ཀླད་ཀོར་གྱི་བརྩམས་སྒྲུང་གསར་པ། 《སྒང་གི་ཁ་བ》

ཀླད་ཀོར།(སྨར་ཁམས) མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2020-10-27

  ངས་ལས་ཁུངས་ཀྱི་ཟ་ཁང་ནས་ཟ་མ་རྒྱགས་ཚད་ཅིག་ཟོས་ནས་སྒོ་ཕྱིར་བུད་མ་ཐག སྒོ་ཁར་ཉི་མར་ལྡེ་བཞིན་པའི་ནམ་མཁའ་བཟང་པོས“ཁྱོད་རང་ག་པར་འགྲོ་གི་ཡིན”ཟེར།

  ངས“ཟ་མ་བཟའ་བར་འགྲོ་གི་ཡིན” ཟེར་བ་ན་ཁོ་རང་བགད་སོང་།

  བགད་རྒྱུ་ཅི་ཡོད། ང་རང་ཟ་ཁང་གཞན་ཞིག་ནང་འཛུལ་ཏེ། བག་ལེབ་དང་། ཤ་སྐམ། སུར་པན་བཅས་རྒྱགས་ཚད་ཅིག་ཟོས་པ་ཡིན།

  ཟ་ཁང་ནས་བུད་རྗེས་ཟ་ཁང་གཞན་ཞིག་ཏུ་འཛུལ་བའི་བརྒྱུད་རིམ་ནང་། ནམ་མཁའ་བཟང་པོ་ཁོ་རང་དུས་རྒྱུན་བཞིན་ངའི་རྗེས་དེད་ནས་སླེབས་མ་བྱུང་བས་ཁོར་ཟས་ཞིམ་པོ་དེ་དག་རག་མེད། སྡུག་གྱོང་རེད། ངས་ནམ་ཡང་དཔྱིད་ཀ་ཤར་རྒྱུ་མེད་པའི་སྨར་ཁམས་སྒང་གི་ནམ་མཁའ་ལ་དམའ་འབེབ་ཅིག་བྱས།

  ང་རང་དང་པོ་སྨར་ཁམས་སྒང་དུ་འོང་དུས། ནམ་མཁའ་བཟང་པོས་བོད་ཡིག་ཡག་པོ་མི་ཤེས་ཀྱང་ཁོས་མི་རིགས་ཡིག་བསྒྱུར་ཅུས་ཀྱི་ཡིག་སྒྱུར་མཉེན་ཆས་དང་ཨེ་མ་ཧོ་ལོ་ཙཱ་སོགས་དྲ་ལམ་གྱི་ཡིག་བསྒྱུར་མཉེན་ཆས་དང་ཚིག་མཛོད་ལ་བརྟེན་ནས། སྨར་ཁམས་སྒང་དུ་སྐད་གྲགས་ཆོད་པའི་ལོ་ཙཱ་བ་ཆེན་པོ་ཞིག་ཏུ་གྱུར་འདུག

  ང་རང་དང་པོར་སྨར་ཁམས་རྫོང་ཁར་ལས་ཀར་ཡོང་དུས་ཁོས་ང་རང་གདན་དྲངས་པ་ཡིན་ཟེར་ཏེ། ཤ་ཆང་གྱ་ནོམ་པ་བསྒྲིགས་ནས་ང་རང་ཁོའི་ཁང་པའི་ནང་མགྲོན་བསུ་བྱས་བྱུང་། ངེད་གཉིས་ཀྱི་བོད་ཀྱི་དེང་རབས་རྩོམ་རིག་སོགས་གླེང་ནས་ནམ་ཕྱེད་བར་བསྡད་པ་ཡིན།

  ཕྱི་ཉིན་ཁོས་《ཏུན་ཧོང་ཞིབ་འཇུག》ཅེས་པའི་དེབ་རྒན་ཞིག་ལ་ཧ་ཅང་རྒྱུས་ཡོད་པ་དང་ཤེས་ཀྱིན་ཡོད་པའི་ཚུལ་གྱི་ལྟ་བཞིན་འདུག ཁོས་ང་ལ་མ་འོངས་པར་ཁོ་རང་ཧི་མ་ལ་ཡའི་རིག་གཞུང་ཞིབ་འཇུག་མཁན་ཞིག་ཏུ་འགྱུར་ངེས་པའི་ཚུལ་བཤད་བྱུང་།

  ངས་“རང་གིས་རྒྱ་ཡིག་ཡག་པོ་ཤེས་ཀྱིན་ཡོད་དམ”ཞེས་དྲིས།

  ཁོས་“རྒྱ་ཡིག་ཡག་པོ་ཞིག་མི་ཤེས”ཟེར།

  “རྒྱ་ཡིག་ཡག་པོ་ཞིག་ཤེས་ན་ཅུང་སླ་ནི་རེད། དེང་གི་ཧི་མ་ལའི་རིག་གཞུང་ཞིབ་འཇུག་པ་ཚོས་རྒྱའི་ཡིག་ཚང་ནང་གི་ཡི་གེ་ཁ་ཤས་བོད་ཡིག་ཏུ་བསྒྱུར་རྗེས། ཕར་སྒྲིག་ཚུར་སྒྲིག་ཁ་ཤས་བྱས་བཞག་དུས་དཔྱད་རྩོམ་དཔེ་མེད་ཅིག་ཆགས་ཀྱི་འདུག”ཅེས་བཤད་པ་ཡིན།

  ཁོས་“ཡིན་གཅིག་མིན་གཉིས་རྒྱ་ཡིག་ཤེས་དགོས་སམ། དབྱིན་ཡིག་དང་ཧྥ་རན་སེའི་ཡི་གེ་ཤེས་ན་མི་ཆོག་གམ”ཞེས་དྲིས་བྱུང་།

  “དེང་སང་གནའ་སྔ་མོར་བོད་དུ་སྐྱོད་མཁན་གྱི་མགོ་སེར་ཚོའི་ཉིན་ཐོ་བཤུས་ནས་ཧི་མ་ལ་ཡ་ལ་རིག་གཞུང་ལ་ཞིབ་འཇུག་བྱེད་པའི་ལུགས་སྲོལ་ཞིག་དར་འདུག སྐད་རིགས་དེ་དག་ཤེས་ན་ཅུང་སླ་མོ་ཡིན་པ་འདྲ”ཞེས་བཤད་པ་ཡིན།

  “ངས་དབྱིན་ཡིག་དང་ཧྥ་རན་སེའི་ཡི་གེ་ཡང་མི་ཤེས”

  རྒྱ་ཡིག་དང་དབྱིན་ཡིག ཧྥ་རན་སེའི་ཡི་གེ་སོགས་ཅུང་ཙམ་ཡང་མི་ཤེས་ན་ཧི་མ་ལ་ཡའི་རིག་གཞུང་ལ་ཞིབ་འཇུག་ཅི་འདྲ་བྱེད་དམ།

  ད་ཆར་ཧི་མ་ལ་ཡའི་རྒྱུད་དུ་གནས་པའི་བོད་མི་རིགས་ཀྱི་སྐད་ཡིག་དེ་ཧི་མ་ལ་ཡའི་རིག་གཞུང་ཞིབ་འཇུག་ལ་ཕན་ཕོགས་ཅང་མེད་པར་འགྱུར་འདུག བོད་ཡིག་ཡག་པོ་ཞིག་ཤེས་ན་བྲག་ཕུག་ཏུ་ལུས་པའི་གནའ་བོའི་དཔེ་ཆའི་ནང་གི་སྒྱུ་འཕྲུལ་དངོས་ཡོད་རིང་ལུགས་དང་འདྲ་བའི་གཏམ་རྒྱུད་དག་ལས་ཧི་མ་ལ་ཡའི་རིག་གཞུང་ཞིབ་འཇུག་ལ་ཕན་ཐོགས་པའི་ཚིག་རེ་གཉིས་རྙེད་སྲིད་ཀྱང་། ནམ་མཁའ་བཟང་པོས་བོད་ཡིག་ཡག་པོ་ཞིག་ཀྱང་ཀློག་མི་ཤེས། ཁོས་བོད་ཡིག་ཡིན་བསམ་བསམ་གྱིས་བཀླགས་དུས། སྔོན་འཇུག་བཀླགས་ཚར་བ་དང་མིང་གཞི་ལ་ཐོགས་སྡོད་ཀྱིན་འདུག་ལ། མིང་གཞི་བཀླགས་ཚར་བ་དང་རྗེས་འཇུག་ལ་ཐོགས་བསྡད། དེ་ན་ང་ཚོའི་ལོ་ཙཱ་བ་གྲགས་ཅན་དེས་སྐད་རིགས་སྣ་གཅིག་ཀྱང་ཤེས་མི་འདུག་པས་ཁོའི་ཧི་མ་ལ་ཡའི་རིག་གཞུང་གི་མདུན་ལམ་ལ་ང་རང་སེམས་འཚབ་ལངས་བྱུང་།

  ཁོས་བསམ་བློ་ཡང་ཡང་བཏང་རྗེས་ཧི་མ་ལ་ཡའི་རིག་གཞུང་ཞིབ་འཇུག་དེ་དེ་འདྲའི་ལས་སླ་པོ་ཞིག་མེད་པ་ཤེས་པ་འདྲ།“དེ་ན་བརྩམས་སྒྲུང་པ་གྲགས་ཅན་ཞིག་བྱས་ན་ག་འདྲ་འོང་ངམ། དེ་ལས་སླ་པོ་ཞིག་མིན་ནམ། རྫུན་ལབ་བསྡད་ན་འགྲིག་གི་པཱ”ཞེས་དྲིས་བྱུང་།

  ངས་ཁོ་ལ་ཕྱི་ཕྱོགས་ནས་བལྟས་ན། ཧི་མ་ལ་ཡའི་རིག་གཞུང་ཞིབ་འཇུག་དང་བརྩམས་སྒྲུང་པར་འདྲ་ས་མེད་ཀྱང་། ནང་ཁོག་གཅིག་པ་གཅིག་ཀྱང་ཡིན་ཚུལ་བཤད་པ་ཡིན། གང་ལགས་ཤེ་ན། ཧི་མ་ལ་ཡའི་རིག་གཞུང་ཞིབ་འཇུག་དེ་དང་པོ་རྫུན་གཏམ་ཞིག་རྩོམ་དགོས་པ་དང་རྫུན་གཏམ་དེ་བདེན་པ་ཡིན་པའི་སྒྲུབ་བྱེད་དུ་སླར་ཡང་རྫུན་གཏམ་མང་པོ་རྩོམ་དགོས་པའི་སྐོར་བཤད་པ་ཡིན། དེ་ན་ཧི་མ་ལ་ཡའི་རིག་གཞུང་དཔྱད་རྩོམ་དག་ནི་བརྩམས་སྒྲུང་རྩོམ་པར་འཇུག་པའི་སྒོ་ངོ་མ་དེ་ཡིན་པ་རེད།

