་ཚད་དང་ཡག་ཉམས་གང་ལ་བལྟས་ཀྱང་ཞང་སྲིད་གཞུང་གི་ཐོག་ཁང་དང་གཉིས་སུ་མ་མཆིས། རྫོང་མཁར་ནས་བརྐྱངས་ཡོང་བའི་བདེ་ཞིང་སྙོམས་པའི་སྣུམ་ནག་གི་གཞུང་ལམ་དེ་སྲང་ལམ་བརྒྱུད་ནས་མིག་གིས་མཐོང་རག་བར་དུ་འཐེན་ཡོད་པ་དང་། སྲང་ལམ་གྱི་འགྲམ་གཉིས་སུ་མགོ་ནས་མཇུག་བར་ཐོག་བརྩེགས་གཉིས་ཅན་གྱི་ཁང་པ་གྲལ་བསྒྲིགས་ནས་ཡོད་པའི་ཐོག་ཤོད་ཁྱིམ་ཚང་གི་སྡོད་ཁང་དང་འོག་ཤོད་ཕག་ཤ་བཙོང་ས་དང་། ཁ་ཆེའི་ཟ་ཁང་། སྔོ་ཚོད་ཚོང་ཁང་། མཱ་ཅང་ཁང་། ཅོག་ཙེ་སྤོ་ལོ་ཁང་། འཕྲུལ་རྟ་ཞིག་གསོ་ཁང་སོགས་ཡིན་ལ། རྗེས་སུ་ཤེས་གསལ་ལྟར་ན་ཁང་པ་འདི་དག་དང་པོ་སྒེར་གཞུང་གཉིས་ཀས་མ་དངུལ་བཏང་སྟེ་ཕྱུགས་དོར་རྩྭ་སྐྱོང་བྱས་པའི་འབྲོག་ཁྱིམ་རྣམས་ལ་བཟོས་པ་ཡིན་ནའང་མི་འགྱང་བར་འབྲོག་པ་ཚོས་ཁང་པ་རྒྱ་དང་ཁ་ཆེ་ལ་བཙོངས་པའམ་ཡང་ན་གླས་རྗེས་རང་ཉིད་རྫོང་མཁར་གྱི་མཐའ་ལ་བུད་སོང་ཟེར། ང་རང་ཤེས་མེད་ཚོར་མེད་ངང་རྩེ་ཆུའི་འགྲམ་དུ་སླེབས་པ་ན་རྩེ་ཆུ་མངོན་གསལ་གྱིས་ཇེ་ཆུང་དུ་སོང་འདུག་པ་དང་། སྔོན་གྱི་སྦྲ་གུར་དང་ནོར་ལུག་མཐོང་རྒྱུ་མེད་པར་སྤང་ཐང་དང་ཆུ་འགྲམ་དུ་ཁྱིམ་ལུད་དཀར་པོས་ཡོངས་སུ་གང་འདུག་པས་དེ་མ་ཐག་སེམས་པ་འཁྱག་སིབ་བེར་གྱུར།

  ཞང་སྲིད་གཞུང་ལ་སྡོད་ཁང་གི་ཆ་རྐྱེན་བཟང་བ་གཅིག་པུ་མ་ཡིན་པར་ཧ་ཅང་གཙང་བའི་ལས་བྱེད་དང་བཟོ་མིའི་ཟ་ཁང་ཡང་ཡོད། ཟ་ཁང་དུ་གློག་གི་ཐབ་ཀའི་སྟེང་ཟས་གཡོས་སྦྱོར་བྱེད་བཞིན་ཡོད་པ་སོགས་མདོར་ན་གནས་འདིས་ང་ལ་བཞག་པའི་བག་ཆགས་དང་པོ་ནི“འཕོ་འགྱུར”ཞེས་པ་འདི་ཡིན་ལ། ཐ་ན“གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འཕོ་འགྱུར”ཟེར་བའང་འདི་མིན་ན་གང་ཡིན་སྙམ་པ་དེ་རེད།

  “ཨ་ཨ། ཐ་མ་ཏི། འཕེལ་རྒྱས་མགྱོགས་པ་ལ། འཕོ་འགྱུར་ཆེ་བ་ལ། ལོ་ངོ་བཅུ་ལྷག་གི་སྔ་རོལ་དུ་ས་འདི་ན་ནོར་གྱི་སྐྱག་པ་མ་གཏོགས་འབར་རྫས་གཞན་པ་མེད།”དགོང་ཟས་བཟའ་སྐབས་ངས་རྒྱ་སྐད་བོད་སྐད་འདྲེས་མས་དེ་ལྟར་བཤད་པ་ན་ས་གནས་ཀྱི་མི་རྣམས་ཧབ་ཆ་དིར་རེ་བུད་སོང་།

  ང་རང་ནི་རྒྱ་རིགས་ལས་གྲོགས་རྣམས་དང་འདྲ་བར་ཅི་བྱུང་ཆ་མ་མཚལ་བར་ཁ་གདངས་ནས་སྡོད་སྐབས་ཇ་མ་བུད་མེད་དར་མ་དེས“ཨ་ཧོ། སྙིང་རྗེ། ད་དེང་སང་འདི་འདྲ་ཡོད་ཀི ལོ་ལོ། ཨོང་བ་ཟེར་བ་ལས་ནོར་གྱི་སྐྱག་པ་ཟེར་སྲོལ་ཡོད་པ་མ་རེད།”ཟེར།

  རེད་ཡ། དེ་གློ་བུར་དུ་ངའི་ཁ་ནང་ལ་མ་ཡོང་པ་མ་གཏོགས་ཨོང་བ་ཟེར་བ་ངས་ཀྱང་ཤེས། ཡིན་ནའང་གཞན་གྱིས་ནོར་འཁྲུལ་ཕྲ་མོ་ཙམ་གྱིས་རང་ཉིད་ལ་སེམས་གསོ་བྱེད་པར་དགའ་བ་ནི་མིའི་རིགས་ཀྱི་རང་གཤིས་ཡིན་པ་འདྲ། དེ་ནས་བཟུང་ས་གནས་ཀྱི་ལས་གྲོགས་ཚོས་ལྐོག་ཏུ་ངའི་མིང་ལ“ནོར་གྱི་སྐྱག་པ”ཞེས་འབོད་བཞིན་ཡོད། ངས་ཀྱང་ཁོག་ནས་ཁོ་ཚོའི་རྒྱ་སྐད་མི་དག་པ་ལ་མཐོང་ཆུང་བྱས་ཤིང་། སུ་ཞིག་ལ“ཁྱི་ཡོན་བདག་གི་བུ”ལྟ་བུའི་མཚང་མིང་ཞིག་འདོགས་རྒྱུའི་སེམས་ཐག་བཅད་ནའང་གནས་སྐབས་དེ་འདྲའི་མཚང་མིང་འཚམ་པོ་ཞིག་མ་རྙེད་ལ། རིམ་བཞིན་དེའི་སྐོར་བརྗེད་པར་གྱུར། གང་ལྟར་རྗེས་སུ་འདི་འདྲའི་ནོར་འཁྲུལ་མི་བཟོ་བ་དང་། ལྷག་པར་དུ་རང་གི་ལས་ཀའང་འབྲོག་པའི་འཚོ་བ་དང་ཐོན་སྐྱེད་ལ་འབྲེལ་བ་ངེས་ཅན་ཡོད་པ་ཤེས་ནས་ཐེངས་ཤིག་ང་རང་ཆེད་དུ་རྫོང་མཁར་ན་ཡོད་པའི་འབྲོག་པའི་སྲོལ་རྒྱུན་རིག་གནས་འགྲེམ་སྟོན་ཁང་ལ་ལྟ་རུ་སོང་། དེ་རུ་ངས་སྔོན་ཆད་མཐོང་མྱོང་བ་འདྲ་བའི་ཅ་ལག་མང་པོ་ཡོད་ནའང་ངས་དེ་དག་གི་མིང་ཡིད་ལ་མི་ཡོང་ལ། དེ་བས་ཀྱང་ཕངས་པ་ནི་ཅ་ལག་དེ་དག་གི་མིང་བོད་ཡིག་གིས་བྲིས་ཡོད་པ་རྣམས་ངས་གཅིག་ཀྱང་ཀློག་མི་ཤེས་པ་དེ་རེད།

  ཐེངས་ཤིག་ཞང་ཀྲང་གིས་ང་ལ་མི་འགྱང་བར་ཞང་གི་མི་དམངས་འཐུས་མི་ཚོགས་ཆེན་འཚོག་རྒྱུ་ཡིན་པས་ད་ལོའི་བྱ་བའི་སྤྱི་བསྡོམས་དང་སང་ལོའི་བྱ་བའི་འཆར་གཞི་ཕྲིས་ཤིག་ཟེར།

  ཐ་མ་ཏི། འདི་ནི་ང་ལ་མཚོན་ན་འཛམ་གླིང་གི་ལོ་རྒྱུས་འབྲི་བ་ལས་ཀྱང་དཀའ་ཁག་ཆེ་བའི་ལས་ཀ་ཞིག་ཡིན་པས་དེ་མ་ཐག་ནག་ཐོམ་མེར་གྱུར།

  ཞང་ཀྲང་གིས་ཀྱང་ངའི་ཁ་གདངས་ཤིང་ངོ་མདངས་རྦད་དེ་ཤོར་བ་མཐོང་ནས“ཧེ་ཧེ། ཁྱོད་རང་དེ་འདྲ་སྐྲག་མི་དགོས། ན་ནིང་གི་རྒྱུ་ཆ་ལ་ཟུར་ལྟ་བྱས་ཏེ་དེའི་ནང་གི་གྲངས་ཀ་རྣམས་བསྒྱུར་བ་ཙམ་གྱིས་ཆོག”ཟེར་བཞིན་ཡིག་སྒྲོམ་གྱི་ཁ་ཕྱེས་ཏེ་ཡུན་རིང་བཙལ་མ་དགོས་པར་ངའི་ལག་ལ་ཡིག་ཆ་ཞིག་བཞག་པ་ན་ང་རང་སྔར་ལས་ཀྱང་ནག་ཐོམ་མེར་གྱུར་སོང་། ཅིའི་ཕྱིར་ཞེ་ན་ཡིག་ཆ་དེ་ནི་བོད་ཡིག་ཡིན་པས་རེད། ང་རང་སེམས་ཕམ་ཞིང་ངག་འདར་བཞིན“ཡིན་ནའང……ངས……ངས་བོད་ཡིག་མི་ཤེས།”ཞེས་བཤད།

