ཅོ་ནེ་ཡུམ་ཚེ་རིང་གི་བརྩམས་སྒྲུང་གསར་པ།《བསླུ་ཟས》

ཅོ་ནེ་ཡུམ་ཚེ་རིང་།(ཁྲིན་ཏུའུ) མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2020-12-07

  ཉིན་དེར། གྲོང་རྡལ་འདི་རུ་ལམ་འགྲོ་བ་མང་པོ་མེད་པས། དགོང་མོའི་ཆུ་ཚོད་དྲུག་པ་སླེབས་པ་ན། ངས་ཚོང་ཁང་གི་སྒོ་བརྒྱབ། ང་ཚོང་ཁང་ཕུག་གི་གྲང་ཤུར་ཤུར་གྱི་ཁང་བའི་ནང་འཛུལ་ཞིང་། འཕོངས་ཚོས་རང་དབང་མེད་པར་ལྕགས་ཀྱི་མལ་ཁྲིའི་སྟེང་བཞག་ཚེ། འཇིམ་བག་གིས་བཟོས་པའི་མི་ཞིག་དང་འདྲ་བར་ཅི་བསམ་འདི་བསམ་མེད་པར་ཧད་དེ་ཅུང་ཟད་ལུས། ཁོག་པའི་ནང་དུའང་རྒྱུ་མ་ཁྲོག་ཁྲོག་ཏུ་གྲག་པས། ད་གཟོད་ཕོ་བ་ལྟོགས་ནས་ལུས་པོའི་ཟུངས་ཤུགས་ཡོངས་སུ་རྫོགས་པ་ཚོར། རྐང་བ་གཡོན་པ་མལ་ཁྲིའི་འོག་ཏུ་བསྲིངས་པར། གྲུ་བཞི་ནར་མོ་ཅན་གྱི་ཤོག་སྒམ་ཞིག་རྐང་བར་ཐོགས། ངས་ཤོག་སྒམ་ལས་སྟབས་བདེ་ཐུག་པ་ཞིག་བླངས་ནས་ཆུ་ཚན་གྱིས་བསྐོལ། སྟབས་བདེ་ཐུག་པ་ཁོལ་མེད་ཀྱང་ཧམ་བཟའ་བྱས་པས། ཁེམ་བུ་འགའ་ཞིག་ཟོས་མ་ཐག་སྒྲེགས་དྲི་བཙན་པོ་ཞིག་བརྒྱབ་སྟེ་བཟའ་འདོད་ཀྱི་ཡི་གའང་གཏིང་ནས་ཆད་སོང་།

  ང་མལ་ཁྲིའི་སྟེང་གསེག་ཉལ་བྱས་ཏེ《གཞུང་ཞབས་པའི་རྒྱུགས་ཡིག་ཀུན་འདུས》ཟེར་བའི་དཔེ་ཆ་དེར་ཅུང་ཟད་བལྟས། ཡིན་ནའང་དཔེ་ཆའི་ནང་གི་རྒྱ་ཡིག་གི་ཡིག་འབྲུ་དེ་དག་གཤོག་པ་ཐོགས་པའི་སྦྲང་ནག་གི་ཚོགས་བཞིན་ངའི་མིག་ལམ་ནས་དལ་གྱིས་འཕག་ཅིང་འགུལ་བྱུང་ལ། མཐར་འཚང་ཁའི་ངང་འཕུར་ལྡིང་བྱས་བྱུང་བས། ང་མགོ་འཐོམ་ཞིང་ཞེ་མེར་བ་དང་དཔེ་ཆ་འགྲམ་ཞིག་ཏུ་བཞག་ནས་ཅུང་ཟད་ངལ་གསོས་ཀྱང་། ལུས་སེམས་གཉིས་ཀ་ངལ་ཞིང་དུབ་པའི་ཁར་མིག་སྐྱི་འབྱེད་དབང་ཡང་མེད་པར་གཉིད་སོང་། རྨི་ལམ་དུ་ངས་གཞུང་ཞབས་པའི་རྒྱུགས་ཐེངས་བཞི་བ་སྤྲད་ཟིན། ངས་ཕ་རྒན་ལ་སང་ཉིན་རྒྱུགས་འབྲས་རྫོང་མི་དོན་ཅུས་ཀྱི་སྒོ་རུ་ཁྲོམ་བསྒྲགས་ཀྱི་ཡི་གེར་འགོད་རྒྱུ་ཡིན་པས། ཁ་པར་བཏང་ན་རྒྱུགས་འབྲས་ཧ་གོ་ཡོང་ཞེས་ཞུ་བ་བྱས་ཀྱང་། ཁོས་ཡུལ་དངོས་སུ་མ་རིག་ན་སེམས་མི་བདེ་ཟེར་ནས་ང་ཁྲིད་དེ་རྫོང་ཐོག་ཏུ་རྒྱུགས་འབྲས་ལ་བལྟ་རུ་སོང་ཞིང་། ཁྲོམ་བསྒྲགས་ཡི་གེ་ལས་ངས་ཀྱང་རྒྱུགས་འཕྲོད་མེད་པ་ཤེས་མ་ཉིད་དུ། ཕ་རྒན་གྱིས“ཁྱོད་ད་ལྟའི་བར་དུ་སློབ་གྲྭར་སོང་ནས་ཅི་ཞིག་སྦྱངས་པ་ཡིན།”ཟེར་ཞོར་ལག་ཏུ་སོ་ཕག་ཅིག་བཟུང་ནས་ང་བདས་བྱུང་ལ། ལམ་འགྲོ་བ་ཀུན་གྱིས“ཕ་རྒན་བཙན་པོ་ཞིག་ཡིན་ཡང་རྒྱུགས་ཐེངས་བཞི་སྤྲད་ཀྱང་མ་འཕྲོད་ན་ངོ་མ་འོས་མེད་རེད་”ཟེར་བཞིན་ང་ལ་འཕྱ་དམོད་བྱས་བྱུང་། ང་ངོ་ཚ་བ་དང་གནོང་འགྱོད་འདྲེས་མའི་སྒོ་ནས་འགྲོ་དབང་འདུག་དབང་མེད་པའི་སྐབས། གློ་བུར་སྨག་རུམ་གྱི་དོང་ཆེན་ཞིག་གི་ནང་ལྷུང་བས། ངས་མགོ་བོ་ཡར་བཀྱགས་ཀྱང་མི་ཁྱོགས། འཇིགས་ཤིང་སྐྲག་སྟེ་སྙིང་ལྟིག་ལྟིག་ཏུ་ལྡིང་བ་དང་བག་འཁུམས་ནས་ཡོད་དུས། གློ་བུར་དོང་གི་ཀླད་ནས་སྒྲ་ཆེན་པོ་ཞིག་གྲག་བྱུང་བ་དང་བསྟུན། ང་གཉིད་ལས་དཀྲོགས་བྱུང་། རྣམ་རིག་གཏད་ནས་ཉན་དུས་ཡང་ཁང་ཀླད་ཀྱི་བུད་མེད་དེ་ཡིས་སྐྱེས་པ་ཞིག་དང་འཁྲིག་པ་སྤྱོད་བཞིན་ཡོད་པས། ངའི་ལུས་པོ་ཡོངས་མེ་རུ་བསྒྲོན་པ་ལྟར་ཚ་རྒྱས་ཤིང་དོན་ལྔ་སྣོད་དྲུག་གང་རུང་ཞིག་ནས་ཟ་འཕྲུག་ཀྱང་ལངས་ཏེ། ཉལ་ཐུལ་ལ་རྡོག་གཞུས་ཤིག་བྱས་པ་ན། ཉལ་ཐུལ་ཡང་མལ་ཁྲིའི་འགྲམ་དུ་ལྷུང་སོང་།

  དེ་ལྟར་གསལ་ལ་མི་གསལ་བའི་གློག་སྒྲོན་འོག་ཏུ་ངས་ལུས་པོ་གཅེར་བའི་ངང་གན་རྐྱལ་དུ་ཉལ་བར་ལུས་སེམས་གཉིས་ཀ་སྦྲིད་ཟིན་ལ། བུད་མེད་དེའི་ཤ་ཉོག་རུས་ཉོག་ལྟ་བུའི་སྐད་ཀྱི་འགྱུར་ཁུགས་དང་བསྟུན་ནས། ངའི་འདོམས་ཀྱི་ཕོ་མཚན་ནི་ཀ་བ་བཞིན་བརྟན་གྱི་ལེར་འགྲེང་ཡོང་། ངས་རང་གི་ཕོ་མཚན་རིག་ན་ཞེ་མེར་ཡང་ལག་པ་ནི་ལྕགས་དང་རྡོ་ཁབ་ལེན་འཕྲད་པ་ནང་བཞིན་རང་དབང་མེད་པར་དེའི་སྟེང་ལ་དྲུད་འགྲོ་བས། རེ་ཞིག་གི་ངལ་རྩོལ་ལས་དཀར་སོབ་སོབ་ཀྱི་ཁུ་བ་ཕྱིར་བྱུང་ཞིང་། ངའི་སྤུ་ཉག་གི་ཟིན་པའི་བརླ་ཡ་གཅིག་ཀྱང་བརླན་ཞིང་གཤེར་བར་གྱུར་ཟིན། ངས་མགོ་བོ་ཡར་བཀྱགས་ནས་ཤོག་ལྷེ་ཞིག་ཨེ་ཡོད་ལྟ་དུས། སྔས་མགོ་རུ《གཞུང་ཞབས་པའི་རྒྱུགས་ཡིག་ཀུན་འདུས》ཟེར་བའི་དཔེ་ཆ་དེ་མ་གཏོགས་མེད་པས། དཔེ་ཆ་དེའི་མཇུག་གི་ཤོག་ལྷེ་ཞིག་གཤགས་ཏེ་ཕྱིས་པ་ཡིན། དེ་ནས་ཤོག་ལྷེ་དེ་ལག་མཐིལ་ནས་རིལ་བུར་བསྒྲིལ་ཏེ་ཤེད་ཀྱིས་གཡུགས་པ་ན། ཤོག་ལྷེ་དེ་སྒོའི་ལྟག་རྒྱབ་ཀྱི་གད་སྙིགས་འཕེན་སའི་དྲ་ཕད་དེའི་ནང་དུ་ཤགས་སེར་ལྷུང་སོང་།

  ཉི་མ་འདི་དག་གི་རིང་ལ་གྲོང་རྡལ་འདིར་མི་ཚོགས་མང་བོ་མེད་པའི་ཁར། ཨ་གསར་ལ་དགའ་བའི་གྲོང་མི་རྣམས་ནི་འགྲམ་ན་གསར་དུ་སྒོ་ཕྱེ་བའི་ཚོང་ཁང་དུ་འཚང་བཞིན་ཡོད་ཅིང་། ངའི་ཕུ་བོའི་སྒོ་བསྟེན་ཚོང་ཁང་གི་ཚོང་ཡང་དེ་འདྲ་བྲིན་པོ་མེད། ཕུ་བོས་ནམ་རྒྱུན“ཁྱེད་ནི་རྒྱུན་འདུག་བྱེད་མི་ཐུབ་པས། ངའི་ཚོང་ལ་ཕན་ཐོགས་ཅི་ཡང་མེད”ཅེས་འཁང་ར་བྱེད་སྲིད་ཀྱང་། ང་ལ་ཟླ་བ་རེར་ཟླ་ཕོགས་ཀྱི་ཚུལ་དུ་སྒོར་རྡོག་འགའ་རེ་སྟེར་བར་ཁས་བླངས་ཡོད་རྐྱེན། ངས་ནམ་རྒྱུན་སྒྱིད་ལུག་གི་བརྟུལ་ཞུགས་ཡོངས་སུ་དོར་ནས་ཚོང་ཨེ་བྲིན་ལ་རེ་སྒུག་དང་འབད་པ་བྱས། ཕུ་བོའི་སྒོ་བསྟེན་ཚོང་ཁང་འདི་ནི་ཆེ་རྒྱུ་མེད་ཀྱང་གྲོང་རྡལ་འདི་ཡི་བཞི་མདོར་ཁེལ་ཡོད། ངས་འགྱིག་གི་རྐུབ་སྟེགས་ཚུར་དྲུད་ཡོང་ནས་ཉི་མར་འདེ་བཞིན་ཡོད་མོད། སེམས་ནི་ནམ་ཡང་སྡོད་བཟོད་མེད་པར《གཞུང་ཞབས་པའི་རྒྱུགས་ཡིག་ཀུན་འདུས》ཟེར་བའི་རྙིང་རལ་དུ་གྱུར་པའི་དཔེ་ཆ་དེར་བལྟས་པ་ཡིན། ཤོག་ལྷེ་འགའ་ལ་བལྟས་ཙ་ན་མིག་ན་ཞིང་མགོ་བོ་འཐོམ་པས། དཔེ་ཆ་ངོར་བཀབ་ནས་ཉི་མའི་ཚ་ཟེར་འགོག་ཐབས་བྱས། དེ་ནས་གཉིད་ལྕོག་ཅིག་གིས་མགོ་བོ་རྒྱ་ལྕང་བཞིན་ལྡེམ་པ་དང་། རང་ཉིད་ནམ་ཞིག་ལ་གཉིད་དུ་ཡུར་བའང་མ་ཤེས།

