དངུལ་རྭའི་འཇམ་དབྱངས་ཀྱི་བརྩམས་སྒྲུང་གྲགས་ཅན། 《ཧ་ཅང་མང་ན་ཧམ་པར་འགྱུར།---བདུད་མོ་གསལ་བའི་འབེལ་གཏམ》
རྩོམ་པ་པོ་ངོ་སྤྲོད།
འཇམ་དབྱངས་སམ་དངུལ་རྭའི་འཇམ་དབྱངས། དབལ་ཤུལ་འཇམ་དབྱངས་གྲགས་འཛིན། དགའ་བློ་བཟང་དཔལ་ལྡན་བཅས་སུ་འབོད་པ་ཁོང་ཉིད་ནི1946ལོར་རྨ་ཁུག་མགོ་ནོར་བུ་དགའ་འཁྱིལ་ཞེས་པའི་འབྲོག་སྡེ་ཆེན་པོ་དངུལ་རྭ་ལྷ་སྡེ་ཞེས་བྱ་བའི་རྔ་བ་རུ་སྐོར་ནས་སྐྱེས། 1957ལོར་བླ་བྲང་བོད་རིགས་སློབ་ཆུང་འགྲིམ་པ་ནས་བཟུང་རིག་གནས་ཡོན་ཏན་སྦྱངས་པའི་གོམས་སྟབས་ལྷོད་མ་མྱོང་། སྐབས་དེའི་སྤྱི་ཚོགས་ནི་དུས་བདེ་གནས་འཇམ་ཞིག་མིན་ཡང་། 1966ལོར་ནུབ་བྱང་མི་རིགས་སློབ་གླིང་གི་ལས་བྱེད་སྦྱོང་བརྡར་འཛིན་གྲྭར་ཞུགས་ཏེ་བོད་རྒྱ་རིས་སུ་མ་ཆད་པའི་བཀའ་དྲིན་སྐུ་དྲིན་ཅན་གྱི་བཤེས་གཉེན་དུ་མའི་ཞབས་ལ་གཏུགས་ཏེ་འབྲིང་རིམ་ཆེད་གཉེར་གྱི་བསླབ་འབྲས་མཚན་རྟགས་བླངས། 1968ལོར་ཕྱིར་ལོག་ན་གཞོན་དུ་གྱུར་པའི་ཁོང་ཉིད་ཐབས་ཟད་འུ་ཐུག་ཏུ་མ་གནས་པར་ལོ་དེར་རང་ཡུལ་ནས་དམངས་སྒྲུབ་དགེ་རྒན་གྱི་བགྱི་བ་དོན་དུ་གཉེར་ཏེ་སྦྱངས་པའི་ཡོན་ཏན་ལག་ལེན་བྱེད་པའི་སྒོ་འཕར་ཁད་ཀྱིས་ཕྱེ།
ཁོང་གིས་ཕ་ཡུལ་ནས་དགེ་རྒན་དང་རྐང་རྗེན་སྨན་པ། གཞི་རིམ་སྲིད་གཞུང་གི་ལོ་ཙཱ་བ་བཅས་ཀྱི་ལས་འགན་ཞར་དང་ཞོར་དུ་བཞེས་ཏེ། དཀའ་ལས་སྐུ་ཚེགས་ལ་མ་འཛེམ་པར་བྱིས་པ་རྣམས་ལ་ཤེས་རིག་གི་འོད་སྣང་སྦྱིན་ལ། གཞོན་ནུ་རྣམས་ཀྱི་ཡིག་རྨོངས་ཀྱི་མུན་པ་སེལ་བར་བྱས། 1973ལོར་ཁོས་རྩོམ་སྒྲིག་བྱས་པའི《འབྲོག་པའི་ཡི་གེ་ཤེས་བྱའི་བསླབ་དེབ》ཞེས་པ་པར་དུ་བསྐྲུན་ཏེ་རྫོང་ཡོངས་ལ་བཀྲམ་ཞིང་། དེ་ལ་ཡོངས་གྲགས་སུ་འཇམ་དབྱངས་ཀྱི་ཀ་ཁ་ཞེས་བྱ།། བསླབ་དེབ་དེ་རྩོམ་སྒྲིག་བྱེད་སྐབས་རིག་གསར་གྱི་སྒང་ཡིན་པས་མི་སྒེར་གྱིས་བརྩམས་ཀྱང་ཐུན་མོང་ཞིག་གི་མིང་མེད་ན་ཁྲིམས་འགལ་ལུགས་འགལ་དུ་བརྗོད། དེ་བས་རྒན་འཇམ་དབྱངས་ཀྱི་བསླབ་དེབ་དེའང་རྨ་ཆུ་་རྫོང་དངུལ་རྭ་ཀུང་ཧྲེ་རྟར་ཆེན་རུ་ཆེན་ནས་བསྒྲིགས་ཞེས་བཀོད་ཡོད། བསླབ་དེབ་དེ་པར་དུ་འདེབས་པའི་དམིགས་ཡུལ་གཙོ་བོ་ནི་སྐབས་དེའི་མང་ཚོགས་ཀྱི་བོད་ཡིག་སློབ་པའི་རེ་བ་བསྐོང་བའི་ཆེད་དུ་ཡིན། ནང་དོན་ལ་ལས་དང་བོ་བ་རྣམས་ཀྱི་བློ་ཁ་དང་འོས་ཤིང་འཚམ་པའི་ཀ་མད་སུམ་ཅུའི་སྦྱོར་ཀློག་ནས་འགོ་བཙུགས་ཏེ་ཐུན་མོང་དུ་བཀོལ་རྒྱ་ཆེ་བའི་མིང་ཚིག་སུམ་བརྒྱ་ལྷག་བཀོད་ཡོད། ཁྱད་ཆོས་གཙོ་བོ་ནི་དེར་བཀོད་པའི་མིང་ཚིག་ཚང་མ་བོད་རྒྱ་ཤན་སྦྱར་གྱིས་གྲུབ་ལ། དེ་ལས་ཐུན་མོང་མ་ཡིན་པ་ནི་ཕ་རུས་མ་རྒྱུད་སྐོར་གྱི་མིང་དང་ལོ་རྒན་དྲུག་ཅུའི་མིང་བོད་རྒྱ་ཤན་སྦྱར་གྱིས་བཀོད་ཡོད་པ་སོགས་ཀྱི་ཁྱད་ཆོས་ལྡན། གོ་ཐོས་ལྟར་ན། རྗེས་སུ་ཕྱི་རྒྱལ་གྱི་ཤེས་ལྡན་པ་ཁ་ཤས་ཀྱིས་དུས་སྐབས་དེར་ཀྲུང་གོའི་ནང་ཁུལ་དུ་བོད་མི་རིགས་ཀྱི་སྐད་ཡིག་ལ་དོ་སྣང་མ་བྱས་པས་རྨང་གཞིའི་བསླབ་དེབ་ཅིག་ཀྱང་མེད་པ་རེད་ཅེས་བཤད་དུས། ཡོད་རྟགས་སུ་རྒན་འཇམ་དབྱངས་ཀྱི་བསླབ་དེབ་འདི་སྒྲུབ་བྱེད་དུ་བསྟན་པའི་བཤད་སྲོལ་ཡོད། གང་ལྟར། བསླབ་དེབ་དེ་ནི་བཅིངས་འགྲོལ་རྗེས་ཀྱི་འབྲོག་པའི་རུ་ཆེན་ཞིག་ནས་བསྒྲིགས་པའི་བོད་ཀྱི་སྐད་ཡིག་གི་རྨང་གཞིའི་བསླབ་དེབ་ཐོག་མ་རེད་ཅེས་བརྗོད་ཀྱང་ཆོག
1975ལོར་དམངས་སྒྲུབ་དགེ་རྒན་འཇམ་དབྱངས་ལགས་རྨ་ཆུ་རྫོང་བོད་འབྲིང་དུ་ལས་གནས་སྤར་ཏེ་སྐབས་གཉིས་ལ་འབྲིང་རིམ་ཆེད་གཉེར་དགེ་རྒན་གྱི་འཛིན་གྲྭ་ཐོག་མ་གཉིས་ཀྱི་འཛིན་གྲྭའི་གཙོ་བདག་དང་དཔེ་ཁྲིད་གཙོ་བོའི་འགན་གཅིག་ལྕོགས་སུ་འཁུར་ནས་རབས་དང་བོའི་རང་སའི་སློབ་མ་སྐོར་ཅིག་བྱམས་དང་དྲིན་གྱིས་བསྐྱངས། སྐབས་དེའི་ཁོའི་སློབ་མ་རྣམས་ལས་འགའ་ཞིག་ད་ལྟའི་རྨ་ཆུ་རྫོང་གི་སྤྱི་ཚོགས་ལས་རིགས་སོ་སོར་ཀ་བ་དང་གདུང་མའི་ཚད་དུ་སླེབས་ཡོད།
1978ལོར་ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཤིང་སྲིད་ཇུས་དོན་ཐོག་ཏུ་བབས་པས། ཁོང་ཡང་རྒྱལ་ཁབ་ཀྱི་ལས་བྱེད་པ་ངོ་མར་གྱུར། ཕྱི་ལོར་རྨ་ཆུ་རྫོང་རིག་སློབ་ཅུས་ཀྱི་ཅུས་ཀྲང་གཞོན་པར་བསྐོས་ཤིང་། 1981ལོར་རྨ་ཆུ་རྫོང་མི་དམངས་སྲིད་གཞུང་གི་རྫོང་དཔོན་གཞོན་པའི་གོ་གནས་ཐོབ། མི་ལོ་བཞི་བཅུ་ཡས་མས་སུ་རྫོང་སྲིད་གཞུང་གི་རྫོང་དཔོན་གཞོན་པ་དང་དམངས་ཆེན་ཀྲུའུ་རེན་གཞོན་པ། ཀན་ལྷོ་ཁུལ་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་བཅས་དང་། ཀྲུང་གོའི་གྲངས་ཉུང་མི་རིགས་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མིའམ། ཀན་སུའུ་ཞིང་ཆེན་བོད་རིག་པ་ཞིབ་འཇུག་ཚོགས་པའི་ལས་འཛིན་ལས་གནས་སོགས་སུ་བག་ཡོད་ཚུལ་ལྡན་གྱི་སྤྱོད་པས་རྒྱལ་ཁབ་ཀྱི་བྱ་བར་མགོ་འབུལ་ལུས་འབུལ་བྱས།
རྒན་འཇམ་དབྱངས་ལགས་ཀྱིས་བྱ་བའི་ཞོར་ལ་རྩོམ་རིག་དང་ལོ་རྒྱུས། གླིང་སྒྲུང་ཞིབ་འཇུག གནས་སྐོར་ཟིན་བྲིས། དམངས་སྲོལ། སྲིད་དོན་གཏམ་བཤད་ཀྱི་སྐོར་སོགས་ལ་ལྗགས་རྩོམ་གང་མང་གནང་ཞིང་། དེའི་ཁྲོད་དུ་བོད་ཀྱི་ལོ་རབས་བརྒྱད་ཅུ་བའི་རྩོམ་རིག་གར་སྟེགས་སུ་རྒྱུ་སྐར་དབུས་ན་ཟླ་བ་ལྟར་གསལ་བ་དཔེར་ན། 《ཀན་ལྷོའི་གསར་འགྱུར》སྟེང་བཀོད་པའི་ལྷུག་རྩོམ《འབྲོག་ཕྲུག་སྣང་བསོར་གཉིས》ལ1982ལོའི་ཟླ5པར་ཀན་ལྷོ་ཁུལ་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས་ཀྱི་སྐབས་དང་པོའི་རྩོམ་རིག་བྱ་དགའ་ཨང་གསུམ་པ་ཐོབ། ཡང་ལོ་དེར་བྲིས་པའི《ཟླ་ཟེར》གསར་སྤེལ་གྱི་དེབ་དང་པོའི་ཐོག་བཀོད་པའི་སྒྲུང་འབྲིང་གྲགས་ཅན《ཧ་ཅང་མང་ན་ཧམ་པ་འགྱུར།---བདུད་མོ་གསལ་བའི་འབེལ་གཏམ》ལ1985ལོར་ཁྲིན་ཏུའུ་ནས་འཚོགས་པའི་ལྗོངས་དང་ཞིང་ཆེན་ལྔའི་བོད་ཀྱི་རྩོམ་རིག་གསར་རྩོམ་གྱི་བྱ་དགའ་ཨང་དང་པོ་ཐོབ་ཅིང་། བརྩམས་སྒྲུང་འདི་དང་གཞན་ཡུལ་སྐོར་ཟིན་བྲིས《བསམ་ཡས་གཙུག་ལག་ཁང་དང་བསམ་ཡས་ཞེས་བྱ་བ་གཉིས་སུ་གནས་སྐོར་དུ་སོང་བའི་མཐོང་ཐོས》《རྒྱལ་མོ་ཚ་བ་རོང་དུ་གནས་སྐོར་དུ་ཕྱིན་པའི་མཐོང་ཐོས》《དབུས་གཙང་དུ་གནས་སྐོར་བྱས་པའི་མཐོང་ཐོས》དང་དཔྱད་རྩོམ《རྨ་ཆུ་རྫོང་གི་འབྲོག་སྡེ་ཆགས་ཚུལ་གྱི་སྐོར》བཅས《ཟླ་ཟེར》དུས་དེབ་ཏུ་བཀོད་ཅིང་ལོ་འཁོར་ཉི་ཤུའི་ལེགས་རྩོམ་དུ་ཡང་བདམས་བཀོད་བྱས་ཡོད། 1983ལོའི《ཟླ་ཟེར》སྟེང་བཀོད་པའི་ལྷུག་རྩོམ《ཁོ་ཆད་རྒྱུ་མེད་པའི་འབྲོག་ཕྲུག་མ》ཞེས་པར1994ལོར་ཀན་སུའུ་ཞིང་ཆེན་གྱི་རྩོམ་རིག་གསར་རྩོམ་གྱི་བྱ་དགའ་ཨང་གཉིས་པ་ཐོབ། 