  “རྒྱ་ཡིག་གིས་འབྲི་དགོས།”ཞང་ཀྲང་གིས་ཅི་མི་སྙམ་པར“ང་ཚོའི་ཧྲུའུ་ཅི་གསར་བ་རྒྱ་རིགས་ཡིན་པས་བོད་ཡིག་མི་ཤེས། ཡང་གཅིག་བཤད་ན་ད་ལྟའི་གཞི་རིམ་ལས་བྱེད་མང་ཤོས་སློབ་གྲྭར་སོང་མྱོང་བས་རྒྱ་སྐད་ཅུང་ཙམ་གོ་ནི་རེད།”ཟེར།

  “ཡིན་ནའང……ངས་བོད་ཡིག་གི་ཡིག་ཆ་ཀློག་ཀྱང་མི་ཤེས་པས……”

  “ཨོ་རེད་རེད། ཁྱོད་རབ་བརྟན་སར་སོང་དང་། ཁོས་བོད་ཡིག་ཤེས་པས་ཁྱོད་ལ་ཡིག་ཆའི་ནང་དོན་བཤད་ངེས་རེད།”

  རབ་བརྟན་ནི་ཞང་སྲིད་གཞུང་གི་ཁ་ལོ་བ་ཡིན་ལ། ང་ལས་ལོ་ལྔ་དྲུག་ཙམ་གྱིས་ཆེ་བ་འདྲ། ཟླ་འགའི་སྔོན་ལ་ང་ཐེངས་དང་པོར་ས་འདིར་ཡོང་དུས་ཁོའི་རླངས་འཁོར་དུ་བསྡད་ནས་ཡོང་། རྗེས་སུ་ཡང་ཐེངས་འགར་ཁོའི་རླངས་འཁོར་དུ་བསྡད་ནས་རྫོང་མཁར་བར་ལ་ཕར་འགྲོ་ཚུར་འོང་བྱས། ཁོ་ནི་ཁ་བརྡ་ལ་དགའ་བའི་མི་ཞིག་ཡིན་པར་མ་ཟད་བོད་ཀྱི་གཏམ་དཔེ་བཤད་པར་དེ་བས་ཀྱང་དགའ། ལམ་བར་དུ་ངེད་གཉིས་ཀྱིས་པོ་མ(BMW)དང་པུན་ཁྲི(Benz)། ཧྥུན་ཐེན(TOYOTA)སོགས་རླངས་འཁོར་གང་བཟང་གི་སྐོར་གཙོ་བྱས་པའི་ཁ་བརྡ་མང་པོ་བྱས། ཁོ་ད་དུང་གླུ་དང་ལ་གཞས་ལེན་པར་ཤིན་ཏུ་དགའ་བ་སོགས་ཕར་བལྟས་ན་ཡོད་ཚད་ལ་ཡིད་ཚིམ་འདུག་པ་འདྲ་བའི་མི་སྐྱིད་པོ་ཞིག་ཡིན་ལ། ངེད་གཉིས་ཀར་དགའ་ཕྱོགས་འདྲ་ས་མང་པོ་ཡོད་པ་ལས་ཅུང་མི་འདྲ་ས་ནི་ཁོ་པ་བོད་ཀྱི་སྲོལ་རྒྱུན་དམངས་གླུ་དང་སྒྲ་སྙན་རྡུང་ལེན་ལ་གཞས་ལ་དགའ་བ་དང་། ང་རང་བོད་ཀྱི་དེང་རབས་གླུ་གཞས་ལ་དགའ་བ་དེ་ཙམ་རེད། ཡིན་ནའང་ཁོས་བཤད་ན་ལོ་འགའི་སྔོན་ལ་ཞང་གི་མཐའ་འཁོར་དུ་མོ་གསར་མང་པོ་ཡོད་པས་དེ་དུས་ཉལ་ཁང་ནང་ན་གློག་མེད་ནའང་སུན་སྣང་ཟེར་བ་ཡེ་ནས་སྐྱེ་མ་མྱོང་། ད་ལྟ་ཁྱིམ་ན་བརྙན་འཕྲིན་དང་སྲང་ན་མཱ་ཅང་ཁང་ཡོད་ནའང་མོ་གསར་ཚང་མ་རྫོང་མཁར་དུ་སོང་ཚར་བས་ཉི་མ་འཁྱོལ་ཐབས་མི་འདུག་ཟེར་བ་དང་། མཇུག་མཐར“ཨེ——ཁྱི་མོ་ཁྲིད་ན་ཁྱི་ཁ་ཆོད། ཞི་མོ་ཁྲིད་ན་ཉི་མ་ཆོད་ཟེར་བ་ཅིས་མ་བདེན”ཟེར་ནས་ཅུང་སེམས་ཕམ་པའི་ཚུལ་དུ་འདུག

  རབ་བརྟན་དང་ངེད་གཉིས་ཀྱིས་ཕན་ཚུན་ལ་རྒྱ་སྐད་ད་མ་དིག་དང་བོད་སྐད་ད་མ་དིག་བཤད་ཞོར་ཡིག་ཆ་དེ་ཕར་སློག་ཚུར་སློག་ཡུན་རིང་བྱས་ནའང་ཁོས་བཤད་པའི“ཕྱིར་གཏོང་ཚད”དང“མོ་ཕྱུགས་ཀྱི་བསྡུར་ཚད”སོགས་ནི་ང་ལ་མཚོན་ན་འཇིག་རྟེན་ཕྱི་རོལ་གྱི་སྐད་ཆ་ཞིག་དང་གཉིས་སུ་མ་མཆིས་པས་ང་རང་ཐབས་ཟད་དེ་ངོ་ཚ་རྒྱབ་ཏུ་གཡུགས་ནས་ཞང་ཀྲང་ལ་ལས་ཀ་འདི་རང་གིས་བསྒྲུབ་མི་ཐུབ་པ་ཁས་ལེན་བྱས།

  ཞང་ཀྲང་ཡང་སེམས་ཕམ་པའི་ཚུལ་དུ་འདུག་ནའང་མཇུག་མཐར་ཁོས“ཁག་མེད་ཀི ཁྱོད་ཀྱིས་ལྟོས་དང་། ད་ལྟའི་སློབ་གྲྭའི་སློབ་ཁང་དང་ཉལ་ཁང་། ཟ་མ། ཅོག་ཙེ་ཨོང་སྟེགས་སོགས་ནི་ཞང་སྲིད་གཞུང་ལས་ཀྱང་བཟང་མོད། འོན་ཀྱང་སློབ་མ་མང་ཤོས་སློབ་ཆུང་མཐར་ཕྱིན་དུས་ད་དུང་བོད་ཡིག་གི་ཀློག་ཡག་པོ་ཞིག་ཀྱང་འགྲོ་མི་ཐུབ། དེས་ན་ཁྱོད་ནི་ཆུང་དུས་ནས་རྒྱ་ཡིག་སྦྱངས་པ་ཞིག་ཡིན་པས་ཁག་མེད། ཡ་ཡ། ད་ང་རང་གིས་འབྲི་བ་ལས་ཐབས་མེད།”ཟེར།

  གང་ལྟར་ང་རང་རྫོང་མཁར་དུ་ཡོང་ནས་ཨ་ཕ་ལ་རང་ཉིད་ངེས་པར་དུ་བོད་སྐད་བོད་ཡིག་མེད་པའི་ལས་ཁུངས་ཤིག་ཏུ་ལས་གནས་སྤོར་དགོས་པའི་རེ་བ་བཏོན། ཡིན་ནའང་ཨ་ཕས་བཤད་ན་གཞི་རིམ་དུ་ལས་ཀ་བསྒྲུབ་རྒྱུ་ནི་འགོ་ཁྲིད་དུ་འཇོག་པའི་ཆ་རྐྱེན་ཞིག་ཡིན་པས་ངེས་པར་དུ་བཟོད་བསྲན་བྱས་ནས་མ་མཐའ་ཡང་ལོ་གཉིས་གསུམ་ཙམ་ལ་འདུག་དགོས། དེ་ནས་ང་རྒན་ཡོལ་བྱེད་རག་བར་དུ་ཁྱོད་ལ་གོ་གནས་ཤིག་ཨེ་རག་བལྟ་ཟེར་བ་དང་། དེ་དུས་ཁོས་ཀྱང་གནད་དོན་ཞིག་རྟོགས་ཡོད་པ་ལྟར“ད་དུང་གཞི་རིམ་དུ་སྡོད་པའི་གོ་སྐབས་འདི་དམ་འཛིན་བྱས་ཏེ་བོད་སྐད་དག་མོ་ཞིག་བཤད་ཨེ་ཤེས་ལྟོས།”ཟེར།

  ང་རབ་བརྟན་དང་མཉམ་འགྲོ་མཉམ་འདུག་བྱས་ཏེ་ཅི་ནུས་ཀྱིས་བོད་སྐད་བཤད་པ་དང་། ཁོས་བཤད་པའི་གཏམ་དཔེ་རྣམས་ཀྱི་ནང་དོན་དྲིས་ཤིང་བློ་ལ་བཟུང་། ད་དུང་ཁོས་ངས་ཡུན་རིང་རེ་སྨོན་བྱས་པའི་རླངས་འཁོར་སྐོར་ཐབས་ཀྱང་ཁྲིད། ངས་ཡུལ་སྲོལ་གོམས་གཤིས་ཐད་ནས་ཁོ་ལ་དྲི་བ་སྣ་ཚོགས་བཏོན་ཏེ་མདོར་ན་ཁོ་ངའི་དགེ་རྒན་དུ་བསྟེན། ཁོས་བཤད་ན་བརྙན་འཕྲིན་ནང་དུ་ཕོ་མོ་ཕན་ཚུན་འཁྱུད་སྦྱོར་དང་འོ་བྱེད་པའི་སྐབས་སུ་ང་ཚོ་ཨ་མར་ངོ་ཚ་དགོས་པ་ལས་ཨ་ཕར་ངོ་ཚ་མི་དགོས། གལ་ཏེ་བུ་མོ་ཞིག་ཡིན་ན་ཨ་ཕར་ངོ་ཚ་དགོས་པ་ལས་ཨ་མར་ངོ་ཚ་མི་དགོས་ཟེར།

