རྒྱལ་ཡོངས་བོད་ཀྱི་སྒྲུང་ཐུང་འགྲན་སྡུར་སྐབས་གསུམ་པར་བྱ་དགའ་ཨང་གཉིས་པ་ཐོབ་པའི་སྒྲུང་ཐུང་། 《སྤྱོད་ཁང》

ཚྭ་རྡེའུ།(ཟི་ལིང) མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2020-12-07

ཚྭ་རྡེའུ། མིང་དངོས་ལ་ཚེ་དབང་རྒྱལ་ཞུ། 1993ལོར་མཚོ་ལྷོའི་མང་རྫོང་གི་ཆོས་ཚ་ཞེས་པའི་འབྲོག་སྡེ་ཆུང་ཆུང་ཞིག་ཏུ་སྐྱེས། 2017ལོར་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོར་བོད་ཀྱི་སྐད་ཡིག་དང་རྩོམ་རིག་ཅེས་པའི་ཆེད་ལས་སྟེང་སློབ་མཐར་ཕྱིན། ད་ལྟ་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་ཨ་མདོ་བརྙན་འཕྲིན་དུ་གསར་འགོད་པའི་བྱ་བ་སྒྲུབ་བཞིན་ཡོད། སྔ་ཕྱིར《སྦྲང་ཆར》དང《བོད་ཀྱི་རྩོམ་རིག་སྒྱུ་རྩལ།》《གངས་རྒྱན་མེ་ཏོག》《མཚོ་སྔོན་བོད་ཡིག་གསར་འགྱུར》《མཚོ་སྔོན་བོད་ཡིག་ཁྲིམས་ལུགས་ཚགས་པར》སོགས་སུ་རྩོམ་ལུས་ཅི་རིགས་ཀྱི་བརྩམས་ཆོས་སུམ་ཅུ་རྩ་གྲངས་ཤིག་འགོད་སྐལ་ལྡན་མྱོང་།

བྱ་དགའ་རག་པའི་མྱོང་ཚོར།

དངོས་གནས་ཁྱད་མཚར་འདྲ་རེད། འབྲི་རྒྱུ་ལག་ལ་བཞག་ནས་བྲི་རོགས་གསུང་དུས། ལག་ནང་ལ་ཐལ་བ་ཁོལ་ཞིང་ཀླད་དོང་དུ་མུན་པ་གཡོས་ཏེ། ཅི་ཞིག་བྲི་དགོས་པའང་ཁྱོན་ནས་ཤེས་ཀྱི་མི་འདུག་མོད། བོད་མི་རང་གི་ཕྱག་ལེན་སྙོགས་དགོས་པའི་རྟེན་འབྲེལ་གྱིས། ངས་ཐེངས་འདིའི་གཏམ་གྱི་དང་པོ་ལ་བཀྲ་ཤིས་བདེ་ལེགས་འཇོག་རྩིས་ཡིན། བཀྲ་ཤིས་བདེ་ལེགས།

ཁྱོད་ཀྱིས་རྩོམ་ཡིག་འབྲི་དོན་ཅི་ཡིན་ནམ། འདི་ནི་ངས་རང་ཉིད་ལ་བཏོན་པའི་དྲི་བ་ཞིག་ཡིན།

ངའང་ངའི་ན་ཚོད་ཀྱི་ན་གཞོན་ཕལ་ཆེན་ཞིག་ལྟར། ཚེགས་སྡུག་དང་སེམས་སྡུག་བསྣོལ་བའི་གྲོང་ཁྱེར་ལ་འཚང་སྟེ། ཉི་འཁྱར་ལྷགས་འཁྱར་ངང་ས་མཐའ་ཁྱིམ་ལ་སྒོམ་མཁན་ཞིག་ཡིན། ས་བཀྲ་ཞིག་འབྲི་རྒྱུའི་དབང་དུ་བྱས་ན། ང་ད་ལྟ་གཞིས་ཁུལ་འདི་ནས་ཐད་ཀར་སྒོར་བུད་ན་ལིན་ཧུའུ་ལམ་རེད། ལམ་དེར་རྐང་པ་བརྒྱབ་ནས་སྐར་མ་གཉིས་ཙམ་ཕྱིན་ན་ཡང་བསྐྱར་ལམ་ཞིག་དང་འཕྲད་སྲིད། དེ་ནི་ཞི་ཀོན་ཏ་ཅའེ་ཞེས་པའི་ལམ་དེ་རེད། དེ་རུ་ཡས་དཀྱོག་མས་དཀྱོག་མེད་པར་སྐར་ཆ་སུམ་ཅུར་ཕྱིན་ཚེ། གཟོད་ངའི་ལས་ཀ་བྱེད་ས་རུ་ཐོན་ཐུབ་ཀྱི་ཡོད། མ་རེད། དེ་ཙམ་བྲིས་པས་སོ་གསོད་པ་ཞིག་ཡོང་ཐབས་མི་འདུག བྱས་ན་བསྐྱར་དུ་འབྲི་དགོས། ང་ད་ལྟ་གཞིས་ཁུལ་ནས་སྒོར་བུད་པའི་དབང་དུ་བཏང་ཚེ། གཡས་གཡོན་འཁྱིར་དུ་སྦྱར་ཤིང་གིས་བསྐོར་བའི་ལིན་ཧུའུ་ལམ་ཞེས་པ། མོ་ཊ་དང་འཁོར་ལོའི་རིགས་སྣ་ཚོགས་ཟམ་མི་ཆད་པར་བརྡོལ་བའི་ལམ་ཆེན་ཞིག་ཡོད་ཅིང་། དེར་རྒྱུ་བའི་འཁོར་ལོའི་རིགས་ནི་སྤུས་དག་ལ་ཉམས་ཡག་ཁར་འགྲོས་ཀྱང་མགྱོགས། ལམ་དེའི་གཡོན་ཕྱོགས་སུ་བཟའ་བཏུང་གི་རིགས་དང་ཉེར་མཁོའི་ཅ་ལག་སད་སུད་སོགས། དྲན་ཚད་འབོལ་འབོལ་ལྷུག་ལྷུག་ཏུ་འཐོབ་ཐུབ་པའི་ཟོང་ཁྲོམ་ཞིག་ཡོད་ལ། ཟོང་ཁྲོམ་དེ་གའི་ཁང་པ་ཐོག་གཅིག་མ་དག་ཏུ་མ་གཏོགས་མི་རེག་པའི་སུར་པན་ཤ་བརྔོས་ནི། ཁ་རུ་བླངས་ན་རོ་ཚ་ཞིང་ཁོག་ཏུ་མིད་ན་གཟེར་སྦྲིད་རྒྱག་དགོས་པ་དེ་འདྲ་ཡིན། ཡང་ལམ་དེ་བརྒྱུད་ནས་ཡུད་ཙམ་ཕྱིན་ཚེ་བཞི་མདོ་ཞིག་དང་འཕྲད་སྲིད་ལ། བཞི་མདོ་དེ་རུ་ལྗང་སེར་དམར་གསུམ་གྱི་ལམ་སྟོན་གློག་འོད་དང་། གློག་འོད་དེ་དག་གིས་ལས་གོ་ཕྲན་ཙམ་མི་ཆོད་པའི་འགྲུལ་བ་ཕོ་མོ་ཡོད། དེ་ནས་ཤར་ལ་གཏད་དེ་གོམ་པ་དྲུག་ཅུ་ཙམ་ཕྱིན་ཚེ། གཟོད་ཤེལ་ཁྲ་ལམ་ལམ་འབར་ཞིང་རྒྱང་གྲགས་དང་རྔམ་ཟིལ་གཉི་ག་ཆེ་བའི་ངའི་ལས་ཀ་བྱེད་ས་སྟེ། ཡིག་ཆེན་གྱི་ལ་ཐོད་སྤྲས་པའི་ཁང་བཟང་བ་གམ་ཅན་དེར་ཐོན་ཐུབ་ཀྱི་ཡོད། ཨིང་། འདི་ལྟར་བྲིས་ན་ཅུང་རྒྱས་གཤོམ་ཆེ་མདོག་ཁ་པོ་རེད།

ལམ་ཐིག་འདི་ནི་ཅི་འདྲའི་སྙིང་ཉེ་ཞིང་བབ་ཆགས་ལ། གཟས་ཏེ་སྤྲོས་གཤོམ་ག་ཙམ་བྱས་ཀྱང་གླེང་རིན་མེད་པ་ཞིག་རེད་ཨང་། དེ་ལྟ་ནའང་། ཉི་མ་མང་པོ་མང་པོ་ཞིག་ལ། ངས་དེ་ལྟར་ཞོགས་པ་རེ་རེར་ཉེར་མཁོའི་རྡོག་ཁྲེས་ཁུར་ནས་དེ་རུ་ཕྱིན་ཏེ། དགོང་ཁ་རེ་རེར་ཕྱི་ལམ་ཕྲ་མོ་དེད་ནས་ཁྱིམ་ལ་ལྡོག་གིན་ཡོད། ཚུལ་དེས་གཞལ་ན། ངས་འབྲི་བཞིན་པའི་ཡིག་ཚོགས་མཐའ་དག་གི་བསྐྱེད་བྱེད་རིགས་ཤིག་ནི། ད་ལྟའི་སུན་གཙེར་དང་བཅས་པའི། བསྐྱར་ཟློས་དང་བཅས་པའི། འགྲན་རྩོད་དང་བཅས་པའི་རབ་རིབ་ཀྱི་འཚོ་བ་འདི་ཡིན་སྲིད་དམ།