1987ལོར《ཟླ་ཟེར》སྟེང་བཀོད་པའི《རྒྱལ་མོ་ཚ་བ་རོང་དུ་གནས་སྐོར་དུ་ཕྱིན་པའི་མཐོང་ཐོས》ལ1991ལོའི་ཟླ10བར་ཀན་སུའུ་ཞིང་ཆེན་གྱི་ཐེངས་གསུམ་པའི་རྩོམ་རིག་དཔྱད་འདེམས་ཁྲོད་ཀྱི་གྲངས་ཉུང་མི་རིགས་ཀྱི་རྩོམ་ཡིག(ལྷུག་རྩོམ)ཕུལ་བྱུང་བྱ་དགའ་ཐོབ། ཀྲུང་གུང་ཀན་ལྷོ་ཁུལ་ཨུ་དང་ཀན་སུའུ་ཞིང་ཆེན་རྩོམ་པ་པོ་ལྷན་ཚོགས། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས། 《ཟླ་ཟེར》དུས་དེབ་རྩོམ་སྒྲིག་ཁང་བཅས་ཀྱིས2002ལོའི་ཟླ9པར་ཟླ་ཟེར་བསྐྲུན་ནས་ལོ་འཁོར་ཉི་ཤུ་ལོན་པའི་ཕུལ་བྱུང་བྱ་དགའ(བརྩམས་སྒྲུང)བཅས་གནང་བ་དང་། གཞན་རྨ་ཆུ་རྫོང་གི་ལོ་རྒྱུས་ཀྱི་རབས་དང་པོའི་རྩོམ་སྒྲིག་གི་ལས་ལ་འགོ་ཁྲིད་ཅིང་། 1989ལོ་ནས《ཟླ་ཟེར》སྟེང་བཀོད་པའི《གུང་ཐང་སྐུ་ཕྲེང་རིམ་བྱོན་གྱི་མཛད་རྗེས་མདོར་བསྡུས》དང《དངུལ་རྭའི་སྡེ་རྒྱུས》《བྱམས་མེ་སྡེ་རྒྱུས》《མཚོ་སྔོན་བོད་ཡིག་གསར་འགྱུར》སྟེང་བཀོད་པའི་མི་རིགས་སློབ་གསོའི་སྐོར་སོགས་ལྗགས་རྩོམ་བསྡོམས་པས་ལྔ་བཅུ་ཡས་མས་བཀོད་པས་བོད་ཀྱི་དེང་རབས་རྩོམ་རིག་གི་ཞིང་སར་གསེར་མདོག་གི་སྙེ་མ་ལྗིད་ཏིག་ཏིག་གིས་སྨིན་ཡོད།
དེ་ལས་ཀྱང་རྒན་འཇམ་དབྱངས་ལགས་ཀྱིས་གླིང་སྒྲུང་ཞིབ་འཇུག་གི་ཁྱབ་ཁོངས་སུ་བྱས་རྗེས་བླ་མེད་བཞག་ཅིང་། སྒོས་སུ་གླིང་གེ་སར་གྱི་དར་ཡུལ་ཏེ་རྨ་ཁུགས་སོ་དང་བོའི་གླིང་སྒྲུང་རིག་གནས་སྔོག་འདོན་དང་། སྲུང་སྐྱོབ། རྒྱུན་འཛིན། དྲིལ་སྒྲོག ཞིབ་འཇུག་བཅས་ཀྱི་བྱ་བར་བསུབ་ཐབས་མེད་པའི་བྱས་རྗེས་བཞག རྨ་ཆུ་རྫོང་ནི་གླིང་གེ་སར་གྱི་དར་ཡུལ་ཡིན་པའི་སྒྲུབ་བྱེད་དུ། རྨ་སྨད་གཡུ་ལུང་སུམ་མདོ། མཐོན་པོ་དགུ་སྒྲིལ་ལ་སོགས་སྐད་གྲགས་ཅན་གྱི་གླིང་ཤུལ་ངོས་འཛིན་བྱེད་པར་བོད་ཀྱི་ལོ་རྒྱུས་དང་སྒྲུང་དཔེ་སོགས་ཡིག་ཆ་ཁུངས་བཙུན་ཅན་ཇི་སྙེད་ཅིག་ལ་ཞིབ་མོར་འཇལ་ཞིང་དཔྱད་པའི་མཐར་ངལ་བ་རྒྱབ་ཏུ་དོར་ཏེ་རྨ་ཆུ་རྫོང་གི་རི་ལུང་སོ་སོའི་ཡུལ་དངོས་ཞབས་ཀྱིས་བཅག་ལ་ཕྱག་གིས་བླངས་ཏེ། བྱེ་མ་ལས་གསེར་བཙག་པ་བཞིན་སྒྲུང་དཔེ་དང་ཐོད་ཐུག་པའི་གླིང་ཤུལ་གྱི་གནས་རྟགས་བདུན་ཅུ་དོ་བདུན་ཁོལ་བྱུང་དུ་བཏོན།
2004ལོའི་ཟླ་བདུན་པར་ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་གེ་སར་ཞིབ་འཇུག་གཞུང་སྒྲུབ་ཁང་གི་སྐབས་དེའི་ཀྲུའུ་རེན་དབྱང་ཨིན་ཧུང་འཁོར་དང་བཅས་མི་ལྔ་རྨ་ཆུ་རྫོང་དུ་ཕེབས་ནས་གེ་སར་རིག་གནས་ལ་ཉིན་གསུམ་གྱི་རིང་ཕྱོགས་ཡོངས་ནས་རྟོག་ཞིབ་བྱས་རིང་། འཇམ་དབྱངས་ལགས་ཀྱིས་བཏོན་པའི་གླིང་ཤུལ་དོན་བདུན་པོའི་གནས་རྟགས་ལ་རྒྱུས་ལོན་དང་རྫོང་ཁོངས་ཀྱི་སྒྲུང་བའི་འཚོ་སྟངས་སམ། གླིང་སྒྲུང་ཞིབ་འཇུག་དང་སྲུང་སྐྱོབ་ཀྱི་རྣམ་པར་ཞིབ་ཕྲའི་རྟོག་ཞིབ་གནང་རྗེས། རྨ་ཆུ་རྫོང་ནི་རྒྱལ་ཡོངས་ཀྱི་རྫོང་རིམ་པའི་ལས་ཁུངས་ཁྲོད་དུ་གེ་སར་རིག་གནས་དར་ཁྱབ་ཆེ་ས་དང་། ཆེས་གསོན་ཤུགས་ལྡན་པའི་ས་ཁུལ་ཡིན་པར་ངོས་བཟུང་ཞིང་ཐག་བཅད་དེ། རྨ་ཆུ་རྫོང་སྔ་མོ་ནས་འཛམ་གླིང་གི་གཟུགས་འདས་རིག་དངོས་ཤུལ་བཞག་ཏུ་འཇོག་པར་ཡར་ཞུ་བྱེད་པར་སྐུལ་ལྕག་མཛད། ཕྱིས་སུ2009ལོར་གླིང་སྒྲུང་འཛམ་གླིང་གི་གཟུགས་འདས་རིག་དངོས་ཤུལ་བཞག་ཏུ་བདམས་པར་རྨ་ཆུའི་གེ་སར་སྟོང་སྒྲ་དང་རྨ་ཆུ་རྫོང་གི་གླིང་ཤུལ་རྒྱུ་ཆ་གཙོ་གྲས་སུ་གྱུར་སྟབས། 2007ལོར་རྨ་ཆུ་རྫོང་དུ་སྐབས་དྲུག་པའི་རྒྱལ་སྤྱིའི་གེ་སར་རིག་གནས་དཔྱད་གླེང་ཚོགས་འདུ་ཚོགས་ཐུབ་པའི་རྒྱུ་རྐྱེན་དེ་ཡང་གེ་སར་ཆེད་མཁས་རྣམ་པས་ས་ཁུལ་འདིའི་གེ་སར་རིག་གནས་རྫོང་མཐུག་པར་ཡིད་རྟོན་གྱིས་ཁས་བླངས་པའི་མཚོན་རྟགས་སུ་མངོན་པས་མདོར་དྲིལ་ན་དེ་དག་ཀྱང་འཇམ་དབྱངས་ལགས་ཀྱིས་སྣེ་ཁྲིད་པའི་རྨ་ཆུ་ས་ཁུལ་གྱི་གེ་སར་ཆེད་མཁས་པ་རེ་ཟུང་དང་འགོ་ཁྲིད་རེ་ཟུང་གི་བཀའ་དྲིན་ལས་མ་འདས།
ལོ་རབས་བརྒྱད་ཅུ་བ་ནས་བཟུང་རྒན་འཇམ་དབྱངས་ལགས་བོད་ལྗོངས་དང་ནང་སོག སི་ཁྲོན། མཚོ་སྔོན། པེ་ཅིང་སོགས་སུ་རྒྱལ་སྤྱི་དང་རྒྱལ་ཡོངས་རང་བཞིན་ཅན་གྱི་གླིང་སྒྲུང་ཞིབ་འཇུག་གི་བགྲོ་གླེང་ཚོགས་འདུ་ཐེངས་མང་པོར་ཞུགས་པ་མ་ཟད། དཔྱད་རྩོམ《རྨ་ཆུ་རྫོང་གི་གླིང་ཤུལ་སྐོར་ཞིག》དང《རྨ་སྨད་གཡུ་ལུང་སུམ་མདོ》སོགས་རྒྱལ་ཁབ་ཕྱི་ནང་གི་གླིང་སྒྲུང་ཆེད་མཁས་པའི་ཁྲོད་དུ་ཚོགས་ཐོག་ནས་བགྲོ་གླེང་བྱས་པས་གདེང་འཇོག་མཐོན་པོ་ཐོབ་པ་མ་ཟད། ད་དུང་གླིང་སྒྲུང་ཞིབ་འཇུག་གི་དཔྱད་གཞིའི་རྒྱུ་ཆ་དཔེ་དེབ་དང་དུས་དེབ་མང་བོའི་སྟེང་ཡང་དང་བསྐྱར་དུ་བཀོད་པས་བག་ཆགས་མི་དམན་པ་བཞག
ཚུལ་དེ་དང་དེ་ལྟ་བུའི་འོག་ནས། 2008ལོའི་ཟླ4བར་ཀྲུང་གུང་རྨ་ཆུ་རྫོང་ཨུ་དང་རྨ་ཆུ་རྫོང་མི་དམངས་སྲིད་གཞུང་གིས་རྒན་འཇམ་དབྱངས་ལགས་ལ་གེ་སར་ཞིབ་འཇུག་གི་བྱ་བའི་ཁྲོད་གྲུབ་འབྲས་མངོན་གསལ་བཞག་པར་བྱ་དགའི་རྟགས་མ་དང་སྒོར་ཁྲི་གཅིག་གནང་སྟེ། ཁོང་གི་མཛད་འཕྲིན་ལ་གོང་བཀུར་བྱས།
གེ་སར་རིག་པའི་ཆེད་མཁས་པ་འཇམ་དཔལ་རྒྱ་མཚོ་ལགས་ཀྱིས་རྒན་འཇམ་དབྱངས་ཀྱི་སྐད་ཆ་ནི་ཚིག་ཉུང་ལ་དོན་ཟབ་པ། གནད་ལ་ཕོག་ཅིང་དགོད་སློང་བའི་སྒྱུ་རྩལ་གྱི་ཉམས་ཀྱིས་ཕྱུག་ཅེས་གདེང་འཇོག་དོན་ལ་གནས་པ་བྱས་ཡོད་པ་ནང་བཞིན། རྒན་འཇམ་དབྱངས་ལགས་ནི་སྨྲ་བརྗོད་ལ་མཁས་ཤིང་སྐད་སྒྱུར་ལོ་ཙཱ་ལ་བྱང་བ་ཀུན་གྱི་སྨོན་ཡུལ་དུ་གྱུར་པ་ཞིག་ཡིན།
རྒན་འཇམ་དབྱངས་ལགས་ཀྱིས་ཁོ་བོར་བོད་ཀྱི་དམངས་ཁྲོད་རིག་གནས་གླིང་སྒྲུང་སོགས་ཕྱོགས་མང་བོའི་ཐད་ཐོག་མའི་རྨང་གཞི་འདིང་མཁན་ནི་དྲིན་ཅན་ཕ་མ་གཉིས་གཙོ་བྱས་པའི་རྫོང་གི་རུ་སྡེ་མང་བོའི་ནང་གི་མཐོང་ཐོས་མོད་པའི་བགྲེས་པོ་ཚོ་ཡིན་ལ། དེ་ལས་སྒོས་སུ་རྗེ་གུང་ཐང་བསྟན་པའི་དབང་ཕྱུག་རིན་པོ་ཆེའི་སྐུ་རྗེས་སུ་ཐེངས་མང་སྙེག་པའི་སྐལ་བཟང་ལྡན་ཞིང་ལྷ་ཆོས་དང་མི་ཆོས་ཀྱི་གདམས་པ་གང་མང་བསྩལ་བ་ལས་སྤོབས་པ་དང་མོས་ཤུགས་ཆེར་བསྐྱེད་བྱུང་ཟེར་རོ།།
སྤྱི་བོད་ཀྱི་རིག་གནས་དང་བྱེ་བྲག་ས་གནས་ཀྱི་རིག་གནས་རྒྱུད་འཛིན་དང་འཕེལ་རྒྱས་གཏོང་བར་ཕྱག་རྗེས་ཆེ་བའི་མཁས་པ་ཁོང་2020ལོར་སྐུ་ཚེའི་འཕེན་པ་རྫོགས་སོ།།
(རྩོམ་པ་པོའི་མཚམས་སྦྱོར་མདོར་བསྡུས་འདི་ཀན་ལྷོ་གསར་འགྱུར་ཁང་གི་གཞུང་ཕྱོགས་དྲ་བ་ནས་བཏུས་ཤིང་ངེད་དྲ་བས་འོས་འཚམ་གྱིས་འགྱུར་བཅོས་བཏང་ཡོད། མ་རྩོམ་གྱི་དྲ་ཐག་http://tb.gnxblzx.com/index.php?m=content&c=index&a=show&catid=51&id=863 ཡིན)