  གློ་བུར་ཁང་ཀླད་ཀྱི་དྲ་མའི་ནང་ནས་ཤག་སྒྲ་ཉིལ་ལེར་ཆུ་ཕོར་བ་གང་ཚོང་ཁང་མདུན་གྱི་རྡོ་གཅལ་སྟེང་ལ་འཕོས་པས། ཆུ་ཐིགས་འགའ་ཞིག་ངའི་ལུས་དང་གདོང་། ཐ་ན་ཁ་ནང་དུའང་ཟགས་སོང་བར། ངས་མོའི་མདང་ནུབ་ཀྱི་སྦྱོར་བ་དེ་དྲན་ནས་ཞེ་མེར་ཏེ་ཅུང་ཟད་མིན་ན་བསྐྱུག་བྱུང་ལ་ཅི་ཞིག་གིས་བརྙས་བཅོས་བྱས་པ་ལྟར་ང་ནི་ཁ་སྤོ་ཁ་ནས་ལངས་ཤིང་ཞེ་སྤོ་གཏིང་ནས་ལངས་ཏེ། ཁ་ཉིས་ཐོག་གི་ཕྱོགས་སུ་གཏད་དེ་“ངོ་ཚ་མེད་པའི་ཁྱི་མོ་”ཞེས་སྡིགས་མོ་བྱས། གྲོང་པ་རྣམས་ཀྱིས་མོ་ནི་འཚེམ་བཟོ་མ་དགའ་ཞིག་རེད་ཟེར་ནས་བསྟོད་བསྔགས་ཡང་ཡང་བྱེད་ཀྱང་། དོན་དངོས་སུ་མོས་སྨད་འཚོང་གི་བྱ་བ་ལས་བཞིན་པ་ཤེས་མཁན་ཉུང་ཉུང་རེད། གལ་ཏེ་ཤེས་ཀྱང་དེ་ནི་ངག་སྒྲོས་ཙམ་ཡིན་པས། མོའི་འཚེམ་བཟོའི་ལས་ཀ་ལ་གནོད་པ་ཐེབས་ཀྱིན་མེད་པ་མ་ཟད། ད་དུང་མོའི་མགྲོན་པོ་རྣམས་ལ་མཚོན་ན་དེ་ནི་ཁ་གཡར་ས་དཔེ་མེད་ཅིག་ཡིན། ཡིན་ནའང་གྲོང་རྡལ་འདིར་ངས་ད་གཟོད་མོའི་འདོད་པས་བཟི་བའི་སྐད་ཀྱི་འགྱུར་ཁུགས་དང་ལུས་ཀྱི་ལྡེམ་མྱུར་ཚང་མ་གསལ་བོར་ཤེས་པས། གལ་ཏེ་མོས་ཚད་ལས་བརྒལ་བའི་ངང་ང་ལ་འཛུམ་སྟོན་པ་མིན་ན། ངས་ཀྱང་མོར་དེ་འདྲའི་ཁ་ཡ་བྱེད་དོན་མེད།

  ཉི་མའི་གུང་གི་གྲོང་བརྡལ་ནི་ལྷིང་འཇགས་སུ་གནས་ཤིང་མི་ཤིན་ཏུ་ཉུང་བ་དང་། ལམ་འགྲམ་གྱི་གངས་དར་ཡང་ཞུ་ནས་ཆུ་མིག་ཀར་ཀོར་དུ་འཁྱིལ་བའི་ནང་ཉི་འོད་ཕོག་པ་ན། དེ་ནི་ཚོང་ཁང་ནང་གི་གསེར་དངུལ་གྱི་རྒྱན་ཆ་ཡོད་དོ་ཅོག་སྲང་ལམ་དུ་དོར་བ་ལྟར་འོད་འཚེར་བར་བྱེད། ངས་འགྱིག་གི་རྐུབ་སྟེགས་ཚུར་དྲུད་ཡོང་ནས་ཉི་མར་འདེ་མོད། ཉི་འོད་ཀྱི་མིག་ལ་གཙེས་ཤིང་ལག་པ་གཉིས་ཀ་མིག་སྒོར་བཀབ་ཀྱང་ཉི་འོད་འགོག་མི་ཐུབ་པས།《གཞུང་ཞབས་པའི་རྒྱུགས་ཡིག་ཀུན་འདུས》ཟེར་བའི་དཔེ་ཆ་དེ་ལེན་དུ་འགྲོ་རྩིས་བྱས་ཀྱང་། གློ་བུར་མིག་གི་ལྟ་ཕྱོགས་ཤིག་གིས་མགོ་དཀྲིས་དམར་པོ་དཀྲིས་པའི་བུད་མེད་དེ་གྲོང་རྡལ་གྱི་སྲང་ལམ་ཞིག་ནས་བཞི་མདོའི་ཕྱོགས་སུ་ཡོང་གིན་ཡོད་པ་མཐོང་།

  མོ་ནི་གར་ཡོང་མི་ཤེས་པའི་ཕྱེ་མ་ལེབ་ཅིག་དང་འདྲ་བར།ཉིན་འགའ་རེའི་ནང་གྲོང་བརྡལ་འདིའི་བཞི་མདོར་སླེབས་ཡོང་ཡང་། ཡང་གར་འགྲོ་མི་ཤེས་བའི་ཕྱེ་མ་ལེབ་ཅིག་དང་འདྲ་བར་གྲོང་བརྡལ་འདིའི་སྲང་ཁུག་ཅིག་ནས་ཡལ་འགྲོ། ནམ་རྒྱུན་མོ་སྲང་ལམ་གྱི་བཞི་མདོའི་ཕྱོགས་སུ་ཡོང་དུས། ལམ་འགྲོ་བའམ་གཞུང་ལམ་གཡས་གཡོན་གྱི་ཚོང་བ་རྣམས་ཀྱིས་མོའི་ཕྱོགས་སུ་མིག་ཞགས་འཕེན་སྲིད་ཀྱང་། དེ་རིང་ནི་ཉི་མའི་གུང་ལ་ཁེལ་ཡོད་པས། མོའི་ཕྱོགས་སུ་མིག་ཞགས་འཕེན་མཁན་མང་བོ་མེད། བུད་མེད་དེས་མོའི་མིག་གཉིས་མ་གཏོགས་གདོང་ཧྲིལ་བོ་མགོ་དཀྲིས་དམར་པོ་ཡིས་གཅུད་ཡོད་པ་དང་། མོའི་གཟུགས་རིང་རྒྱུ་མེད་ཀྱང་བཟོ་ལྟ་མཛེས་ཤིང་སྙིང་རྗེ་བ་ཞིག་ཡིན་པས། མོ་བཞི་མདོའི་སྟེགས་གྲུག་རྩེ་སའི་གློག་སྡོང་དེར་ཁེན་ནས་བསྡད་པ་ན།གློག་སྡོང་སྟེང་གི་གཞང་འབྲུམ་དང་སྐྲ་སྐྱེས་སྨན་སོགས་ཀྱི་དྲིལ་བསྒྲགས་ཡི་གེ་སྦྱར་བ་དག་མོའི་ངང་ཚུལ་དང་མཐུན་པ་ཞིག་མ་རེད།

  སྟེགས་གྲུག་རྩེ་མཁན་གྱི་གཞོན་སྐྱེས་དེ་དག་ཉི་མའི་ཚ་ཟེར་ལས་ཉ་བེ་ཉོབ་བེར་གྱུར་ཡོད་ཀྱང་། མགོ་དཀྲིས་དམར་བོ་དཀྲིས་བའི་བུད་མེད་དེ་འགྲམ་དུ་སླེབས་མ་ཐག རྣམ་ཀུན་དང་མི་འདྲ་བར་གློ་བུར་རྣམ་རིག་གྲིམ་ཞིང་དཔའ་སྟོབས་རྒྱས་པ་ནང་བཞིན། ཕན་ཚུན་ལ་ཁྱད་གསོད་དང་ཀུ་རེ་རྩེ་བའི་དགོད་སྒྲ་དང་། སྟེགས་གྲུག་འཕེན་པའི་ཁྲོག་སྒྲ་ཡིས་གྲོང་བརྡལ་གྱི་བཞི་མདོའི་ལྷིང་འཇགས་ཀུན་ནས་དཀྲོགས་པར་བྱེད་ལ། ཡུན་གྱིས་བུང་བ་མེ་ཏོག་ལ་འཁོར་བ་ལྟར་མི་ཚོགས་ཀྱང་ངང་གིས་འདུས་བྱུང་། ང་ཡང་མཚར་སྣང་གི་དབང་དུ་གྱུར་ཏེ། ཕར་སོང་ནས་ལྟད་མོར་ལྟ་འདོད་ཆེ་ཡང་། ཚོང་ཁང་སྟོང་བར་སྐྱུར་མི་ཉན་པས། ཐེ་ཚོམ་ངང་ཡོད་པའི་བར་གླགས་དེར། ངའི་ཁ་པར་ལས་ཏིར་ཏིར་ཏིར་གྱི་སྒྲ་ཞིག་གྲག་པ་ལས། ཨ་ཕའི་ཁ་པར་ཨང་གྲངས་ཡིན་པ་ཤེས་བྱུང་ལ། ཡང་ང་ལ་སྡིག་མོ་བྱེད་ཡོང་ངེས་སྙམ་སྟེ་ཁ་པར་མ་བླངས། དེ་ལྟར་ཁ་པར་བསྟུད་མར་གྲག་པར་ངའི་ཡིད་ཀྱང་རྟབ་རྟབ་པོར་གྱུར་ལ། ཕྱིར་ཚོང་ཁང་ནང་འཛུལ་ནས་《གཞུང་ཞབས་པའི་རྒྱུགས་ཡིག་ཀུན་འདུས》ཟེར་བའི་དཔེ་ཆ་དེ་བླངས་ནས་བལྟས་ཀྱང་། ཡིད་ཀྱི་གཏིང་རིམ་ན་དྲན་འཆར་མང་བོ་ཞིག་འདུ་ལོང་བྱེད་བཞིན་ཡོད་པས། རང་དབང་མེད་པར་མགོ་བོ་ཡར་བཏེགས་དུས། སྒེའུ་ཁུང་ལས་སྲང་ལམ་ཕ་རོལ་ཀྱི་སྟེགས་གྲུག་འགྲམ་ཏུ་མི་ཚོགས་སྐོར་ཞིག་འདུག་པའི་ཁྲོད། མགོ་དཀྲིས་དམར་པོ་དཀྲིས་བའི་བུད་མེད་དེ་ལྷང་ངེར་མིག་ལམ་དུ་འཆར་བྱུང་། ངས་དཔེ་ཆར་ལྟ་བར་བར་ཆད་མི་བཟོ་བའི་ཆེད་དུ་སྒེའུ་ཁུང་གི་ཡོལ་བ་ཟིམ་པ་ཡིན། ཡིན་ནའང་གྲུ་བཞིར་མངོན་པའི་རྒྱ་ཡིག་རེ་རེ་ངའི་མིག་ལམ་དུ་གོ་མཚོན་བགོས་པའི་སྐྱ་དམག་བཞིན་རིམ་པར་གཤར་བ་ཙམ་དུ་ཟད་པ་ལས། དེའི་ནང་དོན་ལ་སྤྲོ་སྣང་ཅི་ཡང་མེད། དེར་ལོ་ཟླ་ཁོར་མོར་ཡང་དང་བསྐྱར་དུ་བལྟས་པས། ད་ནི་རང་ལ་ངལ་དུབ་དང་སུན་སྣང་གི་ཚོར་བ་མ་གཏོགས་ཅི་ཡང་ལྷག་མེད། དེ་ནས་མི་འགའ་རེ་ཚོང་ཁང་དུ་ཡོང་ཡང་ཆབ་མ་ཉོ་མཁན་གཅིག་ཀྱང་མེད། ངས་སྲང་ལམ་གྱི་ཕ་རོལ་ཏུ་བལྟས་པ་ན། སྟེགས་གྲུག་གི་མཐའ་རུ་སྐྱེས་པ་སྐོར་ཞིག་ལངས་ཡོད་ཀྱང་། མགོ་དཀྲིས་དམར་པོ་དཀྲིས་པའི་བུད་མེད་དེ་མཐོང་རྒྱུ་མི་འདུག ངས་མགོ་ཌ་རུ་བཞིན་གཡུག་ཞོར་སྲང་ལམ་གྱི་གཡས་གཡོན་ལ་བལྟས་ཏེ་མོ་བཙལ་ཀྱང་། མོ་ནི་སྔར་ནས་གར་སོང་ཆ་མེད་དུ་གྱུར་ཟིན།