གཞན་དུ་ན། ངའང་ངའི་ན་ཚོད་ཀྱི་ལས་གྲོགས་ཕལ་ཆེན་ཞིག་ལྟར། སྐབས་དང་སྐབས་སུ་ཅ་དངོས་ཆུང་ཆུང་ལ་ཆིངས་ཐག་བརྒྱབ་སྟེ། ས་ཆ་སྟོད་སྨད་བར་གསུམ་དང་ཉི་མ་ཤར་ལྷོ་སྒང་དྲུག་ལ། མགོ་ཁྲིད་ཀྱི་ཁག་བགོས་ལྟར་ཤྭ་ཉུལ་ཤེའུ་ཉུལ་གྱི་བསྐོས་ཐང་འགྲིག་སྟེ་ཡོད་པའི་གསར་འགོད་པ་ཞིག་ཡིན་ལ། ཉེ་ལོགས་སུའང་། ཡ་ཀི་སྲིད་པའི་རྩེ་མོ་ནས་མ་ཀི་དམྱལ་བའི་གནས་རིས་སོགས། དྲན་ཚད་ཐོ་རུ་བསྟར་རྒྱུར་ཐོགས་རྡུག་དང་བྲལ་བའི་མཛའ་བཤེས་མང་པོ་ཡོད། ཁོ་པ་ཅག་ནི། ཉམས་འགྱུར་འཁྲུག་པོས་མོ་དཔྱད་རྒྱག་ཤེས་མཁན་དང་། བསྟན་བཤིག་ཚ་པོས་ཚིག་ཟུར་འཕེན་ཤེས་མཁན། རི་ལག་ཆུ་ལག་མང་པོ་བརྒྱུད་མྱོང་མཁན། འཚོ་བའི་ཉིན་སྲིབ་མང་པོ་མཐོང་མྱོང་མཁན་རྐྱང་རྐྱང་ཡིན། ལོ་ཟླ་མང་པོ་ཞིག་ལ། ངས་ཀྱང་ཁོ་པ་ཅག་དང་ལྷན་དུ། སྤྱི་ཚོགས་འདིའི་སྒོ་ཆེན་སྒོ་ཆུང་མང་པོར་ནངས་ཉུལ་དགོང་ཉུལ་སྒོས། སིམ་སིམ་བརྡོལ་བའི་ཕལ་བའི་སེམས་གཏམ་མང་པོར་རྣ་བ་གཡོར་ཐུབ་ཀྱིན་ཡོད། སོག་སོག་འགུལ་བའི་དུས་ཀྱི་འཕོ་འགྱུར་སྐྱེན་པོ་ཇི་བཞིན་ཚོར་ཐུབ་ཀྱིན་ཡོད། ཡང་ཚུལ་དེས་གཞལ་ཚེ། ངའི་སྡང་སྡུག་གི་འཕལ་ཀ་དང་སྐད་ཆའི་འཕྲོ་འདུ་མཐའ་དག་གི་གཅུ་སྒོའང་། ད་ལྟའི་སེམས་འགུལ་དང་བཅས་པའི། སེམས་ངལ་དང་བཅས་པའི། དགའ་སྡུག་རེས་བསྣོལ་གྱི་འཕོ་འགྱུར་འཕེལ་འགྲུབ་དེ་དག་གིས་བྱེད་ཀྱིན་ཡོད་དམ། ངས་དྲི་བ་འདི་ལ་ཨ་ལན་ཁྲིགས་ཁྲིགས་ཤིག་འདེབས་ཤེས་ཀྱི་མི་འདུག་ཨང་།

གང་ལྟར། གཤམ་ལ་ངས་རང་གི་སྒྲུང་ཐུང《 སྤྱོད་ཁང》 དང་འབྲེལ་ནས་སེམས་དཔང་བསྟོད་མཁན་དུ་གྱུར་མྱོང་བའི་དངོས་བརྒྱུད་ཤུགས་གསུམ་གྱི་ལས་ཁུངས་དང་། གུས་པར་འོས་པའི་མི་སྒེར་བྱིངས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ལ། སླད་ཕྱིན་ཀྱང་། ཙབ་ཙོབ་བློ་མང་མི་བྱ་ཞིང་། ག་དུས་ཡིན་ཀྱང་ཡི་ཕྱ་དུང་ངེར་གསར་རྩོམ་ལ་གཞོལ་དགོས་ངེས་ཀྱི་དྲན་ཤེས་ཡང་དག་བསྐྱེད་ཞོར་དུ། བར་བརྒལ་ཆེན་པོའི་རབ་ཁ་རུ་འགྲེང་སྟེ། དབྱངས་གསལ་གྱི་ཐ་གུ་བསྒྲིམས་དང་སྒྲིམ་མུས་སུ་ཡོད་པའི་མཚོ་སྔོན་བོད་ཡིག་གསར་འགྱུར་ཁང་གི་དགེ་རྒན་ཡོངས་ལ་གུས་འདུད་ཚད་མེད་ཞུས་པ་ཡིན། ཐུགས་རྗེ་ཆེ།

དཔྱད་འདེམ་པ་ཚེ་རྒྱལ་གྱིས་གནང་བའི་དཔྱད་གཏམ།

ཤིན་ཏུ་བབ་ཆགས་ཀྱི་གཏམ་རྒྱུད་ཅིག་བརྗོད་བྱར་བདམས་ཤིང་། ཤིན་ཏུ་བབ་ཆགས་ཀྱི་རྗོད་ཐབས་ལ་བརྟེན་ཏེ་སེམས་སྐྱིད་སྒྲོལ་མ་ཚང་གི་སྤྱོད་ཁང་གི་ལས་གཞི་སྟེ། དེང་དུས་ཞིང་གྲོང་ལ་སྤྱོད་ཁང་འཛུགས་སྐྲུན་བྱེད་པའི་ལས་ཀ་དེ་བརྗོད་བྱར་བཟུང་སྟེ་གཏམ་རྒྱུད་ཀྱི་བྱུང་རིམ་བཀྲམས་ཡོད། འདིའི་དམིགས་བསལ་གྱི་ཁྱད་ཆོས་ནི། བརྗོད་སྙིང་ཤིན་ཏུ་ཐུང་ལེན་བྱས་མེད་ལ། ཤིན་ཏུ་རིང་ལེན་བྱས་པའི་སྐྱོན་ཡང་མེད་པར་སེམས་སྐྱིད་སྒྲོལ་མ་ཚང་གི་ཉིན་རྒྱུན་གྱི་འཚོ་བའི་ཁྲོད་ནས་སྤྱོད་ཁང་ལས་པའི་གཏམ་རྒྱུད་ཀྱི་འགལ་འབྲེལ་དེ་བྱུང་རིམ་ཡོད་ཅིང་བསམ་བཞིན་མིན་པའི་ཚུལ་གྱིས་མངོན་པར་མཚོན་ཡོད།