ཧ་ཅང་མང་ན་ཧམ་པར་འགྱུར།
__བདུད་མོ་གསལ་བའི་འབེལ་གཏམ།
འགོ་བརྗོད།
དེ་ཡང་། སྟོད་ན་གངས་རི་འབྲས་དཀར་གྱི་ལྷུན་པོ་སྤུངས་འདྲ། སྨད་ན་མཚེའུ་རྨ་བྱའི་སྒྲོ་མདངས་ལྟར་རྣམ་པར་བཀྲ་བའི་ཁོར་ཡུག་ཏུ། རྨ་ཆུ་ལུ་མ་ནུབ་ནས་ཤར་ལ་མཆོང་བའི་སྐབས་སུ། གློ་བུར་དུ་དལ་བར་ལྡེམ་པའི་ཚུལ་གྱིས་བྱང་ཕྱོགས་སུ་འཁྱོག་པའི་ཀློང་ན། རྩི་ཤིང་མེ་ཏོག་ཚར་དུ་དངར་བའི་རིགས་ལ། ཤུག་པ་དང་ཐང་ཤིང་གི་ལྗོན་པ་དག་ནི་ཨ་སྔོན་གྱི་དབྱིངས་སུ་ཟུག་པ། ལྕང་མ་དང་གླང་མ། འོམ་བུ་དང་ཀླ་ཁེ་ཚང་ཚིང་འཁྲིགས་པའི་རྫོང་ནི་རྟ་བོའི་བང་གིས་མི་གཤོགས་ཤིང་། ཞུ་མཁན་དང་སུ་རུ། སྤེན་མ་དཀར་ནག་ལ་སོགས་པའི་ཚལ་ནི། དུས་ཚིགས་དང་བསྟུན་ཏེ། དཀར་སེར་དམར་ལྗང་སྔོ་བའི་ཁ་དོག་གི་ལང་ཚོ་ནི། གོས་ཆེན་ཁ་ཕྱེས་པ་ལྟ་བུ་མཛེས་ཤིང་སྡུག་པ། རི་སྒང་ཤོད་གསུམ་གྱི་སྤང་ལྗོངས་ན། ཉིན་རྩྭ་བལ་དཀར་གྱི་ཁ་ཆུ་དང་མཚུངས་ལ། སྲིབ་རྩྭ་རྒྱ་མོའི་ཅ་ལ་དང་འདྲ་ཞེས་བྱ་བའི་རྩྭ་ནི་བཅུད་ཆེ་བ་མར་ཁུའི་མཚོ་མོ་རུ་འབོད་ཅིང་། རྒྱལ་བོ་སྤྱན་གཅིག སྤང་རྩི་དོ་བོ། རྫ་རི་བསིལ་བ། གཡུ་མོའི་མདེའུ་འབྱིན་ལ་སོགས་པའི་མེ་ཏོག་སྟོང་ལྡན་གྱི་དགའ་ཚལ་ནི་འདེབས་མི་དགོས་རང་སྐྱེ་བྱེད་པ། དོམ་དང་གཟིག གསའ་ལ་སོགས་པའི་གཅན་གཟན་དང་། ཁྲི་སྙན་ས་ལེ་ཤ་བ་ཡུ་མོ། ཁ་ཤ་རྒོ་བ། གཉན་དང་རྣ། ཤ་རྒྱ་དང་ར་རྒྱ། རྐྱང་དང་འབྲོང་ལ་སོགས་པའི་རི་དྭགས་ཀྱི་ཚོགས་ནི་གསོ་མི་དགོས་རང་འཁོར་བྱེད་པའི་ཚུལ་ནི། ངོ་མ་དབྱར་དྲུག་པའི་ཁུ་བྱུག་སྔོན་མོ། འདིར་བོས་པ་མིན་པར་ཡོང་བ་རེད། ཟླ་བཞི་བའི་མེ་ཏོག་སེར་ཆེན། འདི་བཏབ་ནི་མ་རེད་སྐྱེས་ནི་རེད། ཟེར་བའི་དཔེ་ལྟ་བུ་ཡིན་ནོ།། གཞན་ཡང་། རྒོད་དང་གླག་གོ་བོ་དང་གོང་མོ། སྐྱ་ཀ་དང་བྱ་རོག་ལ་སོགས་འདབ་ཆགས་དང་། དུས་ཚིགས་ཀྱི་རྟགས་མཚན་དུ་འབོད་པའི་བྱ་རིང་བྱེའུ་རིང་བཅོ་བརྒྱད་བཅས་པའི་སྐད་སྙན་མོའི་འགུག་ནི་རོལ་མོའི་སྒྲ་དང་འགྲན་བཞིན་པར། ཡུལ་ལྗོངས་འདི་ནི་དཔྱིད་ཀྱི་དུས་སུ་རྨ་བྱའི་སྒྲོ་མདངས་ལྟར་རྣམ་པར་བཀྲ་ཞིང་། སྟོན་གྱི་ཚེ་ན་གོས་ཆེན་ཟ་འོག་གི་རི་མོའི་ཁ་དོག་ལས་མཛེས་ལ། དབྱར་གྱི་མོད་ལ་པཉྩ་ལི་ཀའི་འོད་མདངས་འབར་ཞིང་། དགུན་གྱི་སྐབས་སུ་དངུལ་གྱི་མཆོད་རྟེན་གྱི་དཔུང་དང་མཚུངས་པར། དུས་ཚིགས་བཞི་ལ་སྣང་ཚུལ་མི་མཐུན་པ་བཞི་དུས་སུ་མངོན་པའོ།།
ཡུལ་ལྗོངས་འདིའི་བཅུད་ཀྱི་མི་ཕྱུགས་དང་ལོངས་སྤྱོད་ཀྱི་ཆ་ནས་མཚོན་ན། རྨ་ཆུ་འཐུང་བའི་རྟ། དཔྱི་ཆུ་འཐུང་བའི་ལུག རྩེ་ཆུ་འཐུང་བའི་མཛོ། ཀླུ་ཆུ་འཐུང་བའི་གཡག་ཅེས། རྟ་བོ་བྲིག་ཞེང་ཅན། རྒོད་མ་ཐེར་ཞེང་ཅན། མཛོ་བོ་རྭ་ཁ་ཅན་ནམ། ཡང་ན། འབྲི་ཐུལ་ལུ་ནུ་ལེགས་ཅན། གཡག་རོག་པོ་ཞོལ་རྩུད་ཅན། ལུག་གཡང་དཀར་བལ་རྫོང་ཅན་དག་གིས་ཁྱུ་དང་ཁྱུ་བྱས་ནས་རི་ཀླུང་ཐང་གསུམ་ཁྱབ་ཡོད་པ་ནི། གླིང་གི་རྟ་རྒྱུད། མངའ་རིས་ལུག་རྒྱུད། སུམ་པའི་ནོར་རྒྱུད་སྨད་ནས་འཕེལ་བ་ཡིན་ཞེས་པའི་ལོ་བརྒྱ་ཐུབ་པའི་མི་མེད་རུང་། བསྐལ་བ་སྟོང་གི་ཚིག་ཡོད། འོ་ན། མཛེས་པའི་ཡུལ་ལྗོངས་དེའི་མིང་ལ་ཇི་སྐད་བྱ་ཞེ་ན། བོད་མི་ཚོས་རིང་མོ་ཉིད་ནས་གླིང་ས་མཐོང་བ་ཀུན་སྨོན་ཞེས་འབོད་ལ། རྒྱ་མི་ཚོས་ཁྲི་མ་འབུམ་གླིང་ཞེས་བྱའོ།།
ལེའུ་དང་བོ།
ཆོས་ཉིད་བཤད་ན་དེ་ཉིད་ཅིག། འཇིག་རྟེན་བཤད་ན་མགོ་ཁུངས་ཤིག།
དེ་འདྲའི་འབྲོག་རུ་ཆེན་པོ་ཞིག་གི་ཁྲོད་ན་མཚེའུ་དམར་མི་དམངས་ཀུང་ཧྲེ་ཟེར་བ་ཞིག་ཡོད། ཀུང་ཧྲེ་དེའི་ཁོངས་གཏོགས་ན་རུ་ཆེན་དགུ་མངའ་བའི་ནང་ཚན་དུ། དར་ལུང་དང་དོན་ལུང་ཞེས་པའི་རུ་ཆེན་གཉིས་གནས་པ་ལ། དོན་ལུང་རུ་ཆེན་ནི་བརྒྱ་རྟ་སྟོང་ལུག་ཅན་གྱི་ཕྱུགས་གསར་ཞིག་ཡིན་ཞིང་། དར་ལུང་རུ་ཆེན་ནི་རྒྱུ་མགོ་ནས་ལྷུང་བཞིན་པའི་རུ་ཆེན་མེད་པོ་ཞིག་རེད།
དོན་ལུང་རུ་ཆེན་གྱི་འབྲི་དཀོན་མཆོག་བཟང་བོ་ཚང་ལ་འབྲི་བཟའ་ཚེ་རིང་ལྷ་སྐྱིད་ཟེར་བའི་བུ་མོ་ན་ཆུང་མ་ཞིག་ཡོད་པ་དེ། ན་ནིང་ཀུང་ཧྲེའི་སློབ་གྲྭའི་ནང་ནས་མཐར་ཕྱིན་ཏེ། ད་ལྟ་རུ་ཆེན་དེའི་འཕྲོད་བསྟེན་ཁང་གི་སྨན་པ་ཡིན་ལ་གུང་གཞོན་ཚོགས་པའི་མིའང་ཡིན། བུ་མོ་དེ་ནི་འཇམ་གཤིས་ཀ ཤེས་ཡོན་ཏན། ལག་ལས་ཀ ཡག་བལྟས་རུ། བློ་རིག་པ། གཟུགས་ལང་ཚོ་སོགས་ཆ་གང་ཐད་ནས། ཁ་ཡ་ན་ཟླའི་གྲས་སུ་རང་སྐལ་རོགས་ལ་མ་བསྐུར་བའི་གཞོན་ནུ་མ་ཞིག་ཡིན་སྟབས། རུ་ཁ་ཁྱིམ་མཚེས་ཚོས་ཁ་ཆོད་ཅིང་། ཕ་ཨ་ཁུའི་མཐོང་ན་འགུ་གང་བ། མ་སྲུ་མོས་རིག་ན་ཡིད་ཚིམ་པ། ཕོ་གསར་ཚོས་རིག་ན་ཡིད་འཕྲོག་ཅིང་། མོ་གསར་ཚོས་རིག་ན་ཞེ་སྨོན་པ་ཞིག་ཡིན་ནོ།།
༡༩༥༨ལོར། ཀུང་ཧྲེའི་སློབ་ཆུང་གསར་དུ་འཛུགས་དུས། འབྲི་བཟའ་ནི་མིང་ཐོ་ཐོག་མར་བཀོད་པའི་སློབ་གྲྭ་བ་རེད། དེ་ནས་བཟུང་མོས་སློབ་གྲྭར་ཧུར་ཐག་བྱས་ཏེ། ༦༠ལོའི་མུ་གེ་དང་། ༦༢ལོའི་འུར་ཟིང་ནང་མགོ་མ་སྒུར་བར་ཡི་གེ་སྦྱངས། གང་ལྟར་ཡང་མོ་ལ་ཁྲིད་མྱོང་བའི་བོད་ཡིག་གི་སློབ་ཚན་ཞིག་ཡིན་ཕྱིན། དེ་ལ་ངེས་ཆ་ཆེ་བར་མ་ཟད་ཉམས་སུ་ཡང་ལེན་ཐུབ་སྟབས། དགེ་རྒན་རྣམ་པས་ཡང་ནས་ཡང་དུ་གཟེངས་སུ་བསྟོད་མྱོང་ཞིང་། སློབ་གྲྭ་དང་སློབ་གསོ་སྡེ་ཁག་གིས་བྱ་དགའ་ཡང་བསྩལ་མྱོང་། འབྲི་བཟའ་སློབ་སྦྱོང་ལ་བརྩོན་པ་དེ་འདྲ་ཆེ་དོན་ནི། མོའི་ཕ་དང་ཨ་ཁུ། མ་དང་སྐུད་མོ་སོགས་ནི་སྤྱིར་རིག་གནས་དང་། ནང་སྒོས་སུ། སྒྲུང་རྣམ་ཐར། གླུ་ལ་གཞས་ལ་དགའ་མཁན་རེ་ཡིན་སྟབས། འབྲི་བཟའ་སློབ་གྲྭར་མི་འགྲིམ་པའི་རང་དབང་ཅི་ཡང་མེད་པ་རེད།
ཁྱད་པར་དུ། སློབ་གྲྭའི་ནང་གི་དགེ་རྒན་རྣམ་པ་ནི། ཏང་དང་མའོ་ཀྲུའུ་ཞིས་གསོ་སྐྱོང་མཛད་པའི་ཆབ་སྲིད་ཀྱི་གོ་རྟོགས་མཐོ་ཞིང་། རྒྱ་ཡིག་གི་ཡོན་ཏན་ཅན་དག་ཡིན་པས། དེ་དག་གིས་ཏང་གི་སློབ་གསོའི་བྱེད་ཕྱོགས་ལྟར་བོད་རིགས་མི་དམངས་ལ་གསར་བརྗེའི་ལས་དོན་གྱི་རྒྱུད་འཛིན་པ་སྐྱོར་སྙོར་བྱེད་བཞིན་ཡོད་པས། འབྲི་བཟའ་དེ་ནི་གང་གི་ཆ་ནས་ཀྱང་ཇེ་བཟང་ཇེ་ངར་ལ་མི་འགྲོ་རྒྱུ་ཞིག་ག་ལ་ཡོད།