  ཕྱི་ཉིན་ཁོས“ཁྱོད་ནི་རྡོ་རེད། ས་རེད། ནམ་མཁའ་རེད། རྫོགས་མཐའ་མེད་པ་དེའོ”ཞེས་པའི་སྙན་ངག་ཡིན་ཟེར་བ་ཞིག་བརྩམས་གནང་འདུག་ཅིང་ཁོས་སྙན་ཐུང་འདི་ནི་བོད་ཀྱི་དེང་རབས་རིང་ལུགས་ཀྱི་དཔེ་མཚོན་སྙན་ངག་ཏུ་འོས་ཚུལ་གླེང་བྱུང་། ཁོས་ང་ལ་ལོ་མང་པོའི་རྗེས་སུ་སྐད་གྲགས་འགྲོ་སྲིད་པའི་སྙན་ངག་དེ་ལ་དཔྱད་པ་ཞིག་བྱོས་དང་ཟེར།

  ངས“སྙན་ཐུང་དེ་ལ་གོ་བ་ལོན་གི་མི་འདུག”ཟེར་བར་ཁོས་“རང་ཆུ་ཚད་དམའ་སོང་བ་རེད་”ཟེར།

  ང་རང་སྨར་ཁམས་རྫོང་ཁར་ལས་ཀ་སྤོར་མ་ཐག་ཡིན་པས། ཁོས་ང་རང་ཁོའི་ཁྱིམ་ནང་བསྡད་ན་འགྲིག་གི་རེད་ཟེར་ནས་ང་ལ་སྡོད་ས་སྐྱིད་པོ་ཞིག་བཟོས་སོང་། ང་ཡང་ཁོའི་སར་བསྡད་པ་ཡིན།

  ཁོས་དང་པོ་དུས་ཚོད་འདྲ་ཡོད་ན་ཁ་པར་རྩེད་ཞོར་དཔེ་ཆ་ལྟ་ཞོར་བྱས་མོད། རྗེས་ནས་ལས་ཀ་གྲོལ་མ་ཐག་ཐད་ཀར་ཆང་ཁང་ནང་འཛུལ་འགྲོ་ལ་ནམ་ཕྱེད་ལ་ནག་མོ་མི་འདྲ་བ་རེར་ཁྲིད་ནས། ཕོ་མོའི་བར་གྱི་དམག་འཛིང་བྱེད་པ་འདྲ་བའི་ལས་ཡ་མཚན་དེ་ལ་འཇུག་པ་བྱེད་པས་ང་རང་སྐྱིད་པོ་ཞིག་གཉིད་དུ་མ་བཅུག མདང་དགོང་ཡང་ལྷ་དང་ལྷ་མ་ཡིན་འཁྲུག་པ་འདྲ་བོ་བྱས་སོང་བས་ཞོགས་པར་ངས་ཁོ་ལ་“རྗེས་མ་ཁྱོད་ཚོས་སྐད་ཆུང་ཆུང་ཙམ་བྱས་ན་ཆོག་གམ”ཞེས་དྲིས་པས།

  ཁོ་རང་ཁོང་ཁྲོ་ལངས་ཏེ“སྨར་ཁམས་གླིང་གི་ས་ཆ་ལ་ཁང་པ་ཁྲི་ཚོ་སྟོང་ཚོ་ཡོད། ཡང་བགོས་སྨར་ཁམས་རྫོང་ཁ་ལ་ཁང་པ་འབུམ་ལས་བརྒལ་བ་ཡོད། དེ་དག་གི་ནང་དུ་ཁྱོད་ཀླད་ཀོར། རྩོམ་པ་པོ་ཆེན་མོ། ལས་བྱེད་པ་རྒན་གྲས། སྨར་ཁམས་སྒང་གི་སྒོ་བྱང་དང་བརྡ་ཡིག་ལ་སོགས་ལ་ཡིག་ནོར་ལྷག་པར་མང་དུ་བཟོ་མཁན་ལ་རང་ཉིད་ལ་དབང་བའི་ཁང་པ་ཞིག་ཀྱང་མི་རྙེད་དོན་ཅི་རེད་”ཟེར་བྱུང་།

  དེ་དུས་ཁོས་གླིང་གེ་སར་རྒྱལ་པོའི་སྒྲུང་ནང་གི་སྨར་ཁམས་གླིང་གི་ས་ཆ་ཟེར་བའི་བཤད་སྲོལ་དེ་ལ་ཞིག་འཇུག་བྱས་ནས་དཔྱད་རྩོམ་ཞིག་འབྲི་སྒང་ཡིན། ད་ལྟ་སྨར་ཁམས་རྫོང་དུ་ས་ཁྱབ་རྡོ་ཁྱབ་གྱུར་ཟིན་པའི་“དགེ་ལེགས་སྨར་ཁམས”ཟེར་བ་དེ་ལ་གོ་དོན་མེད་པ་དང་ཡིན་གཅིག་མིན་གཉིས“སྨར་ཁམས་གླིང་གི་ས་ཆ”ཞེས་བརྗོད་ན་ཡག་རབས་མི་ཀུན་ལ་འཆད་ཀྱིན་འདུག་ཀྱང་། རྗེས་ནས་གླིང་སྒྲུང་གང་སར་གླུས་ཁེངས་འདུག་པས་ནང་དོན་མི་འདུག་ཟེར་ནས་ཕར་ཙམ་བཞག་སོང་། ཞོགས་པར་ང་ལ་དམའ་འབེབས་བྱེད་དུས་ཀྱང་སྨར་ཁམས་གླིང་གི་ས་ཆ་ཟེར་བྱུང་།

  དེ་རིང་ང་རང་ཟ་མ་ཞིམ་པོ་བཟའ་བར་འགྲོ་དུས་ཁོ་རང་ངའི་རྗེས་དེད་ནས་སླེབས་མ་སོང་། དེའི་རྒྱུ་མཚན་ནི་ཞོགས་པའི་ཁ་རྩོད་དེ་ལ་ཐུག་ཡོད་སྙམ།

  ཉིན་ཕྱེད་ཀྱི་ངལ་གསོའི་སྐབས། དུས་རྒྱུན་ལྟར་ངལ་མ་གསོ་བར་སྨར་ཁམས་རྫོང་གི་སྲང་ལམ་ནང་ཡར་ཉུལ་མར་ཉུལ་བྱས་བསྡད་པ་ཡིན། སྲང་ལམ་གཉིས་ཀྱི་བར་ན་རྒྱུ་བཞིན་པའི་ཤག་ཆུ་གཙང་པོ་ལ་རེ་ཞིག་ཧད། ཆུ་བོ་ཧ་ལས་པ་ཆུང་ཆུང་། དུས་བཞི་དམར་པོ་དམར་རྐྱང་། གཙང་མ་འགྱུར་མྱོང་མེད་པ་འདི། ཕར་བལྟས་ཚོད་ལ་གཙང་པོ་ཞིག་མ་རེད་མོད། མཁས་པ་ཞིག་གིས་གསུངས་རྩོམ་ནང་ཤག་ཆུ་གཙང་པོ་ཞིག་བྲིས་འདུག་པས་དེ་རིང་ངས་ཀྱང་འདི་ནི་གཙང་པོ་ཞིག་ཡིན་སྙམ་བྱས། གསོན་ཉམས་མེད་པའི་གཙང་པོ་འདི་ལ་ལྟ་བ་ནི་རང་ཉིད་ཀྱི་སེམས་ཁམས་ཇེ་སྡུག་ཏུ་བཏང་བ་ལས་མི་འདུག གཙང་པོ་འདི་མར་མར་བཞུད་ནས་ངའི་ཕ་ཡུལ་དུ་སླེབ་འགྲོ། ངའི་ཕ་ཡུལ་དུ་སླེབས་དུས་ཁོ་རང་འདི་འདྲའི་ཉམ་ཆུང་ཞིག་ག་ལ་ཡིན། ལོ་རེ་བཞིན་ཆུ་བྲུབས་ནས་མི་མི་ཁུར་ན་ཁང་པ་ཁུར། ཁང་པ་མི་ཁུར་ན་ས་ཞིང་ཁུར། ས་ཞིང་མི་ཁུར་ན་སྒོ་ཕྱུགས་ཁུར་འགྲོ གང་ལྟར་གཙང་པོ་ཆུང་ཆུང་དེ་ངའི་ཕ་ཡུལ་དུ་སླེབས་དུས་ཆུ་བོ་ཆེན་པོ་ཞིག་ཡིན། ཆུ་བོ་ཆེན་པོ་ཞིག་ཡིན་ན་གཙང་པོ་ཞེས་འབོད་དགོས་མོད། ཡུལ་མི་རྣམས་ཀྱི་ལུང་ཆུ་ཞེས་འབོད་པ་ལས་གཞན་པའི་མིང་ཞིག་མི་འདུག དེ་ན་ཁོ་ནི་ཆུ་བོ་མིང་མེད་ཅིག་ལས་ཅི་ཡང་མིན། གནའ་མི་གླེན་པ་ཚོས་《གཙང་པོར་བཏང་པའི་འཕྲིན》སོགས་སྙན་ངག་མང་པོ་བྲིས་སྲིད་མོད། ངས་ཕ་ཡུལ་ཕྱོགས་སུ་བཞུར་འགྲོ་བའི་གཙང་པོ་དམར་པོ་འདི་ལ་འཕྲིན་པ་ཞིག་བསྐུར་བའི་དབང་དུ་བཏང་ནའང་མི་ཞིག་གིས་ཀུ་ཤུ་དམར་པོ་རྡོག་གཅིག་ཟོས་པ་བཞིན་འཕྲིན་པ་དེ་ནི་གཙང་པོ་དམར་པོ་འདིའི་ཁོག་པའི་་ནང་མིད་ངེས་པ་ལས་ཕ་ཡུལ་ཕྱོགས་སུ་འགྲོ་མི་ཐུབ་ཐག་གཅོད་རེད། དུས་ད་ལྟ་རྙོག་དྲ་དེ་འདྲ་མང་པོ་བྱེད་དགོས་པ་མི་འདུག བརྡ་རྟགས་ཡོད་པའི་ཕ་ཡུལ་ཕྱོགས་སུ་ཁ་པར་ཞིག་བཏང་བཞག་ན་ཆོག་པ་འདུག