གཅིག
   
    ལོ་དེ་ནས་བཟུང་། གྲམ་ཁོག་འདི་རུ་ཆུ་དྭངས་མོ་ཞིག་བཞུར་རྒྱུ་ཕར་ཞོག ཐ་ན་བརླན་ནེམ་པོ་ཞིག་འཛུམ་རྒྱུའང་ཧ་ལམ་མེད་སོང་བ་རེད།
    མོས་ཁ་འདིག་ཀོ་ལོང་གིས་བྱས་པའི་དོར་མ་ནག་པོ་སྒྱིད་ཁུག་ཏུ་འཕངས་ཤིང་། ཛར་ཛོར་དུ་སྐྱེས་པའི་རྩྭ་ལྡུམ་དག་རྐང་སྣེས་ཕར་བསལ་ཚུར་བསལ་ཞིག་བྱེད་བཞིན།  མགོ་རས་ཀྱི་སྣེ་མོ་སྣ་མགོར་ཨེན་ཙམ་འཐེན་ཏེ་གྲམ་ངོགས་ནས་གཅིན་པ་གཏོང་ཞོར་དུ། ལུང་ཁོག་འདིའི་གྲམ་པ་སྐམ་པོ་དེའི་སྐོར་ལ་སྟོང་འདང་སྣ་ཚོགས་རྒྱག་བཞིན་འདུག་ཅིང་། ས་རུབ་སྟེ་ཆུ་ཚོད་བཅུ་ལས་བརྒལ་འདུག་ནའང་། གཅིན་པ་ཚ་པོ་དག་ཟླ་དཀར་གྱི་འོ་ཟི་དང་བད་དཀར་གྱི་མེ་ཏོག་བབས་པའི་ས་གཞིར་ཕོག་ཚེ་རླངས་པ་ཐོལ་ལོ་ལོ་བྱེད། མོ་ལོ་ཞེ་བདུན་ཁྱིམ་ལས་ཙག་ཙིག་གི་ཁྲོད་ནས་ཟད་ཟིན་པའི་བུད་མེད་ཅིག་ལ་མཚོན་ན། ཉིན་རེའི་ལས་ཚེགས་མཐའ་དག་ལ་བཞི་ཤད་བཀོད་དེ། སོས་དལ་ངང་གཅིན་པ་གཏོང་ཞོར་དུ་ངལ་གསོ་ཨེན་ཙམ་བྱ་རྒྱུ་འདིའང་། ཅི་འདྲའི་བདེ་སྣང་དང་བཅས་པའི་རང་དབང་ཆུང་ཆུང་ཞིག་རེད་ཨང་། བསིལ་རླུང་དང་ལྷགས་རླུང་གཉི་ག་རེས་མོས་ཀྱིས་ལྡང་བའི་སྟོན་ཟླ་དགུ་པའི་མཚན་ངོགས་འདིར། མོས་སྐྱོམ་འཇགས་དོད་པོའི་སྣ་གླུ་ཐན་ཐུན་རེ་འཐེན་ཞོར་དུ། སྐབས་རེར་མགོ་བོ་བསྒུར་ཏེ་སྔར་གྱི་ཁ་མལ་ནས་གཡས་ལོགས་སུ་ནུར་ཙམ་ནུར་ཙམ་གྱིས་སླར་ཡང་ཙོག་པུར་འདུག་ཅིང་། ཡང་ལན་རེར་མགོ་བོ་དགྱེ་སྟེ། ཐད་སོའི་གྲམ་པ་སྐམ་པོ་དེའི་ངོགས་ཀྱི་དཔངས་མཐོ་བའི་ཆུ་རགས་ལ་ཅེར་ནས་ཡུན་རིང་དུ་འདུག འདི་ནི་མོ་ལ་ལྷན་སྐྱེས་ལྟར་ཡོད་པའི་གོམས་གཤིས་ཤིག་སྟེ། སོས་དལ་བག་ཙམ་བྱུང་ཚེ་སྟོང་འདང་རྒྱག་པ་དང་། སྟོང་འདང་བག་ཙམ་བརྒྱབ་ཚེ་གནས་ཤིག་ལ་ཅེར་ནས་ཡུན་རིང་དུ་འདུག་དགོས།
    “ལམ་ལ་བསྣར་རྒྱུའི་རོ་ཤུན་འདི……”
    མོས་གཅིན་པར་དྲུད་པའི་བོད་ལྭའི་ཡོག་ཐུ་འཐེན་ཞོར་ཆིག་ལབ་ཅིག་རྒྱག་གྲབས་བྱེད་སྐབས་སུ། ཐད་སོའི་གཞུང་ལམ་གྱི་ཁུད་ནས་འཕྲོས་འོངས་པའི་གློག་འོད་ཅིག་གིས། མོའི་སོས་དལ་བག་ལྷོད་ཀྱི་ཏིང་འཛིན་རྨང་ནས་དཀྲོགས་སོང་། མོས་རྐང་སྣམ་ཁ་འདིག་སྡོམ་ཞོར་དང་བོད་ལྭའི་ཐུ་བ་སུམ་ཞོར་དེ་མུར་ཡར་ལངས་ཤིང་། རྐང་ཡས་ཀྱིས་བྱེ་གསེང་ལ་འཐིམ་ཐག་ཆོད་པའི་གཅིན་ཤུལ་དུ་ས་ཚུབ་ཅིག་བྱས་རྗེས། འཚུབ་ཆ་གྱི་ལེར་གཞུང་ལམ་འཕྲེད་དུ་བཅད། སྲང་ཤུར་དོག་མོ་ཞིག་བརྒྱུད་ནས་ཡུད་ཡུད་འབྲོ་བའི་ཚུལ་དེ་ནི། སོས་ཀར་ལུ་གུའི་རྣ་ནང་དུ་རླུང་བརྒྱབ་ན་འདྲོགས་ནས་ཡར་འབྲོ་མར་འབྲོ་བྱེད་པ་དང་འདྲ་ལ། སྐར་ཆེན་ཤར་འདྲའི་རླངས་འཁོར་གྱི་གློག་འོད་འོག་ཏུ། མོའི་བོད་ལྭའི་ཐུ་འདབས་སུ་བརྒྱབ་པའི་ཕྲུག་སྐྱའི་རི་མོ་དང་། ཕྲུག་སྐྱའི་མཐའ་ཤན་གྱི་གསེར་སྐུད་དུ་འབྱར་བའི་རྩྭ་ཆག་དམ་དུམ། རླུང་གིས་བདས་པའི་ལམ་འགྲམ་གྱི་འགྱིག་ཤོག་སོགས་ཀྱང་གསལ་ལེར་མཐོང་འོང་། མོས་གོམ་པ་རིང་ལེན་བྱས་ཏེ་དབུགས་ཧལ་ཧལ་ངང་ཁྱིམ་གྱི་ཕྱི་སྒོའི་རྩར་སླེབས་ཤིང་། ཕྱི་སྒོ་ཁྲོགས་སེར་གཏན་ཏེ་འཚུབ་ཆ་གྱི་ལེར་ཁྱིམ་ལ་འཛུལ་སོང་བས། ད་ནི། ཉིན་མོའི་མི་ཚོགས་ཀྱི་འདུ་འཛིས་གློ་རྡེག་ཏུ་བོར་བའི་རུ་སྡེ་ཆུང་ཆུང་འདི་ཅི་འདྲའི་ལྷིང་ཞིང་འཇགས་ཨང་།
    མོའི་མིང་ལ་སེམས་སྐྱིད་སྒྲོལ་མ་ཟེར། མོའང་གཡུ་ལུང་སྡེ་གསར་གྱི་འབྲོག་མོ་ཞིག་ཡིན། མོའི་ད་ལྟའི་གཞིས་འཁོར་བ་དང་ལས་སྐྱིད་སྡུག་མཐའ་དག་ཀོང་ཀོང་དུ་བསྒྲིལ་ནས་བཞག་ཡོད་སའི་ས་ཆ་འདི་ནི་མཛོད་ལུང་ཁོག་ཡིན།