དེ་ལྟ་བུས་ན། འབྲི་བཟས་ཀྱང་ཡོན་ཏན་མ་ལུས་པ་བརྩོན་འགྲུས་ཀྱི་རྗེས་སུ་འགྲོ་བའི་ཐབས་སུ་བརྟེན་ནས། ལོ་དྲུག་ལ་ཡོན་ཏན་སྦྱངས་ནའང་མོའི་འདོད་པ་ལྷག་ཏུ་ཇེ་ཆེར་སོང་སྟེ། ང་ཚོ་ནི་སྤྱི་ཚོགས་རིང་ལུགས་ཀྱི་གོ་རྟོགས་ཡོད་ལ་རིག་གནས་ཀྱང་ལྡན་པའི་ངལ་རྩོལ་བ་ཞིག་ཏུ་འགྱུར་འདོད་ན། ཡོན་ཏན་འདི་ཙམ་འབྱོར་ཡོད་པ་ནི། བྱ་མིན་པར་བྱེའུ་ཡིན་པས། བྱེའུ་ཆུང་ཆུང་གིས་གནམ་འཕང་ཆོད་ག་ལ་སྲིད། ཇི་ལྟར་འདབ་གཤོག་མ་རྒྱས་པའི།། བྱ་ནི་མཁའ་ལ་འཕུར་མི་ནུས།། ཞེས་ཁུ་བོས་བཤད་མྱོང་། ད་ནི་ངས་ཅིས་ཀྱང་སློབ་འབྲིང་གི་ཤེས་བྱའི་བང་མཛོད་དེ་མཐོང་ཐབས་བྱས་ནས། དམར་ཞིང་མཁས་པའི་བོད་ཀྱི་གཞོན་ནུ་མ་ཞིག་བྱེད་དགོས་ཞེས་བསམ་ཞིང་སྒྲིམ་བཞིན་པའི་ཚེ་ན། ལས་བསམ་དུ་མི་འགྲོ་གསེག་ཏུ་འགྲོ། རྡོ་གཡའ་མའི་བཀས་ཁ་འཕྲེད་དུ་འགྲོ་ཟེར་བ་ལྟར། འབྲི་བཟའ་སློབ་ཆུང་ནས་མཐར་ཕྱིན་ན་ཡང་། རིག་གནས་གསར་བརྗེ་ཆེན་པོའི་སྐབས་དང་འཕྲད་དེ། མོ་སློབ་གྲྭར་འགྲིམ་མ་ཐུབ་པར་སླར་རང་ཡུལ་དུ་ལོག་ནས་རུ་ཆེན་འཕྲོད་བསྟེན་ཁང་གི་སྨན་པ་བྱ་དགོས་པར་གྱུར་ཏོ།།
གཞན་ཡང་། དར་ལུང་རུ་ཆེན་ན་ལྕགས་ཤུལ་རྡོ་རྗེ་ཚེ་རིང་ཞེས་པའི་གཉེར་གསར་ཞིག་ཡོད་པ་དེ་ནི། འབྲི་བཟའ་ཆུང་དུས་ཀྱི་བེའུ་རྫི་བྱེད་རོགས་ཡིན་ལ་སློབ་ཆུང་གི་སྐབས་སུ་འཛིན་གྲྭ་གཅིག་གི་སློབ་གྲོགས་ཀྱང་ཡིན། སློབ་གྲྭའི་ནང་ནས་ལྕགས་ཚེ་ལ་བྲོ་མེད་ན་འབྲི་བཟས་བྱིན་ཞིང་། ཡུལ་བ་དྲན་དུས་འབྲི་བཟས་ཁོ་ལ་སེམས་ཁ་དགྲོལ་རོགས་བྱས། སློབ་སྦྱོང་གི་རྗེས་མ་ཆོད་ན་འབྲི་བཟས་ཁ་སློབ་བློ་སློབ་བྱེད་མྱོང་སྟབས་ཕན་ཚུན་མིང་སྲིང་ལྟར་དུ་གྱུར་ནའང་། ལྕགས་ཚེའི་ཡུལ་བ་ན། མ་རྒན་མ་གཏོགས་ལས་ཀ་ཐུབ་མི་མེད་སྟབས། ལོ་རིམ་ལྔ་བའི་སྟེང་ནས་ཁོ་མི་སེར་མི་བྱ་ཐབས་མེད་དུ་གྱུར་པ་རེད། ལྕགས་ཚེ་བྱིས་པའི་དུས་སུ་ཤ་སྐམ་རུས་གྱོང་། གོང་ཁ་ཐུར་ལོག་འདབས་ཁ་ཡར་ལོག་པའི་འབྲོག་ཕྲུག་ཉམས་ངན་ཞིག་ཡིན་རུང་། ད་ལྟ་ཤ་ཆེ་ཀོ་མཐུག་ཅན་གྱི་ཕོ་གཞོན་གླག་རྒོད་འདྲ་བ་ཞིག་ཏུ་གྱུར་ཡོད། ས་འགོལ་སྟོང་ནས་གསར་བུ་ཁྲ་འདྲ་གླག་འདྲ་མང་བོ་འདུས་ནས། རལ་བ་ས་དྲུད། མེ་ཏོག་ཁ་ལེན། ཅོག་ཙེར་བཞི་འབབ། ཁ་བཏགས་ཐོང་ལེན་ལ་སོགས་བྱེད་པའི་རྟ་རྩལ་འགྲན་ན། ལྕགས་ཚེ་ཡན་ཞིག་མེད་ཅེས་པའི་རྩལ་ཅན་དང་། དགའ་ལྡན། གཞུང་དྲང་ཞིག་ཡིན་པར་མ་ཟད། ད་རུང་མགར་དང་ཤིང་ལས་སོགས་ལའང་ཁོའི་ལག་འགྲོ་བ་རེད། ལང་ཚོ་རྒྱས་པའི་གཞོན་ནུ་དེ་གཉིས་ལོ་ཕྱེད་གསུམ་གྱི་རིང་དུ་ཐུག་འཕྲད་མ་ཡོང་བར་ད་ལྟ་འཕྲད་དུས། བྱིས་པའི་དུས་དང་མི་འདྲ་བར་ཁྱོད་བདེ་ང་སྐྱིད་ཟེར་བ་ཙམ་ལས་གཅིག་ངོ་གཅིག་གིས་མི་ཐུབ་པའམ། ཡང་ན། གཅིག་གིས་གཅིག་ལ་མིག་འཁོར་འདུག་པ་ཙམ་ལས་གཏམ་མི་ལྡོབས་པར་ཡུན་ཞིག་འདས་རྗེས། ལྕགས་ཚེའི་ཞེ་ལ་ཉ་བ་སྤང་ལེབ་ཀྱིས་ཡིད་འཕྲོག་ལྷ་མོ་འདོད་པ་ལྟ་བུའི་སྟོང་བསམ་གྱིས་ཅི་བྱེད་སྙམ་རུང་། འབྲི་བཟས་དེ་ལྟར་མི་འདོད་པར་མི་ལ་རྙིང་བ་དང་གོས་ལ་གསར་བ་བཟང་བསམས་ནས། ཡུན་གྱིས་ཁོ་ལ་དགའ་ས་མཐུན་སྣང་གི་རྟགས་སུ་ཁ་དཀར་ངོ་སྟོན་བྱས་ཡོང་དུས། ལྕགས་ཚེས་སྲ་མ་ཟིན་པར་སྙི་ཤོར་བ་རེད། གསར་བུ་གསར་མོ་གཉིས་ཀས་དེ་ལྟར་མཛའ་བརྩེ་ཇེ་ཟབ་དང་། དུངས་སེམས་ཇེ་ཆེར་སོང་སྟེ། མཐའ་རྔའི་གཏམ་དུ་འབྲལ་མེད་མཐུན་པའི་གྲོགས་སུ་འགྱུར་བའི་རེ་བ་དེ། སུས་ཀྱང་ཁ་མ་ཐེབ་པ་ཙམ་ལས། ཁོག་ན་འཁྲེང་བསྡད་ཡོད་པ་རེད།
འབྲི་བཟའི་ཨ་ཕའི་རུས་འབྲི་དང་། མིང་ལ་དཀོན་མཆོག་བཟང་བོ་ཡིན། བསྡུས་མིང་ལ་འབྲི་དཀོམ། གཅེས་མིང་དུ་དཀོམ་ཁོ་ཟེར། ཁོ་ནི་གཟུགས་སྟོབས་ཆེ་ཞིང་ཤ་མདོག་སྨུག་པ། དཔྲལ་ཞིང་ཆེ་ལ་སོ་སྒོ་དཀར་བའི་མི་ཁ་རོ་ངོ་རོ་ཅན་ཞིག་ཡིན། རྒྱུན་དུ་སློག་པ་ཐོག་བབས་ཤིག་གི་སྟེང་དུ་ཤྭ་སླག་རྙིང་བ་ཞིག་སྦྱར་ཞིང་། རྐང་ལ་འབའ་ལྷམ་དང་མགོ་ལ་ཕྱིང་ཞྭ་ཞིག་གོན་འདུག་པ་རེད། འདུ་ས་ཚོགས་སར་སླེབས་དུས་ཁ་མང་བོ་མི་གྲག་པར་འཇབ་ཙེ་བཟུང་ནས་ཁ་སྤུ་འཐུ་མཁན་ཞིག་རེད། ཁོག་ན་འཆར་སྒོ་ཅན་གྱི་མི་རྒྱུ་འབྲས་པ་ཞིག་ཡིན་པར་མ་ཟད། <<ཡ་རུའི་ཨ་བསོའི་གླུ་འབུམ>>ནང་གི་གླུ་མང་ཕྱོགས་བློ་ན་ཡོད་པའི་གླུ་བ་གྲགས་ཅན་ཞིག་ཀྱང་ཡིན་ཕྱིར། བྱིས་གླུ། སོག་གླུ་དང་། ས་དེའི་བོད་ཀྱི་གླུ། ལ་གཞས། ཁ་བཤད། འདོགས་ར་བཞི་བོའི་ཁུངས་ལྟ་བུའང་ཡིན་ཟེར། གང་ལྟར་ན་ཁོང་ནི་དེ་འདྲའི་འབྲོག་པ་དབུལ་བོ་དང་གུང་ཁྲན་ཏང་མི་ཞིག་ཀྱང་རེད། རེ་གཉིས་ལོར་ཐོན་སྐྱེད་རུ་ཆེན་རུ་ཆུང་བྱེད་དུས། དོན་ལུང་རུ་ཁག་ལྔ་བར་ལུག་བཞི་བརྒྱ། རྟ་བོ་བཅོ་བརྒྱད། ནོར་སུམ་བརྒྱ་ཙམ་ལས་མེད་ན་ཡང་། འབྲི་དཀོམ་རུ་འདྲེན་ལ་བཞག་པ་ནས་བཟུང་། <<དོན་ཚན་དྲུག་ཅུ>>ལྟར་རྩོལ་བསྟུན་ཐོབ་སྤྲོད་དང་གྲོན་ཆུང་བརྩོན་བསྲི་བྱས་ཏེ། རྒྱུ་ནོར་འགྲོ་སོང་། བདག་གཉེར་དོ་དམ། བཞོན་མའི་རྫི་བུ་སོགས་ཀྱི་ཕྱོགས་སུ། བརྒྱ་ཁ་གཅིག་ཆོད། ཉེ་ཕྱོགས་རྩ་ཕྱོགས་མི་བྱེད་པར་བཟའ་གསུམ་གྲོས་ལ་ལེ་མེད་བྱས་པས། མང་ཚོགས་ལའང་ལས་འདོད་སྒྲིམ་འདོད་སྐྱེས་ནས་ཐོན་སྐྱེད་གོང་དུ་འཕེལ་ཞིང་། མི་སེར་གྱི་འཚོ་བ་ཇེ་བཟང་དུ་སོང་ཚེ། ཐ་ན་རུ་ཆེན་གཞན་པའི་ནང་གི་རྫི་རབ་བཞོན་བཟང་ཀུན་ཀྱང་དོན་ལུང་རུ་ཁག་ལྔ་བར་འཚང་ཡོང་བ་རེད། དེ་ལྟར་ལོ་བཞི་འགོར་དུས་སུ་དོན་ལུང་རུ་ཁག་ལྔ་བའི་སྒོའི་རྟ་ནོར་ལུག་གསུམ་རྒྱས་ཤིང་། ཁྱིམ་གྱི་ཟས་ཆས་ཟ་མ་མོད། ཐུན་མོང་གི་གསོག་འཇོག་ཇེ་མང་དང་རྒྱལ་ཁབ་ལ་བྱས་རྗེས་ཆེ་བ། མང་ཚོགས་ཁ་འཆམ་གྲོས་འགྲིག་ཡོང་ནས། དེའི་སྐྱིད་དགའ་ལོངས་སྤྱོད་ནི་རུ་ཆེན་གཞན་པའི་སྨོན་ཡུལ་དུ་གྱུར་མོད། འོན་ཀྱང་། ད་ལྟ་འབྲི་དཀོམ་ནི་རྟ་ནོར་ལུག་གསུམ་སྤེལ་ཤེས་པ་ལས་གྲལ་རིམ་འཐབ་རྩོད་མི་འཛིན་པའི་ཐོན་སྐྱེད་ནུས་ཤུགས་ཁོ་ན་སྨྲ་བའི་མི་ཞིག་རེད། ཅེས་བོན་པོ་འདྲེ་ཕྱོགས་སུ་བཅད་ཡོད། འབྲི་དཀོམ་ལ་དགའ་མི་ཚོས། ཁོ་ནི་གཡང་རྭ་བཞི་འཁོར་སའི་ལྟེ་ཐག་རུ་བཞི་འཁྲིམས་པའི་རུ་འདྲེན་ཞེས་བསྟོད་ཀྱིན་ཡོད་ལ། མི་དགའ་བ་ཚོས། ཁོ་ནི་སྐོར་ལོག་བསེར་འདྲེ། མང་ཚོགས་རྔ་མ། ཕྱུག་གསར་གྱི་ཨ་ཁུ་སྟོན་པ་ཞེས་སྨད་པ་རེད། འབྲི་དཀོམ་གྱི་གྲོགས་པོ་ཞིག་གིས་འབྲི་དཀོམ་ལོ་བརྒྱ་ལོན་རུང་སེམས་གཅིག་མི་ཤེས་པར། ད་རུང་ཅི་སྐད་ཅེ་ན། རྒྱུ་ཕྱུགས་ལོངས་སྤྱོད་ཅིག་དར་ཐུབ་ན། ད་གཟོད་སྐེ་གོང་བའི་ནང་ན་ཐུང་འདུག་དགོས་སྤྱད་དང་། ལག་ཕུ་རུང་ནང་ན་ཞ་འདུག་དགོས་དོན་མེད་ཟེར་བཞིན། ང་ལ་ནོར་འཁྲུལ་ལོས་ཡོད་མོད། འོན་ཀྱང་། དོན་དག་གི་ཆེ་ཕྱོགས་ནས་འཕྱུག་ཡོད་མེད། སངས་རྒྱས་ཨེ་ཡིན་བྱས་རྗེས་དང་། བྱིན་རླབས་ཨེ་ཡོད་ཕྱིར་ལྟོས་ཟེར་བཞིན་ཡུལ་ན་ཉིན་གཞེས་བརྒྱབ་ནས་བསྡད་ཡོད་ཅེས་སོ།།