  ང་རང་ཤག་ཆུ་གཙང་པོ་དང་ཁ་བྲལ་ནས་གླིང་གའི་ཕྱོགས་སུ་འགྲོ་སྐབས། ཡུན་རིང་མ་འཕྲད་པའི་སྤྲུལ་སྐུ་རྡོ་རྗེ་མཐའ་ཡས་གླིང་གའི་སྒོ་ཁར་ཙོག་ནས། “སྒོར་མོ་བརྒྱ། སྒོར་མོ་བརྒྱ”ཟེར་བཞིན་བསྡད་འདུག ངས་ཅི་བྱུང་བ་ཡིན་ནམ་སྙམ་ནས་ལྟ་ཡག་ཅིག་བྱེད་དུས། ཁོས་རྒྱན་ཤོག་ཅིག་འཛུབ་མོས་བཤེར་ནས་དེ་ལྟར་ལབ་ཀྱིན་འདུག

  ང་རང་མཐོང་མ་ཐག“སང་ཉིན་འབུམ་མཚོ་མཇལ་བར་འགྲོ པར་ཆས་ཡག་པོ་ཞིག་ཁུར་ཤོག”གསུངས།

  “ངའི་པར་ཆས་དེ་ཁྱོད་ཀྱིས་རྡོ་ལ་བརྒྱབ་སོང་། ད་ང་ལ་པར་ཆས་མེད”ཅེས་བཤད་པ་ཡིན།

  “དངོས་པོ་ཐམས་ཅད་མི་རྟག་པ་རེད། པར་ཆས་དེ་ལས་ཡག་པ་ཞིག་ཉོས་དང་ངེད་གཉིས་འབུམ་མཚོ་དང་ཁ་བ་དཀར་པོར་མཇལ་བར་འགྲོ”གསུངས་བྱུང་།

  སྨར་ཁམས་སྒང་དུ་དཔྱིད་འགོ་མའི་ཁ་བ་དང་པོ་དེ་བབས་ཉིན། ང་རང་གཉིད་སྐྱིད་པོ་ཞིག་ཁུག་བསམ་ཡང་། སྤྲུལ་སྐུ་རྡོ་རྗེ་མཐའ་ཡས་ཀྱིས་ཞོགས་པ་ཆུ་ཚོད་ལྔ་པར་ཁ་པར་ཡོང་ནས་“པར་ཆས་ཁུར་ཤོག” ལབ་བྱུང་།

  ངས་པར་ཆས་d850རྟགས་ཅན་ཞིག་ཡོད་པ་དེ་ཁུར་བ་ཡིན་ལ། ངེད་གཉིས་སྨར་ཁམས་ཀྱི་རྒྱབ་རི་ཟེར་བར་འཛེགས་ནས། སྨར་ཁམས་རྫོང་ཁ་ཡོངས་ལ་པར་བླངས་ཨེ་ཐུབ་བལྟས། རིའི་རྩེ་མོར་སླེབས་དུས་ཁོང་ཉིད་གངས་འདྲེད་ཤོར་བ་དང་པར་ཆས་བྲག་ནས་ཤོར་སོང་བས་ངེད་གཉིས་འོག་ཏུ་སླེབས་དུས་པར་ཆས་ནི་ལྕགས་རྡོག་པོ་ཞིག་ལ་གྱུར་འདུག

  ངས་རང་གི་པར་ཆས་གོང་ཆེན་ལ་ཆག་སྒོ་བྱུང་བར་ཡིད་སྐྱོ་ཡང་། པར་ཆས་བྲག་ལ་འཕང་མཁན་གྱི་སྤྲུལ་སྐུ་རྡོ་རྗེ་མཐའ་ཡས་ནི་སྣང་དག་མི་འདུག ཁོས་ང་ལ་“དངོས་པོ་ཐམས་ཅད་མི་རྟག་པ་ཡིན”གསུངས།

  ཁ་བའི་མཛེས་ལྗོངས་ལ་པར་གཅིག་ཀྱང་བླངས་མ་ཐུབ་པར་ཉལ་ཁང་ནང་སླེབས་དུས། ངའི་ལུས་པོས་གྲང་འདར་རྒྱག་གིན་འདུག མི་རིང་བར་ང་ལ་ཁམ་བུ་མེ་ཏོག་གི་ཆམ་པ་ཕོག་སོང་། ངའི་ཕ་ཡུལ་དུ་ཁམ་བུ་མེ་ཏོག་ཤར་དུས་ཆམ་པ་ཕོག་ན་སྲོག་ལའང་ཉེན་ཁ་ཡོད་ཟེར་སྲོལ་ཡོད། གང་ལྟར་ཁམ་བུ་མེ་ཏོག་གི་ཆམ་པ་ནི་ཆམ་ངན་ཞིག་རེད། ཟླ་བཞི་པའི་ཕ་ཡུལ་དུ་ཁམ་བུ་མེ་ཏོག་དམར་ཁྲ་ལེར་ཤར་ཡོད་ངེས་ཀྱང་། སྨར་ཁམས་རྫོང་ཁར་ཁ་བ་ཧ་ཅང་ཆེན་པོ་ཞིག་བབས་བྱུང་། ང་རང་ཆམ་ངན་གྱིས་དབང་གིས་མལ་སར་བསྡད་དུས། སྤྲུལ་སྐུ་རྡོ་རྗེ་མཐའ་ཡས་ནི་ང་ལ་ཐེངས་གཅིག་ཀྱང་ལྟ་རུ་མ་ཡོང་། དེ་དུས་ཆང་ཁང་ནི་ནམ་མཁའ་བཟང་པོའི་ཁྱིམ་དུ་འགྱུར་ཟིན་པས་ཉིན་མོ་ཡིན་ན་འདྲ། མཚན་མོ་ཡིན་ན་འདྲ་ཁོ་རང་རིག་སར་མེད། ཕྱི་རོལ་ཏུ་མཚམས་ཆད་རྒྱུ་མེད་པའི་ཁ་བ་ཞིག་འབབ་བཞིན་འདུག

  ཉིན་ཞིག་གི་ཞོགས་པར་ངས་མིག་གཅིག་ཕྱེ་ནས་ལྟ་སྐབས། ཕ་ཡུལ་གཅིག་པའི་བློ་མགོན་ངའི་ཉལ་ཁང་དུ་ཙོག་གིན་ལྕགས་རྡོག་པོ་གཅིག་ལ་འགྱུར་ཟིན་པའི་d850རྟགས་ཅན་གྱི་པར་ཆས་དེར་རྩེད་མོ་རྩེ་བཞིན་འདུག ཆམ་ནད་དེས་ང་རང་ཡུན་རིང་ཞིག་ལ་ལས་ཀར་འགྲོར་མ་བཅུག ང་རང་སད་དུས་སྐབས་རེར་ཉིན་དཀར་རེད་ལ། སྐབས་རེར་ཞོགས་པ་རེད། སྐབས་རེར་མཚན་གྱི་ཆུ་ཚོད་ག་ཚོད་ཡིན་མི་ཤེས་པ་ཞིག་ལ་སད་ཡོང་།

  ཉིན་དེར་བློ་མགོན་གྱིས་པར་ཆས་དེ་རྩེད་མཚམས་བཞག་ནས“འདི་འཕྲོ་བརླག་བཟོས་བཞག ཁ་པར་རྙིང་པ་ཉོ་མཁན་དག་གིས་གཅིག་བྱས་ན་ཉོ་སྲིད། ཚོང་བཞག་ན་ཡག”ཟེར། ཁོས་ང་རང་གཉིད་སྐྱིད་པོ་འདི་ལས་དཀྲོགས་པས་ང་རང་སུན་པོ་བཟོས་སོང་། “ཚོངས་ཤོག”ཟེར་བའི་ལག་བརྡ་ཞིག་སྟོན་པ་ཡིན།

  སྐར་མ་ལྔའི་རྗེས་སུ་ཁོ་རང་སྤྲོ་བ་འཕེལ་པོས་སྒོ་ནས་ཡར་འཛུལ་བྱུང་། ཁོས་“གོང་མཐོན་པོ་རག་སོང་”ཟེར་ནས་སྒོར་མོ་ལྔ་བརྒྱ་ང་ལ་སྟེར་བྱུང་།

  “པར་ཆས་འདི་ངས་ཚུར་ཉོས་དུས་སྒོར་མོ་ག་ཚོད་སྟེར་བ་ཤེས་ཀྱི་ཡོད་དམ།”

  “སྒོར་མོ་དྲུག་བརྒྱ་བདུན་བརྒྱ་ཞིག་སྟེར་བ་ཡིན་ནམ།”

  ““ཁྲི་གསུམ་སྟེར་བ་ཡིན། ལྕགས་རྡོག་པོ་ཞིག་ལ་འགྱུར་ཚར་ཡང་མ་མཐའ་ཡང་བརྒྱད་སྟོང་རིན”ངས་སླར་ཡང་འདི་ལྟར་བཤད།

  ཁོས“དེང་སང་ཁ་པར་ལ་ཡང་པར་ཆས་ཡག་པོ་ཡོད་པས་གོང་མཐོན་པོ་སྟེར་ནས་པར་ཆས་དེ་འདྲ་ཉོས་པ་གླེན་པ་རེད”ཟེར།

  ཁོས་ཨ་རག་དཀར་པོ་བཏུང་ན་ཆམ་པ་ལ་ཕན་ཚུལ་བཤད་བྱུང་ལ་སྒོར་མོ་ལྔ་བརྒྱ་དེ་ཁུར་ནས་ཨ་རག་ཉོ་བར་ཕྱིན་སོང་། ཨ་རག་འཐུང་དྲགས་པས་ཕྱི་ཉིན་ཆམ་པ་སྡུག་ཏུ་ཕྱིན་འདུག

  ང་རང་ཆམ་པ་དྲག་དུས་ཟླ་དྲུག་པ་ཤར་ཟིན་ཞིང་ནམ་ཟླ་སྔར་ལས་འཁྱག་པར་འགྱུར་འདུག ཁ་བ་ནི་སྔར་བཞིན་བབས་འདུག་ལ་སྐབས་རེར་ཉི་མ་ཤར་དུས་སྲང་ལམ་ཡོངས་རྫོགས་རླངས་པ་དཀར་པོ་ཞིག་གིས་བཏུམས་པར་བྱས།