    དེའང་སྔོན་ཆད་སྔོན་ཆད་ཅིག་ལ། མཛོད་ལུང་ཕུ་ཡི་ཆུ་མིག་བརྒྱ་རྩར་བརྡོལ་བའི་ཆུ་ཕྲན་མང་པོ་གནས་འདི་བརྒྱུད་དེ་རྨ་ཆུ་ལི་མར་འབབ་པ་ཡིན་པས། དེ་དག་འབབ་སའི་གཞི་ཁུགས་ཀྱི་ལུང་པ་འདི་ལ་ཆུ་མཛོད་ལུང་པའམ། བརྗོད་བདེའི་ཕྱིར་དུ་མཛོད་ལུང་ཞེས་པའི་མིང་དེ་འདྲ་ཞིག་ཐོགས་པ་ཡིན་མོད། དེང་སང་དབྱར་ལ་ཆར་ཞོད་བབས་ཏེ་ཆུ་ལོག་མ་བྲུག་ཚེ། མཛོད་ལུང་སྟོད་སྨད་བར་གསུམ་དུ་བརླན་གཤེར་གྱི་དྲི་མ་ཙམ་ཡང་མི་བྲོ། དེས་བྱས་སམ་ཅི་ཆ། 2009ལོར་ཤེའུ་ཐང་གི་གནས་སྤོར་འབྲོག་པ་མང་ཚོགས་ཀྱི་གཏན་སྡོད་རུ་བ་ས་ཆ་འདི་རུ་སྤར་རྗེས། སྡེ་བའི་མགོ་ཁྲིད་དང་བགྲེས་པོ་བསམ་ཤེས་དག་གིས་གྲོས་ཁ་ཡང་ཡང་བསྡུར་ཏེ། ད་ལྟའི་མཛོད་ལུང་ཁོག་ཏུ་ཆགས་པའི་ཁོ་ཚོའི་སྡེ་བ་འདི་ལ་གཡུ་ལུང་སྡེ་གསར་ཞེས་པའི་མིང་ཞིག་བཏགས་པ་རེད་ལ། ཉིན་དེ་ནས་བཟུང་སྟེ། གཡུ་ལུང་སྡེ་གསར་ཡང་གནས་འདིའི་སྡེ་གསར་སྡེ་བ་བདུན་གྱི་ཆ་ཤས་དང་། སེམས་སྐྱིད་སྒྲོལ་མ་ཚང་ཡང་གཡུ་ལུང་དུད་ཁ་གྱ་དགུའི་ཡ་གྱལ་དུ་གྱུར་པ་རེད།
    “ཨ་མ         ཨ་མ……”
    བུ་ཆུང་ལ་གཅིན་པ་བྲོ་སྟེ། ནམ་གུང་མལ་སར་ནག་ཙོག་གེར་དགྱེ་ནས་ལན་འགར་བོས་པ་དེས། སེམས་སྐྱིད་སྒྲོལ་མའི་གཉིད་ཀྱི་ཏིང་འཛིན་སླར་ཡང་རྨང་ནས་དཀྲོགས། མོས་གཉིད་མ་སད་ཀྱིས་ཞར་སྙོབ་ཅིག་བྱས་ཏེ་ཁང་པའི་གློག་ཞུ་བཀར་ལ། མིག་གཉིས་ལ་ཕུར་ཕུར་འགའ་བྱས་ནས་གཉིད་རྔ་དྭངས་སུ་བཅུག་རྗེས། རྐང་སྣེ་གཉིས་ལྷམ་མགོར་བརྒྱུས་ཤིང་། མལ་ཐུལ་གྱི་ཐོག་ཏུ་བཀབ་པའི་བོད་ལྭ་བླངས་ནས་གཡང་ཤམ་ཞིག་བྱས་ཏེ། བུ་ཆུང་ཁྲིད་ནས་ཅི་ཡང་མི་སྨྲ་བར་སྒོ་རའི་ཕྱི་རུ་བུད།
    ནམ་གྱི་སྨད་ཆར། ལུང་ཁོག་འདི་རུ་གྲང་ངར་ཡ་མཚན་ཞིག་ལྡང་རྒྱུ་འདུག་ལ། ད་ལོའི་མཚན་སྨད་ཀྱི་ཙག་ངར་འདི་ནི་ལོ་སྔོན་མ་ལས་ཀྱང་རྐང་ལ་ཟུག་པ་ཞིག་ཡིན་ལས་ཆེ། མོས་བོད་ལྭའི་ཐུ་བ་རྟིང་འོག་གཉིས་དམ་པོར་བསྣོལ་ནས་རུམ་ལག་བྱས་ཏེ་བསྡད་ནའང་། སྟོན་ཟླ་མཐའ་མའི་གྲང་ངར་ནི་གཟུགས་མེད་ཀྱི་སེམས་ཅན་ཞིག་ལྟར། དལ་བ་དལ་བུར་མོའི་རྐང་སྣེ་ནས་ཉྭ་ཁུག་དང་། དེ་ནས་རིམ་བཞིན་བརླ་ངོས་དང་སྒལ་གཞུང་། སྐེ་ཁུགས་དང་སྤྱི་གཙུག་ཀུན་ཏུ་འཁྱག་སིབ་སིབ་ཀྱིས་འགོས་ཡོང་། སེམས་སྐྱིད་སྒྲོལ་མ་སོ་ཕག་གིས་བཟོས་པའི་སྒོ་རའི་གྱང་རྩར་བསྙེས་ནས། གཞོགས་སུ་གཅིན་པ་གཏོང་བཞིན་པའི་བུ་ཆུང་གི་ནག་རིལ་ལིའི་རྒྱབ་གཟུགས་ལ་ཅེར་ནས་བསྡད།
    “ཚེ་བྷོ། བཏང་ནས་ཨེ་ཚར། ཨ་མའི་ལོ་ལོས་རེམ་ལ་ཐོངས། ཨ་མ་གྲང་ནས་ཕྱིད་ཐལ།”
    “ད་ཚར་སོང་།”
    “ཨ་ལ། ལྭ་བ་དྲོན་པོ་ཞིག་གོན་ན་མི་ཆོག་གམ།”
    “ང་མི་གྲང་གི།”
    “བྱ་འདི། ཉིན་ཞིག་ཕྱིད་སོང་ནའང་ཤེས་རྒྱུ་མ་རེད། སྔུན་ལ་རྒྱུགས། ཕྱི་སྒོ་ཨ་མས་གཏན།”
    མ་སྨད་གཉིས་སྔ་གཞུག་ལྟར་ཁང་པའི་ནང་ལ་འཛུལ། ནང་སྒོ་གཏན། གློག་ཞུ་བསད། རླུང་བུས་བྱ་འདབས་ཀྱི་སྒོ་དར་ཡོམ་པའི་སྒྲ་མ་གཏོགས། རུ་སྡེ་ཆུང་ཆུང་འདི་སླར་ཡང་དབེན་ཐིང་ངེར་གྱུར་སོང་།
    ཚེ་ཐོག་འདིའི་རྐྱེན་ངན་ལ་ལ་ཞིག་ནི་དཔྱད་ཀྱང་ཚོད་ཀྱིས་མི་ཐུག་ལ། བཤད་ཀྱང་ཚད་ཀྱིས་མི་ཟིན་པར་མ་ཟད། ཡས་མས་ལ་ཕྲན་ཙམ་མི་འདའ་བར་ས་སྒང་རིལ་མོ་འདིའི་སྐྱེ་འགྲོ་རེ་འགའི་མགོ་ཐོག་ལ་གཟས་ཏེ་དྲིལ་ནས་ཡོང་ངེས། བྱས་ན། སེམས་སྐྱིད་སྒྲོལ་མའི་བུ་ཆུང་ཚེ་བྷོའི་བཙས་སྐར་དང་། སེམས་སྐྱིད་སྒྲོལ་མའི་ཁྱོ་ག་སྐལ་བཟང་གི་འདས་སྐར་གཉིས་ཉིན་གཅིག་ཏུ་ཁེལ་སོང་བ་དེ་ལ་ཧ་ལས་རྒྱུ་ཅི་ཡང་མེད་ལ། སྐྱེ་བ་འདིར། བུ་ཆུང་གི་མིག་ལམ་ལ་རང་གི་ཨ་ཕའི་ཁ་རིས་ངོ་རིས་ཀྱི་ཟུར་ཙམ་ཡང་འཆར་མི་སྲིད་ཅིང་། བྱིས་པ་གཞན་དག་ལ་ཡོད་ངེས་པའི་ལོ་རེའི་སྐྱེས་སྐར་གྱི་གསོལ་སྟོན་གྲ་རྒྱས་པོ་དེ་འདྲ་བ། སེམས་སྐྱིད་སྒྲོལ་མའི་བུ་ཆུང་ལ་ཚེ་འདིར་གཏན་ནས་ཡོད་མི་སྲིད་པ་དེ་ལའང་ཧོན་འཐོར་རྒྱུ་ཅི་ཡང་མེད། དོན་འདིར་སྟོང་འདང་རྒྱག་ཐེངས་རེ་རེར། སེམས་སྐྱིད་སྒྲོལ་མར་སེམས་ཀྱི་གཏིང་རིམ་ཞིག་ནས་ངུ་སྙིང་བྲོ་པོ་རེ་ཡོང་ལ། བསམ་མི་ཤེས་པའི་བུ་ཆུང་གི་སྔུར་སྒྲའི་ཀློང་དུ། སེམས་སྐྱིད་སྒྲོལ་མའི་མིག་ལྕིབས་བརླན་གྱིས་བཟུང་ཞིང་། གཉིད་ཀྱི་དོས་པོ་བོར་ནས་ཡུན་རིང་འགོར།
 