དེ་དང་ལྷན་དུ། འབྲི་བཟའི་ཁུ་བོ་འབྲི་དགེ་ནི། སྔར་ཁམས་ཀྱི་རྫ་དར་རྒྱས་དགོན་པའི་གྲྭ་བ་ཡིན་ཡང་། དམར་དམག་དཀར་མཛེས་སུ་བསླེབས་ཏེ་བོད་པའི་སྲིད་གཞུང་འཛུགས་དུས་དེའི་ལས་ཁུངས་ཤིག་གི་དྲུང་ཡིག་པ་བྱས་སྟབས། དམར་དམག་བྱང་དུ་བསྐྱོད་རྗེས་ས་མ་ཟིན་པར་རང་ཡུལ་དུ་ལོག་སྟེ། སླག་འགག་སླག་ཕུར་གྱོན་ཡོད་ནའང་། རྐེད་ལ་མདའ་ར་བཅིངས། རྒྱབ་ཏུ་མེ་མདའ་ཁུར་ཡོད་པའི་ལྷ་ཟ་ཀླུ་ཟ་བྱེད་མཁན་གྱི་སྐྱ་མིན་སེར་མིན་ཞིག་ཡིན་ལ། ལག་ཏུ་སྨྱུ་གུ་འཛིན་པའི་རིག་གནས་པ་ཞིག་ཀྱང་ཡིན་ཕྱིར། <<མེད་ཕྱུག་འབྱུང་བའི་འབེལ་གཏམ>>ཞེས་པ་དང་། སྔོ་སྦྱོར<<འགྲུལ་བར་ཉེར་མཁོ>>ཞེས་པ་སོགས་བརྩམས་མྱངས། ཁོ་ཡང་། ད་ལྟ་བློ་ལོག་པ་རེད་ཅེས་འཐབ་རྩོད་བྱེད་བཞིན་པའི་སྒང་རེད། འབྲི་བཟའི་ཨ་མ་རྩེ་བཟའ་ལྷ་སྒྲོན་ནི། སྒྲུང་དང་རྣམ་ཐར། ཁེད་དང་འབྲས་དཀར་སོགས་ལ་དགའ་བར་མ་ཟད། ཁོ་མོས་ཡི་གེ་མི་ཤེས་ཀྱང་ཡིད་བཟུང་ཆེ་སྟབས། ཡར་ལུང་ཤེལ་བྲག མི་ལའི་དགུ་ཐོག་གངས་ཏེ་སེ། མཚོ་མ་ཕམ། གནས་ཙ་རི། ཤར་དུང་རི་སོགས་ཀྱི་གཏམ་རྒྱུད་མང་བོ་བཤད་ཤེས་པ་རེད། དེའི་རྐྱེན་གྱིས། རིག་གནས་གསར་བརྗེའི་འགོ་ལངས་དུས། མོ་ལ་འཐབ་རྩོད་མ་བྱས་ནའང་། རྙིང་བ་བཞི་སླར་གསོ་བྱེད་མཁན་རེད་ཅེས་སྐྱོན་བརྗོད་དང་སློབ་གསོ་ཉོ་མྱོང་བ་རེད། ཡིན་ནའང་། ད་ལྟ་འབྲི་ཚང་གི་ཁྱིམ་ན་སྡུག་གི་མགོ་འཕང་མཐོ་བསྡད་ཡོད་པའི་མིའང་མོ་ཡིན་ཁུལ་བྱས་ཡོད།
ས་ཆ་འདིའི་འབྲོག་པ་ཚོ་ནི་མཐོ་ན་མི་དགའ་དམའ་ན་དགའ་སྟབས། སུ་ཞིག་འགོ་འདྲེན་དང་ལས་བྱེད་པ་བྱས་ན་དེ་ལ་མགོ་ཁྱོགས་སམ་རྒྱ་དགའ་ཞེས་ཁ་མིང་སྣ་མིང་བཏགས་ཏེ། ངན་སྨད་བྱེད་ལ། སུ་ཞིག་ཞྭ་ནག་པར་གྱུར་པའམ། ཡང་ན་གཡས་ཕྱོགས་པ་དང་ཏང་ནང་གི་མར་འགྲོ་བར་གྱུར་ན། དེ་ལ་སྙིང་རྗེ་སྐྱེས་ནས་འཐབ་རྩོད་དང་དགག་པ་མི་རྒྱག་པའི་གོམས་གཤིས་ཤིག་ཡོད་པ་དེ་ལ། ལོ་མང་བོའི་རིང་དུ་དགག་པ་བརྒྱབ་སྟེ་ད་ལྟ་ཇེ་ཞན་དུ་འགྲོ་བཞིན་ཡོད་པ་ཙམ་ལས་དེ་མེད་པར་གྱུར་ད་རུང་མེད་སྟབས། འབྲི་ཚང་ལའང་སྐྱོན་ཆ་ཡོད་ཅེས་རུ་ཁ་ཁྱིམ་མཚེས་དང་རང་དང་རང་སྡེས་རིག་མི་ཉན་པར་འགྱུར་མ་ཐུབ་པར་མ་ཟད། ཐ་ན་སྔོན་ཆད་འབྲི་དཀོམ་ཁས་མི་ལེན་པ་ཚོས་ཀྱང་ད་ལྟ་རྟ་རྒན་ཁེབས་མ་རྒྱབ་ན་མི་ཤེས། བཤུས་ན་ཤེས་ཞེས་ཁོ་ལ་བཟང་བསྟོད་དང་རོགས་རམ་བྱེད་བཞིན་པའི་སྐབས་སུ་གནས་པའི་ལེའུ་སྟེ་དང་བོའོ།།
ལེའུ་གཉིས་པ།
གོས་ལ་གསར་བ་བཟང་།། མི་ལ་རྙིང་བ་བཟང་།།
འབྲི་བཟའ་དང་ལྕགས་ཚེ་གཉིས་ཀས་ནངས་ཐུག་དགོང་ཐུག་བྱས་ཏེ། གཅིག་མགོ་གཅིག་གིས་འཚོས་འདུག་པར་གྱུར་པས་ན། འབྲི་དཀོམ་གྱི་ཞེ་རུ་ལྕགས་འབུམ་ཚང་གི་བུའི་ཡན་ན་དགའ་ལྡན། གཞུང་དྲང་། འབད་ཐུབ་ཅིག མི་རང་བདག་གསུམ་པོས་བལྟས་མེད་ཀྱང་། ད་མཚམས་ངའི་བུ་མོ་དང་དེ་གཉིས་ཀ་གཅིག་བྱས་ན་པགས་ཀྱིས་མི་ཐུམ། གཉིས་བྱས་ན་སེམས་ཀྱིས་མི་ལོངས་པར་ཡོད་ན། ངས་ལྕགས་ཚང་གི་ཤི་གསོན་གང་ལ་འདང་ཞིག་བརྒྱབ་རུང་། དེ་མ་རེད་གཏམ་ཞིག་ག་ལ་འབུད། ཅེས་སྙམ་ཡོང་བ་རྣམས། རྒད་མོ་ལ་ཞིབ་ཀྱིས་གླེང་དུས། རྒད་མོས་འདི་སྐད་དུ། ང་ངན་པས་རང་བསྟོད། རུལ་མས་བུ་བསྟོད་བྱས་པ་མིན་མོད། འོན་ཀྱང་། འུ་ཚང་གི་བུ་མོ་འདི་སློང་མི་མང་མེད་ན་ཉུང་མེད། གཅིག་ན་ལྷ་སྐྱིད་ཀྱིས་དེ་ཚང་འདོད་ཡོད། གཉིས་ན་ལྕགས་འུ་ཁ་གཉིས་ནི་གཞན་དང་མི་འདྲ་བས། བུ་མོ་མི་སྟེར་ཟེར་སྲོལ་མེད། སྤྱིར་ན། གཉེན་བྱེད་ན་གཉེན་ཡ་མ་དམའ། ཚོང་རྒྱག་ན་ཚོང་ཡ་མ་མཐོའི་དཔེ་རེད། མི་སྔུན་ཐད་ནས་སོང་ན་དེ་ཚང་གི་བཟང་ཞིག་ལ་འགྲོ་ས་རྙེད་རྒྱུ་རེད་བསམས་ཡོད། དེ་འདྲ་མ་བྱས་ན་འཕྲོ་ཕྱིན་ཆད། ཕྱི་སྡེ་བ་དང་ནང་བཟའ་བ་གང་ཡིན་རུང་། བུ་མོའི་དོན་མ་ཡོང་ཞེས་ངེད་རྒན་རྒོན་གཉིས་ལ་ཁ་འཁྱག་མི་བསྡོའམ་ཞེས་པ་ལ། འབྲི་དཀོམ་གྱིས་རྒན་མོ། ལྟོ་རྒྱགས་ན་སེམས་ཁ་མཐོ། གནའ་འུ་གཉིས་ཀས་གཉེན་བསྒྲིགས་ནས་སྦྲ་ཕུག་དུས། ཁྱོད་ཀྱི་མིང་བོ་ཕྱུག་པོ་བོས་ཕུག་ཁྱོན་བརྡབས་ནའང་། འཇིག་རྟེན་རྟེན་འབྲེལ་གྱི་རང་བཞིན་ཞེས་ཞོ་ཟེའུ་གང་མ་གཏོགས་སྟེར་མ་ཐུབ་དུས། ལྕགས་ཚང་གི་རྒན་མོ་མཐོ་རིས་མས་འབྲི་རྒན་གཉིས་ཀའི་ནང་གི་བཞོ་རྒྱུ་ཅན་པོ་འུ་གཉིས་ལ་ཁ་བལྟ་འགྲོས་བཟང་ཡིན་ཞེས་བྱིན་པ་མིན་ནམ། འུ་གཉིས་ཀ་ཙག་བསེར་བུས་ཁྱིམ་ལ་བསྡུས། མེད་མུ་གེས་སྒོ་ལ་བདའ་དུས། འབྲི་རྒན་དེའི་དྲིན་མིན་ན་མུག་ཁ་མ་སོང་བ་དེ། ཁྱོས་བརྗེད་སོང་བ་མ་ཡིན་ནམ་ཞེས། རྒན་མོའི་སྟེང་ལ་སྤོ་ལངས་ཏེ་སྨིན་མ་གྱེན་དུ་གཟེངས་ཤིང་མིག་གཉིས་ཕྱིར་འབུར། ཁ་ནས་མཆིལ་མ་གཙུབས་ཞོར་དུ་གོ་ཁ་ནས་ཧར་སེ་ཡར་ལངས་ཏེ། འུ་ཚང་གི་བུ་མོས་ལྕགས་ཚང་འདོད་མེད་ན། ངས་བཙན་གྱིས་སྟེར་ག་ལ་ཐུབ་བམ། ཁྱོད་ཏ་ལེན(ཕད་བུ)མ་གཏོགས་རྒྱ་རྒན་མི་དགོས་པ་ཞིག་ཡིན་རུང་ང་ནི་དེ་ལྟར་མིན། ཐུན་མོང་གི་རྒྱུ་རྩྭ་ཟ་ཟ་བྱས་ནས་ཁེ་ལོག་ཚོང་ལོག་དང་ཧམ་ཟོས་རྐུ་ཁྱེར་བྱེད་མཁན་གྱི་ཕྱུག་པོ་ཚང་ཟེར་བ་ཞིག་ལ་ངའི་བུ་མོ་སྟེར་བ་ལས། རང་ཁྱིམ་ནས་གོ་རྒས་མ་བྱས་པས་གཙང་ཞེས་གོ་བ་བསྐོན་ནས་བསྡིགས། རྒན་མོས་མགོ་བསྒུར་ནས་མེ་ཕུར་གྱིས་གོ་ཁའི་ཐལ་བ་དཀྲུག་བཞིན་དུ་ཕ་སེམས་ཆུ་དང་བུ་སེམས་རྡོའི་དཔེ་ལྟར། ངས་བུ་མོའི་དོན་ལ་བསམས་ནས་བཟང་ས་མཛའ་གྲོགས་ཀྱི་བར་ལ་གོང་བཅད་རི་མོ་བྱས་པ་ཡིན་མ་གཏོགས། ང་རང་ཉིད་བག་ལ་འགྲོ་ཁྲལ་བབས་པ་མ་རེད།ང་ཁྱོད་ཕ་དང་བུ་མོ་གཉིས་ཀར་རྒྱ་རྒན་མ་གཏོགས་ཏ་ལེན་མི་དགོས་པ་རེ་ཡིན་ན། ངས་སྐྱོ་བུའི་ལག་ཏུ་སྐྱོ་ཕོར་མི་འཇོག་ཅི་ལ་མི་སྲིད་ཅེས་མིག་ནས་མཆི་མ་འཐོར་ཞོར་དུ་ངོ་རེ་གནག་ཁ་རེ་བགད་ནས་འགུལ་སིག་ཅིག་བྱས་ཏེ་ཡར་ལངས།
རྒན་མོ། ཁྱོད་དང་ང་མ་འཐད་ཀྱང་སྡུག་གྱོང་རེད། འཇིག་རྟེན་སྣང་བ་མཐུན་ན། མིག་ཆ་ཡ་མེད་རུང་སྐྱོན་མེད་ཟེར་དཔེ་རེད། ད་ཚོད་གཉེན་སྒྲིག་རང་དབང་རེད། ཁྱོད་རྒྱལ་ཁྲིམས་ལ་མི་སྐྲག་ནའང་ང་སྐྲག་ཅེས་འབྲི་དཀོན་གྱིས་རྒན་མོར་གཡུང་ཕབ་པས་ན། རྒན་རྒོན་གཉིས་ཀའི་སྤོ་ཡང་རིམ་གྱིས་ཞི་བར་མ་ཟད། གཉིས་ཀ་ལོག་ནས་འབྲི་དགེའི་བློ་ཁ་སེམས་ཁ་བསྒྱུར་བའི་ཐབས་ཤེས་མང་པོ་གྲོས་པའོ།།