  དེ་རིང་མཐོ་སྒང་གི་གླིང་ག་འདི་ནས་སྤྲུལ་སྐུ་རྡོ་རྗེ་མཐའ་ཡས་ཀྱིས་རྒྱན་ཤོག་ང་ལ་བསྟན་ཏེ“སྒོར་མོ་ཀླད་ཀོར་ལས་མི་འདུག”ཟེར་ནས་ལྷུག་ལྷུག་བགད་བྱུང་།

  ངས་ཁོ་ལ་རྒྱན་ཤོག་ནི་མི་རྣམས་ཀྱི་མགོ་གཡོག་ས་ཡིན་ཚུལ་བཤད་ཀྱང་ཁོ་རང་རྟག་པར་སྲང་ལམ་བརྒལ་ནས་རྒྱན་ཤོག་ཚོང་ཁང་དུ་འཛུལ་འགྲོ་བ་མཐོང་ཐུབ།

  ཁོས་རྒྱན་ཤོག་དག་གད་སྙིགས་བླུགས་སྒམ་དུ་འཕངས་རྗེས། ང་ལ“ཆང་ཁམ་མོ་གང་འཐུང་འགྲོ”ཟེར།

  ངས་“སྒོར་མོ་ཁྱེད་ཀྱིས་བཏང་ན་ལོས་འགྲོ”ཟེར་བ་ཡིན།

  ཁོས་“འགྲོ དང་པོ་སྒོར་མོ་བཙལ་འགྲོ”ཟེར།

  ངེད་གཉིས་སྲང་ལམ་བརྒྱུད་ནས་འགྲོ་སྐབས། ཁོ་རང་གློ་བུར་‘ཨ་ཡིག་ཇ་ཁང’ནང་འཛུལ་སོང་། ང་རང་ཡང་ཇ་ཁང་ནས་ཆང་འདྲ་འཐུང་རྒྱུ་ཡོད་དམ་སྙམ་གྱིན་ནང་དུ་འཛུལ་པ་ཡིན། ནང་དུ་ཆུང་དུས་ངའི་རྩེད་གྲོགས། ད་ལྟ་ཚོང་དཔོན་ཆེན་པོ་ཡིན་པའི་བློ་ལྡན་གྱིས་མི་མང་དང་མཉམ་དུ་མཱ་ཅང་རྩེད་ཀྱིན་འདུག

  ནམ་ཡང་མཆུ་ཟུར་དུ་ཡོད་པའི་གླེན་དགོད་དེ་ད་ལྟ་ཡང་འདུག ཁོས་ང་རང་མཐོང་མ་ཐག་མཆུ་ཟུར་གྱི་གླེན་དགོད་ཀྱི་རྟགས་དེ་ཆེ་རུ་ཕྱིན་སོང་ལ་སྤྲུལ་སྐུ་རྡོ་རྗེ་མཐའ་ཡས་མཐོང་མ་ཐག་རྟགས་དེ་ཡལ་སོང་།

  སྔོན་མ་ངས་ཁོ་རང་མཐོང་དུས་ནི་ལོ་ངོ་མང་པོའི་སྔོན་དུ་རེད། ང་རང་སློབ་གྲྭ་ཆེན་པོ་ཐོན་ནས་རྫོང་ཁར་སླེབས་དུས་སྲང་བར་ནས་ཁོ་དང་འཕྲད་བྱུང་། ཁོས་ང་རང་མཐོང་མ་ཐག་གླེན་དགོད་ཅིག་བྱས་སོང་། གླེན་དགོད་བྱེད་མཚམས་སུ་གསེར་སོ་ཞིག་ཐོན་བྱུང་ལ་དེ་ལས་འོད་ཆེམ་ཆེམ་འཕྲོ་བར་བྱེད།

  ཁོས་ང་ལ་མཚམས་འདྲའི་ཚུལ་དུ་“ང་ལ་ཟླ་རེར་ཡོང་སྒོ་སྒོར་ཆིག་ཁྲི་ལྔ་སྟོང་ཡོད་གི ཁྱོད་རང་ཚོའི་སློབ་ཆེན་དགེ་རྒན་དག་ལ་ཡོང་སྒོ་ག་ཚོད་འདུག”ཟེར།

  ང་རང་དགོད་ཀྱིན་“ངས་དེའི་སྐོར་དྲིས་མ་མྱོང”ཞེས་བཤད་པ་དང་ཁོ་ལ་ཡུལ་དུ་འགྲོ་མཁན་གྱི་མོ་ཊ་ཡོད་མེད་དྲིས། ཁོས་“ཡུལ་དུ་འགྲོ་མཁན་གྱི་མོ་ཊ་རྩ་བ་ནས་མི་འདུག”ཟེར།

  ཕྱི་ཉིན་ང་རང་ཡུལ་དུ་སླེབས་དུས་ཨ་མས“ཁ་སང་ཕྱི་དྲོ་བློ་ལྡན་གྱིས་མོ་ཊ་ཞིག་བཏང་ནས་ཐོན་བྱུང་། རྫོང་ཁར་ཁྱོད་རང་མཐོང་ཡོད་མེད་དྲིས་དུས། མ་མཐོང་ཟེར་བྱུང་”ཞེས་བཤད།

  དེ་རིང་ཚོང་དཔོན་ཆེན་པོ་དེས་སྔར་བཞིན་གླེན་དགོད་ཅིག་བྱེད་མོད། གླེན་དགོད་བྱེད་མཚམས་སུ་ཡོད་པའི་གསེར་སོ་དེ་ད་ཐེངས་མཐོང་རྒྱུ་མི་འདུག གསེར་སོ་དེ་བོར་སོང་བ་ཡིན་ནམ་སྙམ་ནས་གཅིག་འདྲི་དགོས་བསམ་མོད། ངས་ཁ་མ་གྲགས་སྔོན་དུ་སྤྲུལ་སྐུ་རྡོ་རྗེ་མཐའ་ཡས་ཀྱིས་ཁ་གྲགས་བྱུང་།

  ཁོས་བློ་ལྡན་ལ་“ང་རང་ཨེ་དྲན་གི”ཞེས་དྲིས་བྱུང་།

  བློ་ལྡན་གྱིས“དྲན་གི དྲན་གི”ཟེར་ཡང་མཱ་ཅང་ལ་མགོ་འཁོར་ནས་བསྡད་པ་ལས་ཁོ་ལ་ཁ་ཡ་དེ་ཙམ་མ་བྱས།

  “ལོ་སྔོན་མ་ངས་ཁྱོད་ལ་སྒོར་མོ་ཞིག་གཡར་མྱོང་། དེ་ཨེ་དྲན་གི”ཞེས་དྲིས་སོང་།

  བློ་ལྡན་གྱིས་མཱ་ཅང་བརྒྱབ་མཚམས་བཞག་ནས“ཅི་ཟེར། ཕ་ཡུལ་གཅིག་པ་དེ་འདྲ་སྒོར་མོ་བཤད་སྲོལ་ཞིག་ཡོད་དམ། ཟླ་རྗེས་མར་སྤྲད་ཡོང་ཡ”ཟེར།

  སྤྲུལ་སྐུ་རྡོ་རྗེ་མཐའ་ཡས་ཀྱིས་“ཟླ་རྗེས་མ་ཟེར་ན་ནམ་རེད”དྲིས།

  “ཅི་ཟེར། ཟླ་རྗེས་མ་ཟེར་ན་ཟླ་རྗེས་མ་རེད་ཡ།”

  “ང་ཚོ་ལ་མཚོན་ན་ཟླ་རྗེས་མ་དེ་ཟླ་རྗེས་མ་ཡིན་མོད། ཁྱོད་ཀྱི་ཟླ་རྗེས་མ་དེ་མི་འདྲ་ས་ཞིག་ཡིན་ཚོད་རེད།”

  བློ་ལྡན་གྱིས་ཡལ་རྒྱུ་མེད་པའི་གླེན་དགོད་དེ་ཡལ་ཙམ་བྱས་ནས“དེ་ཟེར་ན”ཟེར་ནས་ཧ་མི་གོ་ཁུལ་བྱས།

  “ཁྱོད་ཀྱི་སྒོར་མོ་གཡར་དུས་ནི་༢༠༡༨ལོའི་ཟླ་༢པའི་ཚེས་༤ལ་རེད། དེ་དུས་ཀྱང་ཁྱོད་ཀྱིས་ཟླ་རྗེས་མར་སྐྱིན་པ་སྤྲད་རྒྱུ་བྱས་སོང་། ད་ལྟ་ནི་༢༠༢༠ལོའི་ཟླ་༦པའི་ཚེས་༨རེད། དེ་ན་ང་ཚོའི་ཟླ་རྗེས་མ་དེ་ཟླ་རྗེས་མ་རང་ཡིན་མོད། རང་གི་ཟླ་རྗེས་མ་དེ་ལོ་གཉིས་ཀྱི་རྗེས་སུ་ཡིན་ནམ”ཞེས་དྲིས།

  “ད་ཐེངས་ངས་ཟེར་བའི་ཟླ་རྗེས་མ་དེ་ཁྱོད་ཚོས་ཟེར་བའི་ཟླ་རྗེས་མ་དང་གཅིག་པ་ཡིན།”

  “འོ། ད་ལྟ་ནི་༢༠༢༠ལོའི་ཟླ་༦པའི་ཚེས་༨ཉིན་གྱི་ཕྱི་དྲོའི་ཆུ་ཚོད་༥དང་སྐར་མ་༤༧རེད། ང་ལ་མཚོན་ན་ཟླ་རྗེས་མ་དེ་ནི་༢༠༢༠ལོའི་ཟླ་༧པའི་ཚེས་༨ཉིན་གྱི་ཕྱི་དྲོའི་ཆུ་ཚོད་༥དང་སྐར་མ་༤༧་ལ་ཟེར་བ་རེད། ད་ཐེངས་ཁྱོད་རང་མཚོན་ན་དེ་འདྲ་ཡིན་ནམ”ཞེས་དྲིས་སོང་།