གཉིས།
   
    ནམ་ལངས་སོང་། ཞོགས་པའི་ཉི་རྩེ་དང་པོ་མཛོད་ལུང་ཕུ་ནས་འཕྲོས་ཤིང་། གཡུ་ལུང་སྡེ་གསར་གྱི་དུད་ཁྱིམ་རེ་འགའི་ཁང་ཀླད་ན་དུ་ཞགས་ཀྱ་ཀྱུ་ལང་ལོང་གཡོ། གསེག་འཕྲོ་བྱེད་པའི་ཉི་ཟེར་གྱི་སྐུད་སྣེ་སྟོང་ཕྲག་དང་། སོ་ཕག་དམར་པོ་བསྒྲིགས་པའི་རི་གཤམ་གྱི་ཁང་པ་སྟོང་ཕྲག་དུ་མའི་བསྣོལ་མཚམས་སུ་ཚ་རླབས་ཀྱི་ཡེར་མོ་རྒྱུག་ཚེ། རྟའུ་མི་མཚོ་དམར་པོ། རྩྭ་སྐྱ་མེ་ལ་ཤོར་འདྲ་ཞེས་པའང་འདི་འདྲ་ཞིག་ལོས་ཡིན་སྙམ་གྱི་དོགས་པ་འཆོར།
    “ཨ་མ། ཨ་མ……”
    སེམས་སྐྱིད་སྒྲོལ་མ་ད་དུང་སད་མི་འདུག ཉི་ཐིག་གཉོམ་པོ་ཞིག་སྒེའུ་ཡོལ་གྱི་ཟུར་ནས་འཕྲོས་ཏེ། སེམས་སྐྱིད་སྒྲོལ་མའི་སྔས་འགྲམ་གྱི་གྱང་ལྡེབས་ལ་གསེག་འཕྲོ་བྱས་ཏེ་ཕོག་འདུག་ཅིང་། གསེག་གེར་འཕྲོས་པའི་ཉི་འོད་ཀྱིས། གྱང་ལྡེབས་སུ་བཀལ་བའི་དབུལ་ཁྱིམ་ཡིག་ཚགས་ཀྱི་རས་སྣོད་ཁྲ་ཁྲ་དེའི་ཕྱེད་ཅིག་དཀར་གསལ་ལེ་དང་། ཕྱེད་ཅིག་ནག་འཐོམ་མེར་བགོས་འདུག བུ་ཆུང་གྱང་ལྡེབས་སུ་བཀལ་བའི་གཙོ་འཛིན་ལྷན་རྒྱས་ཀྱི་སྐུ་པར་ལ་ཅེར་ནས་ཡུད་ཙམ་བསྡད་རྗེས། ནམ་རྒྱུན་ལྟར་མལ་སའི་ནང་ནས་གཙོ་འཛིན་དག་གི་སྐུ་པར་དང་ལྷན་དུ་རྩེད་མོར་རོལ་མགོ་བརྩམས། གཡས་སུ་ནུར་ནས་བལྟས་ན་གཡས་ལ་གཟིགས་འོང་བ་དང་།  གཡོན་དུ་ནུར་ནས་བལྟས་ན་གཡོན་ལ་གཟིགས་འོང་བའི་གཙོ་འཛིན་ཚོའི་སྐུ་པར་ངོས་ཀྱི་སྤྱན་ཟུང་དག་ནི། ཁོ་ལ་མཚོན་ན་ཧ་ལས་ཤིང་འདང་མི་དཔོག་པའི་དོན་དག་འབའ་ཞིག་ཡིན། ཡིན་ནའང་། གྲོད་ཁོག་ལྟོགས་པའི་གཟོད་མེད་ན་ཟུག་གིས། ཁོའི་དམིགས་རྩེ་མཐའ་དག་ཅུང་མ་འགོར་བར་སླར་ཡང་ཨ་མའི་སྟེང་དུ་འཁོར་དགོས་བྱུང་།
    “ཨ་མ། ཨ་མ—”
    “ཨང་། ཁྱོད་སད་བསྡད་ཡོད་དམ།”
    “ཉི་མ་ཤར་ནས་ཡུན་རིང་འགོར་ཐལ།”
    སེམས་སྐྱིད་སྒྲོལ་མ་ཉལ་ས་ནས་ཡར་ལངས་པ་མཐོང་བས། བུ་ཆུང་གི་སེམས་སུ་བཤད་མི་ཤེས་པའི་བདེ་སྣང་ཞིག་ཤར་ཏེ། སླར་ཡང་མལ་ཐུལ་དུ་འཛུལ་ནས་མིག་འབྲས་རིག་རིག་ངང་ཨ་མས་ཅི་བྱེད་ལ་བལྟས་ནས་བསྡད། སེམས་སྐྱིད་སྒྲོལ་མ་ནི་བུད་མེད་ལས་ཀ་ཅན་ཞིག་ཡིན་པས། མེ་ཁ་གསོ་རྒྱུ་དང་ཁ་ལག་བཀྲུ་རྒྱུ། ནངས་ཇ་བསྐོལ་རྒྱུ། སྒོ་བསང་ཕུད་རྒྱུ་སོགས་ནི་དར་ཅིག་གི་ཡུན་རེད། མོས་མདང་ནུབ་འཐུང་འཕྲོར་ལུས་པའི་ཐུག་པ་ཚ་པོ་དང་། གསར་དུ་བསྐོལ་བའི་ཇ་ནག་དཀར་ཡོལ་གང་བུ་ཆུང་གི་སྔས་འགྲམ་དུ་བཞག་ཅིང་། རང་ཉིད་ལ་འགྱིག་གི་དཀར་ཡོལ་ཞིག་ཏུ་གཏུལ་མ་ཕོར་གང་བཟོས་རྗེས། ལྕགས་ཐབ་ཀྱི་འཁྲིས་སུ་བསྡད་དེ་ནངས་ཇར་རོལ།
    “བཏུང་ཚར་ན་བ་མོར་རྩྭ་བྱིན། ཨ་མ་རྒྱ་སྲང་ལ་སོང་ནས་ལྕགས་ཁེམ་ཉོ་དགོས། མ་རེམ་ན་འུ་གཉི་གས་གཞན་རྗེས་ཆོད་རྒྱུ་མ་རེད།”
    “ཡ། ལྕགས་ཁེམ་ཆག་མེད་རྒྱུ་ན། འུ་ཚང་གི་སྤྱོད་ཁང་ཡང་ཁ་སང་འགྲུབ་བསྡད་ཡོད་ནི་རེད།” བུ་ཆུང་གིས་རྨྱང་ཤད་ཅིག་བྱེད་ཞོར་དེ་ལྟར་བཤད།
    “འོ་ལེ། སྲལ་ལེན་བྱོས་དང་དེ་རིང་འགྲུབ་ནི་རེད།”
    ཉི་མ་ཀླད་གཙུག་ཏུ་འཕགས་ནས་མགོའང་འགྱོག་མི་ཐུབ་པའི་ཚད་དུ་སླེབས་འདུག སེམས་སྐྱིད་སྒྲོལ་མས་ནང་མ་སྤུ་ཚར་གྱིས་བྱས་པའི་བོད་ལྭ་སོ་མ་ཞིག་གོན་ཞིང་། སྐ་རགས་ལྗང་ཁུ་ཞིག་གི་སྣེ་གཉིས་དཔྱི་མགོའི་གཡས་གཡོན་དུ་རན་ཙམ་བསྣར་ཏེ། མགོ་རས་གཅུད་ཞོར་གཅུད་ཞོར་དུ་གཡུ་ལུང་སྡེ་གསར་གྱི་སྲང་ལ་བུད་བྱུང་། གྱང་སྐྱིབས་སུ་ཙད་གཞའ་བྱེད་ཀྱིན་པའི་ཁྱི་ལྡོམ་འགས་མོའི་ཐྲིག་ཐྲིག་གི་རྡོག་སྒྲ་ཐོས་པས། རྔ་མ་དང་གཉིད་རྔ་གཉི་ག་དྲུད་ནས་ཡར་ལ་དགྱེ་ཙམ་བྱས་མོད། སེམས་སྐྱིད་སྒྲོལ་མས་ཁོ་ཚོར་སྣང་དོགས་ཅི་ཡང་མི་བྱེད་པ་མཐོང་འཕྲལ། སླར་ཡང་རྔ་མ་དང་གཏི་མུག་གཉི་ག་རུམ་སྟེ་གཉིད་དུ་ཡུར།
    “སེམས་སྐྱིད། ཁྱོད་རྒྱ་སྲང་ལ་འགྲོ་རྒྱུ་ཡིན་ནམ།” སྤོ་བོ་དབང་ལྡན་གྱིས་གྱང་རྩའི་འགྱིག་ཤོག་དང་ལྷམ་ཆད་ཧྲལ་ཧྲུལ་མེ་ལ་སྲེག་ཞོར་དུ། བྲེལ་བྲེལ་འཚུབ་འཚུབ་ངང་འགྲོ་བཞིན་པའི་སེམས་སྐྱིད་སྒྲོལ་མར་བལྟས་ནས་དེ་ལྟར་བཤད།
    “འོ་ལེ། ཁྱིམ་ཕྱགས་སྲེག་གིན་ཡོད་དམ། ”
    “ཨ་ཨ། སྒོ་རའི་ཕྱི་ནང་གཉི་ག་ཁྱིམ་ཕྱགས་ཀྱིས་མནན་འཇོག་གི” སྤོ་བོ་དབང་ལྡན་གྱིས་དེ་ལྟར་ལབ་ཞོར། ལག་ཡས་ཀྱིས་སྐེ་ཁུགས་སུ་འཛར་གྱིན་པའི་རྔུལ་ནག་འབྱིད་བཞིན་དུ། སླར་ཡང་སེམས་སྐྱིད་སྒྲོལ་མར་གཏད་དེ“སེམས་སྐྱིད་ལོ་ལོ། སྲང་ལ་སོང་ན་འོ་མ་ཉོ་རྒྱུ་ཨེ་ཡོད་ཅིག་འདྲི་རོགས། ནངས་དགོང་ལ་ཇ་ནག་ཏག་ཏག་བཏུང་རྒྱུར་མི་ལོབས་ཀི” ཞེས་བཤད།
    “ཡ་ཡ། ལོ་ལོན་ལ་ཆུ་དཀར་རེ་བཏུང་རྒྱུ་མེད་ན་དཀའ་ནི་རེད། ཉི་མས་ལུག་བཙོངས་རྗེས་བ་མོ་ཞིག་ཉོ་དགོས་ཟེར་བ་ད་དུང་མ་ཉོས་སམ།” སེམས་སྐྱིད་སྒྲོལ་མས་སྣ་མདོ་ཕུ་ཐུང་གིས་བཅད་ནས་དེ་ལྟར་བཤད།
    “འོ་ལེ། ཚོང་མ་འགྲིག་ཐལ་ཟེར། ཁོ་སྡེ་བའི་སྤྱོད་ཁང་གི་དོན་ལ་ད་ནངས་གྲོང་རྡལ་དུ་ཚོགས་འདུར་སོང་ནས་ད་རུང་མ་ཐོན་ཐལ།” སྤོ་བོ་དབང་ལྡན་གྱིས་ཕྱིར་དེ་ལྟར་བཤད།
    “ཡ་ཡ། རྒྱ་སྲང་ན་འོ་མ་ཡོད་ན་ངས་དམ་བེ་འགའ་ཉོ་ལ་ཡོང་།”
    སེམས་སྐྱིད་སྒྲོལ་མས་གཡུ་ལུང་སྡེ་གསར་གྱི་སྲང་ལམ་ཕྲ་མོ་དེད་ནས་གྲོང་རྡལ་གྱི་ཕྱོགས་སུ་ཕྱིན་སོང་། སྤོ་བོ་དབང་ལྡན་ལམ་འགྲམ་གྱི་རྡོ་སྟེགས་སུ་བསྡད་དེ་མོའི་རྗེས་སུ་ཅེར་ནས་འདུག་ལ། འགྱིག་རིགས་བསྲེགས་པའི་དུ་ཞག་བོང་ཐིང་ངེ་བ་ཞིག་གཡུ་ལུང་སྡེ་གསར་གྱི་སྲང་ཤུར་ནང་ལ་ཁྱབ་འདུག
 