  “ཨོ། མ་གཞི་དེ་འདྲ་ཡིན་འདུག”ངས་དམངས་སྲོལ་ཞིག་ཤེས་སོང་བསམས་ནས་ཐེངས་ཤིག་ཨ་ཅེ་ལ་དེ་ལྟར་བཤད་པ་ན་མོའི་ངོ་མདོག་དམར་པོར་གྱུར་ཏེ་འཛུལ་ས་མི་རྙེད་པའི་ཚད་དུ་གྱུར་པ་དང་། དོན་དག་འདི་ཨ་ཅེས་ཨ་མར་བཤད། ཨ་མ་ལྷུག་ལྷུག་དགོད་བཞིན་ཨ་ཕར་བཤད། ཨ་ཕ་ལྷུག་ལྷུག་དགོད་བཞིན་གྲོགས་པོར་བཤད། གྲོགས་པོ་ལྷུག་ལྷུག་དགོད་བཞིན་རྫོང་ཡོངས་ལ་བསྒྲགས། ཐ་མ་ཏི། མཇུག་འབྲས་ནི་ཁྱོད་ཀྱིས་ཤེས་གསལ་ལྟར་ང་རང་ནི་ངོ་ཤེས་མི་ཤེས་གཉིས་ཀས་མཛུབ་མོ་འཛུགས་ས་དང་ཁྲེལ་དགོད་བྱེད་སར་གྱུར།

  མཐོ་སྒང་གི་ཧ་ཅང་རིང་བའི་དགུན་ཁ་ཞིག་གཞི་ནས་ཕར་སོང་ཞིང་ཧ་ཅང་འཕྱི་བའི་དཔྱིད་ཀ་ཞིག་གཞི་ནས་ཚུར་སླེབས་བྱུང་། དུས་མཚུངས་སུ་དབྱར་རྩྭ་དགུན་འབུ་རྐོ་མཁན་དང་ཉོ་མཁན་རྒྱ་ཁ་ཆེ་མང་པོ་རྩེ་གཞུང་ལ་འདུས་ནས་འུར་འུར་ཟིང་ཟིང་བྱེད་བཞིན་འདུག ང་རང་མཚར་མཚར་གྱིས་དེ་དག་གི་ཁྲོད་དུ་སོང་སྟེ་གནས་ཚུལ་རྒྱུས་ལོན་ལྟ་བུ་བྱས་ཚེ་འདི་རུ་དབྱར་རྩྭ་དགུན་འབུ་རྐང་གཅིག་ཉོས་ཏེ་རྫོང་མཁར་ལ་སོང་ནས་བཙོང་ན་སྒོར་གཅིག་གི་ཁེ་བཟང་ཡོད་པ་ཤེས། ངས་མ་མཐའ་ཡང་ཚོད་ལྟ་ཞིག་བྱེད་དགོས་བསམ་སྟེ་ཁ་སང་བྱིན་མ་ཐག་པའི་ཟླ་བ་གཅིག་གི་ཟླ་ཕོགས་ཀྱིས་དབྱར་རྩྭ་དགུན་འབུ་ཉོས་ཏེ་རྫོང་མཁར་དུ་སོང་ནས་བཙོངས་པ་ན་ཏག་ཏག་དེ་འདྲ་ཡིན་འདུག

  ཨེ་མ། མ་གཞི་ཚོང་ལས་ཟེར་བ་འདི་འདི་འདྲའི་ལས་སླ་མོ་ཞིག་ཡིན་འདུག གལ་ཏེ་འདི་འདྲ་ཡིན་ན་ཐ་མ་ཏི་མོ་ཕྱུགས་ཀྱི་བསྡུར་ཚད་སོགས་གོ་རྒྱུ་ཅི་ཡང་མེད་པར་མགོ་ན་བར་བྱེད་པའི་ལས་ཀ་འདི་གཉེར་ཞོར་མགོ་ཁྲིད་ཀྱི་ངོ་འཚོས་ནས་འདུག་པ་ལས་རང་དབང་རང་རྒྱལ་གྱིས་ཚོང་ལས་གཉེར་ན་རང་ཁ་ཟོས་པར་མ་ཟད་གཅིག་བྱས་ན་མི་འགྱང་བར་རླངས་འཁོར་བཟང་པོ་ཞིག་ཀྱང་ཉོ་མི་ཐུབ་པའི་ངེས་པ་མེད།

  ང་རང་ཁྱིམ་ལ་སོང་སྟེ་ཨ་མའི་ལག་ནས་སྒོར་མོ་མང་ཙམ་བླངས་ཏེ་མི་མཐུད་དུ་དབྱར་རྩྭ་དགུན་འབུའི་ཚོང་བརྒྱབ། ལུས་སེམས་གཉིས་ཀ་དེའི་སྟེང་ལ་འཁོར་ཏེ་ཐ་ན་མཚན་མོའི་རྨི་ལམ་དུའང་དབྱར་རྩྭ་དགུན་འབུ་དང་ཤོག་སྒོར་མང་པོ། རླངས་འཁོར་བཟང་པོ་སོགས་རེས་མོས་ཀྱིས་ཤར། མཇུག་མཐར་ངས་སྒོར་མོ་ཡོད་ཚད་ཀྱིས་དབྱར་རྩྭ་དགུན་འབུ་ཉོས་ཏེ་རྫོང་མཁར་ལ་ཐོན་དུས་འབུ་གོང་མཚན་གཅིག་གི་རིང་ལ་ལྡབ་གཅིག་གིས་ལྷུང་འདུག……

  རླངས་འཁོར་ཁ་ལོ་བ་རབ་བརྟན་གྱིས་བཤད་ན་འདི་ནི་ངས་ཁ་ཏོན་མ་བཏོན་པ་དང་བསང་མཆོད་མ་བྱས་པས་ལན་པ་ཡིན་སྲིད་ཟེར་བ་དང་། ཁོས་ད་དུང་ང་ལ་ཧ་ཅང་ཁ་ནང་ལ་མི་བདེ་བའི་ཁ་ཏོན་ཞིག་ཀྱང་ཁྲིད། དེ་ནི་ཁ་ནང་ལ་མི་བདེ་བ་གཅིག་པུ་མ་ཡིན་པར་ནང་དོན་ཡང་རྩ་བ་ནས་གོ་རྒྱུ་མེད་པས་ངས་ཨ་ཅེ་ལ་དྲིས།

  སྐབས་འདིར་ཨ་ཅེ་ནི་ཧ་ཅང་སྤྱིར་བཏང་གི་སློབ་འབྲིང་དགེ་རྒན་ཞིག་ཡིན་ལ། མོས་གཉེན་སྒྲིག་བྱས་ཏེ་ཕ་མ་གཉིས་ཀ་དང་སོ་སོར་བསྡད་ཡོད།

  “ཨ་ཧོ། སྙིང་རྗེ། ཆོས་ཟེར་བ་འདི་ཕྱུག་པོར་འགྱུར་བྱེད་ཅིག་རེད་བསམ་པ་ནི་ཅི་འདྲའི་བླུན་རྟགས་ཚ་བོ་ཞིག་རེད་ཨང་། ཁྱོད་ཀྱིས་རྒྱུན་དུ་བཤད་པའི་རྨོངས་དད་ཟེར་བ་ཏག་ཏག་འདི་རེད། ཕར་བལྟས་ན་ད་ནི་ཁྱོད་རང་རྦད་དེ་སྐྱོབ་ཐབས་མི་འདུག”ཨ་ཅེ་ཧ་ཅང་སེམས་ཕམ་སྟེ་མགོ་ཐད་དུ་གཡུག་བཞིན་དེ་ལྟར་བཤད།

  “དེས་ན་ཆོས་ཟེར་བ་དེ་ཅི་ཞིག་རེད།”ང་རང་ཡང་བློ་ཕམ་ཞིང་ཡིད་རྨོངས་ཏེ་དེ་ལྟར་དྲིས།

  “སྤྱིར་ན་ཆོས་བླ་མས་གསུང་རྒྱུ་གྲོང་བས་བཤད། གླུ་གྲོང་བས་ལེན་རྒྱུ་གྲྭ་བས་ལེན་མི་འོས་མོད། འོན་ཀྱང་ཕར་བལྟས་ན་ཁྱོད་ཚོ་བར་དོ་བ་རྣམས་ངོ་མ་ཝ་སྨུག་པའི་ནང་ལ་ལྷུང་བ་འདྲ་བས་ངས་ཁྱོད་ལ་ཚིག་གསུམ་མི་བཤད་ཀ་མེད་རེད། དེ་ཡང“སྡིག་པ་ཅི་ཡང་མི་བྱ་ཞིང་།།དགེ་བ་ཕུན་སུམ་ཚོགས་པར་སྤྱད།།རང་གི་སེམས་ནི་ཡོངས་སུ་འདུལ།།འདི་ནི་སངས་རྒྱས་བསྟན་པ་ཡིན།།”ཟེར་བ་དང་། ད་དུང“བསམ་པ་བཟང་ན་ས་དང་ལམ་ཡང་བཟང་།།བསམ་པ་ངན་ན་ས་དང་ལམ་ཡང་ངན།།ཐམས་ཅད་བསམ་པ་དག་ལ་རག་ལས་པས།།བསམ་པ་བཟང་པོའི་ཕྱོགས་ལ་འབད་པར་མཛོད།།”ཅེས་བཏོན་རྗེས་དེའི་ནང་དོན་རྒྱ་སྐད་ཀྱི་ལམ་ནས་འགྲེལ་བཤད་གསལ་པོ་ཞིག་བརྒྱབ།

  “ངས་སྡིག་པ་འདི་བྱས་མྱོང་ཟེར་བ་ཞིག་མི་དྲན་ལ། གཞན་ལ་བསམ་གནག་བྱས་པའང་མི་དྲན།”

  “རེད་ཡ། སྤྱིར་ན་ཁྱོད་རང་མི་གཞུང་དྲང་ཞིག་ཡིན་པ་དེར་ང་ལ་ཡིད་ཆེས་ཡོད། གཙོ་བོ་གང་མ་འགྲིག་ཟེར་ན……ཨེ——ད་དེ་དག་བཤད་ན་དགོས་པ་མེད།”

  “ཡིན་ནའང་ཆོས་ཟེར་བ་འདི་ད་བཏོན་ན་ད་རྒྱུ་ཐོག་ལ་རྒྱག་པ་ཞིག་མིན་ན་དེ་ལ་རིན་ཐང་ཅི་ཡོད།”