  “ང་རང་མཚོན་ན་དེ་འདྲ་ཡིན”ཚོང་དཔོན་གྱིས་བཤད།

  “དེ་ན། ༢༠༢༠ལོའི་ཟླ་༧པའི་ཚེས་༨ཉིན་གྱི་ཕྱི་དྲོའི་ཆུ་ཚོད་༥་དང་སྐར་མ་༤༧་ཉིན་ངས་གཡར་བའི་སྒོར་མོ་དག་ཁུར་ཤོག”

  “ཨ་ཧོ། ཅི་ཟེར་ད་དེ། ཕ་ཡུལ་གཅིག་པ། འཕྲད་མ་ཐག་ནས་སྒོར་མོ་རྐྱང་རྐྱང་གླེང་ནས།”ཚོང་དཔོན་གྱིས་ཕར་ལྟ་ཚུར་ལྟ་ཞིག་བྱས་རྗེས་མི་ཚང་མས་མཱ་ཅང་མ་རྩེད་པ་རང་ལ་ཧད་ཀྱིན་པ་མཐོང་བ་དང་མཱ་ཅང་ཅོག་ཙེའི་འོག་ཏུ་དངུལ་བཅུག་སའི་སྒམ་ཚུར་འཐེན་ནས་དངུལ་སྨར་ཆག་པ་གཅིག་བླངས་ནས“ངས་སྒོར་མོ་ག་ཚོད་གཡར་སོང་ངམ། ངས་བརྗེད་འདུག”ཟེར།

  སྤྲུལ་སྐུ་རྡོ་རྗེ་མཐའ་ཡས་ཀྱིས“དགུ་སྟོང་ཏག་ཏག་རེད”ཟེར།

  ངེད་གཉིས་སྲང་ལམ་དུ་ཐོན་མ་ཐག ལས་རོགས་ཚོ་ཡང་ལས་ཀ་གྲོལ་སོང་བ་འདྲ། སྲང་ལམ་ནང་ཡར་འགྲོ་མར་འགྲོ་བྱེད་ཀྱིན་ཅི་ཞིག་འཚོལ་སྒང་རེད། གཡག་རྒན་ཁ་ཤས་ནི་འགྲིམ་གྲུལ་ཉེན་རྟོག་པ་དང་འདྲ་བར། སྲང་གི་བཞི་མདོར་འགྲེང་འདུག མོ་ཊས་དུང་སྒྲ་ཅི་ཙམ་བཏང་ཡང་གཡོ་འགུལ་སྤུ་ཙམ་ཡང་མི་བྱེད།

  སྤྲུལ་སྐུ་རྡོ་རྗེ་མཐའ་ཡས་ཀྱིས་“དེང་སང་གི་ཚོང་པ་ཚོ་ལ་གཅིག་ལྟོས་དང་། ཚོང་ཟོག་ཕར་སྤྲད་དུས་སྒོར་མོ་ཚུར་སྤྲད་རྒྱུ་མེད། སྒོར་མོ་ཕར་གཡར་དུས་སྐྱིན་པ་ཚུར་སྤྲད་རྒྱུ་མེད། ད་དུང་རྟག་པར་ཡ་ཧུ་ད་པ་འདྲ་ཞིག་གླེང་གིན་འདུག”ཟེར།

  ངེད་གཉིས་སྲང་ལམ་བརྒལ་ནས་ཆང་ཁང་ཞིག་ཕྱོགས་སུ་བསྐྱོད།

  ང་རང་དང་པོ་རྫོང་ཁར་ལས་ཀ་ཞུགས་དུས། སྤྲུལ་སྐུ་རྡོ་རྗེ་མཐའ་ཡས་ཀྱིས་ང་ལ“གཞུང་ཞབས་པ་ཚོར་སྒོར་ཟུར་གཅིག་ཀྱང་གཡར་མི་ཉན”ཞེས་གསུངས་མྱོང་བ་དྲན།

  ཁོས“གཞུང་ཞབས་པ་ལ་སྒོར་མོ་གཡར་བ་ལས་ལམ་ཁའི་སྤྲང་པོ་དག་ལ་སྦྱིན་ན་དགེ་བ་རེད། གཞུང་ཞབས་པ་ཚོ་ལ་མཚོན་ན་‘གཡར’ཞེས་པ་ནི་‘སྟེར’ཞེས་པའི་གོ་དོན་ཡིན། ང་ལ་སྒོར་མོ་ཞིག་གཡར་རོགས་ཟེར་བ་ནི་ང་ལ་སྒོར་མོ་ཞིག་སྟེར་རོགས་ཟེར་བ་ཡིན་པ་ངེས་པར་དུ་ཤེས་དགོས”ཟེར།

  གཞུང་ཞབས་པ་ཚོས་མི་དམངས་མང་ཚོགས་ལ་ཡིད་རྟོན་ཞེས་དྲིལ་བསྒྲགས་བྱེད་ཀྱིན་ཡོད་མོད། དོན་དག་རང་གི་མགོ་ཐོག་ཏུ་ལྷུང་དུས་ཡིད་རྟོན་ཟེར་བ་ཞིག་རྩ་བ་ནས་མེད།

  ལོ་ཁ་ཤས་ཀྱི་སྔོན་དུ་གཞུང་ཞབས་པ་ཚོ་ལ་སྒོར་མོ་གཡར་མི་ཉན། ད་ལྟ་གཅིག་བསམས་ན་ཚོང་པ་ཚོ་ལ་ཡང་སྒོར་མོ་གཡར་ཉན་ས་མི་འདུག སང་ལོར་བཟོ་པ་ཚོ་ལ་ཡང་སྒོར་མོ་གཡར་མི་ཉན་པའི་དུས་ཤིག་ཤར་ངེས་རེད་ལ། གནངས་ལོ་ཞིང་པ་ཚོ་ལ་ཡང་སྒོར་མོ་གཡར་མི་ཉན་པའི་དུས་ཤིག་ཤར་ཡོང་ངེས་རེད།

  ངེད་གཉིས་ཀྱིས་ཐོག་བརྩེགས་ལྔ་པར་ཡོད་པའི་ཆང་ཁང་‘སྤང་གི་མེ་ཏོག’ཟེར་བའི་སྒེའུ་ཁུང་ནས་མར་བལྟས་དུས། སྲང་ལམ་དུ་མི་མང་པོས་ཟང་ཟིང་ལང་ལོང་བྱེད་ཀྱིན་འདུག སྤྲུལ་སྐུ་རྡོ་རྗེ་མཐའ་ཡས་ཀྱིས་“ལྟོས་དང་། ཡོད་ཚད་རྙོག་ཚར་འདུག རེ་བ་ཡོད་མ་རེད”ཟེར།

  ངས་མངར་པོ་ཡང་མིན་ལ་སྐྱུར་པོ་ཡང་མིན་པའི་ཆང་ཕོར་ནང་གི་ཆང་དེ་ཡར་བཀྱགས་ནས་ཁོའི་པེ་ཙི་ལ་ཐུག་ཙམ་རྗེས“དེ་རེད”ཅེས་བཤད་པ་དང་ཞབས་དག་བརྒྱབ་པ་ཡིན།

  ངེད་གཉིས་ཅུང་བཟི་དུས་མུན་རུབ་སོང་།

  མ་གཞི་འབྲོག་པ་རྣམས་གྲོང་ཁྱེར་ནང་མ་སླེབས་གོང་དུ་འབྲོག་གླུ་དག་གྲོང་ཁྱེར་ནང་སླེབས་འདུག་ཏེ། མུན་རུབ་པ་དང་ཆང་ཁང་གི་གར་སྟེགས་ཐོག་ཏུ་འབྲོག་ཆས་རྫུན་མ་གྱོན་ཡོད་པའི་ཕོ་སར་ཁ་ཤས་“ཀི་ཧི་ཧི”ཟེར་ནས་ཐོན་བྱུང་ལ། ཤོག་བུ་ལས་བྱས་པའི་ཆུ་ཟོམ་འཁུར་མཁན་གྱི་འབྲོག་མོ་ཁ་ཤས་ཀྱིས་གོམ་པ་ཧང་སངས་དགོས་པ་སྤོས་ནས། གར་སྟེགས་ཀྱི་གཡས་གཡོན་དུ་ཅི་ཡང་མེད་ཀྱང་རགས་སྐྱོགས་སེར་བོས་ཅི་ཞིག་བཅུ་ཉམས་བྱས་ནས། ཤོག་བུའི་ཆུ་ཟོམ་དུ་བླུག་ཉམས་བྱས། སྐབས་དེར་ཕོ་སར་ཚོས་“ཡར་ཆོ”1ཞེས་སྐད་བརྒྱབ་བྱུང་བ་དང་། འབྲོག་མོ་ཚོས་འཕུང་ཚོས་ཕར་གཡུག་ཚུར་གཡུག་བྱེད་ཀྱིན་རྩ་བ་ནས་མེད་པའི་སྦྲ་ནང་འཛུལ་སོང་ལ། རྔ་མ་ཟིང་ཟིང་གཡུག་པའི་གཡག་དང་ལུས་པོ་བདེ་བའི་ར་ལུག གོམ་གང་མ་སྤོས་ཀྱང་རྒྱུག་ཁུལ་བྱེད་པའི་རྟ་ཕོ་བཅས་ཀྱིས་གར་སྟེགས་གང་སོང་། ངས་དེ་ཚོ་ནི་གཡག་ངོ་མ་དང་ར་ལུག་ངོ་མ། རྟ་ཕོ་ངོ་མ་མིན་ནམ་སྙམ་གྱིན་ལྟ་ཡག་ཅིག་བྱས་དུས། ཁོ་ཚོའི་སུག་བཞི་རེ་ལ་མིའི་ལྷམ་རྫིག་པོ་རེར་གྱོན་ཡོད་པ་མཐོང་བྱུང་བས། ང་རང་ཧ་ཧ་ཞེས་བགད། སྤྲུལ་སྐུ་རྡོ་རྗེ་མཐའ་ཡས་ཀྱང་ཧ་ཧ་ཞེས་བགད་སོང་། བགད་ཚར་རྗེས་ཁོས་ང་ལ་“བགད་རྒྱུ་ཅི་འདུག”ཟེར། ངས་ཕར་བལྟས་དུས་གར་སྟེགས་ཐོག་ཏུ་ལྷམ་གྱོན་ཡོད་པའི་རྟ་ནོར་ལུག་གསུམ་དག་མཐོང་རྒྱུ་མི་འདུག དེའི་ཚབ་ཏུ་རྒྱ་སྐད་ཀྱིས་འབྲོག་གླུ་ལེན་པའི་འབྲོག་མོ་ཁ་ཤས་གར་སྟེགས་ཐོག་སླེབས་བྱུང་།