གསུམ།
   
   ཉིན་གུང་ཡོལ་ཙ་ན། ཙད་ནག་ཀླད་ནས་གདུ་བའི་གཡུ་ལུང་སྡེ་གསར་གྱི་སྲང་ལམ་དང་སྒོ་ར་ཡོངས་སུ་ཧ་ཅང་སྒྱིད་ལུག་གི་ཉམས་སྣང་ཞིག་མངོན་འདུག་ལ། བྱིས་པ་པྲ་ཆལ་འགས་ཁྱིམ་སྟོང་དག་ལ་རྡོ་འཕངས་ཏེ་ཤེལ་ཁྲ་གཅོག་གིན་པའི་སིང་སྒྲ་མ་གཏོགས། རི་གཤམ་གྱི་སྡེ་བ་འདི་ན་བལྟས་ཆོག་པའི་ལྟད་མོ་གཅིག་ཀྱང་མི་འདུག
    “ཤག……”
    བ་མོ་ཁྲ་རིལ་མས་སྒོ་རའི་ནང་ལོགས་ཀྱི་རྡོ་གཅལ་སྟེང་ལ་གཅིན་པ་ཤག་སྒྲ་ཅན་ཞིག་བཏང་བ་དེས། མགོ་བོ་རྡོ་གཅལ་དུ་བཞག་ནས་གཉིད་ཀྱིས་དུབ་བཞིན་པའི་ཚེ་བྷོ་དེ་མུར་སངས་སུ་བཅུག་སོང་།
    “ཨ་བ་ཨ་མ་ད། སྐྱུག་རྫོབ་མ།” ཚེ་བྷོས་མགོ་བོ་བཀྱགས་ནས་དེ་ལྟར་སྡིགས་ཤུར་གློད་བཞིན་ས་ཚུབ་ཅིག་བྱས་པས། བ་མོ་ཁྲ་རིལ་མས་ཀྱང་ཅི་ཞིག་གོ་སོང་བའི་ཚུལ་གྱིས་རྔ་མ་གཡུག་གིན་གཡུག་གིན་ཕྱུགས་ཁང་དུ་འཛུལ་སོང་།
    “ཨ་རོག  ཅི་བྱས་སོང་།” སེམས་སྐྱིད་སྒྲོལ་མ་རྒྱ་སྲང་ནས་ཕྱིར་ཐོན་ཏེ་ཕྱི་སྒོ་གཏན་ཞོར་དུ། རྡོ་བ་འཐུ་བཞིན་ཕྱུགས་ཁང་གི་ཕྱོགས་སུ་རྒྱུག་གིན་པའི་བུ་ཆུང་ལ་བལྟས་ནས་དེ་ལྟར་བཤད།
    “བ་རྒན་མ་འདིས་སྒོ་རའི་ནང་ལ་གཅིན་བཏང་ནས། ཨ་བ་ཨ་མ་ད  ” ཨ་མ་ཕྱིར་ཐོན་འདུག་པ་མཐོང་བས་ཁོས་ཀྱང་སྡུག་སྨྲེ་འདོན་བཞིན་འདོན་བཞིན་ཕྱིར་བརྒྱུགས་ཡོང་།
    “གཙང་བཙོག་ཤེས་ན་མིང་ལ་ཟོག་ཟེར་རམ། ཀློའུ་འདི། བ་མོར་ཆུ་ཨེ་བླུད།”
    “ལྕགས་གཞོང་དོ་བླུད་ཟིན། ཨ་མ། ལྕགས་ཁེམ་འདི་གཉིས་འུ་གཉི་གར་ཉོས་པ་ཡིན་ནམ།”
    “འོ་ལེ། ལས་མཁན་མི་གཉིས་ཡོད་ན་མགྱོགས་ནི་རེད།”
    “ཡ། ”
    མ་སྨད་གཉིས་སྔ་རྗེས་ལྟར་ཁང་པའི་ནང་དུ་འཛུལ་སོང་། ནང་སྒོའི་རྡོ་གཅལ་དུ་བཞག་པའི་བ་མོའི་གཟན་ཆག་གི་མཐའ་རུ་སྦྲང་བུ་འགས་དར་དིར་སྒྲོག་གིན་འདུག་ཅིང་། ཁང་པའི་བྱ་འདབས་ཀྱི་ཚོས་མདོག་ཡལ་བའི་དར་ལྕེ་ཕན་ཕུན་དག་ཀྱང། ཚ་གདུག་གི་ཀློང་དུ་གཡོ་ཙམ་གཡོ་ཙམ་བྱེད་ཀྱིན་འདུག ཚ་བས་གཟིར་དུས་ཚ་ཚད་མི་ཟིན་ལ། གྲང་བས་གདུང་དུས་ཚ་དྲོད་མི་ཚོར་བའི་གནས་འདི་རུ། ལན་རེར་ཉི་མ་ཤར་སྒང་ལ་ཆར་བ་མེད་པའི་འབྲུག་སྐད་གོ་རྒྱུ་ཡོད་ལ། མཚམས་རེར་བྱང་རླུང་ལྡང་སྒང་ལ་ཆ་འཇོག་མེད་པའི་ཉི་མ་འཆར་སྲོལ་ཡོད་པས། ཙད་ནག་ཀླད་ནས་གདུ་བའི་མཐོངས་དབྱིངས་ཀྱི་ཉི་ཟེར་འདི་དག་ཀྱང་། ག་དུས་ཤིག་ལ་བྱང་ངམ་ལྷོ་ནས་ལྡིང་འོང་བའི་སྤྲིན་པ་དཀར་ནག་གིས་ཡོངས་སུ་གཅུད་སྲིད་དམ། འདི་ལ་སྡེ་མི་སུས་ཀྱང་ཚོད་བགམ་བྱ་མི་ཐུབ།
    “ཚེ་བྷོ། འདམ་བག་བསྲད་འདུག ནང་ལ་ཆུ་བླུགས་ནས་རྫིས།”
    “ཡ།”
    མ་སྨད་གཉིས་ཀྱིས་ཁ་སང་ལས་འཕྲོར་བཞག་པའི་སྒོ་རའི་ཕྱི་ཡི་སྤྱོད་ཁང་ལས་མགོ་བརྩམས།
    “སྲལ་ལེན་བྱོས་ཨ” ལྷམ་ཆུང་ཆུ་ལ་བསྒྲེས་བཞིན་སྐྲ་འདབས་ན་རྔུལ་ཆུ་འཛར་ཞོར་དུ། ལྕགས་ཁེམ་གྱི་ཡུ་བའི་དམའ་སར་འཇུས་ཏེ་འདམ་བག་རྫི་བཞིན་པའི་བུ་ཆུང་ལ་བལྟས་ནས། སེམས་སྐྱིད་སྒྲོལ་མས་ཁོང་འཛུམ་ཞིག་ཕྱུང་ཞོར་དེ་ལྟར་བཤད།
    “ཡ། ཨ་མ། ཀླད་དགབ་ཚར་ན་སྤྱོད་ཁང་འགྲུབ་སོང་ནི་ཨེ་རེད།” བུ་ཆུང་ལྕགས་ཁེམ་ལ་ཁེན་ཏེ། སྨིན་མཚམས་བསྡུས་ནས་སྤྱོད་ཁང་གི་ཀླད་ཁེབས་དབྱིས་ཀྱིན་པའི་ཨ་མར་གཏད་ནས་དེ་ལྟར་བཤད།
    “འོ་ལེ། ཀླད་ཁེབས་དབྱིས་རྗེས་འགྲུབ་སོང་བ་རེད།”
    “ཧེ་ཧེ།”
    དགོང་ཁའི་གྲིབ་གཟུགས་ནི་རྩྭ་གསེང་དུ་བྱོ་བའི་བཟའ་སྣུམ་དང་འདྲ་བར། སྐད་ཅིག་སྐད་ཅིག་གི་ཡུན་དུ། གཡུ་ལུང་སྡེ་གསར་གྱི་སྡེ་མཐའ་ནས་ཁང་ཁྱིམ་རེ་རེའི་གྱང་རྟིང་དང་། དེ་ནས་གྱང་སྟེང་དུ་སྦྱར་བའི་བ་ལང་གི་ལྕི་སྒོང་། བྱ་འདབས་ཀྱི་སྒོ་དར་དང་ཁང་ཀླད་ཀྱི་དུད་ཁུང་སོགས་རིམ་གྱིས་ཟིན་ཏེ། མཛོད་ལུང་ཕུ་རུ་ཀེ་རེར་འགྲེང་བའི་ཨ་མྱེས་དགོ་དམར་གྱི་རི་སྐེད་བར་སླེབས་འདུག་ལ། ས་རྡུལ་མོག་པོ་ཞིག་གིས་བྱང་ཕྱོགས་ཀྱི་ལུང་མདའ་ཧྲིལ་གྱིས་ཁེབས་འདུག  ས་ཡོངས་སུ་མ་རུབ་པའི་སྔ་རོལ་ཏག་ཏག་ལ། སེམས་སྐྱིད་སྒྲོལ་མ་མ་སྨད་གཉི་གས་ཀྱང་ཐེངས་འདིའི་སྤྱོད་ཁང་བཟོ་སྐྲུན་གྱི་བྱ་བ་མཐའ་དག་ཡོངས་འགྲུབ་བྱས་ནས་ཁྱིམ་དུ་ལོག་ཅིང་། དགོང་མོ་དེར་མ་སྨད་གཉི་གས་སྤྱིར་བཏང་གི་ནུབ་ཆུ་སྟབས་བདེ་ཞིག་འཐུངས་རྗེས། གློག་ཞུ་བསད་ནས་དེ་མུར་གཉིད་དུ་ཡུར།
    ལས་ཚེགས་ཀྱིས་མནར་དྲགས་པས། ནམ་གྱི་སྨད་ཆར་ཤེལ་ཁྲའི་སྲུབས་ཀ་ནས་ས་རྡུལ་དང་བཅས་པའི་བྱང་རླུང་དྲག་པོ་འུར་འུར་ལྡང་ཡང་། མཚན་ངོགས་དེར་ཁོང་མ་སྨད་གཉིས་ཐེངས་གཅིག་ལའང་སད་མ་བྱུང་། ཚུལ་འདིར་བལྟས་ཚེ། ལས་ཚེགས་དང་སེམས་ཚེགས་གཉི་གའི་མ་མཐའི་ཁྱད་པར་ནི། མཚན་མོར་གཉིད་འབབ་མིན་གྱིས་དབྱེ་དགོས་ཟེར་བར་ཡང་བདེན་ཤས་ཤིག་མེད་དམ་སྙམ་ཡོང་།
 