  “ཨ་ཁ། དཀོན་མཆོག་གསུམ་པོས་མཁྱེན། ངས་ཁྱོད་རང་རྦད་དེ་སྐྱོབ་ཐབས་མི་འདུག་ཟེར་བའང་འདི་ཡིན། ད་ནི་དངོས་གནས་རྡོ་ཐོག་ལ་ཆུ་བླུག་པ་ལས་མ་འདས། ཡ་ད་དེ་དག་བཤད་ན་དགོས་པ་མི་འདུག ཨང……སྒོར་མོ་འགས་གྱོང་རག་པ་ལ་དེ་འདྲའི་སེམས་ཁྲལ་བྱེད་མི་དགོས། རྒྱུ་མི་རྟག་རྩྭ་མགོའི་ཟིལ་བ་འདྲ་ཟེར་བ་གོ་མ་མྱོང་ངམ།”ཟེར་བཞིན་མོ་རང་གི་གསོག་དངུལ་འཛིན་བྱང་བླངས་ནས་གསང་གྲངས་དང་མཉམ་དུ་ང་ལ་བྱིན།

  ཨ་ཕས་བཤད་ཡོད་པ་ལྟར་ལྟོས་བཅས་ཀྱིས་བཤད་ན་ངས་ཡུན་རིང་སྒུག་མ་དགོས་པར་ཞང་ཀྲང་གཞོན་པའི་གོ་གནས་རག་པ་དང་། ཕལ་ཆེར་དུས་མཉམ་དུ་ཨ་ཕ་ཡང་རྒན་ཡོལ་བྱས་སོང་།

  ང་གོ་གནས་སུ་བསྡད་ནས་ཡུན་རིང་མ་འགོར་བའི་ཉིན་ཞིག་ཞང་ཀྲང་རྫོང་ཐོག་ཏུ་ཚོགས་འདུར་སོང་བ་དང་། ཧྲུའུ་ཅིས་བོད་སྐད་མི་གོ་བས་ངའི་མགོ་ལ་གཡོལ་ཐབས་མེད་པའི་ལས་ཀ་ཞིག་བབས་པ་ནི་རུ་ཁག་གཉིས་ཀྱི་བར་ན་སྔ་མོ་ནས་ས་རྩོད་ཅིག་ཡོད་པ་དང་། ཁ་སང་གློ་བུར་དུ་འགལ་བ་ཇེ་ཆེར་སོང་སྟེ་ཁྲག་བཞུར་དོན་རྐྱེན་བྱུང་བ་དེ་ཐག་གཅོད་བྱེད་དགོས་པའམ། མ་མཐའ་ཡང་གནས་སྐབས་དོན་དག་ཇེ་སྡུག་ཏུ་འགྲོ་རུ་མི་འཇུག་པ་དེ་རེད། རུ་ནང་ལ་འགྲོ་བའི་ལམ་བར་དུ་ཁ་ལོ་བ་རབ་བརྟན་གྱིས་རླངས་འཁོར་སྐོར་བཞིན“དེའི་རྒྱུ་མཚན་མི་ཤེས་རྒྱུ་མེད། དེང་སང་གི་གསར་བུ་ཚོར་མའོ་ཐོ(འཕྲུལ་རྟ)མ་གཏོགས་རྩྭ་ས་དགོས་ནི་མ་རེད། གཙོ་བོ་རུ་ཁག་གཉིས་ཀར་རྒད་པོ་གཤིས་འཁྱོག་འགའ་རེ་ཡོད་པ་དེ་ཚོས་གསར་བུ་ཚོའི་གཤོག་འོག་ལ་རླུང་བརྒྱབ་པ་ཡིན། དེའི་ཕྱིར་ཁྱོད་ཀྱིས་རྒད་པོ་དེ་ཚོ་བོས་ཏེ‘ཁྱོད་ཚོས་གསར་བུ་ཚོའི་གཤོག་ཐོག་ལ་རྡོ་འཇོག་པ་ལས་གཤོག་འོག་ལ་རླུང་མ་རྒྱག’ཅེས་བཤད་ན་འགྲིག”ཟེར།

  ནམ་རྒྱུན་འབྲོག་པ་ཚོས་གནས་ཚུལ་ཡར་ཞུ་བྱེད་པ་དེར་ང་རང་ཧ་ཅང་སུན་སྣང་སྐྱེ་ཞིང་།ལྷག་པར་དུ་ཁོ་ཚོས་གོ་རྒྱུ་མེད་པའི་གཏམ་དཔེ་མང་པོ་བཤད་པ་དེ་ལ་ང་རང་ཐ་ན་སྐྲག་སྣང་ཡང་སྐྱེས། དེའི་ཕྱིར་ཁོ་ཚོས་ཁ་མ་གྲགས་སྔོན་ལ་རང་གིས་ཁ་གྲགས་རྒྱུ་ནི་ཐབས་ཤེས་བཟང་ཤོས་ཡིན། ཚོགས་ཐོག་ཏུ་ངས་ཐོག་མར་རང་གི་ཤེས་ཚོད་ཀྱིས་གནས་ལུགས་བཤད་ཅིང་སློབ་གསོ་བཏང་རྗེས“དེའི་ཕྱིར་ཁྱོད་རྒན་པ་ཚོས་ངེས་པར་དུ་གསར་བུ་ཚོའི་གཤོག་འོག་ལ་རླུང་རྒྱག་དགོས་པ་ལས་གཤོག་ཐོག་ལ་རྡོ་འཇོག་མི་ཆོག”ཅེས་བཤད་པ་ན་ཚང་མས“ཨོ་ད་ཧ་གོ་སོང་། ཁྱོད་རྩ་འཛུགས་ཀྱིས་ཀྱང་དེ་ལྟར་བཤད་ན་ང་ཚོ་ལའང་བསམ་ནི་ཞིག་ཡོད།”ཟེར་ནས་སོ་སོར་བུད་སོང་།

  ཕྱི་ཉིན་སྔར་ལས་ཚབས་ཆེ་བའི་ཁྲག་བཞུར་དོན་རྐྱེན་བྱུང་ཞིང་། མགོ་ཁྲིད་གཙོ་བོ་གཉིས་ཀའང་ཡོང་སྟེ་བར་འདུམ་བྱེད་སྐབས་འབྲོག་པ་ཚོས་གནད་དོན་ཡོངས་རྫོགས་ངའི་མགོ་ལ་བཞག་པ་སྟེ། “གལ་ཏེ་མང་ཚོགས་ལ་ཤ་ཚ་ན་ཁྱོད་རྩ་འཛུགས་ཀྱིས་ང་ཚོར‘གསར་བུ་ཚོའི་གཤོག་སྟེང་ལ་རྡོ་འཇོག་དགོས་པ་ལས་གཤོག་འོག་ལ་རླུང་རྒྱག་མི་ཆོག’ཅེས་བཤད་ན་འགྲིག་མོད། འོན་ཀྱང་ཁ་སང་ཁྱོད་ཚོས‘གསར་བུ་ཚོའི་གཤོག་འོག་ལ་རླུང་རྒྱག་དགོས་པ་ལས་གཤོག་ཐོག་ལ་རྡོ་འཇོག་མི་ཆོག’ཅེས་བཤད་པ་མིན་ནམ། དེས་ན་ང་ཚོའང་རང་གར་འདུག་སྲོལ་གང་ན་ཡོད། དེའི་ཕྱིར་སྔོན་ཆད་དོན་དག་འདི་ཁྱོད་ཏང་ཨུ་དང་སྲིད་གཞུང་ལ་ཡང་ཡང་ཡར་ཞུ་བྱས་ཀྱང་ཐག་གཅོད་མ་བྱས་པ་དང་། ཁ་སང་ང་ཚོར་ངོ་མཚང་བྲུས་པས་ད་གཟོད་ཚད་འདིར་ལྷུང་བ་རེད། དེས་ན་དོན་རྐྱེན་འདིའི་འགན་ཁུར་བརྒྱ་ཆའི་བརྒྱ་བོ་ཞང་ཏང་ཨུ་དང་སྲིད་གཞུང་གིས་འཁུར་དགོས།”ཟེར།

  “ཧ་ཧ། འདི་ནི་བསམ་གཟས་ནས་རྙོག་དྲ་བཟོ་འདོད་པ་མིན་ནམ། ཞང་ཀྲང་དབང་རྒྱལ་གྱིས་དེ་ལྟར་བཤད་ཡོད་ནའང་དེ་ནི་ཁ་འཆུག་པ་ཙམ་ཡིན་པ་སུས་མི་ཤེས། ལྷག་པར་དུ་བློ་མཐུན་དབང་རྒྱལ་ནི་ཆུང་དུས་ནས་རྒྱ་ཡིག་གི་སློབ་གྲྭ་བཏོན་མྱོང་མཁན་ཞིག་ཡིན་པས་བོད་སྐད་དག་མོ་ཙམ་ཡང་བཤད་མི་ཤེས་པ་དེ་ཚང་མར་གསལ་ཆ་ཡོད། ད་ཁྱོད་ཚོས་འདི་ཙམ་ལ་ཁ་གཡར་ནས་དོན་དག་ཇེ་ཆེར་གཏོང་འདོད་ན་རང་གིས་ལྟོས། ཁྱོད་ཚོ་ཆུ་ནང་ལ་མཆོང་མཁན་མི་སྐྲག་ན། ང་ཆུ་ཁ་ནས་ལྟ་མཁན་སྐྲག་དགོས་དོན་ཅི་ཡང་མེད།”ཞང་ཀྲང་ཡང་ཁ་སྤོ་ཁ་ནས་ལངས། ཞེ་སྤོ་གཏིང་ནས་ལངས་ཏེ་དེ་ལྟར་བཤད་པ་ན་འབྲོག་པ་ཚོ་ད་གཟོད་ཁ་གྲགས་རྒྱུ་མེད་པར་གྱུར།

  ཡིན་ནའང་དོན་དག་འདི་དེ་མ་ཐག་རྫོང་ཡོངས་ལ་ཁྱབ་སྟེ“ཧ་ཧ། བར་དོ་བ་འདི་ཚོའི་བྱ་ལ་ལྟོས།”ཟེར་ནས་ཇ་ཁ་ཆང་ཁའི་དགོད་གཏམ་ཞིག་ཏུ་གྱུར་འདུག་པ་དང་། གོང་རིམ་རྩ་འཛུགས་ཀྱིས་ང་ལ་གོ་གནས་དབྱུང་བའི་ཆད་པ་བཅད་པའི་དུས་མཚུངས་སུ་རྫོང་ཐོག་ཏུ་ལས་གནས་སྤར། པ་པ་ཧ་ཅང་ཁོང་ཁྲོ་ལངས་ཤིང་སེམས་པ་ཕམ་སྟེ་གལ་ཏེ་ཁོ་པ་རྒན་ཡོལ་བྱས་མེད་ཚེ་ངའི་གོ་གནས་ལེན་མི་སྲིད་པར་མ་ཟད་ད་དུང་ཡར་འཐེན་བྱེད་པའི་རེ་བ་ཡོད་མོད། འོན་ཀྱང་ད་ནི་བྱ་ཐབས་མེད་ལ་ཡོད་ཚད་ཚར་སོང་ཟེར་ནས་ཡང་ཡང་ཤུགས་རིང་འདོན་བཞིན་འདུག་པ་དང་། བལྟས་བལྟས་རིག་རིག་ལ་སྐྲ་ལོ་དཀར་པོར་གྱུར་སོང་།