  དགོང་མོར་གྲོང་རྡལ་ཤར་ལམ་གྱི་སྲང་ཁུག་ན“དྲི་ཟའི་གླིང”ཟེར་བའི་ཟ་ཁང་ཞིག་ཡོད་པ་དེ་རུ་ང་དང་གྲོགས་པོ་འགའ་ལྷན་འཛོམས་བྱུང་། གྲོགས་པོ་ཟེར་བ་ཡང་སློབ་གྲྭ་འདྲ་མིན་ནས་སློབ་མཐར་ཕྱིན་ཏེ་གཞུང་ཞབས་པར་རྒྱུགས་སྤྲད་ཀྱང་མ་འཕྲོད་པར་ལུས་ཡོད་མཁན་རྐྱང་རྐྱང་རེད། ངས་ཕུ་བོའི་སྒོ་བསྟེན་ཚོང་ཁང་ནང་ན་སློབ་སྦྱོང་གི་ཞོར་དུ་གླ་རྒྱག་བཞིན་འདུག་པས། ནམ་རྒྱུན་ངས་ཁོ་ཚོར་མགྲོན་ཁ་མང་ཙམ་བྱེད་དགོས་ཏེ། ལག་ཏུ་རེག་མེད་པའི་ཟླ་ཕོགས་འགའ་བོ་ཡང་དོམ་དུ་འཇོག་པའམ་སྔ་ས་ནས་རྫོགས་པར་གྱུར་འགྲོ ང་ཚོ་ནམ་རྒྱུན་ལྟར་གསེར་སྐྱེམས་ཀྱི་བཏུང་བར་རོལ་བཞིན་གླུ་ལེན་གར་རྩེད་བྱས་ནས་མཚན་གུང་བར་བསྡད། ང་ཚོའི་འདུ་འཛོམས་སུ་བུ་དང་བུ་མོ་གཉིས་ཀ་ཡོད་ཀྱང་། བུ་མོ་ནི་ཡོང་མཁན་མང་པོ་མེད་ལ་འགའ་རེ་ཡོད་པའང་འཕྲལ་ཕུགས་གང་རུང་གི་མཛའ་གྲོགས་རེ་ཡོད་པས། ཁོ་ཚོའང་བྱིའུ་ཚང་དུ་འཕུར་བ་བཞིན་གཉིས་རེ་གཉིས་རེ་བྱས་ནས་སོང་དུས། ཤུལ་དུ་ལུས་པ་ཚང་མ་ནི་ང་དང་མི་ཧྲེང་རྐྱང་རྐྱང་ཡིན།

  དེ་ཡང་སངས་རྒྱས་ཟེར་བ་ཞིང་ཆེན་དགེ་ཐོན་སློབ་གྲྭ་དང་། བཀྲ་ཤིས་ཟེར་བ་ནུབ་ཕྱོགས་ཀྱི་གྲོང་ཁྱེར་ག་གེ་མོའི་མི་རིགས་སློབ་ཆེན་ནས་མཐར་ཕྱིན་པའི་གྲོགས་པོ་ཁོ་གཉིས་ཀྱིས། སྔོན་ཆད་སློབ་གྲྭ་ཆེན་མོ་ནས་སྨད་འཚོང་མ་བཙལ་བའི་བརྒྱུད་རིམ་མང་པོ་བཤད་པས། ང་ཚོ་ཚང་མས་ཆགས་སྲེད་ཀྱིས་བཟི་བའི་གོམ་ཁ་གྲོང་རྡལ་གྱི་སྲང་ལམ་དུ་བསྒྱུར་ཏེ། ཡར་ཉུལ་མར་ཉུལ་མང་པོ་བྱས་ཀྱང་། བུད་མེད་མ་དགོས་བུད་མེད་ཅིག་གི་དྲི་མ་ཙམ་ཡང་སྣོམ་མ་ཐུབ་པས། ཁོ་གཉིས་ཀྱིས་ང་ལ“ཁྱོད་གྲོང་རྡལ་འདིར་རྒྱུན་འདུག་བྱས་པ་ཞིག་གིས་སྨད་འཚོང་མ་གང་དུ་ཡོད་པའང་མི་ཤེས་སམ”ཞེས་ཚ་འདྲི་བྱས་པར། ངས་སྨད་འཚོང་མ་གང་དུ་ཡོད་པ་ཤེས་ཀྱང་། མོའི་སྦྱོར་བ་དེ་དག་དྲན་ན་བསྐྱུག་རྒྱུ་ཡོང་བས་མི་ཤེས་ཁུལ་གྱིས“སྒོ་བསྟེན་ཚོང་ཁང་འདི་ནི་ངའི་ཕུ་བོའི་ཡིན་པ་དང་། ང་འདི་རུ་ཡོང་ནས་གཟའ་འཁོར་གཉིས་ལས་འགོར་མེད”ཟེར་ནས་བཞི་མདོའི་གད་སྙིགས་འཕོ་སའི་ལྕགས་སྒམ་ལ་རྡོག་ཐོས་གཞུས་སོང་། གྲོང་རྡལ་གྱི་སྲང་ལམ་ནས་ཁྱི་ལྡོམ་འགའ་རེ་ཟུག་བཞིན་རྒྱུག་འོང་ནས་ང་ཚོའི་མཐའ་རུབ་བྱུང་ལ། ང་ཚོས་རྐང་གཡུག་ལག་གཡུག་བྱས་ཏེ་ཁྱི་ལྡོམ་དེ་དག་བདའ་རྩིས་བྱས་ཀྱང་། ཁྱི་ལྡོམ་དེ་ཚོས་ང་ཚོ་བཟི་ཡོད་པ་ཤེས་པ་ནང་བཞིན་མཆེ་བ་གཙིགས་ནས་ང་ཚོར་རྨུག་གྲབས་བྱས་པས། མཐར་ང་ཚོའི་བཟོ་ལྟ་རྦད་དེ་ཤོར་ནས་སྐྲག་སྣང་དང་བཅས་ཕུ་བོའི་སྒོ་བསྟེན་ཚོང་ཁང་དུ་མི་འབྲོ་ཐབས་མེད་དུ་གྱུར།

  ང་ཆང་གིས་བཟི་ཡོད་ཀྱང་རྣམ་རིག་ཤིན་ཏུ་གསལ་ཞིང་། ངས་ནི་སྨད་འཚོང་མ་གར་ཡོད་གསལ་བོར་ཤེས་པས་ཁོ་ཚོས་ང་མི་རྫུན་རྐྱལ་ཞིག་རེད་ལོས་འདོད་སྙམ་བཞིན། ཚོང་ཁང་དུ་འདུག་མི་ཉན་ཚུལ་མང་པོ་བཤད་ཀྱང་། ཁོ་ཚོས་གྲོང་རྡལ་འདི་རུ་འདྲེ་ཡོད་པས་གཅིག་པུར་འགྲོ་མི་ཕོད་ཟེར་བཞིན་ངའི་མལ་ཁྲིའི་སྟེང་ལ་འཚངས་བྱུང་། ངས་འདྲེ་ཡོད་ཟེར་ན་རྣར་མི་འགྲོ་ཞེས་བརྗོད་པར། བཀྲ་ཤིས་ཀྱིས་སྔོན་ཆད་མགོ་དཀྲིས་དམར་པོ་དཀྲིས་པའི་བུད་མེད་ཅིག་གྲོང་རྡལ་འདི་ཡི་མགྲོན་ཁང་ག་གེ་མོར་སྐྱེས་པ་ཞིག་གིས་བཙན་གཡེམ་བྱས་རྗེས་བསད་སོང་བས། ད་ལྟ་རྣམ་ཤེས་འདྲེ་རུ་གྱུར་འདུག་པ་ལ། མོ་ཉིན་རེ་བཞིན་གྲོང་རྡལ་འདིར་ཡོང་ནས་སྐྱེས་པ་དེ་འཚོལ་བཞིན་ཡོད་ ཟེར། ངས་ཅི་ཡིན་འདི་ཡིན་གསལ་བོར་འདྲི་འདོད་ཀྱང་། གྲོགས་པོ་བཀྲ་ཤིས་དང་སངས་རྒྱས་གཉིས་ཕག་ལྟར་གཉིད་ཟིན་པས་གཏིང་འདྲི་བྱེད་མ་ཐུབ། དེ་ནས་ངས་བུད་མེད་དེས་ཡང་ལུས་འབྲེལ་གྱི་གར་སྟབས་བསྒྱུར་ཡོང་འདོད་དེ་བློ་རིག་བསྒྲིམས་ནས་ཉན་པ་ལ། གྲོགས་པོ་གཉིས་ཀྱི་ལྡིར་ལྡིར་གྱི་སྔུར་སྒྲ་ལས་ཅི་ཡང་གོ་མ་སོང་། དེའི་རྗེས་ང་ཡང་གཉིད་ཀྱི་ཞིང་ཁམས་འགྲིམས་པར་གྱུར།

  དུས་ཡུན་ཅི་ཙམ་འགོར་བ་མི་ཤེས་ཀྱང་། གློ་བུར་རྣ་ལམ་དུ་མི་ཞིག་གིས་ཨ་རོག་དང་ཨ་རོག་ ཅེས་འབོད་པ་ཐོས་པས། ངས་མིག་ཟུང་གཉིས་འབྱེད་འཛུམ་བྱེད་བཞིན་བལྟས་པ་ན། མགོ་རུ་རྒྱ་གར་ལི་མོ་གོན་པའི་རྒད་པོ་ཞིག་གིས་སྒེའུ་ཁུང་ཕྱི་ནས་སྒོ་ཕྱེ་དགོས་པའི་བརྡ་སྟོན་བཞིན་ཡོད། ངས་མགོ་བོ་ཡར་བཀྱགས་ནས་ཕར་ལྟ་ཚུར་ལྟ་ཞིག་བྱས་པ་ན། གྲོགས་པོ་གཉིས་ཀ་སྔ་ས་ནས་མལ་ལས་ལངས་ཏེ་སོང་ཟིན། ངས་ལག་པས་མིག་གཉིས་ཕུར་ཕུར་བྱེད་བཞིན་སྒོ་ཕྱེ་བར། རྒད་པོས་ཉིན་གུང་ལ་སླེབས་ཟིན། ཁྱོད་འདི་ཚོང་པ་ཞིག་དང་མི་འདྲ་བར་སྐྱིད་པོ་གཉིད་འདུག་ཅེས་ཟེར། ངའི་ཁོག་ནས་དེ་ཁྱོད་ལ་བབས་མེད་འདོད་ཀྱང་གདོང་ལ་བཅོས་མའི་འཛུམ་ཞིག་བསྟན་ནས། “ཨ་ཁུ། ཁྱོད་ཀྱིས་ཅི་ཞིག་ཉོ་རྩིས་ཡོད་”ཅེས་དྲིས་པར། རྒད་པོས་“མནའ་མར་དངུལ་གྱི་ཆབ་མ་ཞིག་ཉོ་དགོས་”ཟེར། ངས་ད་ནི་ཚོང་ཞིག་ཡོད་འདོད་དེ་ཁོ་ཚོང་ཁང་ནང་དུ་གདན་འདྲེན་བྱས། རྒད་པོས་དངུལ་གྱིས་བརྒྱན་པའི་ཆབ་མ་ཞིག་ལ་ཡང་ལྟ་བསྐྱར་ལྟ་བྱས་ཏེ། རིན་གོང་ག་ཚོད་རེད་ཅེས་དྲིས་བྱུང་། ངས་མཛུབ་མོ་བཞི་ཡར་བསླངས་ནས་བསྟན། རྒད་པོས་“གཏམ་རྒྱུ་ཨེ་ཡོད་ཟེར།”ངས་མེད་པའི་ཚུལ་དུ་མགོ་བོ་འཕྲེད་དུ་གཡུགས། སྐབས་འདིར་གསལ་བཤད་བྱེད་དགོས་པ་ཞིག་ལ་གྲོང་རྡལ་འདི་རུ་རྒྱན་ཆ་འཚོང་སའི་སྒོ་བསྟེན་ཚོང་ཁང་དྲུག་བདུན་ཙམ་ཡོད་པས། གལ་ཏེ་རྒྱན་ཆ་གང་རུང་ཞིག་བློར་བབས་པ་མིན་ན། ངས་མཛུབ་མོ་གཅིག་མ་གཏོགས་ཡར་མ་བསླངས་ཀྱང་།ཁོ་ཚོང་ཁང་གཞན་དུ་འགྲོ་ངེས། མ་མཐའ་ཡང་འགྲམ་གྱི་གསར་དུ་ཕྱེ་བའི་ཚོང་ཁང་དེ་རུ་འགྲོ་ངེས་ཡིན།