  ངེད་གཉིས་ཀྱི་གཡས་གཡོན་གང་སར་མི་གང་འདུག ཁོ་ཚོས་གར་སྟེགས་ཐོག་གི་ལྟད་མོ་དེ་ཧ་ཅང་མཛེས་པོ་ཞིག་ཡིན་པ་ལྟར་ལུས་སེམས་གཉིས་ཀ་གར་སྟེགས་ཀྱི་ཕྱོགས་སུ་གཏད་འདུག ཡིན་ཡང་ལག་པས་ཅོག་ཙེའི་ཐོག་གི་ལྷ་སའི་སྦི་རག་བླུགས་པའི་པེ་ཙི་དང་། ཐ་མ་ཁ། ཀྭ་ཙི། ཤ་སྐམ་བཅས་གང་ཐོག་ཁ་ནང་རྫོང་གིན་འདུག ཁོ་ཚོའི་སྣ་ནས་དུ་བ་སྔོ་ཐོལ་ཐོལ་དུ་ཐོན་ཞིང་། ཉེ་འགྲམ་གྱི་མི་དག་གི་སྐད་ཆ་འདྲ་བཤད་དུས་བགད་རྒྱུ་གང་ཡང་མེད་བཞིན་དུ་བགད་པར་བྱས། ཁོ་ཚོ་དགོད་དུས་སོ་ཐོག་ཏུ་ཤ་དང་སུར་པན་ལྷན་ཡོད་པ་མཐོང་ཐུབ། ཁོ་ཚོས་ཅོག་ཙེའི་ཐོག་གི་དངོས་པོ་གཅིག་རྗེས་གཉིས་མཐུད་ངང་གྲོད་པའི་ནང་བརྫངས་རྗེས། གསང་སྤྱོད་དུ་ཕྱིན་འགྲོ

  དབྱངས་ཡ་མཚན་ཞིག་ཆང་ཁང་གང་བོར་ཁེངས་པ་དང་། མི་མང་པོ་གར་སྟེགས་ཐོག་ཏུ་སོང་ནས། ཁ་ཤས་རོ་ལངས་བརྒྱབ་པ་དང་འདྲ་བ། ལ་ཤས་ནི་རྐང་པ་ན་བ་དང་འདྲ་བ། ལ་ལ་ལག་པར་མེ་ཤོར་བ་དང་འདྲ་བ། འགའ་རེ་སྙིང་གར་ཆུ་ཚན་བླུག་པ་དང་འདྲ་བའི་བྲོ་ཡ་མཚན་ཞིག་འཁྲབ་བྱུང་།

  སྤྲུལ་སྐུ་རྡོ་རྗེ་མཐའ་ཡས་ཀྱིས་ང་ལ་“མི་འདི་ལ་ཅི་ཞིག་བྱུང་སོང་ངམ”ཞེས་དྲིས་བྱུང་།

  ངས་ལན་མ་བཏབ་གོང་དུ་“ཨ་རོགས། ཀླད་ཀོར”ཟེར་མཁན་ཞིག་འདུག

  ཕར་བལྟས་དུས། ངས་མཐོང་མ་མྱོང་ཡང་ང་རང་ཚུར་ངོ་ཤེས་པའི་ཕོ་སར་གསུམ་ལྷ་སའི་སྦི་རག་སྒམ་གསུམ་ཁུར་ནས་ང་སར་སླེབས་བྱུང་། ཁོ་གསུམ་པོས་དྲ་ཐོག་གི་ཤོམ་པ་ཚོས་གྱོན་པའི་བོད་ཆས་དེ་རིགས་བསམ་གཟས་ནས་གྱོན་འདུག ཁོ་ཚོ་ངའི་ཕྱོགས་སུ་ཡོང་དུས་ངའི་སེམས་ནང་ཆུ་བྱེའུ་ཕ་བོང་ཐོག་འབབ་པ་འདྲ་བའི་དྲ་ཐོག་གི་ཤོམ་པ་ཚོའི་འགྲོ་སྟངས་དག་དྲན་བྱུང་།

  ཁོ་ཚོས་ཀྱང་རོ་ལངས་བརྒྱབ་པ་དང་འདྲ་བའི་བྲོ་དེ་འཁྲབ་ཡོད་པ་འདྲ། ཁ་ངོ་ཡོད་ཚད་རྔུལ་ཆུས་ཁེངས། ཡིན་ཡང་མི་འདི་ཚོ་ལ་ཐང་ཆད་རྒྱུ་ཞིག་ཡོད་མི་སྲིད། ཆང་ག་ཚོད་བཏུང་ཡང་མཚན་མོ་ག་ཚོད་ཕར་བསྐྱལ་ཡང་ཁོ་ཚོའི་གདོང་ལ་ཆར་བ་བབས་རྗེས་གློ་བུར་ཉི་མ་ཤར་བ་འདྲ་བའི་རྣམ་པ་ཞིག་ཤར་ཡོང་།

  “ངོ་མ་ཀླད་ཀོར་རེད་འདུག”ཁོ་ཚོའི་ནང་གི་ཁ་སྤུ་རིང་པོ་བཞག་ཡོད་པ་དེས་འདི་ལྟར་ཟེར།

  “ཞབས་དག་ཡིན”ཁོ་ཚོའི་ནང་གི་རྒྱ་གར་ཞྭ་མོ་གྱོན་ཡོད་པ་དེས་བཤད། ངས་རང་གི་པེ་ཙི་ལ་གཅིག་ལྟ་དུས་ལྷ་སའི་སྦི་རག་གི་ལྦུ་བ་སོབ་སོབ་ཅོག་ཙེའི་ཐོག་འབབ་ཀྱིན་འདུག

  ཁོ་ཚོའི་ནང་གི་སྐྲ་ཐུང་ཐུང་ལས་མེད་པ་དེས་སྦི་རག་ཞགས་དག་བརྒྱབ་རྗེས། གྲང་འདར་ཞིག་བརྒྱབ་ནས་“རང་གིས་བྲིས་པའི་སྙན་ངག་ཐམས་ཅད་ངས་བཀླགས་མྱོང་། ངོ་མ་གཅིག་ལས་གཅིག་བཙོག་གི་ཡ”ཟེར།

  “སྙན་ངག་བཙོག་ན་འགྲིག་བསྡད་པ་རེད། སྙན་ངག་ཡིན་ན་ཡིན་གཅིག་མིན་གཉིས་སྙན་པོ་ཡིན་དགོས་པའི་རྒྱུ་མཚན་མི་འདུག”ཁ་སྤུ་རིང་པོ་དེས་འདི་ལྟར་བཤད།

  རྒྱ་གར་ཞྭ་མོ་གྱོན་ཡོད་མཁན་དེས་“རང་གི་རྒྱ་ནག་གི་ལུས་སྨད་རིང་ལུགས་ཀྱི་སྙན་ངག་བཀླག་ཨེ་མྱོང་། གཅིག་ལས་གཅིག་བཙོག་གི གཞུང་ལུགས་ཤིག་ཀྱང་ཆགས་ཡོད་གི”ཟེར།

  “ལུས་སྨད་ཡིན་ན་བཙོག་པ་ཡིན་ནམ། མི་ཁ་ཤས་རྐང་པ་ལས་གྲོད་པ་བཙོག མི་ཁ་ཤས་གྲོད་པ་ལས་མགོ་བོ་བཙོག ཡང་མི་ཁ་ཤས་མགོ་བོ་ལས་ཀླད་པ་བཙོག་པ་ཡོད”ངས་འདི་ལྟར་བཤད་པ་ན་ཁོ་གསུམ་པོ་བགད་སོང་། སྤྲུ་སྐུ་རྡོ་རྗེ་མཐའ་ཡས་བགད་མ་སོང་།

  ངས་“ད་ལྟའི་སྙན་ངག་པ་ཚོས་ཅི་བྱེད་ཀྱིན་འདུག རང་ཉིད་ཀྱི་སྙན་ངག་དེ་མཛེས་པོ་མཛེས་པོ་ཞིག་བཟོ་བཞིན་འདུག ཁོ་ཚོའི་སྙན་ངག་ནི་བུ་མོ་ཆུང་ཆུང་ཞིག་ཡིན་ནམ། ཁ་ངོ་ལ་ཤ་གསོས་བྱུགས་ཏེ་མཛེས་བཟོ་བྱེད་ལ་དགའ་བ། ཁ་ངོ་ལ་རྫས་མང་པོ་བྱུག་ཀྱང་མཛེས་པོར་འགྱུར་མི་ཐུབ་ན། གཤག་བཅོས་བྱེད་དགོས་ངེས་རེད། ཁ་ངོ་མཛེས་པོ་འགྱུར་ཆེད་རྙོག་གྲ་དེ་འདྲ་ཉོས་པ་ལས་དང་པོ་ཉིད་ནས་མི་སྡུག་པ་ཞིག་ཡིན་ན་འགྲིག་བསྡད་ཡོད་གི དུས་རྒྱུན་ངས་མེ་ཏོག་སྙིང་ལ་རྗེ་མོ་དང་། ཡུལ་ལྗོངས་མཛེས་པོ། མི་རྣམས་ཀྱི་མཛུམ་མདངས་བཅས་མཐོང་ཐེངས་རེར་སྣ་ལམ་དུ་སྐྱག་དྲི་འཐུལ་པ་བཞིན་ཁོག་པའི་ནང་གི་དོན་ལྔ་སྣོད་དྲུག་ཀྱང་སྐྱུག་འདོད་སྐྱེས་ཡོང་གི་འདུག”

  ཁོ་ཚོས་ངའི་སྐད་ཆ་དེ་ལ་ཁ་ཡ་བྱས་མ་སོང་། ཁོ་ཚོ་ཕར་ཕྱོགས་ཀྱི་གསང་སྤྱོད་ནས་བུད་ཡོང་བའི་བུ་མོ་མཛེས་མ་ཞིག་ལ་ཧད་འདུག བུ་མོ་མཛེས་མ་དེ་གསང་སྤྱོད་ནས་ཚུར་ཅོག་ཙེའི་འགྲམ་དུ་ལོག་སོང་། མོས་ཀྱང་ཅོག་ཙེའི་ཐོག་ཏུ་བཞག་ཡོད་པའི་ཅ་ལག་ཐམས་ཅད་གྲོད་པའི་ནང་བརྫངས་སོང་། ངས་སྤྲུལ་སྐུ་རྡོ་རྗེས་མཐའ་ཡས་ལྟར་མངོན་ཤེས་མི་ཤེས་ཀྱང་། ངས་མོའི་བྱ་སྤྱོད་ལ་བརྟག་དཔྱད་བྱས་པ་བརྒྱུད། མོ་རང་མི་རིང་བ་སླར་ཡང་གསང་སྤྱོད་ནང་འགྲོ་ངེས་པ་ཤེས་བྱུང་།