  ངའི་ལས་ཁུངས་དེ་རུ་རྒྱ་རིགས་ཡོད་ལ་བོད་རིགས་ཀྱང་ཡོད་པ་དང་། ད་དུང་འབྲོག་པ་ཚོས་བཤད་སྟངས་ལྟར་ན་རྒྱ་བོད་གཉིས་ཀའི་ནང་དུ་མི་ཚུད་ལ། ཉིན་རེ་ནས་ཇེ་མང་ཡིན་པའི་ང་ལྟ་བུའི“བར་དོ་བའང”མང་པོ་ཡོད། ང་ཚོའི་ལས་ཀ་ནི་སློབ་མའི་སྐབས་སུ་མཐར་ཕྱིན་འཛིན་ཡིག་ལེན་ཆེད་རྒྱུགས་ཆེ་ཆུང་ལ་གདོང་གཏད་དགོས་པ་ནང་བཞིན་རེའུ་མིག་སྣ་ཚོགས་བསྐངས་ཏེ་གོང་རིམ་གྱི་དཔྱད་ཞིབ་ལ་གདོང་གཏད་དགོས་པ་དེ་ཡིན། གང་ལྟར་དགའ་འོས་པ་ཞིག་ལ་ལས་ཁུངས་དེ་རུ་བོད་སྐད་ཚིག་གཅིག་མ་བཤད་ན་ཆོག་ལ། བོད་ཡིག་ནི་དེ་བས་ཀྱང་བཀོལ་ས་མེད།

  ངས་ཆུང་དུས་ནས་རེ་སྨོན་བྱས་པའི་དོན་དག་ཅིག་གཞི་ནས་མངོན་འགྱུར་བྱུང་བ་ནི་རྦད་དེ་རང་ལ་དབང་བའི་རླངས་འཁོར་ཞིག་ཉོ་ཐུབ་པ་དེ་རེད། དེ་ཡང་པ་པ་རྒན་ཡོལ་བྱས་རྗེས“ཨེར་ཙི་ཆུང་དུས་ནས་རླངས་འཁོར་ལ་དགའ་བོ་ཡོད། ད་ལྟ་སྒེར་གྱིས་རླངས་འཁོར་ཉོ་མཁན་ཡང་མང་བས་འུ་ཚང་གིས་ཀྱང་གཅིག་ཉོ་དགོས་པ་འདྲ།”ཟེར།

  ཨ་མའང་དེ་ལ་ཧ་ཅང་མོས་མཐུན་བྱུང་སྟེ“དེ་རེད། ཞི་ལུས་རྒྱན་ནི་མི་འཇོག ཆང་ནི་མི་འཐུང་། དུ་བའང་མི་འཐེན་པས་རླངས་འཁོར་ཞིག་ཉོ་ལོས་དགོས།”ཟེར།

  དེ་ལྟར་ལྟོས་བཅས་ཀྱིས་བཤད་ན་རིན་གོང་ཅུང་མཐོ་བའི་རླངས་འཁོར་ཞིག་ཉོས། ང་རང་དགའ་བ་འབུམ་གྱིས་མྱོས་ཏེ་ཉིན་ལྟར་བུ་མོ་རེ་རླངས་འཁོར་ནང་ལ་བཞག་སྟེ་སྒྲ་དུང་ཆེས་ཆེ་རུ་ཕྱེས་ནས“འཕུར་ཡ། འཕུར་ཡ། མ་འཕུར་ན་མི་ཚེ་ཚར་རྒྱུ་རེད……”སོགས་ཀྱི་གླུ་དབྱངས་གཏོང་བཞིན་དམིགས་ཡུལ་མེད་པར་ཡར་རྒྱུགས་མར་རྒྱུགས་བྱས། ཡིན་ནའང་རིང་པོ་མ་འགོར་བར་མི་རྣམས་ཀྱིས་གཅིག་ལས་གཅིག་བཟང་བའི་རླངས་འཁོར་ཉོས་པ་དང་། མཚམས་ཤིག་རླངས་འཁོར་ནི་འགྲིམ་འགྲུལ་ཡོ་བྱད་ཅིག་མིན་པར་ཕན་ཚུན་ལ་རྒྱུ་སྟོབས་ངོམས་བྱེད་ཅིག་ཏུ་གྱུར་ཏེ་ངའི་རླངས་འཁོར་ནི་ཕལ་ཆེར་ཆེས་ཞན་པའི་ཚད་དུ་ལྷུང་། དེ་བས་ཀྱང་ཕངས་པ་ཞིག་ལ་སྐབས་འདིར་ངའི་པ་པ་སྔར་ནས་རྒན་ཡོལ་བྱས་ཟིན་པས་ཟླ་ཕོགས་གཅིག་པུ་མ་གཏོགས་ཡོང་སྒོ་གཞན་མེད་པས་ངེད་ཚང་ལ་རླངས་འཁོར་བཟང་གྲས་ཤིག་ཉོ་བའི་ཆ་རྐྱེན་མི་འདུག

  ལས་ཁུངས་ནང་གི་ལས་ཀ་ནི་སུན་སྣང་སྐྱེ་ཞིང་རྫོགས་མཐའ་བྲལ་བའི་རེའུ་མིག་སྣ་ཚོགས་སྐོང་རྒྱུ་དེ་ཡིན་པ་དང་། ཁ་བརྡ་ནི་མགོ་ཁྲིད་སུ་ཞིག་གིས་གཞུང་དངུལ་ཧམ་ཟོས་བྱས་པ་མང་རབས་དང་སུ་ཚང་གིས་ཧྥུན་ཐེན་རྟགས་ཅན་གྱི་རླངས་འཁོར་ཉོས་པ་དང་སུ་ཚང་གིས་པའོ་མ་རྟགས་ཅན་གྱི་རླངས་འཁོར་ཉོས་པ། གོ་གནས་ཅི་འདྲ་ཞིག་ལ་གསོན་དུས་ཟླ་ཕོགས་སྒོར་མོ་ཅི་ཙམ་ཡོད་པ་དང་ཤི་རྗེས་གོད་གསབ་རོགས་དངུལ་ཅི་ཙམ་ཡོད་པ་སོགས་ཡིན་ལ། མཚམས་ཤིག་སུ་ཞིག་གིས་ཉེ་སྔོན་རང་རྫོང་གི་འགོ་ཁྲིད་རྒན་པ་ཞིག་གཅིན་སྙི་ཟ་ཁུ་བྱུང་སྟེ་ཚེ་ལས་འདས་རྗེས་དེ་ཚང་ལ་ཟླ་བ་ཞེ་གཅིག་གི་ཟླ་ཕོགས་ཏེ། ཁྱོན་བསྡོམས་གོད་གསབ་རོགས་དངུལ་སྒོར་འབུམ་ལྔ་ལྷག་ཐོབ་སོང་ལ། ཁོའི་མག་པས་དེ་མ་ཐག་པའོ་མ་རླངས་འཁོར་ཞིག་ཉོས་སོང་ཟེར་བ་ན་ཚང་མས་འགྲམ་ཆུ་ལྡང་གིན་འདུག

  “ཐ་མ་ཏི། དེ་ལྟར་བཤད་ན་ངའི་པ་པ་ཤི་ཚེ་ང་ལའང་པའོ་མ་རླངས་འཁོར་ཞིག་ཉོ་སྤྱད་ཡོད་པ་མིན་ནམ།”ངས་ཅི་མི་སྙམ་པར་དེ་ལྟར་ངག་ལས་ཤོར་བ་ན་ཚང་མ་རེ་ཞིག་ཧ་ལས་ཧང་སངས། ཁ་གདངས་ཤིང་མིག་ཅེར། གྲགས་འགུལ་མེད་པར་ཡུད་ཙམ་ལུས་པ་དང་། མཚམས་ཤིག་ཧབ་ཆ་དིར་རེར་སོང་། དེ་ནས་བཟུང་མི་རྣམས་ཀྱིས་ངའི་མིང་ལ་པ་པ་པའོ་མ་ཞེས་འབོད་ཀྱིན་འདུག མཚམས་ཤིག་པ་པས་གོ་རྗེས“དཀོན་མཆོག་གསུམ་པོས་མཁྱེན། ཅི་འདྲའི་ཡིད་སྐྱོ་བ་ལ། ཅི་འདྲའི་འཇིགས་སུ་རུང་བ་ལ……”ཟེར་ནས་སེམས་སྡུག་ནང་ལ་ལྷུང་།

  ལས་ཁུངས་ནང་གི་ས་གནས་ཀྱི་ལས་གྲོགས་ཚོས་རིམ་བཞིན་མངོན་སུམ་འཛེམ་མེད་ཀྱིས་ང་ལ་པ་པ་པའོ་མ་རུ་འབོད་པ་དང་། ཐ་ན་ཁྱོད་ཀྱིས་ག་དུས་པའོ་མ་རླངས་འཁོར་ཉོ་ཐུབ་ཟེར་བ་སྟེ། དམར་རྗེན་དུ་བཤད་ན་ཁྱོད་ཀྱི་ཨ་ཕ་ནམ་འཆི་རྒྱུ་རེད་ཟེར་གྱིན་འདུག གལ་ཏེ་ང་རང་ཁོང་ཁྲོ་ལངས་ན་ཁོ་ཚོས“ཨ་ཧོ། པ་པ་པའོ་མ་འདིས་ཀུ་རེའང་ཁྱག་གི་མི་འདུག”ཟེར་ནས་སྔར་ལས་འཕྱ་སྨོད་བྱེད། ངོ་མ། ཁོ་ཚོས་ནམ་རྒྱུན་ཕན་ཚུན་བར་ལ་ཅིག་ཤོས་ཀྱི་ཆུང་མར་མོ་སྒོ་མེད་རབས་སོགས་མ་མཐར་ཡང་ངས་བཤད་རྒྱུ་ཕར་ཞོག ཉན་ཡང་མི་ཕོད་པའི་ཀུ་རེ་རྩེད་པར་མ་ཟད་ཐ་ན་ལ་ལས་དེ་དག་འདོགས་ར་ཟེར་བའི་བགད་ནས་རྒྱུ་མ་ཆད་ལ་ཁད་བྱེད་པའི་གླུའམ་སྙན་ངག་ལྟ་བུ་ཞིག་ཏུ་བསྒྲིགས་ནས་སྒྲོག་པར་བྱེད། ལྷག་པར་དུ་འབྲོག་པ་ཚོ་ལས་འདི་ལ་དགའ་ཞིང་མཁས་པ་ནི་ས་གནས་ལས་བྱེད་རྣམས་ཀྱང་དོ་ཟླར་ཡོང་བ་ཞིག་མ་རེད། ཡིན་ནའང་ལུགས་སྲོལ་འདི་ནི་མ་མཐའ་ཡང་ངས་གཏན་ནས་དང་ལེན་བྱེད་ཐབས་མི་འདུག