  རྒད་པོས་མིག་གིས་ཆབ་མ་ལ་བལྟས་ཡོད་ཀྱང་། རང་གི་མགོའི་ལི་མོ་བླངས་ནས་ལག་གཡོན་པའི་མགོར་བསྐོན་ནས་མ་ཎི་འཁོར་ལོ་བཞིན་བསྐོར་བྱུང་བས། ངས་”འགྲམ་ནའང་ཚོང་ཁང་གསར་བ་ཞིག་ཡོད་”ཅེས་བརྗོད་པ་ན། རྒད་པོས་“ཡ་ཡ་”ཟེར་བཞིན་འཕྱི་བ་ཁུང་ནས་བུད་པ་ལྟར་གོམ་པའི་འདེགས་འཇོག་སྒོའི་ཕྱི་རུ་བསྒྱུར་སོང་། ངས་གླལ་སྒྱིང་བྱེད་བཞིན་འགྱིག་གི་ཀ་ཏོ་ར་ཞིག་གི་ནང་དུ་ཆུ་བླུགས་ཏེ་ཚོང་ཁང་མདུན་གྱི་རྡོ་གཅལ་སྟེང་སོ་དང་ཁ་ལག་འཁྲུད་བཞིན་པའི་སྐབས་སུ། མདང་ནུབ་བུད་མེད་དེ་འཇམ་ཐིང་ངེར་ཡོད་ཨང་སྙམ་ནས་གདོང་ལ་ཐོད་མདུད་བརྒྱབ་ནས་ཡར་བལྟས་པ་ན། མོའི་སྒེའུ་ཁུང་གི་དྲ་མ་ནམ་རྒྱུན་བཞིན་བརྟན་པོར་བརྒྱབ་འདུག་ལ། མེ་ཏོག་རྒྱ་སེ་གཙགས་པའི་ལྗང་མདོག་གི་ཡོལ་བ་དེ་ཡང་དམ་པོར་འཐེན་ནས་ཡོད། ངས་མདུན་གྱི་ཁ་ཆེའི་ཟ་ཁང་ཕྱོགས་སུ་ལག་པ་གཡུགས་ཏེ། ཕྱེ་ཐུག་དཀར་ཡོལ་གང་དགོས་པའི་བརྡ་བསྟན་པར། རྣམ་རིག་ཅན་གྱི་ཁ་ཆེའི་ཕོ་གསར་ཞིག་གིས་དུས་ཡུན་སྐར་མ་འགའ་ཞིག་ལས་མ་འགོར་བར་རླངས་པ་འཐུལ་བའི་ཕྱེ་ཐུག་དཀར་ཡོལ་གང་ངའི་སར་བསྐྱལ་བྱུང་།

  མ་བསམས་ས་ནས་དེ་རིང་སྲང་ལམ་དུ་མི་ཚོགས་ཅུང་ཟད་མང་བས། ངས་མགྲོན་པོ་དག་ལ་ཡང་དང་བསྐྱར་དུ་སྣེ་ལེན་བྱས། ཡིན་ནའང་ངའི་ཡིད་ལ་བུད་མེད་ན་ཆུང་མ་ཞིག་ལ་མི་གཞན་གྱིས་བཙན་གཡེམ་བྱས་པ་ནི་མ་གཞི་ནས་མ་རབས་ཐ་ཤལ་གྱི་བྱ་སྤྱོད་ཅིག་ཡིན་ལ། དེ་བས་ཀྱང་མོའི་བཅུ་དྲུག་ལང་ཚོའི་གཞོན་ཤ་རྨེག་མེད་དུ་བཅོམ་པ་ནི་ཅི་འདྲའི་གདུག་རྩུབ་ཆེ་བ་ལ་ཨང་སྙམ་སྟེ། ཡིད་སྐྱོ་བའི་ངང་ནས་འགྲམ་གྱི་ཆབ་མ་ཉོ་བཞིན་པའི་བུད་མེད་ཅིག་ལ“གྲོང་རྡལ་འདིའི་མགྲོན་ཁང་ཞིག་ཏུ་བུད་མེད་ཅིག་ཤི་སོང་ཟེར་བ་བདེན་ནམ”ཞེས་དྲིས་པ་ན། མོས་ང་ལ་ཁ་ཡ་མི་བྱེད་པར་ལག་གཡས་པའི་མཛུབ་མོ་ལྔ་རུབ་རུབ་བྱས་ཏེ་ཆབ་མའི་རིན་གོང་དྲིས་བྱུང་བས། ངས་ད་གཟོད་མོ་ནི་འོན་པ་ཞིག་ཡིན་པ་ཤེས། ཐེ་ཚོམ་གྱི་དྲ་རྒྱ་ཆོད་པའི་ཆེད་དུ་རྗེས་ནས་ཡོང་བའི་མགྲོན་པོ་འགའ་ལའང་རེས་མོས་ཀྱིས“གྲོང་རྡལ་འདི་ཡི་མགྲོན་ཁང་ཞིག་ཏུ་བུད་མེད་ཅིག་བསད་པ་ཨེ་རེད”ཅེས་དྲིས་པར། ཁོ་ཚོས་“ལུང་པ་གཞན་པའི་མི་ཡིན་པས་མི་ཤེས”ཟེར། མི་ཁོམ་པའི་སྒང་འདིར་ངས་མིག་གིས་ལྟ་ཕྱོགས་སུ་མགོ་རས་དམར་པོ་དཀྲིས་པའི་བུད་མེད་དེ། ཚོང་ཁང་མདུན་གྱི་རྡོ་གཅལ་སྟེང་ཕར་འགྲོ་བཞིན་ཡོད་པ་མཐོང་བྱུང་། ང་དེ་མུར་སྒོར་བརྒྱུགས་ནས་བལྟས་པ་ན། མོས་བཞི་མདོའི་སྲང་ལམ་འཕྲེད་དུ་གཅོད་བཞིན་འདུག་པས། ཡིད་ལ་མདང་ནུབ་ཁོ་ཚོས་རྫུན་བཤད་པ་ལོས་ཡིན་འདོད་ཀྱང་། མོ་དོན་དམ་གང་དུ་འགྲོ་བཞིན་ཡོད་དམ་སྙམ་བཞིན་པའི་སྐབས་དེར། མགྲོན་པོ་ཞིག་གིས“ཆབ་མ་འདིའི་རིན་གོང་དུ་རེད”ཅེས་དྲིས་བྱུང་བར། ང་ཕྱིར་ཚོང་ཁང་དུ་མི་འཛུལ་ཐབས་མེད་དུ་གྱུར།

  དགོང་མོའི་ཚོང་ཁང་གི་སྒོ་རྒྱག་རག་བར་དུ་ཆབ་མ་གསུམ་བཙོངས་ཟིན་ཡང་། ངས་དཔེ་ཆ་ཀློག་མ་ཐུབ། ཡིད་ལ་དགའ་སྐྱོ་འདྲེས་མའི་སྣང་བ་ཞིག་སྐྱེས་པས། ཟ་མ་སྟབས་བདེ་ཞིག་བཟོས་ཏེ་དཔེ་ཆར་བལྟ་འདོད་པའི་སྐབས་དེར། ཁ་པར་གྱི་དྲིལ་བརྡ་གྲག་བྱུང་། ངས་ཨང་གྲངས་ལ་བལྟས་པས་ཨ་ཕའི་ཁ་པར་ཡིན་པ་ཤེས་ཏེ། ཡང་ཁོས་བཀའ་བཀྱོན་གནང་ཡོང་འདོད་དེ་གནོང་འགྱོད་དང་སུན་སྣང་འདྲེས་མའི་སྒོ་ནས་ཁ་པར་མ་བླངས། ངའི་ཉམས་མྱོང་ལྟར་ན་ཨ་ཕའི་ཁ་པར་མ་བླངས་ཚེ་ཐེངས་གསུམ་གྱི་ཡན་མི་གཏོང་ཀྱང་། ཁ་པར་གྱི་སྒྲ་ཡང་དང་བསྐྱར་དུ་གྲག་པར་བརྟེན། ངས་ཁྱིམ་ན་དོན་དག་འདྲ་མེད་དམ་སྙམ་ནས་ཁ་པར་བླངས་པ་ན། ཁ་པར་ལས་ཨ་མས“བུ་ཁོ། རྒྱུགས་མ་འཕྲོད་ཀྱང་སྐྱོན་མེད། སང་ཉིན་ཕྱིར་ཁྱིམ་དུ་ཤོག ངས་ཁྱོད་ཀྱི་ཕུ་བོར་བཤད”ཅེས་ཟེར་བ་ལ། ཨ་ཕས“ཁྱི་ཁ་ཚུམས། ལས་བྱེད་པ་མ་ཉན་ན། གླ་པ་ཞིག་ལས་ཅི་ཉན”ཟེར་བཞིན་ཨ་མའི་ལག་གི་ཁ་པར་ཕྲོགས་ནས་དེ་མུར་ཁ་གཏན་སོང་། དེ་ལྟར་ངའི་ཟས་ཀྱི་ཡི་གའང་ཀུན་ནས་ཆད་དེ་ཚོང་ཁང་གི་སྒོ་བརྒྱབ་པ་དང་། མལ་ཁྲིའི་སྟེང་གསེག་ཉལ་བྱས་ནས《གཞུང་ཞབས་པའི་རྒྱུགས་ཡིག་ཀུན་འདུས》ཟེར་བའི་དཔེ་ཆར་ལྟ་བཞིན་པའི་སྐབས་སུ། མི་ལོ་བཅུ་ཕྲག་རིང་སློབ་གྲྭ་འགྲིམ་པའི་བརྒྱུད་རིམ་རེ་རེ་བཞིན་མིག་ལམ་དུ་འཆར་ཞིང་། རང་གི་སློབ་ཡོན་གྱི་ཆེད་དུ་ཕ་མ་གཉིས་འཛིང་རེས་བྱས་པའི་རྣམ་པ་རེ་རེ་བཞིན་དྲན་པས། མིག་ནས་མཆི་མ་ཕྲོམ་ཕྲོམ་དུ་ཉིལ་བྱུང་།

  དགོང་མོ་དེར་ངའི་རྨི་ལམ་དུ། བུད་མེད་མགོ་རས་དམར་པོ་དཀྲིས་པ་དེ་ཚོང་ཁང་གི་སྒེའུ་ཁུང་ནང་ནས་འཛུལ་བྱུང་། ངའི་མདུན་དུ་ཆགས་ཉམས་དང་བཅས་ལྭ་བ་རེ་རེ་བཞིན་ཕུད་དེ་གླུ་ལེན་པ་དང་ཞབས་བྲོ་འཁྲབ་པས། ང་སྐྲག་ནས་མལ་ཁྲིའི་ཟུར་དུ་བསྐུངས་པ་ན། མོས“གལ་ཏེ་ཁྱོད་ཀྱིས་ངའི་རོ་སྐྱིན་ལེན་ཐུབ་པ་ན། ངས་ཁྱོད་དང་ལུས་འབྲེལ་བྱེད་ཆོག”ཟེར་བར། ངས་སྐད་འདར་འདར་ངང“ངས་ཁྱོད་གསོད་མཁན་སུ་ཡིན་མི་ཤེས་པས། ཁྱོད་ཀྱིས་མི་གཞན་ཞིག་བཙལ་རོགས”ཞེས་བརྗོད་པར། མོས“ང་སྔོན་ཆད་མི་ཚང་ཞིག་གི་མནའ་མ་ཡིན་ཡང་། མི་ངན་ཁྱི་འདྲ་བ་དེ་ཡིས་་་་་་་”ཟེར་བཞིན་སྡང་མིག་གིས་ངའི་ཕྱོགས་སུ་བལྟས་ཡོང་ལ། ཡང་ཉམ་ཐག་ངང་ཞུ་བའི་ཚུལ་གྱིས“ང་གཡེམ་གསོད་བྱེད་མཁན་སུ་ཡིན་ཁྱོད་ཀྱིས་ངའི་མིག་འབྲས་ནང་ལྟོས་དང་ཤེས་ཡོང་།”ཟེར་ནས། མགོ་བོ་ངའི་མདུན་དུ་བསྲིངས་ཤིང་མིང་ཟུང་ཆེར་བགྲད་པར། ངས་སྐྲག་མ་སྔངས་ཀྱིས་མོའི་མིག་ཟུང་ལ་བལྟས་པ་ན། མོའི་རབ་རིབ་ཀྱི་མིག་འབྲས་ལས་སྐྱེས་པ་ཞིག་གི་གཟུགས་རིས་འདྲ་བོ་ཞིག་འཆར་ཡོང་ལ། དེ་ནི་ངུར་སྨུག་གི་ན་བཟའ་གོན་པའི་གྲྭ་པ་ཞིག་དང་མཚུངས་པས། ངའི་ཁ་ནས“དཔེ་མི་སྲིད”ཅེས་ཤོར་པ་དང་། ཡང་ནས་ཡང་དུ་བལྟས་པ་ན། མཆན་འོག་ཏུ་ཡིག་ཆ་བཙུར་བའི་ལས་བྱེད་པའི་ཟོལ་གྱི་སྐྱེས་པ་དར་མ་ཞིག་དང་ཡང་འདྲ་བས། ངས་རང་གི་མིག་འཕྲུལ་རེད་འདོད་དེ་ཞིབ་ལྟ་བྱེད་བཞིན་པའི་སྐབས་དེར། མོས“ཁྱོད་ཀྱིས་ང་ལ་ཁྱད་གསོད་གནང་བྱུང་།”ཟེར་ནས་གཡེར་བག་བྱས་ལ། རིམ་གྱིས་ངའི་འདོམས་ནང་ལག་སྙོབ་བྱས་ཏེ་ཐབས་ཀྱིས་ང་མལ་ཁྲིའི་སྟེང་ལ་ཁྲིད་དེ། ང་མོ་དང་བཙན་གྱིས་ལུས་འབྲེལ་བྱེད་དུ་བཅུག ངེད་གཉིས་ཀྱིས་མལ་ཁྲིའི་སྟེང་གཅིག་གིས་གཅིག་ལ་འཐམས་ནས་འགྲེ་ལྡོག་བྱེད་བཞིན་པའི་སྐབས་དེར། ཁང་བའི་ཀླད་ནས་ལྟིག་སྒྲ་ཞིག་གྲག་སྟེ་ང་གཉིད་ལས་སད་བྱུང་། ངའི་མིག་ལམ་ནག་འཐིབས་སེར་ཡོད་པར། ཡིན་པ་ནི་ཁང་བའི་ཀླད་ནས་བུད་མེད་དེས་སྐྱེས་པ་ཞིག་དང་ལུས་འབྲེལ་བྱེད་བཞིན་ཡོད་པས། ཞག་གང་བོའི་རིང་ངའི་གཉིད་ཀྱི་བདེ་བ་ཕྲོགས་སོང་།