བཞི།
   
   སྤྱིར་བཏང་གི་ཞག་མ་རེ་རེ་དེ་ལྟར་ཕར་ལ་བསྐྱལ་རྗེས་སུ། སྤྱིར་བཏང་གི་ཉི་མ་རེ་རེ་སྔར་ལྟར་ཚུར་ལ་བསུ་རྒྱུ་ནི། གནས་འདིའི་དུད་ཁྱིམ་མཐའ་དག་ལ་མཚོན་ན་ཧ་ཅང་རྒྱུན་གོམས་ཀྱི་འགྲོ་སྟངས་ཤིག་ཡིན། ཡིན་ཡང་། ཞོགས་པ་འདིར་མཛོད་ལུང་ཕུ་ཡི་ཉི་མ་མ་ཤར་གོང་དུ། གཡུ་ལུང་སྡེ་གསར་གྱི་སྡེ་དཔོན་ཉི་མ་ཡོང་སྟེ་སེམས་སྐྱིད་སྒྲོལ་མ་མ་སྨད་གཉིས་ཀྱི་ཕྱི་སྒོ་ཁྲོག་ཁྲོག་ཁྲོག་བརྡུངས་བྱུང་།
    “ཨ་རོག་ཚང་། སེམས་སྐྱིད་སྒྲོལ་མ། ཨ་རོག་ཚང་།”
    “ཨ་མ། ཨ་མ། མི་ཞིག་གིས་ཕྱི་སྒོ་རྡུང་བཞིན་འདུག” བུ་ཆུང་གཉིད་ལས་སད་དེ་འཕྲལ་དུ་ཨ་མ་བོས།
    “སྡོད་ཨ། ཡོང་གིན་ཡོད།” སེམས་སྐྱིད་སྒྲོལ་མ་མྱུར་དུ་ཡར་ལངས་ཤིང་བོད་ལྭའི་སྐ་རགས་སྡོམ་ཞོར་སྒོར་བུད།
    “སྡེ་དཔོན་ཉི་མ་ཡིན་ནམ། ནང་ལ་ཤོག་ཡ།”
    “ད་ཡོང་ཁོམ་མི་འདུག སེམས་སྐྱིད། ཁྱེད་ཚང་གི་སྤྱོད་ཁང་འདིའང་འགྲིག་མི་འདུག སང་ཉིན་བལྟ་རུ་ཡོང་རྒྱུ་ཟེར།   དེ་རིང་བཤིག་ནས་བསྐྱར་ལས་བྱ་དགོས་རྒྱུ་རེད།” སྡེ་དཔོན་ཉི་མས་མགོ་རྔ་མེད་པའི་སྐད་ཆ་ཞིག་དེ་ལྟར་འཚབ་འཚུབ་ངང་བཤད་པས། སེམས་སྐྱིད་སྒྲོལ་མ་རེ་ཞིག་ཧད་དེ་ལུས།
    “བྱ་འདི། གང་ནས་མ་འགྲིག་ནི་རེད།” སེམས་སྐྱིད་སྒྲོལ་མས་འཕྲལ་དུ་དེ་ལྟར་དྲིས།
    “ཁ་སང་ཚོགས་འདུ་འཚོགས་ཏེ་སྤྱོད་ཁང་སྒོ་རའི་ཕྱི་ནས་ལས་མི་ཆོག་ཟེར། ཡིན་གཅིག་མིན་གཉིས་ཁྱིམ་ཚང་གི་སྒོ་རའི་ནང་ནས་ལས་དགོས་རྒྱུ་རེད། འདི་གྲོང་རྡལ་རིམ་པའི་ཐག་གཅོད་ཀྱང་མ་རེད། གོང་རིམ་ནས་སྤྱོད་ཁང་གསར་བརྗེའི་ཡིག་ཆ་ཐོན་འདུག སྤྱོད་ཁང་ཕྱི་ནས་ལས་ན་སྡེ་བའི་སྲང་ལམ་ལ་བཙོག་སྐྱོན་བཟོ་སླ་བས། འདི་རྦད་དེ་གྲོང་གསེབ་དར་སྤེལ་གྱི་འགྲོ་སྟངས་ལའང་མཐུན་གྱི་མི་འདུག” སྡེ་དཔོན་ཉི་མས་གདོང་ལ་གཟབ་ཉམས་ཤིག་དོད་ནས་དེ་ལྟར་བཤད་མོད། སེམས་སྐྱིད་སྒྲོལ་མས་ཁོའི་སྐད་ཆ་རེ་ཟུང་ཞིག་རྦད་དེ་གོ་ཡི་མི་འདུག
    “བྱ་འདི།   དེས་ན་བཤིག་ནས་མ་ལས་ན་ཨེ་ཆོག་གི།”
    “ཆོག་ནི་མ་རེད། སྡེ་འདབས་སུ་གཅིན་སྐྱག་གཏོང་མཁན་ཡོད་ན་ཆད་པ་ནན་མོ་གཅོད་རྒྱུ་རེད། དེ་མ་བྱས་ཚེ། སྡེ་བའི་མི་སྐོར་ཞིག་ངོ་མ་ཟོག་འདྲ་པོ་རེད ” སྡེ་དཔོན་ཉི་མའི་ངག་ནས་བསམ་བཞིན་ནམ་བསམ་བཞིན་མིན་པའི་སྐད་ཆ་དེ་འདྲ་ཞིག་ཕྱུང་བས། སེམས་སྐྱིད་སྒྲོལ་མར་དོགས་མི་བདེ་བའི་ཚོར་སྣང་ཞིག་ཡུད་ཡུད་སྐྱེས་འོང་།
    “འོ། སྒོ་རའི་ནང་ནས་ལས་དགོས་ཚེ་བསང་ཁྲིའི་རྩིབ་ཀན་མ་གཏོགས་ལས་ས་མི་འདུག ད་ཅི་བྱ།” མོས་མྱུར་དུ་སྡེ་དཔོན་གྱི་ཚིག་མཚམས་བཅད་ཅིང་། སྒོ་རའི་བསང་ཁྲིའི་གཞོགས་ཀྱི་གྲུ་ཁ་དེ་བསྟན་ནས་དེ་ལྟར་བཤད།
    “ད་བསང་ཁྲིའི་རྩིབ་ལ་ཁེལ་སོང་ནའང་ལས་དགོས་ནི་རེད།” སྡེ་དཔོན་ཉི་མས་སེམས་སྐྱིད་སྒྲོལ་མ་ཚང་གི་སྒོ་རའི་ནང་དུ་མིག་བཤེར་ཞིག་བྱས་རྗེས། ཧ་ཅང་ཚིག་ཐག་ཆོད་པོས་ངང་ནས་དེ་ལྟར་བཤད།
    “འོ། ད་སྤྱོད་ཁང་ཁྱིམ་ཚང་གི་གཞི་མའི་ནང་ནས་ལས་ཚེ། དེར་རྦད་དེ་ལོབས་ནི་མ་རེད། བྱ་འདི……”
    “ད་ལོབས་དགོས་ནི་རེད། ཡུན་གྱིས་ལོབས་ནི་རེད།” སྡེ་དཔོན་ཉི་མས་མོའི་ཚིག་མཚམས་བཅད་ནས་དེ་ལྟར་བཤད་རྗེས། སླར་ཡང་། “དེ་རིང་ལས་རོགས་འགའ་བཙལ་ནས་ཡིན་གཅིག་མིན་གཉིས་འགྲུབ་དགོས་རྒྱུ་རེད། ཁྱིམ་ཚང་མང་ཤོས་ཀྱིས་བཤིག་དགོས་འདུག”ཟེར་ཞོར་དུ། གློ་ཁུག་ནས་ཐ་མག་ཅིག་བླངས་ཏེ་མེ་བསྒོས། ཡུག་ཡུག་ལྡང་བའི་རླུང་པོ་ཡིས་སྡེ་དཔོན་ཉི་མའི་ཀླད་གཙུག་གི་སྐྲ་ལོ་དང་ཁ་ནང་གི་དུ་ཞག་གཉིས་ཕྱོགས་མེད་དུ་འཁྱེར།
    “ཨ་ལ། ཁྱོད་ཀྱིས་ཏོག་ཙམ་སྒུགས་ཨ།” སེམས་སྐྱིད་སྒྲོལ་མ་གློ་རྡེག་ཁྱིམ་དུ་བརྒྱུགས་ནས་འོ་མ་འགྱིག་དམ་གསུམ་བཟུང་སྟེ་ཕྱིར་ཐོན།
    “འདི་ཁྱེད་ཚང་གི་ཨ་ཕར་སྟེར་རོགས།” མོས་ལག་གི་འགྱིག་དམ་དག་སྡེ་དཔོན་ཉི་མར་གཏད།
    “འདི་ཅི་རེད།”
    “སྤོ་བོ་དབང་ལྡན་གྱིས་ནངས་དགོང་ལ་ཇ་ནག་ཏག་ཏག་བཏུང་རྒྱུར་མི་ལོབས་ཀི་ཟེར། ང་དེ་རིང་སྲང་ལ་འགྲོ་ཁར་འོ་མ་དམ་བེ་འགའ་ཉོ་རྒྱུའི་ལས་བཅོལ་ནི་རེད། ”
    “འོ། ཡུན་གྱིས་ལོབས་ནི་རེད་གདའ། ད……”སྡེ་དཔོན་ཉི་མས་འོ་མའི་དམ་བེ་དག་ཚུར་བླངས་རྗེས། རླུང་ཁྲོད་ནས་ཤ་བ་ཤུབ་བེ་ཞིག་ལབ་ཞོར་ཕྱིར་བུད་སོང་ལ། སེམས་སྐྱིད་སྒྲོལ་མས་ཀྱང་ཕྱི་སྒོ་གཏན་ནས་ཤ་བ་ཤུབ་བེ་ཞིག་ལབ་ཞོར་རང་ཁྱིམ་དུ་འཛུལ།
    ཞོགས་པ་འདིར་སྡེ་དཔོན་ཉི་མས་གློ་རྡེག་ཏུ་བསྐྱལ་ཡོང་བའི་གནས་ཚུལ་དེ་ཡིས། སེམས་སྐྱིད་སྒྲོལ་མའི་ལུས་སེམས་གཉི་ག་བློང་བློང་པོར་བཏང་བྱུང་། སྒོ་སྔུན་གྱི་གློག་སྡོང་དང་གློག་སྐུད་ཀྱི་སྟེང་དུ་རྒྱུ་བའི་རླུང་བུ་ནི་སྐད་དང་ལྡན་པ་ཞིག་རེད། སྔ་དྲོའི་ཆུ་ཚོད་དགུ་བ་བརྒལ་འདུག་ནའང་། གཡུ་ལུང་སྡེ་གསར་གྱི་མཐོང་དབྱིངས་ཀུན་ཏུ་རླུང་གིས་བདས་པའི་ས་སྨུག་ངན་ནེ་བ་ཞིག་ལས། ཉི་མའི་འོད་སྣང་ཞེས་པ་ཞིག་ཧ་ལམ་མཐོང་རྒྱུ་མི་འདུག ད་ནི། སེམས་སྐྱིད་སྒྲོལ་མས་གང་མགྱོགས་ངང་ལས་རོགས་འགའ་བཙལ་རྒྱུར་བསམ་བློ་གཏོང་དགོས། མོས་འཕྲལ་དུ་སྐད་འཕྲིན་ཕྱེ་སྟེ་ལས་སྡེབ་བྱེད་རོགས་འགར་བརྡ་བཏང་རྗེས། ཚ་དེམ་ལས་བསང་ཆབ་ཁེམ་གང་བླུགས་ཤིང་བསང་རྩིའི་ཁུག་མ་བཟུང་སྟེ་ཕྱི་རུ་ཐོན།
    རླུང་ཁྲོད་ནས་བསང་མེ་གསོ་རྒྱུ་ནི་ཅི་འདྲའི་དཀའ་ཚེགས་དང་ལྡན་པ་ཞིག་རེད་ཨང་། མོས་འབར་ཞུན་རྐང་གཅིག་མུ་ཟིར་དྲུད། མེ་ལྕེ་ཆུང་ཆུང་རླུང་གིས་བསད། ཡང་བསྐྱར་མུ་ཟིར་དྲུད། ཡང་བསྐྱར་རླུང་གིས་བསད། ཡང་དྲུད། ཡང་བསད། དྲུད། བསད……
    “ལམ་ལ་བསྣར་རྒྱུ་བོ……”
 