  སྟབས་ལེགས་པ་ཞིག་ལ་མཚམས་ཤིག་རྩ་འཛུགས་ཀྱིས་ང་རང་ས་གནས་ཀྱི་ལས་བྱེད་གཅིག་ཀྱང་མེད་པའི་ལས་ཁུངས་ཤིག་ཏུ་ལས་གནས་སྤར་སོང་། འདི་ན་མ་མཐར་ཡང་མངོན་སུམ་དུ་ང་ལ་པ་པ་པའོ་མ་ཟེར་མཁན་མེད་ལ། དེ་བས་ཀྱང་ཕན་ཚུན་ལ་ཀུ་རེ་འདོགས་ར་བྱེད་མཁན་གཏན་ནས་མེད། ཡིན་ནའང་འདི་རུ་ཕན་ཚུན་ལ་དོགས་པས་ཁེངས་པའི་གཟུགས་འདས་ཀྱི་མཁའ་དབུགས་ཤིག་འཐིབ་འདུག་པ་དང་། ལྷག་པར་དུ་ཁོ་ཚོས་ཅི་ཞིག་ཁ་བརྡ་བྱེད་སྐབས་ང་སླེབས་མ་ཐག་ཚང་མ་དལ་འཇགས་སེ་འདུག་པའི་སྣང་ཚུལ་འདིས་ངའི་མཛའ་མོ་སྔོན་མ་ཀྲང་ཆན་གྱིས་བཤད་པའི“རང་དང་རིགས་མཐུན་མིན་ན། དེའི་སེམས་ཁ་ཁ་སོ་སོ།”ཞེས་པའི་ཚིག་དེ་རང་དབང་མེད་པར་དྲན་ཞིང་། ངས་དུས་དང་རྣམ་པ་ཀུན་ཏུ་རང་གི་གཏམ་སྤྱོད་ཕྲ་མོ་ཙམ་ལའང་དོ་སྣང་བྱ་དགོས་པ་འདི་དངོས་གནས་མནར་གཅོད་ཅིག་རེད། མདོར་ན་ང་རང་ཁེར་རྐྱང་གི་གདུང་བས་རབ་ཏུ་མནར། སྤྱིར་ན་ང་ལའང་རང་དང་འདྲ་བའི་བར་དོ་བའམ་པ་པ་པའོ་མ་ཚོའི་ཁྲོད་ན་གྲོགས་པོ་འགའ་རེ་ཡོད་ནའང་སྐབས་འདིར་དེ་ཚོ་ཚང་མས་ལས་ཁུངས་ཀྱི་ལས་ཀའི་ཞོར་དུ་སྔར་ལས་མཐོ་བའི་མཐར་ཕྱིན་འཛིན་ཡིག་ཅིག་ལེན་ཆེད་བྲེལ་བཞིན་པས་ཁ་བརྡ་བྱེད་རོགས་ཤིག་ཀྱང་མི་འདུག སྐབས་འདིར་ང་ལ་གློ་བུར་དུ་རང་ཉིད་བོད་མི་ཞིག་ཡིན་པ་གསལ་པོར་མཚོན་དགོས་པའི་འདོད་པ་འགོག་མེད་དུ་སྐྱེས་ཤིང་། དེ་སྔོན་ཁ་ལོ་བ་རབ་བརྟན་གྱིས་རྒྱུན་དུ་བོད་ཕྲེང་བ་ཅན་ཞེས་བཤད་པ་ཡིད་ལ་ཤར། རེད། བོད་མི་ཞིག་ཡིན་ན་ངེས་པར་དུ་ཕྲེང་བ་ཞིག་དགོས་པ་རེད་བསམ་སྟེ་རིན་གོང་ཧ་ཅང་མཐོ་བའི་བ་སོའི་ཕྲེང་བ་ཞིག་ཉོས་པར་མ་ཟད་དེར་བྱུ་རུ་མཛུབ་མགོ་ཙམ་གསུམ་གྱི་རྒྱན་ཆའང་ཉོས། ངས་ཕྲེང་བ་དེ་སྐེ་ལ་བཏགས་ཏེ་ཕྱོགས་གཅིག་ནས་རླངས་འཁོར་བསྐོར་བ་དང་། ཕྱོགས་གཅིག་ནས“པན་ཆེན་ལགས། རིན་པོ་ཆེ……”ཞེས་པའི་གླུ་དབྱངས་གཏོང་བཞིན་ཐོག་མར་ཨ་ཅེ་སར་སོང་སྟེ་རང་ཉིད་བོད་མི་ཞིག་ཡིན་པ་དེ་ར་སྤྲོད་བྱས། བློ་ཡུལ་ལས་འདས་པ་ནི་ཨ་ཅེ་ཧ་ལས་ཤིང་ཅུང་ཙམ་ཁོང་ཁྲོ་ལངས་ཏེ“ཨ་ཧོ། དེང་སྐབས་འཛམ་བུ་གླིང་གི་སྐྱེ་བོ་ཕལ་མོ་ཆེས་གླང་ཆེན་སོགས་རི་སྐྱེས་སྲོག་ཆགས་རྩ་ཆེན་རིགས་ལ་སྲུང་སྐྱོབ་བྱེད་ཆེད་དེ་དག་གི་པགས་པ་སོགས་ཐོན་རྫས་གཏན་ནས་བེད་སྤྱོད་གཏོང་གི་མེད་དུས་ཁྱོད་ཀྱིས་བ་སོའི་ཕྲེང་བ་འདོགས་པ་ནི་ཅི་འདྲའི་ངོ་ཚ་ཞིག་རེད་ཨང་།”ཟེར་ནས་ཧ་ཅང་སེམས་ཕམ་འདུག སྣང་ཚུལ་འདིས་ལོ་མང་པོའི་སྔོན་ལ་ངས་ཨ་མེས་དང་ཨ་ཕྱི་གཉིས་ཀྱི་མགོ་ལ་ཤོག་ཞྭ་བསྐོན་པའི་རྣམ་པ་དྲན་པར་བྱས་ཏེ་ང་རང་ཡང་ཧ་ཅང་སེམས་ཕམ་ནས“ངས་རང་ཉིད་བོད་མི་ཞིག་ཡིན་པ་དེ་ར་སྤྲོད་བྱེད་འདོད་པ་ཙམ་ཡིན།”ཞེས་བཤད།

  ཨ་ཅེས“བོད་མི་ཞིག་ཡིན་ན་གཞན་ལས་ཀྱང་རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོབ་བྱེད་པའི་འདུ་ཤེས་ཡོད་དགོས་པ་མིན་ནམ།”ཟེར་བ་དང་། དེ་ནས་ངུ་མ་དགོད་ཀྱིས་མགོ་ཐད་དུ་གཡུག་བཞིན“ཕྲེང་བ་ཞིག་སྐེ་ལ་བཏགས་ནས་རང་ཉིད་བོད་མི་ཡིན་པ་ར་སྤྲོད་བྱེད་ཨེ་ཐུབ་ལྟ་བ་ལས་བོད་སྐད་དག་མོ་ཞིག་བཤད་ཤེས་ན་དེ་ལས་ར་སྤྲོད་གཞན་ཅི་ཡང་མི་དགོས། གལ་ཏེ་ཕྲེང་བ་ཞིག་འདོགས་ནའང་བ་སོའི་ཕྲེང་བ་ནི་གཏན་ནས་འདོགས་མི་རུང་། ངས་ཁྱོད་ལ་ཞུ་བ་བྱས་པ་ཡིན།”ཟེར།