  ཕྱི་ཉིན་ནམ་ལངས་པར། ངའི་འདོམས་ཀྱི་ཕོ་མཚན་ལས་བཞུར་བའི་ཁུ་དཀར་གྱིས་གདན་དང་ཉལ་ཐུལ། སྔས་མགོ་སོགས་བརྫད་ཟིན་ལ། 《གཞུང་ཞབས་པའི་རྒྱུགས་ཡིག་ཀུན་འདུས》ཀྱི་དེབ་དེ་ཡང་བརླན་གཤེར་དུ་བཏང་འདུག ངས་ཅུང་ཟད་དོགས་མི་བདེ་བའི་ངང་ནས་མགོ་བོ་ཡར་བཀྱགས་པ་ན། མདུན་གྱི་གྱང་ངོས་སུ་བུད་མེད་གྲགས་ཆེན་འགའ་ཡི་པར་སྦྱར་ཡོད་པ་མཐོང་བྱུང་ལ། དེ་དག་ལས་ཤང་ཀང་གི་བུད་མེད་འཁྲབ་སྟོན་པ་གྲགས་ཅན་ཀྲང་མན་ཡིའུ་ཡིས་སྟོད་ལྭ་ཕྲག་སྟེང་ལ་འཕངས་ནས་ཕྱི་མིག་ལྟ་བའི་པར་དེས་ཆེད་དུ་ང་ལ་ལྟ་བ་དང་འདྲ་ཞིང་། མོས་འཛུམ་དམུལ་ལེར“ཁྱོད་ཀྱིས་མདང་ནུབ་མ་རབས་བྱས་པ་ཚང་མ་ངས་རིག་སོང”ཟེར་བ་ལྟར་སྣང་བས། ངས་ངོ་ཚ་དང་གནོང་འགྱོད་འདྲེས་མས་མྱུར་དུ་འགྲམ་གྱི《གཞུང་ཞབས་པའི་རྒྱུགས་ཡིག་ཀུན་འདུས》ཟེར་བའི་དཔེ་ཆས་འདོམས་ཀྱི་གསང་གནས་བཀབ།

  ཉིན་དེའི་ཞོགས་པའི་ཉི་མ་ཤར་བ་དང་བསྟུན་ནས། ངས་གདན་དང་ཉལ་ཐུལ། སྔས་མགོ《གཞུང་ཞབས་པའི་རྒྱུགས་ཡིག་ཀུན་འདུས》ཟེར་བའི་དཔེ་ཆ་སོགས་ཁྱེར་ནས་སྒོའི་ཕྱི་རོལ་ཏུ་ཉི་མར་འདེ་དུས། གློ་བུར་ལྟ་ཕྱོགས་ཤིག་ལ་མགོ་རས་དམར་པོ་དཀྲིས་པའི་བུད་མེད་དེས་ལག་ཏུ་ཆབ་མ་ཞིག་བཟུང་ནས་བཞི་མདོའི་སྟེགས་གྲུག་རྩེ་སའི་གློག་སྡོང་དེར་ཁེན་ནས་བསྡད་ཡོད་ཅིང་། མོས་ངའི་ཕྱོགས་སུ་གསང་བ་ལྐོག་གྱུར་གྱི་མིག་ཞགས་ཤིག་འཕངས་ཡོང་བས། ངའི་ཡིད་ལ་སྤྲོ་དགའ་དང་སྔངས་འཚབ། འཇིགས་སྐྲག་མཚར་སྣང་སོགས་སྨྲ་བསམ་བརྗོད་འདས་ཀྱི་ཚོར་བ་མང་པོ་ཞིག་སྐྱེས་ཤིང་། ཆང་གིས་བཟི་བ་ལྟར་ལུས་ཀྱི་བ་སྤུ་གཡོས་ཤིང་དབུགས་ཀྱི་རྒྱུ་བའང་འགགས་པའི་ཚོར་ཤེས་ཤིག་བྱིན། ཡིན་ནའང་མདང་ནུབ་རྨི་ལམ་དུ་མོ་དང་ལུས་འབྲེལ་བྱུང་བ་དང་། མོས་མོ་ལ་རོ་སྐྱིན་ལེན་རོགས་ཟེར་བའི་གཏམ་ཡིད་ལ་དྲན་པས། ང་བྲེད་ཤ་ཉིལ་ལེར་ཕྱིར་ཚོང་ཁང་ནང་དུ་བྲོས།

  ཨར་འདམ་དང་ལྕགས་སྐུད་སོགས་ཀྱིས་བསྐྲུན་པའི་ཚོང་ཁང་ནང་དུ་སླེབས་མ་ཐག ང་ལ་བདེ་འཇགས་ཀྱི་སྣང་བ་ཞིག་ངང་གིས་སྐྱེས་པས། ངའི་ཡིད་ལ་ཉིན་དཀར་འདི་འདྲ་ལ་གྲོང་རྡལ་གྱི་སྲང་ལམ་ཉུལ་བའི་མཛེས་མ་འདི་འདྲ་ཞིག་འདྲེ་རུ་གྱུར་པ་ཅི་ཡིན་ནམ། གཏན་ནས་ཡིན་མི་སྲིད། གལ་ཏེ་འདྲེ་ཞིག་གྲོང་རྡལ་འདིར་ཡོད་ཀྱང་། ཉིན་དཀར་མི་ཚོགས་ཀྱི་གྲས་སུ་ཡོང་ནས་སྐྲག་སློང་མི་ཕོད་འདོད་དེ། རང་ཉིད་རང་གི་བྱ་སྤྱོད་ལ་ངོ་གནོང་དགོས་པ་བྱུང་། ཡིན་པ་ནི་ང་རྣམ་རྟོག་ཆེ་བས་ལན་འདོད་དེ། སྒེའུ་ཁུང་གི་དྲ་ཡོལ་ཡར་བཀྱགས་ནས་གློག་སྡོང་འགྲམ་གྱི་བུད་མེད་དེ་ལ་བལྟས་པར། མོ་གར་སོང་ཆ་མེད་དུ་གྱུར་ཟིན་པས། དེ་མ་ཐག་ངའི་ཁ་ནས་རང་དབང་མེད་པར“རྟ་མགྲིན་གྱི་སྔགས”ཚར་འགའ་ཤོར་སོང་། བདེན་རྫུན་དང་མངོན་ལྐོག རྨི་ལམ་དང་མངོན་སུམ། མཛེས་མ་དང་འདྲེ་མོ་སོགས་ཐ་སྙད་འདི་དག་གིས་ངའི་ཡིད་ཀྱི་འགྱུར་བ་ལྷོད་འཇགས་སུ་འབབ་ཐུབ་མ་བྱུང་།

  གྲོང་རྡལ་གྱི་བཞི་མདོ་རུ་མི་ཚོགས་ཇེ་མང་དུ་ཕྱིན་པ་དང་། ཚོང་ཁང་ནང་ཡོང་བའི་མགྲོན་པོའང་ཇེ་མང་དུ་གྱུར་པ་དང་ཆབས་ཅིག་ངས་རང་ལ་དེ་ནི་འཕྲུལ་སྣང་རང་ཡིན་སྙམ་ནས་ཡང་ཡང་སྐུལ་ལྕག་བཏང་བས། འཇིགས་རུང་གིས་བསྐྱེད་པའི་སྔངས་འཚབ་ཅུང་ཟད་ཞི་སྟེ་ལུས་སེམས་གཉིས་ཀ་བག་ཕེབས་སུ་གྱུར།

  དེ་ལྟར་རེ་ཞིག་གི་འཕྲོར་གྲྭ་པ་ཞིག་ལམ་ནོར་བ་ལྟར་ཚོང་ཁང་ནང་ལ་འཛུམ་ཡོང་བར། ངས“འདི་ནི་བུད་མེད་ཀྱི་ཆབ་མ་འཚོང་ས་དེ་རེད། ཁྱོད་འགྲོ་ས་ནོར་སོང་བ་མིན་ནམ”ཞེས་དྲན་སྐུལ་བྱས་པ་ན། ཁོས“ནོར་མེད། ང་ཆེད་དུ་འདི་རུ་ཡོང་བ་ཡིན”ཞེས་ཟེར་བ་དང་། ངས་རྒྱ་ཡིག་གི་དཔེ་ཆ་སོ་ཕག་འདྲ་བ་ཞིག་ལ་ལྟ་བཞིན་པ་མཐོང་བས། ཅུང་ཟད་མ་རངས་པའི་ཚུལ་གྱིས“ཁྱོད་ཀྱིས་དཔེ་ཆ་ཅི་ཞིག་ལ་ལྟ་བཞིན་ཡོད”ཟེར། ངས《གཞུང་ཞབས་པའི་རྒྱུགས་ཡིག་ཀུན་འདུས》 ཞེས་པའི་དཔེ་དེབ་ལ་ལྟ་བཞིན་ཡོད་ཅེས་ལན་བཏབ་པ་ན། ཁོའི་གདོང་ལ་འཛུམ་ཞིག་མངོན་ནས་ཅི་ཞིག་བཤད་རྩིས་བྱས་ཀྱང་མཚམས་བཞག་སྟེ། སྟོད་འགག་བར་ནས་ཀུ་ཤུ་ཁ་པར་ཞིག་བླངས་ནས་ཆབ་མ་སོགས་འདོགས་ཆ་གང་མང་ཞིག་པར་དུ་བླངས་བྱུང་། ངས“འདི་ནི་འདོགས་ཆ་སོགས་ཅ་ལག་རྩ་ཆེན་འཚོང་ས་ཡིན་པས་པར་ལེན་མི་ཉན”ཞེས་བརྗོད་པ་ན། ཁོས“ངས་འགྲམ་གྱི་ཚོང་ཁང་དག་གི་གསེར་དངུལ་གཡུ་བྱུར་བཙོང་ས་ཚང་མ་པར་བླངས་ཟིན”ཟེར་ལ། སྐད་ཆའི་ཤུགས་སུ་ཁྱོད་ཚང་དུ་བུད་མེད་ཀྱི་འདོགས་ཆ་མ་གཏོགས་མེད་པས་ཡ་མཚན་དོན་མེད་ཟེར་བ་དང་མཚུངས།

  གང་ལྟར་གྲྭ་པ་ཞིག་ཡིན་ཚེ་བུད་མེད་ཀྱི་ཆབ་མ་བརྐུ་མི་སྲིད་པས། ངས་ཁོ་ལ་རང་འདོད་ལྟར་པར་ཡིད་ཚིམས་པ་ཞིག་ལེན་དུ་བཅུག ཨ་ཁུ་འགྲོ་ཁར་ང་ལ“བཀའ་དྲིན་ཆེ”ཟེར། ངས་ཁོང་ལ“བཀའ་དྲིན་ཞུ་མི་དགོས། འོན་ཀྱང་ཁྱོད་ཀྱིས་པར་བླངས་ནས་ཅི་བྱེད་དམ”ཞེས་དྲིས་ཚེ། ཁོས“གྲོང་རྡལ་འདིར་རྒྱན་ཆ་བཙོང་ས་དྲུག་བདུན་ཙམ་ཡོད་ཀྱང་། དཔེ་ཆ་འཚོང་ས་གཅིག་ཀྱང་མེད་པས། ངས་དེའི་ཕྱོགས་ཀྱི་རྩོམ་ཐུང་ཞིག་བྲིས་ནས་སྐད་འཕྲིན་སྒང་ལ་བསྐུར་ཏེ་ཀུན་པོར་དྲན་སྐུལ་ཞིག་བྱས་ན་འདོད་ཡོད”ཟེར། ངས་ཨ་ཁུའི་སྐད་ཆར་ཤུགས་བསྟན་ཡོད་པ་ཧ་གོ་བས། 《གཞུང་ཞབས་པའི་རྒྱུགས་ཡིག་ཀུན་འདུས》ཟེར་བའི་དཔེ་ཆ་དེ་ཚི་ལེན་གྱི་ཐུ་འོག་ཏུ་བཅུག