ཕྱིར་ཉིན་སྔ་དྲོ། རུ་ཁག་གི་གཞུང་སྦྲའི་ནང་དུ་མི་སེར་ཀུན་འདུས་ནས། མའོ་ཀྲུའུ་ཞིའི་སྐུ་དཔར་ལ་ཡར་ཞུ་འབུལ། དེ་ནས་རྩ་བའི་གསུང་རྩོམ་གསུམ་པོ་བློ་རུ་འུར་འདོན་བྱས་ཚར་རྗེས་རང་ཁྱིམ་དུ་ལོག་པ་རེད། འབྲི་བཟའ་མ་མོ་གཉིས་ཀ་ཕྱིར་ཁྱིམ་དུ་བསླེབས་མ་ཐག་ཏུ་སློག་པ་བཟོ་འཕྲོ་ལ་འབྱར་ནས་ཁ་ཁྱོན་སྦྱར་ཞོར་དུ་ཨ་མས་བུ་མོ་ལ་ད་ལྟ་ཕྱི་སྡེ་བ།ནང་བཟའ་བ། ཤ་ཉེ་རིང་ཕལ་ཆེར་གྱིས་ལྕགས་ཚེ་དང་ཁྱེད་གཉིས་ཀར་ཚེ་གཅིག་གིས་ལྷན་འདུག་ཅིག་ཨེ་འཁྱོངས་སུ་བལྟས་བསྡད་ཡོད་པ་འདི་རེད། ལྕགས་ཚང་གི་ཤི་གསོན་ཀུན་པོའི་ཐད་ནས་འདང་ཞིག་བརྒྱབ་ན། ངེད་རྒན་རྒོན་གཉིས་ཀར་འདོད་ཐོག་འདོད་བཞག་མེད་སྲོལ་ཞིག་ག་ལ་ཡོད། བུ་རྒོད་མ་ཁྱོད་འཐད་ནས་རེད་བསམ་ཡོད་ན། འུ་ཁ་གཉིས་ཀས་གྲོས་དང་མོལ་བྱས་ཏེ། དཔེ་ལུགས་ལྟར་ཁྱོད་བག་ལ་སྐྱེལ་ལམ་ཡང་ན་ཅི་བྱ་ཞེས་འཇམ་པོའི་དྲིས་པ་དེ་ནི། བུ་མོ་ལ་བསམ་པའི་རི་མོའི་ནང་། འདོད་པའི་ཐིག་ལེ་ཡོད་ནའང་། དེས་དེ་མ་ཐག་ཏུ་རེད་ཅེས་མི་ཟེར་བར། དགའ་བའི་བཞིན་ལ་སྤྲོ་བའི་འཛུམ་མདངས་དང་། ཁྲ་ཆུང་མིག་གི་མཐར་མཆི་མ་འཁོར་བཞིན་དུ། མགོ་སྒུར་ཞིང་སྐད་དམའ་མོའི་ངང་ནས་ངས་ཁྱེད་རྒན་རྒོན་གཉི་གའི་འཆི་ཁའི་འགྲམ་སྐྱོར་ཞིག་བྱེད་ཨེ་ཐུབ་བལྟ་འདང་ཡོད་མོད། ཡིན་ནའང་། ཁྱེད་གཉིས་ཀས་ང་གནས་མ་ཞིག་བྱེད་དུ་འཇུག་དགོས་ཡོད་ན། ང་ལ་ཕ་མས་ཅི་གསུང་ཆོས། མཛུབ་མོས་གར་བསྟན་ཤར་ལོས་ཡིན་ཞེས་ལན་བཏབ་པའི་ཚེ་ན། མོའི་གདོང་རྔུལ་ཆུས་གང་ཞིང་། ལུས་ཕུང་བོ་ལ་སྦྲིད་རྒྱུག་པ་ལྟར་འདུག་སར་འདུག་མི་ཚུགས་པར། ཡར་ལངས་ནས་སྒོ་རུ་རྒྱུག་འདོད་མོད། འོན་ཀྱང་ཨ་མ་བཙན་ཕྱིར་དེ་འདྲ་བྱེད་མ་ཕོད་པར་སྒུར་བསྡད་དོ།།
སླར་ཡང་ལྕགས་ཚང་གི་བུའི་ཐད་ནས་དེད་ན།ལྕགས་ཚེའི་ཕ་མགོན་བཀྲ་ནི་འབྲི་དཀོམ་དང་མཚུངས་པའི་འབྲོག་པ་མེད་པོ་ཞིག་ཡིན་མོད། ང་བརྒྱད་ལོའི་འཁྲུག་ལོང་གི་དུས་སུ་པགས་ཤད་དང་རྡོ་སྟ་འཆང་ནས་མི་དམངས་ལ་བཤུ་གཞོག་བྱས་ཞེས་ཁྲིམས་ལ་སྦྱར་ཏེ། བྱང་བྱེ་མའི་རི་བོ་བརྩིགས་ས་འདས་སོང་བ་རེད། དེ་ནས་བཟུང་ལྕགས་ཚེ་མ་བུ་གཉི་ག་ལས་མེད་རུང་། ལྕགས་ཚེའི་ཨ་མས་སྡུག་རོགས་མང་ན་སྡུག་རྒྱུ་མེད་ཅེས་རྒྱུན་དུ་པི་ཝང་བཟུང་སྟེ། རྟ་ནག་སྒྲོག་འགྲོས། ངང་མོས་མཚོ་སྐོར། འབྲུག་མོའི་དབོ་དབོ་སོགས་འཐེན་ནས་སྣང་བསོར་བྱ་རྒྱུ་ཞིག་ལོབ་པ་རེད། རེ་གཉིས་ལོར་ལྕགས་ཚེའི་ཁུ་བོ་འབྲས་སྤུངས་དགེ་བཤེས་ཞེས་པ་དེས་ཡང་དབུས་ནས་ཞྭ་ནག་ཅིག་གྱོན་ནས་སླར་ཕ་ཡུལ་དུ་ཡོང་དུས། ལྕགས་ཚང་གི་ཁྱིམ་ལས་གཞན་འགྲོ་ས་མེད་པ་རེད། དེ་ལྟར་ལྕགས་ལ་ཁྱིམ་ན་བཟའ་མི་གསུམ་ཡོད། ད་ལྟ་ལྕགས་ཚེ་ཡང་མི་ཚད་དུ་བསླེབས་ནས་གཉེན་སྒྲིག་བྱེད་རན་དུས། ཨ་མས་ཞེ་ལ་འབྲི་བཟའ་ནི་གལ་སྲིད་ངེད་ཚང་གི་ལག་ཏུ་ཡོང་ནའང་། གནའ་ལྟ་བུ་ད་མིན་སྟབས་དེ་ནི་མཐའ་རྔ་མིས་འཕྱ་འདྲེ། རང་གི་སྡུག་འདྲེ་ཞིག་ཏུ་འགྱུར་མི་འགྲོ་བའི་ངེས་པ་མེད་ཅེས་སྙམ་ནས་ཅི་ཟེར་དགོས་ངོས་མ་ཟིན་པར་ཐེ་ཚོམ་གྱི་དབང་དུ་གྱུར་ཡོད་ཅིང་། ཨ་ཁུས་ཕ་ཤུལ་གྱི་བུ་འདི་ཉྭ་སེར་སུག་སེར་ཞིག་བྱེད་ཐུབ་ན། དཀོན་མཆོག་གསུམ་པོ་འདི་ཁུར་ན་ཡང་ཞིང་བཙོང་ན་ཁེ་བ། གདན་ཐོག་ནས་བསྡད་དེ་སྡེར་ནང་དུ་སྙབ་རྒྱུའི་སྡུག་མིན་པ་མེད་འདོད་ནས། དེ་ལྟར་གྲོས་ཀྱང་། ཕོ་མཆུ་མོ་རུ་ཟུག་ན་བཅོས་མེད་ཡིན་པའི་ཚ་བོས་དེའི་ཐད་ནས་ལན་མི་འདེབས་པར་གནའ་ང་ཚོའི་བོད་དུ་མི་བྱེ་བ་ལྷག་ཡོད་པས་མ་ཚད། དམག་བུ་རྟ། རྒྱུ་ལོངས་སྤྱོད། བློ་ཤེས་རྒྱ་ལ་སོགས་པའི་ཐད་ནས་དར་ཡོད་དུས། དགེ་འདུན་པ་ཚོས་འཁོར་བའི་གཞི་རྫོགས་དགོས་པ་བསྒྲགས་ཏེ། ཕོ་བརྒྱའི་རལ་བ་གྲི་ཡིས་བྲེགས། མོ་བརྒྱའི་དུང་རལ་སྣོད་ལ་བསྡུ་རུ་བཅུག་ནས་སྐྱེས་པ་མི་མེད་པ་དང་། བསགས་པ་རྒྱུ་མེད་དུ་གྱུར་མཐར། གངས་ཅན་གྱི་ལྗོངས་འདི་ཆེས་མུན་ནག་ཆེས་ལོག་སྤྱོད། ཆེས་གཏུམ་པོ། ཆེས་རྗེས་ལུས་ཞེས་པའི་མི་རིགས་གཞན་གྱིས་སྐྲག་སྣང་སྐྱེ་སའི་གནས་སུ་གྱུར་པ་རེད་ཅེས་པ་འདི་བདེན་ནམ་ལགས་ཞེས་གསར་འགྱུར་བླངས་ནས་ཕྱིར་དྲིས་ཚེ། ཁུ་བོ་སྐྲག་ནས་ཕར་ལྟ་ཚུར་ལྟ་བྱེད་ཞོར་དུ་ལན་མི་ཕོག་པར་འདྲེ་ཕྲུག་ཁ་སུམས། དབང་སུ་ལ་ཆེ་ན་དེའི་གཏམ་བདེན་པ་རེད། གང་གིས་མི་ཤེས་དབང་གིས་ཤེས་ཟེར་བ་དེ་མ་གོའམ་ཞེས་བཤད་མཚམས་བཅད་དོ།། ཡིན་ནའང་། ལྕགས་ཚེའི་ཞང་བོས་ཕོ་ཞིག་དང་མོ་ཞིག་འཕྲད། རྟ་ཞིག་དང་སྒ་ཞིག་སྟོད་པ་ནི་འཇིག་རྟེན་གྱི་ཆོས་ཉིད་རེད་ཅེས་ཚ་བོ་ལྕགས་ཚེའི་ཕྱོགས་ནས་བཤད་པའམ། ཡང་ན་བཟང་ངན་ཅི་ལེན་ནི་ལག་ཏུ་གང་རྙེད་དང་ཐོད་པའི་ཁ་ཡིག་གར་འཁོར་རེད་ཅེས་ཁོའི་འདོད་ཐོག་ཏུ་འཇོག་པ་རེད།
དུས་སྐབས་དེར་དར་ལུང་རུ་ཆེན་ནི་རུ་ཁག་གཞན་དང་མི་འདྲ་བར། དེ་ན་ཏང་གི་སྲིད་ཇུས། རྒྱལ་ཁབ་ཀྱི་རྩ་ཁྲིམས། སྤྱི་འབངས་ཀྱི་ཁེ་དབང་། དོན་ཚན་དྲུག་ཅུ་བཅས་ནི་ཤི་མིང་བྱས་ཏེ། དགའ་སར་ཞྭ་དང་སྡུག་སར་ལྷམ་སྐོན་གྱིན་ཡོད་ཅེས་མི་མང་གིས་འུར་བཞིན་ཡོད། ལྕགས་ཚེ་ཞང་ཚ་གཉིས་ནི་འབྲོག་པ་དབུལ་བོ་དང་གུང་ཁྲན་ཏང་ཡོན་ཞིག་མ་རེད་སུས་ཟེར་ནུས་མོད། དོན་དམ་པས་དེད་ན། དར་མཚོན་སྣ་ལྔའི་ནང་གི་མདོག་ངན་པོ། འབྲུ་རིགས་སྣ་ལྔའི་ནང་གི་གོང་ཆུང་བོ་ཡིན་ཚུལ་ནི། ཕར་བལྟས་ན་ཚུར་གསལ་བ་རེད། ད་ཚོད་རིག་གནས་གསར་བརྗེའི་དུས་ཚོད་འདིར། དབང་ཅན་གྱིས་དཀར་ཡོལ་བཅག་ན་འཐུང་ཚུལ་ཡོད། དབང་མེད་ཀྱིས་གོ་རེ་བཅག་ན་ཟ་ཚུལ་མེད་ཅེས་པ་ལྟར།རུ་ཆེན་དེའི་ནང་གི་དབང་ཅན་གཅིག་གམ་གཉིས་ཀྱིས་ཚང་ཁེ་བུན་ལོག་ཧམ་ཟོས་རྐུ་ཁྱེར། མང་ཚོགས་དབང་མེད་བྱས་པས་མི་ཆོག་པར། ཐ་ན་ཁྱིམ་ཚང་ཞིག་ལ་མནའ་མ་དང་། བུ་མོ་ཡག་མ་ཞིག་ཡོད་རུང་རྩེད་སྤྱད་བྱས་བཞག་ན་རྗེས་སུ་རྩད་གཅོད་མེད་མོད། མི་སེར་ཚོའི་ལོ་རེའི་ལས་སྐར་བཅད། ཚུང་མ་བྲང་འོག་ནས་དྲུད་རུང་བཤད་ན་མི་ཟུག་པའི་སྐབས་འདིར། ཁྱིམ་ཚང་མང་བོའི་བུས་མནའ་མ་ལེན་མི་ཕོད་པར་བུ་མོ་གནས་སུ་རྫོང་ཐབས་བྱེད་པས་ན་ལྕགས་ཚེས་གཉེན་སྒྲིག་བྱ་རྒྱུ་དེ་སྔ་ན་བཟང་རྒྱུ་མེད། ཉེ་རིང་རྩ་གསུམ་གྱིས་འདོད་ཡོད་ནའང་། ལྕགས་ཚེས་དེ་དག་ལས་ལྡོག་སྟེ་གཉོམ་ཆུང་འདུག་ཤེས་ན། བཙན་པོས་སྒུལ་མི་ཚུགས་འདོད་དེ་འབྱུང་འགྱུར་གྱི་འཚོ་བར་སྤྲོ་བཞིན་པའི་གཞུང་ཡིན་པའོ།།