  “ཐ་མ་ཏི།”ངས་ཆིག་ལབ་རྒྱག་བཞིན་ཕྱིར་ཕྲེང་བ་ཉོ་སའི་ཚོང་ཁང་དེར་སོང་། འདི་ནི་རྩེ་གཞུང་རྫོང་མཁར་གྱི་གསེར་དངུལ་ངོ་མ་དང་གཡུ་བྱུར་རྫུན་མ་གཙོ་བྱས་པའི་མི་རིགས་ཀྱི་རྒྱན་ཆ་དང་གྱོན་གོས་བཙོང་སའི་ཚོང་ཁང་ཆེས་ཆེ་ཤོས་ཡིན་ལ། ཧོས་རིགས་ཡོན་བདག་གིས་ཉོས་ཟིན་པའི་ཅ་ལག་ཕྱིར་མི་སློག་ནའང་ཅ་ལག་གཞན་དག་དང་བརྗེས་ན་ཆོག་ཟེར། ང་ལ་སྔ་མོ་ནས་ཞང་ཞང་ལ་ལེགས་སྐྱེས་ཤིག་ཉོ་བའི་འཆར་གཞི་ཡོད་པས་བ་སོའི་ཕྲེང་བ་དེ་གསེར་གྱི་མགུལ་རྒྱན་ཞིག་ལ་བརྗེས། དེ་ཡང་ཞང་ཞང་ནི་བྱང་ཆུབ་སྒྲོལ་མའི་གཅེས་མིང་ཡིན་ལ། མོ་ནི་ང་དང་འདྲ་བར་ཆུང་དུས་ནས་རྒྱ་ཡིག་གི་སློབ་གྲྭ་བཏོན་མྱོང་མཁན་ཞིག་སྟེ་ས་གནས་ཀྱི་མི་རྣམས་ཀྱི་བཤད་སྲོལ་ལྟར་ན་བར་དོ་བའམ་པ་པ་པའོ་མ་ཞིག་ཡིན། ངེད་གཉིས་ཅུང་མི་འདྲ་ས་ནི་བྱང་ཆུབ་སྒྲོལ་མའམ་ཞང་ཞང་གིས་བོད་སྐད་ཅུང་ཙམ་གོ་བ་ཙམ་ལས་ཕལ་ཆེར་ཚིག་གཅིག་ཀྱང་བཤད་མི་ཤེས་པ་དེ་རེད། གང་ལྟར་ངེད་གཉིས་ལ་འདུ་ཤེས་མི་འདྲ་བ་དང་གོམས་སྲོལ་མི་འདྲ་བ་ཆེར་མེད་པས་ང་ལ་མོ་ལས་གཞན་པའི་ལྷན་སྐྱེས་ཀྱི་མཛའ་མོ་ཟེར་བ་ཞིག་ཡོད་མི་སྲིད། ལྷག་པར་དུ་མོ་ལ་ངའི་མཛའ་མོ་སྔོན་མ་ཀྲང་ཆན་ལས་ཀྱང་ལྷག་པའི་མོ་སྒོ་ཡོད་པ་དང་། ཀྲང་ཆན་ལས་ཀྱང་ཤ་མདོག་དཀར་ཞིང་རེག་བྱ་འཇམ། ཡིན་ནའང་རྙོག་དྲ་ཞིག་ཡོད་པ་ནི་ཞང་ཞང་ངེད་གཉིས་ཤ་ཉེ་སྟེ་ངེད་གཉིས་ཀྱི་ཨ་མ་གཉིས་ཀྱི་ཨ་མ་གཉིས་ཀྱི་ཨ་མ་གཉིས་ཀ་ཕ་གཅིག་མ་གཅིག་གི་གཅེན་གཅུང་རེད། ངའི་པ་པ་གོ་གནས་ན་ཡོད་དུས་ཞང་ཞང་ཚང་གི་མི་རྣམས་རྒྱུན་དུ་ངེད་ཚང་ལ་ཡོང་སྟེ་ང་ཚོ་ཇི་ལྟར་ཉེ་ཚུལ་ཡང་ཡང་གླེང་བ་དེ་ངའི་སེམས་ན་གསལ་པོར་ཡོད། གཉེན་སྒྲིག་བཅའ་ཁྲིམས་ལྟར་ན་མི་རབས་གསུམ་བརྒལ་འདུག་པས་ཁྲིམས་མཐུན་ཡིན་པ་དང་། རྒྱ་ཁ་ཆེ་ཚོས་གལ་ཏེ་ཕ་དང་ཉེ་འབྲེལ་མེད་ན་མ་སྤུན་བར་ལའང་གཉེན་སྒྲིག་བྱེད་པ་ཧ་ཅང་རྒྱུན་ལྡན་ཡིན་མོད། འོན་ཀྱང་རྩེ་གཞུང་ལྟ་བུའི་འབྲོག་ཁུལ་དུ་འདི་ནི་གཏན་ནས་མི་འགྲིག་པ་ངས་ཀྱང་གསལ་པོར་ཤེས་ཡོད། དེའི་ཕྱིར་ཞང་ཞང་ངེད་གཉིས་ཀྱིས་ཧ་ཅང་གསང་བའི་སྒོ་ནས་འབྲེལ་འདྲིས་བྱས་པ་ཡིན། དཔེར་ན་ངེད་གཉིས་རྩེ་གཞུང་རྫོང་མཁར་དང་བར་ཐག་སྤྱི་ལེ་བརྒྱ་ཙམ་ཡོད་པའི་རྨ་གཞུང་རྫོང་ལ་སོང་ནས་མགྲོན་ཁང་དུ་བསྡད་པ་ཡིན། གལ་ཏེ་གསང་བ་ཕྱི་ལ་ཤོར་ཚེ་རྩེ་གཞུང་ཡོངས་རྫོགས་འུར་ཟིང་ངེར་འགྱུར་སྲིད་པ་སྨོས་མ་དགོས་ནའང་དེས་ཞང་ཞང་ངེད་གཉིས་ཀྱི་ལྟོ་གོས་ལ་ཤུགས་རྐྱེན་བཟོ་མི་ཐུབ་པས་དེ་འདྲ་སྐྲག་རྒྱུ་མེད་མོད། འོན་ཀྱང་ཕན་ཚུན་གྱི་ཁྱིམ་མིས་ཤེས་ཚེ་ངེད་གཉིས་ཀར་ཡག་པོ་མེད་པ་ངེས་གཏན་རེད། ཡིན་ནའང་ཤོག་བུའི་ཁུག་ལ་མེ་གཅུད་མི་ཐུབ་པའི་དཔེ་ལྟར་མཚམས་ཤིག་གསང་བ་འདི་རྫོང་ཡོངས་ལ་ཁྱབ་སོང་།

  ཨ་ཁ། འདི་ནི་ངེས་པ་དོན་གྱི་ཐ་མ་ཏི་རེད། ཡིན་ནའང་སྐབས་འདིར་ངས་སྔོན་ཆད་རླངས་འཁོར་ཁ་ལོ་བ་རབ་བརྟན་གྱི་ངག་ལས་གཏམ་དཔེ་ཞིག་བསླབས་ཡོད་པ་ཡིད་ལ་ཤར་བ་ནི“ཆུ་ཁར་ཐོན་ན་རྟ་ཁ་འཐེན་ས་མེད”ཅེས་པ་དེ་རེད།

  “དམེ་རྒན་འདི་སྔོན་ནས་ཤི་ཡོད་ན་ཅི་མ་རུང……”ངའི་ཕ་མ་གཉིས་ཀར་ང་རང་ངོ་མ་ཤི་སོང་ནའང་འདི་ལས་ལྷག་པའི་སྐྱོ་གདུང་ཅི་ཡོད་བསམ་པའི་སྡུག་བསྔལ་ནང་ལྷུང་བ་ན་ངས་ཀྱང་སྤོབས་པ་བསྐྱེད་དེ“《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཉེན་སྒྲིག་བཅའ་ཁྲིམས》ནང་དུའང་མི་རབས་གསུམ་གྱི་ནང་ལ་མ་གཏོགས་གཉེན་སྒྲིག་བྱས་ཆོག་པ་གཏན་ཁེལ་བྱས་ཡོད། དེའི་ཕྱིར་ང་རང་ཁྲིམས་ལ་འགལ་མེད། རྒྱ་དང་ཁ་ཆེ་ཚོས་ཕའི་ཉེ་འབྲེལ་མིན་ན་མ་སྤུན་བར་ལ་གཉེན་སྒྲིག་བྱེད་པའང་ཡོད། ཡང་གཅིག་བཤད་ན་བོད་ཀྱི་རོང་ཕྱོགས་ནའང་འདི་འདྲའི་གནས་ཚུལ་ཡོད་པ་ཁྱོད་ཚོས་ཀྱང་ལོས་ཤེས། དེའི་ཕྱིར་ཁྱོད་ཚོ་འདི་འདྲའི་ཧང་སངས་དགོས་དོན་མེད།”ཅེས་བཤད་ན་པ་པས་གློ་བུར་དུ་ང་ལ་འགྲམ་ལྕག་ཅིག་གཞུས་ཏེ“ཨ་ཧོ། ངོ་ཚ་མེད་པའི་དམེ་རྒན་འདི……ངོ་ཚ་མེད་པའི་ཁྱི་རྒན་འདིས་ད་རུང་དག་སེལ་བྱེད་ཀྱིན་འདུག ཕར་བལྟས་ན་དམེ་རྒན་འདིས་རྒྱ་ཁ་ཆེའི་ལེགས་ཆ་ཅི་ཡང་སློབ་མ་ཐུབ་པར་ཞན་ཆ་ཡོངས་རྫོགས་བསླབས་འདུག”ཟེར་ནས་ངར་ངར་བྱས།

  ང་རང་གོམ་པ་གཅིག་གཉིས་ཙམ་ཕྱིར་བཀྱེད་རྗེས་མུ་མཐུད་དུ“ང་རང་སྔར་ནས་རང་ལོ་བཅོ་བརྒྱད་བརྒལ་ཟིན་པས་ཁྲིམས་ལུགས་ལྟར་ན་ཁྱོད་ཚོར་ངའི་དོན་དག་ལ་ཐེ་གཏོགས་བྱེད་པའི་དབང་ཆ་མེད་ལ། དེ་བས་ཀྱང་ང་ལ་གཅར་རྡུང་བྱེད་པའི་དབང་ཆ་མེད།”ཅེས་བཤད་པ་ན་ཕ་མ་གཉིས་རེ་ཞིག་སྔར་ལས་ཧང་སངས་ཤིང་། རིམ་བཞིན་སྙིང་རླུང་སྟོད་ལ་འཚང་བཞིན་སོ་སོའི་ས་ན་མིག་ཆུ་བཞུར་ནས་འདུག་པ་དང་། མཚམས་ཤིག་པ་པས་ཤུགས་རིང་ཞིག་བཏོན་ཏེ“ཉོན་དང་ངས་ཁྱོད་ལ་གསལ་པོར་བཤད། ཉི་མ་དེ་རིང་ནས་བཟུང་ཁྱོད་ཀྱིས་བུད་མེད་དེ་དང་འབྲེལ་བ་མཚམས་མ་བཅད་ན་ཁྱོད་རང་རྒྱ་སྒོ་གན་ནས་ཡར་ལ་གོམ་པ་གང་ཡང་སྤོ་ས་མེད། ཁྱོད་ཀྱིས་ཕ་ངོ་ས་དང་མ་ངོ་རྡོ་བྱས་ནི་ཡིན། འདི་ནི་ངའི་ཁ་བཤད་ཙམ་མིན་པར་ཕོ་རབ་ཚིག་ཐོག་དང་འཕར་བ་རྗེས་ཐོག་ཡིན། དཀོན་མཆོག་གསུམ།”ཟེར་ནས་ཚིག་རྔ་མནའ་ཡིས་མནན། ཁོ་པ་དེ་སྔོན་ངའི་གོ་གནས་དབྱུང་དུས་ནང་བཞིན་ཁོང་ཁྲོ་ལངས་ཤིང་སེམས་པ་ཕམ་སྟེ་བལྟས་བལྟས་རིག་རིག་ལ་གཉའ་ཡང་སྒུར་སོང་།