  ཨ་ཁུ་ཕྱི་རུ་སོང་མ་ཐག ངའི་ཡིད་ལ་ད་གཟོད་ཅི་ཞིག་དྲན་བྱུང་བ་ལྟར། ཁོའི་རྗེས་དེད་ནས་སྐད་གདངས་མཐོན་པོས“ཨ་ཁུ། འཇིག་རྟེན་ན་འདྲེ་ཟེར་བ་ཞིག་ཡོད་དམ”ཞེས་དྲིས་པ་ལ། སྲང་ལམ་གྱི་ལམ་འགྲོ་པ་རེ་འགས་འགྲོ་མཚམས་བཞག་སྟེ་མིག་ཅེ་རེར་ངའི་ཕྱོགས་སུ་བལྟས་བྱུང་། ཨ་ཁུས་ཁ་ཕྱིར་འཁོར་ནས“རྣམ་རྟོག་ཡོད་ན་འདྲེ་ཡོད། རྣམ་རྟོག་མེད་ན་འདྲེ་མེད”ཟེར། ངའི་གདོང་གི་ཐེ་ཚོམ་གྱི་མདུད་པ་བཀྲོལ་མ་ཐུབ་པས། ཨ་ཁུས་ཡང་བསྐྱར་ཅི་ཞིག་བརྗོད་རྩིས་བྱས་ཀྱང་། ལམ་འགྲོ་བ་ཚང་མས་ཁོང་ལ་ལྟ་བཞིན་ཡོད་པ་ཚོར་བས། གདོང་ལ་བྱིས་པ་པྲ་ཆལ་ལྟ་བུའི་འཛུམ་ཞིག་མངོན་ཏེ“གྲོགས་པོ། རྗེས་སུ་མཇལ་ཡོང”ཟེར་བཞིན་ཁད་ཀྱིས་ང་དང་རྒྱང་དུ་བཀྱེད་སོང་།

  དགོང་མོ་དེར་ཡང་དུས་ཆད་ལྟར་ང་ཚོ་གྲོང་རྡལ་ཤར་ལམ་སྲང་ཁུགས་ཀྱི“དྲི་ཟའི་གླིང”ཟེར་བའི་ཆང་ཁང་དེ་རུ་ལྷན་འཛོམས་བྱུང་སོང་བ་དང་། ང་ཚོས་ནམ་རྒྱུན་ལྟར་གསེར་སྐྱེམས་ཀྱི་བཏུང་བར་རོལ་བཞིན་གླུ་ལེན་གར་རྩེད་བྱས་ནས་མཚན་གུང་བར་དུ་ལུས། ཤུལ་དུ་ལུས་པའི་ང་དང་གྲོགས་པོ་སངས་རྒྱས། བཀྲ་ཤིས་གསུམ་པོ་ནི་ཕོ་ཧྲེང་རྐྱང་རྐྱང་ཡིན་པས། གྲོགས་པོ་སངས་རྒྱས་དང་བཀྲ་ཤིས་གཉིས་ཀྱིས་ཀྱང་སྔོན་ཆད་སློབ་གྲྭ་ཆེན་མོ་རུ་སྨད་འཚོང་མ་བཙལ་བའི་བརྒྱུད་རིམ་མང་པོ་བཤད་བྱུང་བ་ན། ང་ཚོ་ཚང་མས་ཆགས་སྲེད་ཀྱི་འདུ་ཤེས་འགོག་མ་ཐུབ་པར། ལྟོགས་སྐོམ་གྱིས་མནར་བའི་ཁྱི་ལྡོམ་ལྟར་གཅིག་གིས་གཅིག་ལ་འཐམ་བཞིན་སྲང་ལམ་གྱི་བཞི་མདོར་སོང་། བཀྲ་ཤིས་དང་སངས་རྒྱས་གཉིས་ཀས་བཞི་མདོའི་གློག་སྡོང་དེ་མགོ་རས་དམར་པོ་དཀྲིས་པའི་བུད་མེད་དེ་ལ་འཁྲུལ་ནས་གློག་སྡོང་ལ་འབྱར་ནས་ཁ་བསྐྱལ་ཞིང་། དོར་མའི་ནང་གི་གྲི་ཐུང་ལྟ་བུའི་འདོམས་ཀྱི་ལྦ་བས་གློག་སྡོང་སྟེང་ལ་སྣུན་བཞིན་ཡོད། དེ་ནི་སྐྱུག་བྲོ་བའི་སྦྱོར་བ་ཞིག་ཏུ་ཟད་ཀྱང་། ཁོ་གཉིས་ཀའི་ལུས་ཀྱི་རྣམ་འགྱུར་དང་ཁ་ཡི་འོ་སྦྱོར་ལ་བལྟས་ན་ལྷ་ཡུལ་ཁམས་ལྟ་བུའི་སྣང་བ་སྐྱིད་ཡོད་པས། ངའི་དོར་མའི་ནང་གི་འདོམས་ཀྱི་ལྦ་བའང་གཡག་སར་རྟུལ་མ་ཞིག་དང་འདྲ་བར་མགོ་གཡུག་རྭ་གཡུག་བྱས་བྱུང་།

  མགོ་ནག་མི་ཡི་གཏམ་དཔེ་ལ་སྐྱིད་པོ་རང་གིས་མ་བྱས་ན། སྡུག་པོ་མི་ཡིས་བཏང་ཡོང་ཟེར་བ་ལྟར། ང་ཚོ་ཆགས་སྲེད་ཀྱི་ཟློས་གར་ལ་གཡེང་ཡོད་དུས། མ་བསམས་ས་ནས་གྲོགས་པོ་བཀྲ་ཤིས་དང་སངས་རྒྱས་གཉིས་ཀྱིས་གློག་སྡོང་བརྩད་ནས་རྡུང་རེས་བརྒྱབ་བྱུང་། ཁྱོད་ཤི་ང་གསོན་གྱི་འུར་སྒྲས་སྲང་ལམ་བཞི་མདོའི་དབེན་འཇགས་ཀུན་ནས་དཀྲོགས། གཡས་གཡོན་གྱི་ཁང་ཤག་དང་ཉིས་ཐོག་གི་ཁང་མིག་ལ་ལའི་ནང་ནས་ཀྱང་གློག་བཀར་བྱུང་ལ། ནག་ཡོར་ཡོར་གྱི་མགོ་བོ་དག་ཀྱང་དྲ་མའི་ཕྱི་རོལ་ཏུ་བསྲིངས་ནས་མིག་ཀེམ་ཀེམ་གྱིས་ང་ཚོའི་ཕྱོགས་སུ་ལྟ་བཞིན་ཡོད། སྟབས་མ་ལེགས་པ་ཞིག་ལ། སྐབས་དེར་གྲོང་རྡལ་གྱི་སྲང་ལམ་དུ་ཉུལ་ཞིབ་བྱེད་པའི་ཉེན་རྟོག་པ་འགའ་ང་ཚོའི་ཕྱོགས་སུ་གཟས་ནས་སླེབས་བྱུང་། ཁོ་ཚོས་ངེད་ཅག་ལ“ཐོབ་ཐང་ལག་ཁྱེར་ཁྱེར་ཤོག”ཟེར་བ་ལ། ང་ཚོས་ཐོབ་ཐང་ལག་ཁྱེར་བཟུང་མེད་པའི་ཁར། སངས་རྒྱས་ཀྱིས“རང་གི་ཕ་ཡུལ་ནས་ཀྱང་ཐོབ་ཐང་ལག་ཁྱེར་ཁྱེར་ཡོང་དགོས་ཟེར་ན་བརྙས་བཅོས་བྱེད་པ་རང་རེད”ཟེར་ནས་ཉེན་རྟོག་པ་དང་འཛིང་རེས་བྱས་པས། ཞག་གང་བོའི་རིང་ངེད་གསུམ་ཁྱི་ལྡོམ་བཞིན་ཉེན་རྟོག་ཁང་གི་ཁང་བ་རུ་བཀག་སྐྱིལ་བྱས་བྱུང་།

  ཕྱི་ཉིན་ཁོ་ཚོས་ང་ཚོ་ནི་ལས་ཀ་མ་རག་པའི་སློབ་ཆེན་པ་འགའ་ཞིག་ཡིན་པ་ཤེས་རྗེས་ཕྱིར་མངགས་ཀྱང་། ཡོང་ཁར་ཉེན་རྟོག་པའི་མགོ་གཙོ་ཀླད་དམར་དེས“སློབ་གྲྭ་ཆེན་མོ་བ་ཚང་མ་ཁྱོད་ཅག་དང་འདྲ་ཚེ། རྒྱལ་ཁབ་དང་མི་རིགས། ཁྱིམ་ཕ་མས་ཁྱོད་ཚོ་གསོ་སྐྱོང་བྱས་པ་འཕྲོ་བརླག་རེད”ཟེར། ང་ཚོ་ནི་ཚ་སྒོག་གཡེར་གསུམ་དུས་གཅིག་ལ་ཟོས་པ་ལྟ་བུའི་ཚོར་བ་ཞིག་གི་ཁྲོད་ནས་ཉེན་རྟོག་ཁང་དང་བྲལ། གྲོགས་པོ་བཀྲ་ཤིས་དང་སངས་རྒྱས་གཉིས་ཆང་གིས་བཟི་བ་ད་དུང་ཡོངས་སུ་དྭངས་མེད་སྟབས་ཕྱིར་སོང་ནས་ཉལ་རྒྱུ་ཡིན་ཟེར། དེ་ལྟར་ངས་ནི་རྒྱ་མ་སྟོང་ཕྲག་ལས་ལྕི་བའི་གོམ་པ་སྤོ་བཞིན་ཡི་མུག་མུག་ངང་ཕུ་བོའི་སྒོ་བསྟེན་ཚོང་ཁང་གི་ཕྱོགས་སུ་གོམ་ཁ་བསྒྱུར། བསམ་ཡུལ་ལས་འདས་པ་ཞིག་ལ། མགོ་རས་དམར་པོ་དཀྲིས་པའི་བུད་མེད་དེ་ངའི་ཕུ་བོའི་སྒོ་བསྟེན་ཚོང་ཁང་གི་སྒོ་ལ་ཁེན་ནས་ལངས་ཡོད་དེ། སོས་དལ་བག་ཕེབས་ཀྱི་ངང་དུ་ཚུར་བལྟས་ནས་ཆེད་དུ་ང་ལ་བསྒུགས་ཡོད་པ་དང་མཚུངས།