ལྕགས་ཚེའི་ཞང་བོ་ས་སྟོང་ཞིག་ཏུ་ལུག་པར་བུད་དེ། གཅིག་ན་ཁྱིམ་མཚེས་མེད། གཉིས་ན་གླ་བ་མེད་པར་ཁེར་འབབ་བྱས་ནས། མ་མོ་མང་པོ་བརྩེབས། ལུ་གུ་མང་བོས་ནུ་ཁ་མ་ཟིན་པར་ཡོད་པའི་དུས་སུ། འབྲི་དཀོམ་ཁོའི་ལུག་པའི་ནང་དུ་ཡོང་བ་ལ་དགའ་ནས་ཤ་མགྲོན་ཇ་མགྲོན་བྱས། དེ་ནས་གཉི་ག་ལུག་རྗེས་ལ་འགྲོ་ཞོར་དུ་གནའ་རིང་ད་ཚེའི་སྐོར་ཅུང་ཙམ་ཁ་བརྡའ་བྱས་རྗེས། ལྕགས་ཚའི་ཞང་བོ་ལ་ཁ་ཁོག་མི་འཛིན་པར་ངའི་བུ་མོ་དེ་ཁྱེད་ཁའི་མནའ་མ་ཞིག་ལོག་ན། འུ་ཁ་གཉིས་ནི་གཞན་དང་མི་འདྲ་བའི་མནའ་ས་ལེབ་ལེབ་དང་། ཤགས་ས་ཀོར་ཀོར་གྱི་ནང་ཡིན་ཕྱིར། ང་ལ་བུ་མོའི་རིན་མ་སོད། གོས་ཐེབས་ཟས་རྩ་ཅི་ལ་དགོས། ཡིན་ནའང་། གཙོ་བོ་བྱིས་པ་གཉིས་ཀ་ཁྱོད་འཐད་ང་འཐུད་ཅིག་མ་བྱུང་ན། ངེད་གཉིས་ཀ་འཐད་ཀྱང་དོན་མེད། དེའི་ཐད་ནས་ལྕགས་ཚེའི་ཅི་འདོད་ཡོད་དམ་ཞེས་དྲིས་པ་ལ། ལྕགས་ཚེའི་ཞང་བོས་གཡག་རྒན་གོང་ནས་མགོ་ཌ་རུ་གཡུག་གཡུག་བྱེད་ཞོར་དུ་ངེད་ཁའི་ཁྱི་རྒན་གྱིས་ཕག་སྨྱོན་གྲི་ཤིའི་ཤ་ཟོས་པ་བཞིན་ཉལ་ན་ལངས་ན། ཟོ་ཆུན་འཕྱན་ལྟར་རང་དབང་མེད་པར་སེམས་ནི་ཁྱེད་ཚང་གི་བུ་མོའི་སྟེང་དུ་འཁོར་ཡོད་པ་ནི། འུ་གཉིས་བར་རེད་མ་གཏོགས་གཞན་ལ་བཤད་སྲོལ་མེད། ངེད་ཚང་གི་མི་ངན་འདིས་སྦལ་བ་ཙི་ལངས་ཀྱི་ཤ་ཟོས་པ་ཡིན་ནམ། དེང་སང་གི་ཕོ་གསར་མོ་གསར་ཚོ་ལ་འདི་འདྲའི་རོགས་དད་ཅིག་ཆེ་དཔེ་བ་རེད། གནའ་ང་ཚོ་གཞོན་དུས་དེ་འདྲ་མིན། ཨེ་རེད། དེ་ཡིན་རུང་། ཁྱོད་ཀྱི་བུ་མོ་དེ་ངེད་ཚང་གིས་སྣ་འཐེན་རུང་ཁ་ནང་དུ་ཡོང་མི་སྲིད་སྙམ་ནས། ཁྱོས་ཚུར་མ་གླེང་ན་ངེད་ཁས་སློང་མ་ཕོད་པར་ཡོད་ཅེས་གཡག་གོང་ནས་བབས་ཤིང་རུམ་ནས་སྣ་རྭ་བླངས་ཡོང་ནས་སྣ་དུད་སེན་གང་འཐེན་བཞིན་པར་ཡུད་ཙམ་འགོར་རྗེས། ཡང་གློ་བུར་དུ་ཤུགས་རིང་ཞིག་འབྱིན་ཞོར་དུ་ཁ་སང་དེ་རིང་མི་སེར་ལ་དབང་མེད་ཚུལ་དང་། ཏང་སྒྲིག་རྒྱལ་ཁྲིམས་མི་དགོས་པར་དབང་ཅན་དང་འདོ་མེད་ཚོས་ཅི་བྱས་དེ་རེད་ཟེར་དགོས་པ་དཀའ་ཚུལ་བཅས་པའི་སྡུག་མོལ་བཏོན་ནའང་། འབྲི་དཀོམ་གྱིས་དེ་ལོས་བདེན་དང་། དེ་རིང་འུ་ཉིས་ཀས་དེའི་སྐོར་མི་གླེང་། བུ་དང་བུ་མོ་གཉིས་ལ་རང་ཚུགས་ཤིག་འབྱུང་བསྡད་ན། གཉོམ་ཆུང་འདུག་ཤེས་ན། བཙན་པོས་སྒུལ་མི་ཚུགས་ཀྱི་དཔེ་རེད། ཁྱོའི་སེམས་མ་ཆུང་དང་། ང་ཚོའི་རླབས་ཆེན་གཙོ་འཛིན་མའོ་ཀྲུའུ་ཞི་ཡོད་ས་ཞིག་ནས། འདྲེ་སྣ་ནག་གཅིག་གམ་གཉིས་ཀྱིས་ཉི་མ་རྒྱབ་ཤར་ལག་པས་ཁེབས་སྲོལ་མེད་པར། ང་ཚོའི་གཟིགས་གཞི་སར་འབབ་ཉིན་མེད་ག་ལ་སྲིད། དེ་དུས་ཁྲིམས་འགལ་སྒྲིག་དཀྲུག་བྱེད་མཁན་ཚོ་ལ། ནག་ཉེས་སུ་ཆད་པ་དང་ཁྱི་རྐུན་ལ་དབྱུག་པ་ཞིག་འཐེན་མ་ཐུབ་ན། ཏང་སྒྲིག་རྒྱལ་ཁྲིམས་ཟེར་བ་དེ་དོན་མེད་དུ་གྱུར་པ་རེད། ཅེས་སེམས་གསོ་སྤྱད་ཀྱི་གཏམ་སྨྲས། དེར་མཐུད་ནས་གཉེན་ཇི་ལྟར་བསྒྲིག་པ་ལ། བག་སྐར་དགུན་མགོར་འཇོག་པ་དང་། བོད་ཀྱི་ཡུལ་སྲོལ་ཡོད་ལ་དུས་སྐབས་ཀྱི་ཚུལ་དང་ཡང་མཐུན་པ། མི་དགའ་བདག་སྐྱིད་ཀྱང་ཡོང་བའི་བག་སྟོན་ཞིག་བྱེད་པར་ཡང་གྲོས་མཐུན་པའི་མཚམས་སུ། ལྕགས་ཚེའི་ཞང་བོ་ཡར་ལངས་ནས་ད་དེ་ལྟར་བྱ། ང་འགྲོ་ཁྱེད་ག་ལེར་སོང་ཞེས་གཡག་རྒན་གྱི་སྣ་ཐུག་རྡོག་ཞོར་དུ་ཀི་ཤར་ཤ་རེ་ཞིག་འདེབས་བཞིན་པར་གཡག་གོང་དུ་ཞོན་ཏེ་ལུག་ཁྱུའི་རྗེས་སུ་བསྙེགས་སོང་ཞིང་། འབྲི་དཀོམ་གྱིས་ཀྱང་ཡར་ལངས་ཞོར་དུ་མཐུ་བ་ཞིག་སྤྲུགས་རྗེས། རྟའི་སྒྲོག་བླངས་ནས་ཞོན་ཏེ་ཕྱིར་ལོག་པའི་ལམ་དུ། རྒད་པོའི་ཡིད་ངོར། དར་ལུང་གི་ཞི་རྒོལ་དྲག་སྲུང་རུ་ཁག་གི་འགོ་བ་སྐར་ཚེ་གཤོངས་རིང་གིས། ཁོ་ནི་ཤཱཀྱ་ཐུབ་པ་ཕེབས་རུང་ཞྭ་མི་ཕུད། གླང་ཆེན་སྨྱོན་པ་ཡོང་རུང་ལམ་མི་བཟུར་རམ། ཡང་ན། རིག་གསར་ཚན་ཆུང་གི་ཙུའུ་ཀྲང་སྣ་ལོ་མས་མོ་ནི་ནག་མོ་བྲེད་མ་མིས་མི་ཐུབ། རྒྱུ་མ་རློན་པ་སོས་མི་ཆོད་ཅེས་ཇི་འདྲ་བཤད་རུང་། ངའི་སྲིང་རྒན་མའམ་གནམ་ཀ་མེད་ཀྱི་འོག་གི་སེདྒེ་མཐུར་མེད་མ་གསུར་བཟའ་ལྡོམ་པོ་སྐྱིད་ཀྱི་སྡེར་འོག་ན། དེ་གཉིས་ལ་འཕར་དབང་མེད་སྟབས། ངས་མོ་ལ་བཅོལ་དམ་རེ་བགྱིས་ན་སྐྱོན་མེད་ཅེས་སེམས་ལ་ཤར་ཡོང་ཚེ་སྣང་བ་ཡང་ཇེ་སྐྱིད་དུ་འགྲོ་བཞིན་ཡོད་པ་ནས་མ་འགྱངས་པར་ཉེ་རིང་རྩ་གསུམ་གྱིས་གཉེན་སྒྲིག་ཚུལ་དང་བག་སྟོན་བྱ་ཉིན་བཅས་གླེང་བཞིན་པར། དོན་དེ་ཡུལ་ཁ་རུ་སྡེ་ཀུན་ལ་བསྒྲགས་སོང་བའི་ལེའུ་སྟེ་གཉིས་པའོ།།
ལེའུ་གསུམ་པ།
མི་ངན་པར་དབང་ཐོབ་དུས།། རྩྭ་སྔོན་པོར་མེ་གཏོང་བ།།
གནམ་ཟླ་སྟོན་ཁའི་དུས་ནི། འབབ་ཞོད་ཇེ་ཆེ་དང་རླུང་ཁ་ཇེ་བསིལ། ཟླ་བ་ཇེ་དཀར་དུ་འགྲོ་བཞིན་པར་རིམ་གྱིས་རྩྭ་མགོར་སེར་ཐིག་ལྷུང་། གླང་མ་དང་སྐྱེར་བའི་ལོ་མ་དཀར་བོར་གྱུར། རི་སྒང་དུ་ལུག་རུ་སེར་བོས་ཁྱབ། ཐང་གཞོངས་ནི་ཨུཏྤལ་སྔོན་མོས་བཀང་། ས་འོག་གི་གྲོ་མ་ཇེ་ཆེ་དང་ཆུ་ཁའི་སྟར་བུ་ཇེ་དམར་དུ་འགྲོ་བའམ། ཡང་ན། རྫ་མགོའི་ཁ་བ་ཇེ་མང་། མཛོ་མོ་དང་འབྲིའི་འོ་མ་ཇེ་ཉུང་དུ་འགྲོ་བ། རྟ་ནོར་ལུག་གསུམ་གྱི་ཤ་ཤེད་རྒྱས་ཡོད་སྒང་ཡིན་སྟབས། སྟོན་ལུག་བཎྡེས་བཤའ། སྟོན་ཞོ་བག་མས་བརྐུ་ཟེར་བའི་དུས་སུ་བསླེབས་པས་ན། ཆར་དང་ཁུ་འཕངས་སྐོར་འབབ་རེ་བྱས་ཚེ། བར་སྣང་དུ་བྱ་ཁྲུང་ཁྲུང་གིས་འཕུར་རྡང་འཐེན་ནས་ལྷོ་ཕྱོགས་སུ་ཀིར་ཀིར་ཞེས་སྒྲ་སྒྲོག་བཞིན་པར་སྐྱོད་པ་རེད།
ད་ལོ་རིམ་པ་བཅུ་གཉིས་པའི་རླུང་ཆེན་གཡུགས་ནས། བློ་ལོག་པ་དང་ཉུལ་མ། ཏང་ནང་གི་མར་འགྲོ་བ། འབྱོར་ལྡན་གྲལ་རིམ་གྱི་ཤེས་ཡོན་ཅན། ཆོས་ཀྱི་ལས་རིགས་པ་བཅས་སུ་འཐབ་རྩོད་དྲག་པོ་བྱས། དགག་པ་ནན་མོ་བཏང་། བློ་དཀར་སེམས་དཀར་གྱི་བྱ་བར་རེམ་པའི་རྣམ་གྲངས་སུ། རི་སྒང་ཤོད་གསུམ་དུ་དཀར་ཡིག་རྡོ་དཀར་གྱིས་བསྒྲིགས། ཁྱིམ་ཚང་ཀུན་ལ་དཀར་ཡིག་འབུམ་རེ་དཔར་དུ་བཅུག མི་ཚང་མར་རྒྱུན་སྦྱོང་རྩོམ་ཡིག་གསུམ་པོ་སློབ་ཏུ་བཅུག མའོ་ཀྲུའུ་ཞིའི་སྐུ་དཔལ་ལ་ཞོགས་ཁའི་གསོལ་ཁ་དང་ཕྱི་དྲོའི་དགོང་བཅད་ཆག་མེད་བྱས་ཤིང་། རྒད་པོ་རྒད་མོ་ལ་གླུ་ལེན་གར་རྩེད་ཀྱི་ཁྲལ་འཇོག་པ་ལ་སོགས་པའི་བསམ་བློའི་གནད་དོན་ཞག་ལ་མི་སྐྱུར་བའི་བྱ་བ་སྤྱི་བསྒྲུབས། ཁྱད་པར་དུ་ལེན་ཧྥུ་ཀྲུའུ་ཞིའི་སྐུ་ཁམས་ཡུན་ནས་ཡུན་དུ་བདེ་བར་སྨོན་ཞེས་པའི་གསར་བརྗེ་བཟུང་བ་རེད། ཐོན་སྐྱེད་ཡར་སྐུལ་བྱེད་པའི་སྐོར་ནས། མགོ་རིལ་ལོ་འུར་གྱིས་གང་ནས། ཁ་སྐྱི་མོ་སྐྱིད་དུ་བསྐུར་ནས། སྤྱང་བྱ་ཁྱི་གཞུག་ལ་ཁྲིད་ནས། མགོ་གྲོད་པུར་གང་མང་བལྟས་དུས། རྒོད་ཐང་དཀར་ཞེན་པ་ལོག་ནས། དམར་རི་སྤྱང་སུན་པ་སྐྱེས་ནས། རྭ་རུས་པས་ས་གཞི་གང་ནས། མི་དོན་མེད་ཐང་ནས་སྡུག་དུས། ཞེས་པའི་གླུ་དང་འདྲ་བར་ཕྱུགས་ལས་ཐོན་སྐྱེད་ལོ་དེར་མ་ཡག་པར་མི་ཁས་ས་སྟེང་ཁྱབ་ནའང་། དགེ་རྩ་ཚོགས་བསགས་དང་སུན་འབྱིན་འཐབ་རྩོད་བྱེད་པའི་ཕྱོགས་ནས་མཚན་སྙན་གྲགས་ཀྱི་ནམ་མཁའ་གང་ཐུབ་ཡོད་པ་རེད།