  བུ་མོ་མཛེས་མ་དེས་ཁ་ནང་ཤ་སྐམ་དང་ཀྭ་ཙེ་སོགས་བར་མེད་དུ་བཅུག་པ་ལ་ལྟ་རྒྱུ་ཅང་མེད་པ་འདྲ། བོད་ལྭ་གྱོན་པའི་ཕོ་སར་དེ་གསུམ་གྱིས་ཁ་ང་ཕྱོགས་སུ་འཁོར་ནས་“ཁྱོད་ཀྱིས་ཅི་ཞིག་ལབ་པ་ཡིན་ནམ”ཟེར།

  “ངས་སྙན་ངག་གླེང་པ་ཡིན”ངས་བཤད།

  “རང་གི་ད་དུང་ཐེངས་གཅིག་གླེང་ན་ཨེ་ཆོག ང་ཚོས་ཡག་པོ་ཞིག་ཤེས་མ་སོང”

  ཁྱོད་ཚོ་བུ་མོ་མཛེས་མ་ཞིག་ལ་ཧད་ནས། ངས་བཤད་པ་དག་ག་ལ་གོ ངའི་སེམས་ནང་འདི་ལྟར་བསམས། ངས་ཁོ་ཚོ་ལ་ཅི་ཡང་མ་ལབ། རྒྱུ་མཚན་ངས་རང་ཉིད་ཀྱི་ཅི་ཞིག་བཤད་སོང་བ་རྩ་བ་ནས་བརྗེད་འདུག

  ཁོ་ཚོའི་ནང་གི་གཅིག་གིས“པཎ་ཆེན་བཅུ་པ་ཆེན་པོས་སྨར་ཁམས་རྫོང་དུ་གནང་བའི་བཀའ་སློབ་ཟིན་བྲིས་ཤིག་རང་གིས་དྲ་ཐོག་ཏུ་སྤེལ་འདུག དེ་ངོ་མ་ཡག”ཟེར།

  ཁོ་ཚོ་གསུམ་པོས་ང་ལ་ཞབས་དག་བརྒྱབ་རྗེས་སྨར་ཁམས་ཀྱི་དམངས་གཞས་《གཙང་པཎ་ཆེན་མཇལ་ས་དེ་གྱང་ར་གནམ་ཐང་རེད》ཟེར་བའི་དམངས་གཞས་དེ་ལེན་བྱུང་བས། ཆང་ཁང་ནང་གི་མི་ཚང་མ་ཅི་བྱུང་མ་ཤེས་པར་ང་ཚོ་ལ་ཧད་འདུག ཁོ་ཚོས་གཞས་དེ་བཏང་ཚར་རྗེས་བྲེལ་བྲེལ་འཚུབ་འཚུབ་བུད་སོང་།

  སྤྲུ་སྐུ་རྡོ་རྗེས་མཐའ་ཡས་ཀྱིས་“རྩོམ་རིག་ཟེར་བ་ཡང་སྙིང་ཅི་ཞིག་རེད”ཟེར།

  ངས་“དེ་ནི་རྫུན་ལབ་པའི་སྒྱུ་རྩལ་ཞིག་རེད”ཅེས་བཤད་པ་ན། ཁོས་“འཇིག་རྟེན་འདི་རྒྱུན་ལྡན་མེད་པར་གྱུར་འདུག་ཨང་། རྫུན་ལབ་པའི་ལས་ཀ་ཡང་ཡོད་འདུག་ཨང”ཟེར།

  ངས་“འཇིག་རྟེན་འདི་ནི་རྫུན་ལས་གྲུབ། རྫུན་གྱིས་འཁོར། རྫུན་གྱིས་གོང་འཕེལ་འགྲོ རྫུན་མེད་ན་ཡོད་ཚད་མེད་པར་འགྱུར་འགྲོ རྫུན་དེ་ནི་ཁྱོད་ཀྱིས་རྟག་པར་ལབ་པའི་སྟོང་པ་ཉིད་ཟེར་བ་དེ་རེད”ཅེས་བཤད་སྐབས།

  ཁོས་པར་ཁུག་ནང་ཅི་ཞིག་འཚོལ་གྱིན་འདུག ངས་ཁོ་ལ་“སྙིང་དམར་པོ་དེ་བོར་སོང་ངམ”ཞེས་དྲིས།

  ཁོས“ངེད་གཉིས་ཀྱི་མི་དགོས་རྒྱུ་རྩོམ་རིག་དང་། འཇིག་རྟེན། སྟོང་པ་ཉིད་རྐྱང་རྐྱང་གླེང་ནས་བསྡད་དེ། པར་ཁུག་ནང་གི་ཆང་རིན་ཡང་སྲུང་ཐུབ་པ་མི་འདུག”ཟེར།

  ངེད་གཉིས་ཀྱི་ཆང་རིན་ནམ། སྤྲུ་སྐུ་རྡོ་རྗེ་མཐའ་ཡས་ཀྱི་པར་ཁུག་ནང་བཅུག་པའི་དངུལ་ལོ་ཆག་པ་དེ་རྐུ་ལ་ཤོར་འདུག ངེད་གཉིས་ཀྱི་སེམས་ལ་ཕོ་སར་དེ་གསུམ་དྲན་ཡོང་མོད། ཆང་ཁང་ནང་ཁོ་གསུམ་པོའི་གྲིབ་མ་ཙམ་ཡང་མི་འདུག ཁོ་ཚོའི་ལྷ་ས་སྦི་རག་ཤོག་སྒམ་གང་ངེད་གཉིས་ཀྱི་སར་ལྷག་འདུག དེ་དག་ཕར་བསློགས་རྗེས་ཐོབ་པའི་རིན་པས་ཆང་རིན་སྤྲད་པ་དང་ད་དུང་སྦི་རག་ཤེལ་དམ་གཅིག་ལྷག་འདུག

  ངེད་གཉིས་ཀྱིས་ཆང་མང་པོ་འཐུང་མི་འདུག ཡིན་ཡང་ཧ་ལས་པ་བཟི་འདུག

  ལྷ་སའི་སྦི་རག་ཤོག་སྒམ་གང་དེ་ཆང་ཁང་གི་ཞབས་ཞུ་མ་ལ་རྩིས་སྤྲད་དུས་སྤྲུལ་སྐུ་རྡོ་རྗེ་མཐའ་ཡས་ཀྱིས་“སྦི་རག་ཤོག་སྒམ་འདི་ལ་ངེད་གཉིས་ཀྱིས་སྒོར་མོ་དགུ་སྟོང་སྤྲད་པ་ཡིན། བྲོ་བ་ཁ་ཁ་ཡིན་རྒྱུ་རེད་”ཅེས་ལབ་སོང་། ངས་སྐད་ཆ་དེའི་གོ་བ་གསལ་པོ་ལོན་ཐུབ་ཀྱང་། ཞབས་ཞུ་མས་གོ་བ་ལོན་ག་ལ་ཐུབ། ཞབས་ཞུ་མས་ལྷ་སའི་སྦི་རག་སྒམ་གང་གི་རིན་པ་ཚུར་བསློགས་བྱུང་། དེ་ཆང་རིན་ལ་སྤྲད་རྗེས། ད་དུང་ལྷ་སའི་སྦི་རག་ཤེལ་དམ་གཅིག་ལྷག་འདུག

  ངས་སྦི་རག་ཤེལ་དམ་དེའི་ཁ་ཕྱེ་ནས་འཐུང་གིན་ཆང་ཁང་ནས་བུད་སྐབས། གར་སྟེགས་ཐོག་ཏུ་འབྲོག་པ་ཞིག་གིས“སང་ཉིན་ཞོགས་པར་བཀྲ་ཤིས་བདེ་ལེགས”ཟེར་བའི་གླུ་ཞིག་ལེན་སྒང་རེད།

  “སང་ཉིན་ཞོགས་པ་ཨེ། སང་ཉིན་ཞོགས་པར་ང་ཚོས་དེ་རིང་དང་ཁ་སང་བཅས་པའི་ནང་དུ་གོས་ཅི་འདྲ་གྱོན་པ་དང་ཁ་ངོ་ཅི་འདྲ་བཀྲུས་པ། སོ་ཅི་འདྲ་བཀྲུས་པ་བཅས་ཡོད་ཚད་ལ་བསྐྱར་ཟློས་བྱེད་དགོས། གནངས་ཉིན་ཡང་དེ་བཞིན་ནོ།། མི་ཚེ་གང་བོ་ཡང་དེ་བཞིན་ནོ། སང་ཉིན་ཞོགས་པ་བཀྲ་ཤིས་བདེ་ལེགས་ཟེར་བ་ཞིག་ཡོང་གི་མ་རེད། ལས་ཀ་མང་པོ་ཞིག་གིས་ཁྱོད་ཚོ སྒུག་བསྡད་ཡོད་ཁོ”ངས་ཆིག་ལབ་འདི་འདྲ་ཞིག་བརྒྱབ་ནས་སྲང་ལམ་ཉུལ་སྐབས། ངའི་རོགས་པ་སྤྲུ་སྐུ་རྡོ་རྗེ་མཐའ་ཡས་ཀྱིས་ཀྱང་ཆིག་ལབ་རྒྱག་གིན་འདུག ངས་ཞིབ་པར་ཉན་དུས་ཡིན་རྒྱུ་ནི་རྒྱ་གར་གྱི་སྐད་ཀྱིས་ཆིག་ལབ་བརྒྱབ་པ་རེད་འདུག “ཨ་རོགས། ཁྱོད་ཀྱིས་རྒྱ་གར་གྱི་སྐད་ཀྱིས་ཆིག་ལབ་བརྒྱབ་པ་ཡིན་ནམ”ཞེས་དྲིས།