  སྐབས་དེར་གློ་བུར་ངའི་བྲང་ཁོག་གི་སྙིང་དམར་པོ་ལྟིག་ལྟིག་ཏུ་ལྡིང་ཞིང་། སྒྱིད་པའང་ལྷེམ་ལྷེམ་དུ་འདར་བྱུང་། ངའི་སེམས་སུ་ང་སྐྱེས་ཕོ་རབ་ཅིག་ཡིན་པས། མོ་ནི་མིའམ་ཡང་ན་འདྲེ་སྟེ་གང་ཡིན་རུང་། ཀུན་གྱི་མཐོང་ལམ་ནས་བྲོས་ན་འོས་མེད་ཡིན་པས་འབྲོ་མི་རུང་འདོད་དེ། རང་གིས་རང་ལ་དཔའ་བསྐྱེད་ནས་གོམ་པ་གང་རེ་གང་རེ་བཞིན་མོའི་ཕྱོགས་སུ་བསྒྱུར། མོའི་མགོ་རས་དམར་པོ་དེས་མིག་ཟུང་མ་གཏོགས་གདོང་ཧྲིལ་པོ་དཀྲིས་ཟིན་ནའང་། ལུས་ལ་ཨ་མེ་རི་ཁ་ཟེར་བའི་རས་ཆ ཡིས་བཟོས་པའི་བོད་ལྭ་གྲ་དག་ཅིག་གོན་ཡོད་ཅིང་། ཕྲ་རགས་དོ་མཉམ་པའི་བྱི་རུའི་སྐེ་རྒྱན་ཞིག་གིས་བྲང་གི་མྱོས་བུམ་གཉིས་ཅུང་ཟད་མནན་ཡོད་པར། ལུས་སུ་འགོག་ཏུ་མེད་པའི་མཆོར་སྒེག་གི་ཉམས་ཤིག་ངང་གིས་ཐོན་ཡོད། མོའི་རྐང་བར་འགྱིག་ལྷམ་ཡུ་ཐུང་ཆ་གཅིག་གོན་ཡོད་པ་དང་། ངས་མིག་གི་ལྟ་ཕྱོགས་ལས་མོའི་འགྱིག་ལྷམ་གྱི་ཕྱི་རྟིང་ན་སེར་ཞག་གི་འདམ་བག་འགོས་ཡོད་པ་མཐོང་པས། ད་གཟོད་མོའང་གཞོན་ནུ་མ་ཕལ་བ་ཞིག་རེད་ཨང་འདོད་དེ་འཇིགས་སྐྲག་གི་སྣང་བ་ཁད་ཀྱིས་ཡལ་ཞིང་། སྦྲིད་སྨན་འཐུང་བ་བཞིན་འདོད་ཆགས་ཀྱི་ཚོར་འདུ་ཞིག་ལུས་ཀྱི་རྩ་སྦུབས་སུ་ཁྱབ། ངས་ནང་སེམས་ཀྱི་རྦ་རླབས་འཇགས་ཅི་ཐུབ་བྱས་ཏེ“ཁྱོད་ཅིའི་ཕྱིར་འདིར་ཡོང་བ་ཡིན་ནམ”ཞེས་དྲིས་པ་ན། མོས་ཡུན་རིང་མ་ཐུག་པའི་གྲོགས་པོ་རྙིང་བ་ཞིག་ལ་ཕྲད་པ་ལྟར“ངས་སྔོན་ཆད་ཁྱོད་ཚང་གི་ཚོང་ཁང་ནས་ཆབ་མ་ཞིག་ཉོས་ཀྱང་བོར་ཟིན་པས། དེ་རིང་ཡང་གཅིག་ཉོ་འདོད་ནས་ཆེད་དུ་བལྟ་རུ་ཡོང་བ་ཡིན”ཟེར། ངས་ཚོང་ཁང་གི་སྒོ་ཕྱེ་ནས་མོ་ནང་དུ་གདན་འདྲེན་ཞུ་ཞོར“ཁྱོད་ཀྱིས་ཆབ་མ་འདོམས་དང་ང་ལ་བྱ་བ་རྩག་རྩིག་ཡོད་པས། ཅུང་ཙམ་ནས་ཁྱོད་ལ་ཁ་ཡ་བྱས་ཡོང”ཞེས་པ་ན། མོས་མགོ་བོ་ནང་དུ་ལྡེམ་ཙམ་བྱས་ཏེ། ཚོང་ཁང་ནང་གི་ཆབ་མ་རེ་རེ་ལ་ལྟ་བཞིན་འདུག

  ཚོང་ཁང་ནང་མགྲོན་པོ་ཇེ་མང་དུ་ཕྱིན་པ་དང་། ངས་དེ་དག་ལ་རེ་རེ་བཞིན་ཚོང་གོང་གཏམས་པས་མོ་རེ་ཞིག་བརྗེད། ཁ་ཕྱིར་འཁོར་ནས་བཙལ་དུས་མོ་གར་སོང་ཆ་མེད་དུ་གྱུར་ཟིན། དེ་ནས་ཚོང་ཁང་གི་ཕྱི་རུ་སོང་ནས་ཕྱོགས་བཞིར་བལྟས་ཀྱང་མོའི་གྲིབ་མ་ཙམ་ཡང་མཐོང་རྒྱུ་མ་བྱུང་ལ། སྲང་ལམ་དུ་འཁྱག་དར་ཞུ་བའི་ཆུ་ནང་དུ་ཉི་ཟེར་ཕོག་པས་ངའི་མིག་ལ་གཙེས་ཤིང་། རེ་ཞིག་གི་འཕྲོར་ཉི་མའི་མཐའ་རུ་སྤྲིན་གྱི་ཕུང་བོ་འགའ་འདུ་བཞིན་ཡོད་ལ། དེ་ནས་ཉི་མ་སྤྲིན་གསེབ་ཏུ་འཛུལ་བས། གྲིབ་ནག་ཅིག་གིས་གྲོང་རྡལ་ཡོངས་སུ་ཁེབས། ངའི་སེམས་ནང་འདི་ནི་རྨི་ལམ་ཡིན་ནམ་མངོན་སུམ་ཡིན་འདོད་དེ་ཡ་མཚན་དང་སྐྱོ་སྣང་འདྲེས་མའི་ངང་ཕྱིར་ཚོང་ཁང་དུ་ལོག དེ་མུར་སྒོའི་ཕྱི་ནས་སྐྱེས་མ་ཞིག་གིས་སྐད་སྒྲ་མཐོར་བཏེགས་ནས་ང་ལ“ཁྱོད་ཨེ་ཁོམ”ཞེས་འདྲི་བཞིན་འདུག ང་ཚོང་ཁང་གི་ཕྱི་རུ་ཡོང་ནས་བལྟས་དུས། མོས་ང་ལ་བོས་པ་མ་ཡིན་པར། ཁང་ཀླད་ཀྱི་ཁྲེལ་གཞུང་དང་ངོ་ཚ་མེད་པའི་འཚེམ་བཟོ་མ་དེར་འབོད་ཀྱིན་ཡོད་པ་རྟོགས། དོན་དངོས་སུ་འཚེམ་བཟོ་མ་དེ་གོ་མྱོང་བ་མ་གཏོགས་རིག་མ་མྱོང་བར་བརྟེན། ངས་མགོ་བོ་ཡར་བཀྱགས་ཏེ་ལྟ་དུས། ཁྱིམ་མཚེས་ཚང་གི་སྒེའུ་ཁུང་ནས་སྐྱེས་མ་རྒྱགས་པོ་ཞིག་གིས་མགོ་བོ་ཕྱིར་བསྲིངས་ཏེ“ཉིན་འདི་དག་ལ་དགོན་པའི་འཆམ་ལྭ་བཟོ་བཞིན་ཡོད་པས་ཁོམ་པ་མེད”ཟེར། ངས་ད་གཟོད་ནམ་རྒྱུན་ང་ལ་ཆགས་སྲེད་ཀྱིས་བཙན་གནོན་དང་སྡུག་ལ་སྦྱོར་མཁན་ནི་འཚེམ་བཟོ་མ་མིན་པ་ཤེས། དོན་དམ་པར་ཀླད་ཀྱི་ཁང་བའི་བདག་མོ་ཆགས་སྲེད་ཅན་དེ་སུ་ཡིན་ནམ་སྙམ།

  ཡུན་རིང་ཞིག་ལ་དཔེ་ཆར་བལྟ་མ་ཐུབ་པས། དགོང་མོ་དེར་ཚོང་ཁང་གི་སྒོ་བརྒྱབ་མ་ཐག ངས་འཁྱག་སྒམ་ནང་ནས་མར་རྩམ་བླངས་ཏེ་རྩམ་པ་བརྫིས་ཀྱང་བཟའ་འདོད་ཀྱི་ཡི་ག་མེད་པར་གྱུར། དེ་ནས་མལ་ཁྲིའི་སྟེང་གསེག་ཉལ་བྱས་ཏེ《གཞུང་ཞབས་པའི་རྒྱུགས་ཡིག་ཀུན་འདུས》ཟེར་བའི་དཔེ་ཆ་ཀློག་བཞིན་པའི་སྐབས་སུ། གྲོགས་པོ་སངས་རྒྱས་དང་བཀྲ་ཤིས་གཉིས་ཡོང་ནས“སྲང་མདོ་རུ་རྒྱ་ཁོག་བཟའ་ས་གསར་བ་ཞིག་ཡོད་པ་དེར་འགྲོ”ཟེར་ནས་ང་བཙན་གྱིས་ཁྲིད།

  མཐོ་སྒང་གི་གནམ་གཤིས་ནི་འགྱུར་སླ་ཞིང་། ཉིན་གུང་དྲོ་ཡང་ཕྱི་དྲོར་ཅུང་ཟད་གྲང་བས། མུན་རུབ་མ་ཐག་རྒྱ་ཁོག་གི་ཚོང་ཤིན་ཏུ་བྲིན་ལ། མགྲོན་པོ་ཚང་མའང་སྣུམ་སྡེར་ནང་ལྷོག་ལྷོག་ཏུ་གདུ་བའི་སི་པན་གྱི་ཁུ་བ་ལྟར་འ་འུར་ཆལ་ཆིལ་དུ་ཡོད་པས། ང་ཚོས་ཀྱང་ཁ་ཆུ་སྣ་ཆུ་བཞུར་ཞོར་དུ་སྣུམ་སྡེར་ནང་གི་ཚོད་མ་དང་ཤ་རིགས་སྣ་ཚོགས་ལོངས་སུ་སྤྱད། སྐབས་འདིར་ཝུ་ཆང་ཡང་མེད་མི་རུང་ལ། ཕན་ཚུན་བར་ཆང་ཕོར་ཐོད་གཏུག་རེ་བརྒྱབ་ནས་ང་ཚོ་སློབ་གྲྭ་སོ་སོ་ནས་མཐར་ཕྱིན་པ་ཡིན་ཡང་། བཙོན་གྲོགས་ཡིན་པ་གཅིག་ཡིན་ཟེར་བཞིན་སྙིང་གཏམ་གྱི་སྒོ་མོ་ཕྱེ།

  དགོང་མོ་དེར་ང་ཚོས་མགྲོན་པོ་ཚང་མ་འགྲོ་རག་བར་དུ་ལྦུ་ཆང་འཐུང་ནས་བསྡད་པ་དང་། བཀྲ་ཤིས་ཀྱིས་“ཕ་རོ་མ་རོ། ངས་རྒྱུགས་ཐེངས་གསུམ་ལ་སྤྲད་ཀྱང་འཕྲོད་མ་སོང་། ངའི་ཨ་ཞང་གིས་ལྷ་ས་ན་མར་ཚོང་རྒྱག་བཞིན་ཡོད་པས། ང་ཁོའི་སར་སོང་ནས་ཚོང་ལས་གཉེར་རྒྱུ་ཡིན། དེང་ཕྱིན་གཞུང་ཞབས་པ་ཟེར་བའི་འདིའི་ནང་རྒྱུགས་ཤིག་སྤྲོད་ན”ཟེར་ཞོར་གནམ་ལ་མཆིལ་ཞགས་ཤིག་འཕངས་སོང་། སངས་རྒྱས་ཀྱིས་བློ་ཐག་རྦད་ཆོད་ཀྱིས“གཞེས་ནིང་ལོར་ངས་ཞིབ་འཇུག་སློབ་མར་རྒྱུགས་སྤྲད་ཀྱང་མ་འཕྲོད་པས། ད་གཟོད་གཞུང་ཞབས་པར་རྒྱུགས་སྤྲད་པ་ཡིན། ད་ནས་བཟུང་ཞིབ་འཇུག་སློབ་མར་འཕྲོད་རག་བར་དུ་གཞུང་ཞབས་པར་རྒྱུགས་མི་སྤྲོད”ཟེར། ཁོ་གཉིས་ཀྱིས་དེ་སྐད་སྨྲས་མ་ཐག་ཕན་ཚུན་ལ་ཆང་ཕོར་གཏུགས་པ་དང་མིག་བཞི་པོ་ཁྲ་རིག་རིག་ངང་ངའི་ཕྱོགས་སུ་བསྐོར་བྱུང་། ངས་ཁོ་གཉིས་ཀྱི་སྐད་ཆ་འདི་དག་ཆང་གཏམ་ཨེ་ཡིན་ནམ་སྙམ་ནས་དོགས་སྣང་སྐྱེས་ཀྱང་། ཁ་ནས“གལ་ཏེ་ངས་གཞུང་ཞབས་པར་རྒྱུགས་མ་འཕྲོད་ན། ཕ་རྒན་གྱིས་ང་ཁྱིམ་ནས་སྤྱུགས་སྲིད་ཀྱང་། གཞུང་ཞབས་པ་ཟེར་བའི་སྐད་ཆ་འདི་གོ་ན་ཁང་ཀླད་ཀྱི་སྨད་འཚོང་མ་དེ་དང་ལུས་འབྲེལ་བྱས་པ་བཞིན་ཁ་ནས་བསྐྱུག་རྒྱུ་ཡོང་བས། ད་ཐེངས་རྒྱུགས་སྤྲོད་པ་ནི་ཆེས་རྗེས་མ་ཡིན”ཞེས་བརྗོད་པ་ན། ཁོ་གཉིས་ཀྱིས་སྨད་འཚོང་མ་ཟེར་བའི་སྐད་ཆ་དེ་གོ་མ་ཐག་རྣམ་རིག་ཇེ་གསལ་དུ་ཕྱིན་པས། ངག་ནས“སྨད་འཚོང་མ་གང་དུ་ཡོད”ཟེར་བཞིན་རྒྱ་ཁོག་བཟའ་ས་ནས་ང་རང་རྒྱུ་མ་ཕུ་འདེད་བྱས་སོང་།