  སྤྱི་ཚོགས་གླེང་ཕྱོགས་དང་ཁྱིམ་མིའི་ངོ་རྒོལ་ལ་གདོང་གཏད་རྒྱུ་ནི་དངོས་གནས་ལས་སླ་བོ་ཞིག་མ་རེད། ངས་བསམས་ན་ཞང་ཞང་གིས་ཀྱང་འདི་དག་ལ་གདོང་གཏད་མ་ཕོད་པ་འདྲ། གང་ལྟར་ངེད་གཉིས་ངོ་མ་ཐུག་པར་ཡུན་རིང་འགོར་སོང་། ཐ་ན་ཁ་པར་དང་སྐད་འཕྲིན་གྱི་འབྲེལ་བའང་མཚམས་ཆད་སོང་། ངའི་སེམས་ལའང་དོན་དག་དེ་འདི་ལྟར་མཇུག་རྫོགས་སོང་བསམ་བཞིན་ཡོད། ཕངས་པ་ཞིག་ལ་དོན་དག་དེ་འདི་ལྟར་མཇུག་མ་རྫོགས་པར་མ་ཟད་སྔར་ལས་རྙོག་འཛིང་དུ་གྱུར་པ་འདི་ལྟ་སྟེ། ཉིན་ཞིག་ང་ཚོས་གུང་ཇ་འཐུང་སྐབས་ཞང་ཞང་གི་ཨ་མས་བསམ་དབང་དྲན་དབང་མ་བྱིན་པར་ཕྲུ་གུ་དམར་འབྱར་ཞིག་ཁྱེར་ཡོང་ནས་ངའི་ལག་ལ་བཞག་སྟེ“ཁྱོད་ཀྱི་དམེ་ཕྲུག་འདི་རེད།”ཅེས་བཤད་རྗེས་སྔར་བཞིན་བསམ་དབང་དྲན་དབང་མ་བྱིན་པར་ཁ་ཕྱིར་འཁོར་ནས་བུད་སོང་།

  ང་ཚོ་ཚང་མ་ཧ་ལས་ཤིང་ཧོན་ཐོར་ནས་ཡུན་རིང་འགོར་བ་དང་། མཚམས་ཤིག་ཕྲུ་གུ་དེ་གཉིད་སད་རྗེས་མིའི་རིགས་ཀྱི་སྐད་སྒྲ་དང་མི་འདྲ་བར་གཅན་གཟན་གང་ཞིག་གི་ཕྲུ་གུའི་ངུ་ཟུག་གི་སྒྲ་དང་འདྲ་བའི་སྙིང་ལ་གཟན་པའི་ཨག་སྐད་ཕུང་ཞིང་། ཁ་ཤའང་སྔོན་པོར་གྱུར་ནས་བརྒྱལ་ལ་ཁད་བྱས་པ་ན་ཨ་མས“འདི་ལྟོགས་ཀྱི་ཡོད་པ་འདྲ།”ཟེར་ནས་དེ་མ་ཐག་རྒྱ་སྲང་ལ་སོང་ནས་འགྱིག་གི་ནུ་ཁུག་ཅིག་ཉོས་ཡོང་ནས་བསྣུན་ནའང་ཕྲུ་གུ་དེས་མཆུ་ཕར་གཅུ་ཚུར་གཅུ་བྱེད་པ་ལས་གཏན་ནས་མི་ནུ་བར་སྔར་ལས་སྙིང་ལ་གཟན་པའི་ཨག་སྐད་འབྱིན་བཞིན་འདུག

  པ་པས་ཤུགས་རིང་ཞིག་བཏོན་ཏེ“གནས་སྐབས་ཁོ་ཚང་ལ་ཕྱིར་བསྐྱལ་ཏེ་དོན་དག་རིམ་བཞིན་གྲོས་བྱས་ནས་ཐག་གཅོད་བྱེད་ཅེས་བཤད་ན?”ཟེར།

  ཨ་མས་མིག་ཆུ་འདོན་བཞིན་ཕྲུ་གུ་དེ་བང་ནས་ཞང་ཞང་ཚང་ལ་སོང་།

  ཉིན་འགའི་རྗེས་སུ་ཞང་ཞང་ཚང་གིས་སླར་ཡང་ཕྲུ་གུ་དེ་ཕྱིར་བསྐྱལ་ཡོང་།

  མཇུག་མཐར་ཕྲུ་གུར་ནུ་མ་གཅོད་རག་བར་དུ་ཞང་ཞང་ཚང་གིས་སྙོར་རྒྱུ་དང་། དེ་ནས་ངེད་ཚང་གིས་སྙོར་རྒྱུ་ཐག་བཅད། ཡིན་ནའང་ཟླ་གཉིས་ཙམ་གྱི་རྗེས་སུ་ཞང་ཞང་ཚང་བློ་ལོག་སྟེ་ཕྲུ་གུ་དེ་ཕྱིར་བསྐྱལ་ཡོང་། དེ་ལྟར“དམེ་ཕྲུག”མ་གཏོགས་མིང་གཞན་མེད་པའི་ཕྲུ་གུ་འདི་རྐང་གྲུག་ཇི་བཞིན་ཕར་གཡུག་ཚུར་གཡུག་བྱེད་པའི་ཁྲོད་ནས་ལོ་ཟླ་རིམ་བཞིན་འདས།

  སྟོང་འཇགས་སེ་འདུག་པའི་ངེད་ཚང་གི་ར་སྐོར་ཆེན་པོ་དེའི་ནང་དུ་མཚམས་རེར་དམེ་ཕྲུག་གི་གཅན་གཟན་གང་ཞིག་གི་ཕྲུ་གུའི་ངུ་ཟུག་དང་གཉིས་སུ་མ་མཆིས་པའི་ཨག་སྐད་རེ་གྲགས་པ་མ་གཏོགས་གླུ་སྐད་མེད་ལ་དགོད་སྒྲ་མེད། ཐ་ན་གཟའ་ཉི་མར་ཨ་ཅེ་ཡོང་ནས་ངེད་ཚོའི་གྱོན་པ་བཀྲུ་བ་དང་། མཚམས་རེར་འབྲོག་ཁུལ་ན་ཡོད་པའི་པ་པའི་ནུ་བོ་ཚང་གི་མི་རེས་ཤ་མར་ཕྱུར་དང་ཞོ་འོ་མ་རེ་བསྐྱལ་ཡོང་དུས་མ་གཏོགས་ཕལ་ཆེར་ཉིན་གང་བོར་ཁ་བརྡ་ཚིག་གཅིག་ཀྱང་མེད།

  ངས་ནམ་རྒྱུན་དམེ་ཕྲུག་གི་འཇིམ་བརྙན་ལྟར་ཉམས་འགྱུར་ཅི་ཡང་མེད་པའི་གདོང་ལ་ཅེར་ཏེ་དང་ཐོག་ཞང་ཞང་ངེད་གཉིས་ཀྱིས་མཚམས་རེར་སྦྲུམ་འགོག་ལ་ལྷོད་གཡེང་བྱས་པར་འགྱོད་པ་གཏིང་ནས་སྐྱེས་པ་དང་། ཡང་མངལ་འཁོར་རྗེས་ཞང་ཞང་གིས་དུས་ལྟར་མངལ་མ་ཕྱུང་བའི་རྒྱུ་མཚན་ཅི་ཡིན། འདི་ནི་བསམ་གཟས་ནས་ང་རང་སྡུག་ལ་གཏད་འདོད་པ་མིན་ནམ་བསམས་ནས་ཁོང་ཁྲོ་ལང་། གང་ལྟར་སྡུག་ཕྲུག་འདིས་ངའི་ཡོད་ཚད་བརླགས་སོང་བསམ་བཞིན་སེམས་སྡུག་དང་ཁོང་ཁྲོ་ཚད་མེད་ལངས་ཏེ་ཕྲུ་གུ་འདི་གནམ་ལ་ཕྱར་ནས་ས་ལ་བརྡབ་འདོད་སྐྱེས་པ་དང་། ཡང་མཚམས་རེར་ཕྲུ་གུ་འདིར་སྙིང་ཁོང་རུས་པའི་གཏིང་ནས་སྙིང་རྗེ་བཟོད་ཐབས་མེད་པ་ཞིག་སྐྱེས་ནས་ངོ་གདོང་གླན་ཏེ་མིག་ཆུ་འགོག་མེད་དུ་བཞུར།

  དམེ་ཕྲུག་གི་ན་ཟླ་རྣམས་བུ་བཅོལ་ཁང་ལ་སྐྱེལ་བར་ཉེ་ནའང་དམེ་ཕྲུག་ད་རུང་ཡར་ལང་མི་ཐུབ་ལ། “པ——པ——”གཅིག་པུ་མ་གཏོགས་སྐད་ཆའང་བཤད་མི་ཤེས། ང་ཚོ་སེམས་ཁྲལ་ཆེན་པོའི་ངང་སྡོད་པའི་ཉིན་ཞིག་ལ་ངས་དམེ་ཕྲུག་གི་ངག་ནས“པ——པ——”ལས་གཞན་པའི་སྒྲ་ཞིག་མང་དུ་ཐོན་པ་ཐོས་ནས་དགའ་དྲགས་ཏེ་དེ་མ་ཐག་ཕ་མ་གཉིས་ཀ་བོས་ཤིང་། དམེ་ཕྲུག་ལ་ཡང་ཡང་སྐད་ཆ་བཤད་པར་བསྐུལ་བ་ན་ཁོས་གཞི་ནས“པ——པ——པའོ——མ——”ཟེར།

  2019ལོའི་ཟླ་གསུམ་པར།

  མཆན་འགྲེལ།

  (1)ཐ་མ་ཏི(他妈的)ནི་རྒྱ་སྐད་ལ་ཁྱད་དུ་ཡོད་པའི་སྡིགས་དམོད་བྱེད་སྟངས་ཤིག་སྟེ། ཨ་མའི་འོག་གི་དེ་ཞེས་པའི་དོན།

  (2)མཚོ་སྔོན་གྱི་རྒྱ་སྐད་དུ་ང་ལ་ནོ་ཟེར་བ་དང་། རྒྱ་སྐད་ཀྱི་རི་ཉེའུ་མ(日你妈)ནི་ཁྱོད་ཀྱི་ཨ་མར་འཁྲིག་པ་སྤྱད་ཅེས་པའི་དོན།

                                                         ——2019ལོའི་ཟླ་དྲུག་པར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་པའི《ཝ་ནག་ལུང་བ》ལས་བདམས།

རྩོམ་སྒྲིག་པ། ལྷ་སྐྱིད།

རྩོམ་ཁུངས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཚེ་རིང་དོན་གྲུབ་ཀྱི་བརྩམས་སྒྲུང་གསར་པ། 《པ་པ་པའོ་མ》

2020-05-15 ཚེ་རིང་དོན་གྲུབ།(ཟི་ལིང) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།