ལྔ།
   
    ཉིན་གུང་གི་ཆུ་ཚོད་དང་པོ་བརྒལ་བ་ན། རྡུལ་འཚུབ་བསྐྱིལ་བའི་བྱང་རླུང་དེས་གཞི་ནས་གཡུ་ལུང་སྡེ་གསར་གྱི་ཁོ་ར་ཁོར་ཡུག་ཀུན་ཏོག་ཙམ་གློད་བྱུང་། རང་བྱུང་གནམ་གཤིས་ཀྱི་འགྱུ་ལོག་ཐེངས་འདིའི་རྗེས་སུ། ཞིང་ཕྱུགས་གཉི་ག་གཉེར་མི་དགོས་པའི་སྡེ་མི་ཚོས་རང་ཁྱིམ་དུ་མེ་སྒོང་བརྒྱབ་སྟེ་བསྡད་ནའང་ཆོག་མོད། སེམས་སྐྱིད་སྒྲོལ་མ་ཚང་གི་སྒོ་ར་གྲུ་བཞིའི་ནང་དུ། བུད་མེད་སྐོར་ཞིག་ད་དུང་ཡང་མི་ཁོམ་པའི་ལས་ལ་བྲེལ་གྱིན་འདུག
    “དྲག་ནི་རེད། ད……། ཡང་མིན་ན…… ཡང་མིན་ན་བསང་ཁྲི་བཤིག་ནས་ཕྱུགས་ཁང་གི་གཞོགས་ཀན་ནས་ལས་དགོས་ནི་རེད།” ཨ་ཅེ་དོན་གྲུབ་སྐྱིད་ཀྱིས་བོད་ལྭའི་ཐུ་འདབས་སུ་སྦྱར་བའི་འདམ་བག་འབྲད་བཞིན་དུ། སོམ་ཉི་དང་བཅས་ཏེ་སེམས་སྐྱིད་སྒྲོལ་མར་དེ་འདྲའི་གྲོས་མགོ་ཞིག་བཏོན་བྱུང་།
    “འོ་ལེ། ལམ་ལ་བསྣར་རྒྱུ་བོ་འདི་འགྲུབ་སོང་ན། ཙག་ངར་གྱི་སྔུན་བརྩད་ནས་བསང་ཁྲིའང་སྤོར་དགོས་རྒྱུ་རེད།” སེམས་སྐྱིད་སྒྲོལ་མས་སོ་ཕག་སྒྲིག་ཞོར་དང་འདམ་བག་རྫི་ཞོར་དུ་ཕྱིར་དེ་ལྟར་བཤད་ཅིང་། འདམ་བག་སྙི་རྫི་བྱས་དྲགས་པས་གྱང་སྟེང་ནས་ས་རུ་ཉུང་ཙམ་ཟགས་ནའང་ཅལ་སྒྲ་རིང་ཐུང་གཉི་ག་གྲགས་འོང་།
    “ལོས་འགྲུབ། སྤྱོད་ཁང་སྔ་དྲོ་ཞིག་གི་ཡུན་ལ་ཕལ་ཆེར་འགྲུབ་འདུག ད་ཕྱི་དྲོ་བསང་ཁྲི་ལས་ཡ།” འདི་ནི་སངས་རྒྱས་མཚོའི་སྐད་ཆ་ཡིན། སངས་རྒྱས་མཚོ་ནི་སེམས་སྐྱིད་སྒྲོལ་མའི་ཆུང་སྐྱེས་ཆུང་གྲོགས་ཡིན་པས། མོས་རྣམ་འགྱུར་ཕྲ་མོ་ཞིག་ལས་ཀྱང་སེམས་སྐྱིད་སྒྲོལ་མའི་སེམས་ཁམས་ཀྱི་གྲིམ་ལྷོད་ཚོར་ཐུབ།
    “བྱ་འདི། སྒོ་རའི་ནང་ནས་གཅིན་སྐྱག་གཏོང་རྒྱུར་ལོབས་ནི་མ་རེད།” སེམས་སྐྱིད་སྒྲོལ་མས་འདམ་བག་གི་ནང་དུ་ཆུ་ཞིག་སྣོན་ཞོར་སླར་ཡང་དེ་ལྟར་བཤད།
    “ད་ལོབས་ནི་རེད། སྔོན་ཆད་ཚང་མས་ཟོག་འཚོ་རྒྱུ་མེད་ན་ལོབས་ནི་མ་རེད་ཅེས་ཀི་ཧེ་གཉི་ག་བཏབ་མོད། དེང་སྐབས་ཚང་མ་ལོབས་འདུག ད་རུང……། རྡོ་སོལ་འབུད་རྒྱུ་ལའང་ལོབས་ནི་མ་རེད་ཅེས་ཀི་ཧེ་གཉི་ག་བཏབ་ནི་རེད་མོད། དེང་སྐབས་ཚང་མ་ལོབས་འདུག” སངས་རྒྱས་མཚོའི་ངག་ནས་ཚིག་དེ་འདྲ་ཞིག་དབང་མེད་དུ་ཤོར།
    “སྒོ་རའི་ནང་ནས་གཏོང་མཁན་ཟོག་རེད། ཟོག་གིས་གཙང་བཙོག་ཤེས་ནི་མ་རེད།” ཚེ་བྷོ་གྱང་རྟིང་དུ་ནག་ཙོག་གེར་བསྡད་ནས། གློ་བུར་དུ་དེ་ལྟར་སྒམ་བཤད་ཅིག་བྱས།
    “དེས་ན་སྡེ་དཔོན་གྱིས་སྒོ་རའི་ཕྱི་ནས་གཏོང་མཁན་ཚོ་ཟོག་ཡིན་ནི་རེད་ཟེར་ནོ……”
    “ཡ། ད་ལས།” སངས་རྒྱས་མཚོས་ཚེ་བྷོར་བསམ་བཞིན་མ་ཡིན་པའི་ཁ་མཚར་ཞིག་བཤད་པ་དེས། སེམས་སྐྱིད་སྒྲོལ་མ་ཡང་བསྐྱར་དོགས་མི་བདེ་བར་བྱས་པས། མོས་ལམ་སང་སངས་རྒྱས་མཚོའི་ཚིག་མཚམས་བཅད།
    “……”
    གནམ་ངོ་ཤིན་ཏུ་མི་དྭངས་པའི་དུས་སུ། དུས་ཚོད་ཀྱང་ཤིན་ཏུ་ཐུང་བ་འདྲ་སྟེ། དར་ཅིག་གི་ཡུན་དུ། གཡུ་ལུང་སྡེ་གསར་གྱི་ཁང་ཁྱིམ་ཁོར་ཡུག་ཀུན་ལ་སླར་ཡང་སྨག་མུན་གྱི་སྣེ་མོ་ཟུག་འདུག་ཅིང་། སྡེ་མི་རེ་འགའ་སྲང་ཤུར་ནང་ཕར་འགྲོ་ཚུར་འོང་བྱེད་པ་མ་གཏོགས། ངེས་མེད་ཡན་པའི་ཁྱི་ལྡོམ་དག་ཀྱང་སྔ་ས་ནས་རང་རང་གི་གནས་སུ་ཕྱིན་འདུག་པ་འདྲ། བར་གླགས་འདིར། སེམས་སྐྱིད་སྒྲོལ་མ་ཚང་གི་སྒོ་རའི་ནང་དུ་བསང་དུད་གཉོམ་དུང་ངེ་བ་ཞིག་ལང་ལོང་གཡོ་བཞིན་འདུག་ལ། རླུང་རྒྱུན་ཡར་ཡར་འཕགས་པའི་ཚེ། མོའི་བསང་དུད་ཀྱི་འགྱུ་བའང་ཁྱིམ་ཐབ་གཞན་པའི་དུ་ཁུང་གི་དུ་ཞག་དང་ལྷན་དུ་འདྲེས་ཏེ། རིམ་གྱིས་མཐོངས་ནས་མཐོངས་སུ་འཕགས་ཏེ་ས་རྡུལ་འཐིབས་པའི་ནམ་མཁའ་དང་ཡུག་གཅིག་ཏུ་འདྲེས་པར་བྱེད།
    སྨག་རུམ་ཡོངས་སུ་ཆད་རྗེས། མཛོད་ལུང་མདའ་རུ་ཆགས་པའི་རུ་སྡེ་ཆུང་ཆུང་འདི་སླར་ཡང་དབེན་ཐིང་ངེར་གྱུར་སོང་། སེམས་སྐྱིད་སྒྲོལ་མས་ཐབ་ཚང་གི་ནང་སྒོ་ག་ལེར་གཏན་ཞིང་། མགོ་རས་ཀྱི་སྣེ་མོ་གཉིས་མན་འོག་ཏུ་དམ་པོར་མདུད་དེ་ཕྱི་སྒོར་བུད། ཞི་འཇགས་ཀྱི་མཚན་སྟོད་འདིར། མོའི་གཉིད་ཀྱི་ལུག་ཁྱུ་ཞོགས་ནས་རྒྱང་རིང་ལ་གཤར་སོང་། མོས་རྒྱ་ལམ་འཕྲེད་དུ་བཅད་ནས་མཛོད་ལུང་གྲམ་ངོགས་དེད་དེ་ཕར་ལ་ཕྱིན། དོ་དགོང་། རང་གི་རྡོག་པས་རྩྭ་སྐྱ་གནོན་པའི་ཐྲིག་ཐྲིག་དེའང་ཅི་འདྲའི་གསལ་བ་ལ།
    “བྱ་འདི། ད་ཇེ་འཁྱག་ལ་འགྲོ་རྒྱུ་རེད།” མོས་མགོ་བོ་དགྱེ་ནས་བྱང་ཕྱོགས་ཀྱི་མཁའ་མཐར་ཡེར་བའི་སྤྲིན་སྨུག་ལ་ལྟ་བཞིན་དེ་ལྟར་ཁེར་བཤད་ཅིག་བྱས་ཤིང་། གྲང་ངར་དང་ལྷིང་འཇགས་རེས་ཀྱིས་བསྣོལ་བའི་མཚན་ངོགས་འདིར། མོའི་རྣ་ལམ་དུ་ད་དུང་ཡང་སྡེ་དཔོན་ཉི་མའི“ད་ལོབས་དགོས་ནི་རེད། ཡུན་གྱིས་ལོབས་ནི་རེད” ཅེས་པའི་སྐད་ཆ་དེ་བྲག་ཅ་ལྟར་ཡང་ཡང་མཆེད་འོང་།
    སྨག་མུན་ཇེ་སྟུག་ཏུ་ཕྱིན་པས། མོའི་བོད་ལྭའི་ཚོས་མདོག་དང་ཕྲུག་སྐྱའི་རི་མོ། གཞོན་ཉམས་ཤོར་བའི་གཟུགས་བྱད་དང་དགའ་སྡུག་བར་མའི་ཉམས་འགྱུར་སོགས་གཅིག་ཀྱང་མི་མཐོང་། གྲམ་ངོགས་ཀྱི་ཆུ་རགས་སྟེང་ལ་བྱའམ་ཅི་ཞིག་འཁོར་བཞིན་ཡོད་དམ། ངེས་མེད་གྲགས་པའི་ཧྲོག་སྒྲ་དེས་མོའི་བེམ་རིག་གཉི་ག་ཁ་ཁར་གཏོང་ལ་ཁད་བྱེད་ཅིང་། མིག་ཟུང་ཡང་གཞོགས་དེར་ཅེར་ནས་ཡུན་རིང་འདུག་དགོས་བྱུང་། །

རྩོམ་སྒྲིག་པ། གངས་དགའ།
 
རྩོམ་ཁུངས། 《མཚོ་སྔོན་བོད་ཡིག་གསར་འགྱུར》

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

རྒྱལ་ཡོངས་བོད་ཀྱི་སྒྲུང་ཐུང་འགྲན་སྡུར་སྐབས་གསུམ་པར་བྱ་དགའ་ཨང་གཉིས་པ་ཐོབ་པའི་སྒྲུང་ཐུང་། 《སྤྱོད་ཁང》

2020-12-07 ཚྭ་རྡེའུ།(ཟི་ལིང) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།