  ད་ནི་གསང་བ་ཕྱི་ལ་ཤོར་པས། ངས་ཁོ་གཉིས་ཁྲིད་དེ་ངའི་ཕུ་བོའི་སྒོ་བསྟེན་ཚོང་ཁང་ཀླད་ཀྱི་མགྲོན་ཁང་དེར་མི་འགྲོ་ཐབས་མེད་དུ་གྱུར། ཀླད་ཀྱི་མགྲོན་ཁང་ནང་དུ་འགྲོ་དགོས་ན། ཁང་བའི་ལྟག་རྒྱབ་ཀྱི་ར་སྐོར་བརྒྱུད་དེ་རྩེག་རིམ་གཉིས་འགོ་དགོས་ཤིང་། ང་ཚོ་ལྕགས་དྲ་ཡི་སྐས་ཤིག་ལ་འགོས་ཏེ་ཕར་ཁྱར་ཚུར་ཁྱོར་ངང་མགྲོན་ཁང་དེའི་རྩེག་རིམ་གཉིས་པར་སོང་ནས་སྒོ་རྡུང་བ་ན། སྒོ་དམ་པོར་བརྒྱབ་ཟིན་ལ། འགྲམ་གྱི་འཚེམ་བཟོ་མ་སྒོར་ཡོང་ནས“ཁང་བ་དེ་སྟོང་བ་རེད”ཅེས་བརྗོད་མ་ཐག་ཕྱིར་ཁང་བའི་ནང་འཛུལ་ནས་སྒོ་ཁྲོག་གེར་གཏན་སོང་། མོས་རྫུན་འཆད་ཀྱིན་ཡོད་པར་འདོད་དེ་ང་ལ་དགོད་རྒྱུ་ཞིག་ལངས་པ་དང་། དེ་ནས་ངེད་གསུམ་པོས་མུ་མཐུད་དུ་སྒོ་རྡུང་བ་ལ། འགྲམ་གྱི་ཁང་བའི་ནང་ནས་མི་འགས་མགོ་བོ་ཕྱིར་བསྲིངས་ནས་མི་འདོད་པའི་རྣམ་འགྱུར་བསྟན་ཡོང་། ངེད་གསུམ་ལ་ཁང་བའི་སྒོ་བཅག་ནས་ནང་དུ་འཛུལ་བའི་སྤོབས་པ་མེད་པས། ཕྱིར་ཚོང་ཁང་གི་ནང་དུ་མི་འགྲོ་ཐབས་མེད་དུ་གྱུར། སྐབས་དེར་ང་ཚོ་གཡུལ་ལས་ཕམ་པའི་དཔའ་བོ་ལག་རྡུམ་འགའ་དང་མཚུངས་པར། རང་གི་བྱ་སྤྱོད་ལ་ཕྱིར་འདང་རེ་བརྒྱབ་ན་ཡིད་སེམས་སྐྱ་མོ་སྟོང་བར་གྱུར་པས། འཁང་ར་དང་གནོང་འགྱོད་ཀྱི་ཁྲོད་དུ་རང་གིས་རང་ཉིད་ལ་མཐོང་ཆུང་བྱེད་པ་ལྟར། ཞག་གང་བོར་ལྦུ་ཆང་འཐུངས་ཤིང་། སྐབས་རེར་ངུ་ཞིང་སྐབས་རེར་བགད་པ་ཡིན་པས། དགོང་མོ་དེ་ལ་ཁང་བའི་ཀླད་ཀྱི་འཕྱོན་མ་དེ་ཡང་ང་ཚོའི་འཕར་སྤྱང་གི་ངུ་སྒྲ་ལྟ་བུའི་སྐད་ངག་ལ་འཚེར་སྣང་དང་འཇིགས་སྐྲག་སྐྱེས་པ་ལོས་ཡིན་ཏེ། ཁུ་སིམ་མེར་གྱུར་ཡོད།

  ཕྱི་ཉིན་སྔ་མོ། ངེད་གསུམ་མལ་ཁྲིའི་སྟེང་གཡས་ལོག་གཡོན་ལོག་བྱས་ཡོད་དུས། ཕུ་བོས་སྒོ་ཁྲོག་གེར་ཕྱེ་ནས་ཚོང་ཁང་ནང་དུ་འཛུལ་བྱུང་། ཁོའི་གདོང་ན་འཛུམ་ཞིག་ལངས་ཡོད་ཀྱང་། ཁ་ནས“ཆང་དྲི་བཙན་པོ་འདི་ཡིས་མགྲོན་པོ་ཚུར་དགུག་པ་ཕར་ཞོག་ཕྱིར་བདའ་རྒྱུ་རེད་ཡ”ཟེར་བས། ང་དོགས་མི་བདེ་བའི་ངང་མྱུར་དུ་ཡར་ལངས་ཀྱང་། གྲོགས་པོ་གཉིས་ད་དུང་ཕག་བཞིན་གཉིད་འདུག ངས་ཕུ་བོ་ལ“ཁྱོད་མ་ཡོང་ཡང་ཅི་སྐྱོན”ཅེས་བརྗོད་མོད། ཁོས“ཨ་ཕས་ཁྱོད་ཕྱིར་ཤོག་དང་གྲོས་ཤིག་ཡོད་ཟེར། རེམ་མར་གྲ་སྒྲིག་གྱིས་དང་། ངའི་ཚོང་གྲོགས་ཤིག་འཕྲུལ་རྟར་བཞོན་ནས་རུ་ནང་དུ་འགྲོ་ཞོར་ཁྱོད་ཁྱིམ་དུ་བསྐྱལ་རྒྱུ་རེད”ཟེར། ཁོས་དེ་སྐད་ལབ་མ་ཐག་ཚོང་ཁང་སྒོ་ནས་འཕྲུལ་རྟ་ཞིག་གི་འུར་སྒྲ་གྲག་བྱུང་།

  ངས་གྲོགས་པོ་གཉིས་འབོད་རྩིས་བྱས་ཀྱང་། ཕུ་བོས“ཁོ་གཉིས་གཉིད་དུ་ཆུགས། ཁྱོད་རེམ་མར་སོང་མ་གཏོགས། ཚོང་གྲོགས་དེར་བྲེལ་བ་ཅུང་ཟད་ཡོད”ཟེར། ང་དེ་ལྟར་མལ་ལས་ལངས་ཏེ་གྱོན་ཆས་དང་དཔེ་ཆ་སོགས་གྲ་སྒྲིག་བྱེད་བཞིན་པའི་སྐབས་སུ། 《གཞུང་ཞབས་པའི་རྒྱུགས་ཡིག་ཀུན་འདུས》ཟེར་བའི་དཔེ་ཆ་དེ་ཇི་ལྟར་བཙལ་ཀྱང་མ་རྙེད་པ་དང་། མིག་གིས་ལྟ་ཕྱོགས་སུ་མལ་ཁྲིའི་གཤམ་དུ་ཤོག་བུ་མང་པོ་རླུང་རྟ་བཞིན་གཏོར་ཡོད་པ་རིག་པས། གློ་བུར་མདང་ནུབ་ང་ཚོས་ཞེ་སྡང་དང་སུན་སྣང་གིས་གཞུང་རྒྱུགས་ཀྱི་དཔེ་ཆ་བྱ་སྤུ་བཏོག་བཏོག་བྱས་པ་དྲན་པའི་མུར། ཡིད་ལ་དགའ་སྐྱོ་འདྲེས་མའི་ཚོར་འདུ་ཞིག་སྐྱེས་ཤིང་། ཕྲག་ནས་ཁུར་བོ་ཞིག་ཕོག་པ་བཞིན་དུ་ལུས་ཀྱི་སྟངས་སྟབས་དང་གོམ་པའི་འདེགས་འཇོག་ཀྱང་ཇེ་ཡང་དུ་གྱུར་སོང་།

  ངས་ཁུག་མའི་ནང་དུ་གྱོན་ཆས་དང་ཁ་ལག་བཀྲུ་སྤྱད་ཀྱི་ཡོ་ཆས་འགའ་བླུགས་ནས་སྒོའི་ཕྱིར་འགྲོ་དུས། གློ་བུར་ཡིད་ལ་ཅི་ཞིག་དྲན་བྱུང་བས། ཁ་ཕྱིར་འཁོར་ནས་ཕུ་བོ་ལ“སྔོན་ཆད་མགོ་རས་དམར་པོ་དཀྲིས་པའི་བུད་མེད་ཅིག་གིས་ཁྱོད་ཀྱི་ཚོང་ཁང་ནང་ནས་ཆབ་མ་ཉོས་ཨེ་མྱོང”ཞེས་དྲིས་པ་ན། ཕུ་བོས་བློ་ཐག་རྦད་ཆོད་ཀྱིས“མ་མྱོང”ཞེས་མགོ་བོ་འཕྲེད་དུ་གཡུགས་བྱུང་། དེས་ན་ངས“ཚོང་ཁང་ཀླད་ཀྱི་ཁང་བདག་དེ་སུ་རེད”ཅེས་དྲིས་པར། ཁོས“ཁང་སྟོང་དུ་ལུས་ནས་ལོ་ཕྱེད་ཙམ་འགོར་ཡོད”ཟེར་བས། ངའི་རྐང་བའི་མཐིལ་ནས་སྤྱི་གཙུག་བར་དུ་ཙག་ཤད་ཅིག་བརྒྱུགས་ཀྱང་། འཕྲུལ་རྟས་རེམ་མ་ཡོང་དགོས་པའི་སྒྲ་ཡང་དང་བསྐྱར་དུ་བསྒྲགས་པས། ང་སྒོའི་ཕྱིར་བརྒྱུགས་ནས་ཞོན་ཐེངས་གཅིག་གིས་འཕྲུལ་རྟའི་གོང་ལ་བུད།

  གྲོང་རྡལ་གྱི་ཕྱོགས་བཞིར་བསྐོར་བའི་ནགས་དང་སྤང་རིའི་རྩེ་ཡི་ཁ་བ་ཉི་མས་ཞུ་སྟེ་ད་ནི་ཇེ་ཆུང་དུ་ཕྱིན་ཡོད་ལ། ལྗང་མདོག་དང་སྐྱ་མདོག་འདྲེས་མར་གྱུར་པའི་རི་རྐེད་ནི་སྐ་རགས་ལྟ་བུའི་སྨུག་རྒྱུ་ཞིག་གིས་བཅིངས་འདུག གྲོང་རྡལ་གྱི་ཞོགས་པར་མཁའ་དབུགས་ཤིན་ཏུ་གཙང་ཡང་། ཅུང་ཟད་གྲང་བས་སྲང་ལམ་ན་མི་རེ་གཉིས་མ་གཏོགས་མཐོང་རྒྱུ་མི་འདུག ཕུ་བོའི་ཚོང་གྲོགས་དང་ངེད་གཉིས་འཕྲུལ་རྟར་བཞོན་ཏེ་སྲང་ལམ་གྱི་བཞི་མདོ་བརྒྱུད་པའི་སྐད་ཅིག་མར། ངས་ཁ་ཕྱིར་འཁོར་ནས་ཐེངས་ཤིག་བལྟས་པ་ན། ངའི་ཕུ་བོའི་སྒོ་བསྟེན་ཚོང་ཁང་ཀླད་ཀྱི་ཁང་བའི་སྒེའུ་ཁུང་ཁ་རུ། མགོ་རས་དམར་པོ་དཀྲིས་པའི་བུད་མེད་དེས་ངའི་ཕྱོགས་སུ་ལག་གཡུག་བྱས་ཏེ་བདེ་མོ་འཇོག་བཞིན་ཡོད། ངས་དངངས་སྐྲག་དང་ཚབ་ཚུབ་ཀྱི་སྒོ་ནས་ཁ་ལོ་པར“རེ་ཞིག་འགྲོ་མཚམས་ཞོག་དང”ཞེས་བརྡ་བཏང་ཡང་། ཁོས་མ་ཐོས་པའམ་ཅི། འཕྲུལ་རྟ་ནི་གཞུ་ལས་ཤོར་ཟིན་པའི་ཉག་ཕྲན་བཞིན་ང་ཚོའི་རུ་སྡེའི་ཕྱོགས་སུ་འཐེན་པའི་གཞུང་ལམ་དུ་རྡུལ་ཚུབ་ཉིལ་ལེར་བརྒྱུགས་སོང་ངོ་།།

  མཆན་འགྲེལ།
     ※ ཆབ་མ། ཀོ་རིགས་དང་རས་ཀྱིས་བཟོས་པའི་རགས་ལེབ་མོ་ཕྲ་རྒྱན་དང་ཆབ་ལྕེ་ཅན་ཞིག་གི་མིང་།
      ※ 2019ལོའི་《སྤྲང་ཆར》དེབ་དང་པོ་ལས་བཏུས།

རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

ཅོ་ནེ་ཡུམ་ཚེ་རིང་གི་བརྩམས་སྒྲུང་གསར་པ།《བསླུ་ཟས》

2020-12-07 ཅོ་ནེ་ཡུམ་ཚེ་རིང་།(ཁྲིན་ཏུའུ) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།