  ཁོས“ཆིག་ལབ་ཨེ། ཆིག་ལབ་ཟེར་བ་ཞིག་ཡོད་པ་མ་རེད”ཟེར།

  ངས“ཁྱོད་ཀྱིས་ངོ་མ་ཆིག་ལབ་རྒྱག་གིན་འདུག”ཅེས་བཤད།

  ཁོས“ངས་པོད་འཕྲིན་ནང་དཔྱད་བརྗོད་སྤེལ་བ་ནི།
      ཆིག་ལབ་བརྒྱབ་པ་ཡིན་ལ།
      ངས་སྐད་འཕྲིན་ནང་སྐད་ཆ་སྤེལ་དུས།
      ཆིག་ལབ་བརྒྱབ་པ་ཡིན།
      ཤིས་ཐའེ་ལིས་མི་རིགས་རིང་ལུགས་ཀྱི་འདུ་འཛོམས་ཐོག
      སྒེར་གཅོད་ཀྱི་ངར་སྒྲ་སྒྲོག་ནས་སྤེལ་བའི་གཏམ་གླེང་ནི།
      ཆིག་ལབ་ཁོ་ན་ཡིན་ལ།
      སྟོན་པས་ཟབ་མོ་སྟོང་པ་ཉིད་ཀྱི་ཆོས་གསུངས་དུས།
      དོན་དངོས་སུ་ཆིག་ལབ་བརྒྱབ་པ་རང་རེད།
      གལ་སྲིད་མི་ཞིག་གིས་ངོ་མ་ཆིག་ལབ་བརྒྱབ་ཡོང་ཚེ།
      ཁོས་འཇིག་རྟེན་ལ་བླ་ན་འཕགས་པའི་བདེན་དོན་ཞིག་ཁྱབ་བསྒྲགས་བྱེད་ཀྱིན་ཡོད་པ་ཤེས་དགོས”ཟེར་རྗེས། རྒྱ་གར་གྱི་སྐད་ཀྱིས་ཆིག་ལབ་རྒྱག་གིན་སྲང་ལམ་དེད་ནས་ཕྱིན་སོང་།

  “སང་ཉིན་འབུམ་མཚོ་མཇལ་བར་ཨེ་འགྲོ”ངས་ཁོ་རང་བོས།

  ཁོས་ལན་དུ་“ཁྱོད་ལ་པར་ཆས་ཨེ་ཡོད”ཟེར།

  ངས་ལག་པ་གློག་འོད་རབ་རབ་འོག་ཏུ་ཕར་བསྲིངས་དུས། ལག་ངོས་སུ་གྲང་མོ་གྲང་མོ་ཞིག་འབབ་བྱུང་། ད་ལྟ་ནི་ཟླ་དྲུག་པ་རེད། ད་དུང་ཁ་བ་འབབ་བཞིན་འདུག ད་ནི་དབྱར་ཁ་ཤར་རྒྱུ་ཕར་ཞོག དཔྱིད་ཀ་ཚེས་པ་ལ་རེ་བ་གང་ཡང་མི་འདུག གནམ་རྒན་མ། ཁྱོད་ཀྱིས་དུས་ཚིགས་བཞི་ལ་ཁ་བ་བོབས་ཤིག

  ང་རང་སྲང་ལམ་གཞན་ཞིག་བརྒྱུད་ནས་སོང་། ངའི་ལག་ནང་དུ་ལྷ་སའི་སྦི་རག་ཤེལ་དམ་ཆེན་པོ་དེ་ད་དུང་བསྡད་འདུག ངས་ཤེལ་དམ་དེ་ཁུར་ནས་འགྲོ་བཞིན་ཡོད་དམ། ཤེལ་དམ་གྱིས་ང་རང་ཁུར་ནས་འགྲོ་བཞིན་ཡོད་པ་མི་ཤེས། སྦི་རག་འཐུང་དུས་ངས་ཤེལ་དམ་ཁུར་ཡོད་པ་འདྲ་ལ། ར་བཟི་དུས་ཤེལ་དམ་གྱིས་ང་རང་ཁུར་ཡོད་པ་ཚོར།

  མཚན་མོའི་སྲང་ལམ་སྟོང་ལྷང་ངེར་གནས། ངས་རྐང་པ་གཡས་པ་ས་ཐོག་ཏུ་སྤོ་དུས། གློ་བུར་ང་རང་དེ་མ་ཉིད་དུ་ཤི་སོང་ན་ཅི་མ་རུང་སྙམ། ངའི་ལུས་པོ་ལ་བསྡུག་བསྔལ་མེད། ངའི་སེམས་པ་ལའམ་སྡུག་བསྔལ་མེད། ངའི་འདས་སོང་ལ་འགྱོད་པ་མེད། ངའི་མ་འོངས་པ་ལ་སེམས་ཁྲལ་མེད། ཡིན་ཡང་ང་རང་མོ་ཊའི་ནང་བསྡད་དུས་མོ་ཊ་ལམ་འོག་ཏུ་ཤོར་སོང་ན་ཅི་མ་རུང་སྙམ་ཞིང་། ང་རང་ལམ་ཐོག་ཏུ་འགྲོ་དུས་མགོ་ཐོག་ཏུ་རྡོ་ཆེན་པོ་ཞིག་ལྷུང་ཡོང་ན་ཅི་མ་རུང་སྙམ། ང་རང་ཉལ་བསྡད་དུས་དབང་རྩ་ཞིག་ཆད་ནས་སད་རྒྱུ་མེད་པར་འགྱུར་སོང་ན་ཅི་མ་རུང་སྙམ་འོང་།

  “ཁྱོད་ལ་པར་ཆས་ཨེ་ཡོད”

  ཁ་ནིང་2ངའི་བརྩམས་སྒྲུང་དེབ《ཤི་གྲོང》དཔར་རྩིས་བྱེད་དུས་སྨར་ཁམས་རྫོང་གི་སྦྱིན་བདག་གྲགས་ཅན་ཟླ་བཟང་གིས་སྒོར་མོ་ཁྲི་ཁ་ཤས་དེབ་དེ་པར་སྐྲུན་བྱེད་སའི་འགྲོ་སོང་ཡིན་ཟེར་ནས་སྤྲད་ཡོད་པ་དྲན། ཁོས་ང་ལ་སྒོར་མོ་དེ་དག་སྤྲད་དུས། རྒྱུན་པར་ངས་སྲང་འགྲམ་གྱི་སྤྲང་པོ་ཚོ་ལ་སྒོར་རྡོག་ཁ་ཤས་འཕངས་གི་ཡོད་པའི་ཚུལ་ཅི་འདྲ་བར་དེ་འདྲ་བྱས་ནས་སྤྲད་བྱུང་བས། ངས་སྒོར་མོ་དེ་དག་གད་སྙིགས་བླུག་སྒམ་ཞིག་ནང་འཕངས་དགོས་ཨང་བསམས་ཀྱང་། གད་སྙིགས་བླུག་སྒམ་གྱི་གཡས་གཡོན་དུ་མི་མང་པོ་རུབ་འདུག་པས་འཕངས་ཐུབ་མ་སོང་། ད་ལྟ་སྒོར་མོ་དེ་དག་ངའི་མལ་ཁྲིའི་འོག་ཏུ་འཕངས་ཡོད། སྒོར་མོ་དེ་དག་བེད་སྤྱད་ནས། པར་ཆས་ཤིག་ཉོས་ན་ཅི་འདྲ་རེད་སྙམ་སྐབས། ད་ལྟ་ང་ལ་ཆུང་མ་ཞིག་དང་བུ་མོ་ཆུང་ཆུང་ཞིག་ཀྱང་ཡོད་པ་དྲན་བྱུང་།

  ཚིག་འགྲེལ།

    0 སྤྲུལ་སྐུ་རྡོ་རྗེ་མཐའ་ཡས་ངོ་སྤྲོད། དགུང་ལོ་གསུམ་པར་བླ་ཆེན་ཞིག་གིས་དབུས་གཙང་གི་བླ་མ་ཞིག་གི་ཡང་སྲས་ལ་ངོས་འཛིན་གནང་། ཡིན་ཡང་རྒྱུ་རྐྱེན་དུ་མའི་དབང་གིས་དགོན་པར་ཞུགས་མ་ཐུབ་ལ། དགེ་ཚུལ་གྱི་སྡོམ་པ་ཡང་བཞེས་མེད། ཕ་ཡུལ་ཕྱོགས་ཀྱི་མི་ཚོས་ཁོང་ཉིད་ལ་དད་པ་ཆེན་པོ་འདུག མི་ཚོས་སྤྲུལ་སྐུ་རྡོ་རྗེ་མཐའ་ཡས་ཀྱིས་མངོན་ཤེས་ཤེས་ཚུལ་གླེང་གིན་འདུག་ལ་ཁོ་ཉིད་མངོན་ཤེས་ཤེས་ཀྱང་རྒྱན་བརྒྱབ་དུས་རྐྱང་རྐྱང་ཕམ་བསྡད་པ་དེ་ཡང་མི་ཀུན་གྱི་ཡ་མཚན་བྱེད་ཀྱིན་འདུག ཁོང་ཉིད་འཛིན་ཤོག་ཉོས་པ་དང་། མཱ་ཅང་བརྒྱབ་པ། སྤོ་ལོ་འགྲན་བསྡུར་གྱི་རྒྱལ་ཕམ་ལ་ཚོད་དཔག་བྱས་པ་སོགས་རྒྱན་གྱི་བྱ་བ་ཐམས་ཅད་ལ་མཉེས་པོ་གནང་གི་འདུག ཁོས་ང་ལ་རྒྱན་གྱི་སྐོར་ཅི་ཡང་གསུངས་མྱོང་མེད་ཀྱང་། ཁོང་ཉིད་ཀྱི་ཐུགས་སུ་འཇིག་རྟེན་འདིའི་བྱ་བ་ཐམས་ཅད་མ་གཞི་ནས་རྒྱན་པོ་འགྱེད་འདྲ་ཞིག་ཡིན་པའི་ངེས་ཤེས་འདུག་བསམ་སོང་།

  1 “ཡར་ཆོ”ནི་སྨར་ཁམས་སུ་ཁལ་མ་བདས་པའི་འབོད་སྒྲ་ཡིན།

  2 ཁ་ནིང་ནི་སྨར་ཁམས་ཀྱི་ཁ་སྐད་དེ་མི་རིང་བའི་སྔོན་དུ་ཞེས་པའི་དོན།
 
རྩོམ་སྒྲིག་པ། གངས་དགའ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

ཀླད་ཀོར་གྱི་བརྩམས་སྒྲུང་གསར་པ། 《སྒང་གི་ཁ་བ》

2020-10-27 ཀླད་ཀོར།(སྨར་ཁམས) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།