གང་ལྟར་ཡང་། དར་ལུང་རུ་ཆེན་གྱི་ཐོན་སྐྱེད་མ་ཡག་ན་མི་སེར་ལ་ཡོང་འབབ་མང་བོ་ཞིག་མེད་པ་ནི་བཤད་མ་དགོས་པ་རེད། ཡོང་སྒོ་མེད་པའི་ལྕགས་ཚང་གི་བུས་ནག་མོ་ལེན་པའི་ཉི་ཆད་ཀྱང་ཇེ་ཉེ་ཇེ་ཐུང་ཡིན་ཚེ་ད་ནི་ཇི་ལྟར་བྱ་ཞེ་ན། དེའི་ཉེ་གཞི་རྩ་ལག་དང་བཟང་ས་མཛའ་མཐུན་རྣམས་འདུས་ནས། འབྲི་ཚང་གིས་ཤི་འདང་གསོན་ལ་བརྒྱབ་ནས་བུ་མོ་ངེད་ལ་སྦྱིན་ན། ཟ་བ་ཤ་ཡི་རི་བོ་དང་བཏུང་བ་ཆང་གི་རྒྱ་མཚོ་ལྟ་བུའི་སྟོན་ཆེན་ཞིག་བྱེད་མི་ཐུབ་ནའང་། མི་སྔུན་ནས་མིང་ངན་ཞིག་ཉོ་ཅི་ལ་རུང་། ད་ལྟ་ང་ཚོ་དཔའ་མེད་རུང་ཁྲ་ཁྲ་རྡར་རྡར་དང་། རྒྱུ་མེད་རུང་ཡ་ཡ་གོ་གོ་ཟེར་རན་དུ་བསླེབས་ཡོད་སླད། མེད་པ་གླིང་ལ་འཚོལ་བ་དང་། སྲ་མོ་བྲག་ལ་བརྐོ་དགོས་ཞེས་བགྲོས་པ་ལ། ལྕགས་ཚེ་ཞང་ཚ་གཉིས་མ་འཐད་ཀྱང་ཚང་མས་མི་ཉན་པར། ཇ་ཆང་འདྲེན་ཚུལ། སྡེར་སྐལ་བསྒྲིག་རིམ། རྟ་ཁ་ལེན་མི། གཡང་འབོད་སྟོན་བཤད། སྟོན་གླུ་ཆང་མཆོད། བག་སྐྱེལ་འབོད་མི། གོས་ཕྲུགས་དར་གསུམ་གྱི་ལེགས་རྟགས་སྟེར་ཚད་བཅས་སྤྱི་དང་བྱེ་བྲག་ལ་གྲོས་མོལ་བསྡུར་གསུམ་ཡང་ནས་ཡང་དུ་བྱེད་བཞིན་པའོ།།
སླར་ཡང་དོན་ལུང་རུ་ཆེན་ལ་ད་ལོ་ལས་འགུལ་གྱི་སྟབས་ཀྱིས། རྒྱུ་ཟོག་གི་ཁ་གྲངས་དང་དངུལ་གྱི་ཡོང་སྒོ་སོགས་ལོ་རེ་བཞིན་དུ་ཇེ་ཞན་དུ་སོང་རུང་། ཕྱུག་རྙིང་གི་རུ་ཆེན་ནི་གཞན་དང་མི་འདྲ་བར་ཡོང་སྒོ་ཅུང་མཐོ་བ་རེད། དེ་ཡིན་ན། འབྲི་བཟའི་ཨ་ཁུ་ཨ་ཞང་ཚོ་ནི་ལས་ཀ་བ་མང་ཕྱིར། ད་ལོ་མང་ལས་མང་ཐོབ་ལྟར་ཡོང་འབབ་ཀྱི་བགོ་བཤའ་མི་བྱ་བར། སྲིད་བསྟུན་ཐོབ་སྤྲོད་བྱས་ཀྱང་རུང་། དར་ལུང་དང་བསྡུར་ན་ཉིས་སྐོར་ཡོད་གཞིར་བཞག་པ་རེད།
ད་ལྟ་ལྕགས་ཚང་གི་སྐོར་ཁྲེས་སྟོན་ཆེན་བྱ་དགོས་ཞེས་པ་དེ་འབྲི་ཚང་གི་ཕུ་ནུས་ཐོས་པས་ན། ཁོ་ཚོས་ཀྱང་དེ་མཚུངས་ཤིག་མ་འགྲུབ་ན་མོའི་ཕ་མིང་གི་ངོ་ཚ་ཉོ་བར་ལ་ཐབས་མེད་སྙམ་ནས། འབྲི་བཟའ་ལ་རྒྱབ་གོན་པ། རྒྱན་འདོགས་ཆའི་སྐོར་ནས། བླ་བྲང་གི་བྱུ་རུ། བཙན་ལའི་གཟུག ཐི་ལང་གི་སྲམ། སྡེ་དགེའི་གློ་གཟུངས། ལྷ་སའི་ཕྲུག ཕོ་བྲང་གི་གོས་སོགས་འཛོམས་དགོས་པ་ལས་གཞན། ད་རུང་ཕྱེ་འབྲས་གྲོ་ནས། ཇ་མར་ཤ་ཐུད་བཅས་མཛོ་ཁལ་ཉི་ཤུའི་རྫོངས་པ་བྱེད་དགོས་པ་འབྲི་དཀོམ་གྱིས་མི་ཚོར་བ་བྱས་ནས་གྲ་སྒྲིག་བྱེད་བཞིན་པའི་སྐབས་སུ། འབྲི་བཟས་དེ་ལུགས་སྐོར་གྱི་གསང་ཚིག་ཕ་ལ་ཤོར་བས་ན། འབྲི་དཀོམ་གྱིས་ཉེ་རིང་རྩ་གསུམ་དག་བོས་ཡོང་སྟེ་ཡ་ཁོ་རེ་ཚོ། ངས་གོ་ཐོས་ལྟར་ཡིན་ན། ཁྱེད་ཚོས་རྟེན་རྙིང་བ་ལ་རྟེན་བཤད་གསར་བ་ཞིག་བྱེད་ཀྱིན་ཡོད་ཟེར། ཤིང་སྐྱེ་ཡ་བཟང་བོའི་སྐུ་དྲིན་དུ། བྱ་ཁྭ་ཏའི་རོ་ཐག་དགུང་ལ་མཉམ། གུང་ཁྲན་ཏང་གི་བཀའ་དྲིན་ལས། དུས་སྔོན་ཆད་ང་ཚོ་དང་ང་ཚོ་ལྟ་བུའི་སྤྲང་སྒྱེ་རྒྱབ་ཏུ་ཁུར་ཞིང་སྤྲང་དབྱུག་ལག་ཏུ་བཟུང་ནས། ནངས་ཟས་རི་རབ་ཀྱི་རྩེ་དང་ནུབ་ཟས་རྒྱ་མཚོའི་གཏིང་ཡིན་པས་དབུལ་ཕོངས་ཀྱི་སྡུག་བསྔལ་རྩད་ནས་རྫོགས། དུས་ད་ལྟ། སྦྲ་ལ་ཆེ་ཆུང་དང་རྒྱུ་ལ་མང་ཉུང་མེད་པར་སྐྱིད་དགའ་ལོངས་སྤྱོད་ཀྱི་དཔལ་ལ་རོལ་བཞིན་ཡོད་ཅེས་བཤད་ན་ཧ་ལས་ཆོག་པའི་ཚད་རེད། དེ་ཡིན་ན། ངའི་བུ་མོ་བག་མ་བྱས་ནས་སྐྱེལ་དགོས་པ་མ་གཏོགས། འབར་མ་བྱས་ནས་རྫོང་དགོས་པ་ཞིག་མིན་ཐག་ཆོད་ཡིན། སྤྱིར་ཤུགས་ཀྱིས་ཡོང་ན་དངོས་གྲུབ་དང་ཧེབ་ཀྱིས་ཡོང་ན་འགོང་བོ་ཡིན་ཟེར་བའི་དཔེ་དང་འདྲ་བར། བྱིས་པ་ཉིས་ཀས་དཀའ་སྤྱད་འབད་བརྩོན་བྱས་ནས་མི་ཚེ་སྐྱེལ་དགོས་པ་ལས། ཉེ་རིང་རྩ་གསུམ་པོའི་ཡོད་ཟས་མེད་ཆུ་ཀུན་ཉིན་གཅིག་གྲེ་བརླག་པའི་འབད་མེད་ལྷུན་འགྲུབ་ཀྱི་སྲོལ་ཞིག་ངས་མི་འདོད་ཁོ་ཐག་ཡིན། དེ་ཅིའི་ཕྱིར་ཞེ་ན། གཅིག་ན། ལྕགས་ངེད་ཁ་གཉིས་ཀའི་གྲོས་ཐོག་མདུད་ཐོག་ནས་ང་འདུག་དགོས་པ་དང་། གཉིས་ན། མི་རི་བོང་གི་ཚོད་ཀྱི་ཟས་སྤ་ཏོག་གི་དཔེ། སྟབས་བདེ་བབ་ཆགས་ཤིག་བྱེད་པ་ལས། ཙར་བ་བརླག་ཆས་ཤིག་བྱེད་སྤྱད་མེད་མོད། གལ་སྲིད་ཡོད་རུང་མི་བྱེད་ཅེས་སྨྲས་པ་ན། དེར་ཡོད་ཚོའི་ནང་གི་ཁ་བདེ་ལྕེ་བདེ་ལ་ལས་དེ་མ་རེད་ཅེས་ཁ་ཡར་ཁྲིད་མར་ཁྲིད་བྱས་ནའང་རྒད་པོ་སྒུལ་མ་ཚུགས། དེ་ནས་འབྲི་དཀོམ་གྱིས་ཁོ་ཚོར་འཕྲལ་དང་ཕུགས་ཀྱི་རྒྱུ་མཚན་དང་། སྐབས་དོན་གྱི་སྐོར་ཞིབ་མོ་ཞིག་བཤད་རྗེས། རང་རང་སོ་སོའི་གནས་སུ་སོང་ངོ་།།
ཕྱིར་ཉིན། འབྲི་དཀོམ་གྱི་ཞེ་ལ་སོང་ནས་ལྕགས་ལ་ཅི་ཡིན་གྱི་གཏམ་རེ་མ་དྲིས་ན། མཐའ་རྔ་ཅི་བྱ་མི་ཤེས་སྙམ་བཞིན་ཡོད་ཚེ་ཁྱིམ་མཚེས་ཚང་གི་རྒན་མོ་ཡོང་ནས་བུ་མོ་བག་ལ་འགྲོ་དུས་བབ་དང་བསྟུན་ལོས་དགོས་ཏེ། ངས་བལྟས་ན། ཁྱོད་ཀྱི་ཉེ་རྩ་ལག་གི་འདོད་པ་ལྟར་བྱས་ན་བཙན་ཡོད་ཀྱང་། ཁྱོད་རང་གི་འདོད་པ་ལྟར་གྱུར་ན་ཞན་ཆེ་བས། ད་ངས་མི་ལ་ཁམས་ཤིང་བདག་ལ་འཕྲོད་པའི་གཟུ་ཞིག་འཕང་ན། ཁྱོད་ཀྱིས་འཁུར་རམ་ཞེས་འདྲི་བའི་དུས་སུ། གློ་བུར་དུ་སྒོ་ནས་ཁྱི་ཟུག་པ་རེད། འབྲི་བཟའི་ཨ་མ་སྒོ་རུ་བུད་དུས་དར་ལུང་རུ་ཆེན་གྱི་ཞི་རྒོལ་དྲག་སྲུང་རུ་ཁག་གི་འགོ་བ་སྐར་ཚེ་གཤོངས་རིང་རྟ་ནག་རའི་གོང་ན་ཁྱི་འདུར་གྱིས་ཡོང་གིན་ཡོད་པ་མཐོང་།
སྐར་ཚེ་གཤོངས་རིང་འབྲི་བཟའ་ལ་དགའ་སྟབས། རྒྱུ་ནོམ་པ་དང་བློ་བཀོད་གང་རིགས་ཤིག་གིས་འབྲི་བཟའ་དྲུད་ཡོང་ཐུབ་འདོད་ནས། ཉིན་ཞིག་ཁོས་ཤོག་ཤར་ཞིག་གི་སྟེང་དུ། བྱ་ཁུ་བྱུག་སྙིང་ལ་རྗེ་བོ།། ཁྱོད་མེད་ན་དབྱར་དགུན་མི་ཤེས་ཀི། བྱ་གཞན་པ་མེད་ནི་མ་རེད་དེ།། བྱ་དེ་ཚོའི་སྐད་ལ་ཉན་འདོད་མེད།། ཅེས་སྐར་ཚེ་ནས་དམར་པོ་སྐེ་རྒྱན་གཅིག་དང་བཅས་པར་སྙིང་སྡུག་ཁྱེད་ཀྱི་ཐུགས་འཐད་པདྨོ་བཞད་པའི་ཉིན་བཟང་བོར་བསླུ་མེད་ཀྱིས་འབུལ་གྲབས་ཡོད་ཅེས་བྲིས་ཏེ་ཡིག་ཤུབས་ཤིག་གི་ནང་དུ་བསྡུས་ནས་ཁ་སྦྱར་ཡོད་པ་དེ་འབྲི་བཟར་སྤྲད་པ་རེད། འབྲི་བཟས་སླར་ཡང་ཤོག་ཤར་དེའི་གཤམ་དུ་འདི་ལྟར། ས་མགོ་གསོན་སྐྱ་ལུའི་དཀྱིལ་ན།། དཔོན་ཕྱུག་པོ་སྐར་ལུ་གཏེར་བདག། འཕྱི་རྒྱ་ལུའི་ཨ་བ་ཚིལ་རེད།། ཚིལ་ཡིན་རུང་ཟ་འདོད་ང་མེད།། ཅེས་བྲིས་ཏེ་སྐར་ཚི་ལ་ལན་བྱིན་པ་ནས་བཟུང་། ཁོས་བསམ་ངན་ཡིད་དུ་བཅངས་ནའང་། སྦྱོར་ངན་ལག་བསྟར་བྱེད་པའི་གོ་སྐབས་མ་ལྡན། ད་རེབ་འབྲི་བཟའ་ལྕགས་བག་ལ་ཡོང་བ་ཐོས་རྗེས་སྐར་ཚེའི་ཡིད་དུ་གདོན་འབྲི་བཟའ་མཆུ་དམར་མ་ཁྱོད། ཁ་ཆེ་རུང་སྣའི་འོག་རེད། ད་ནི་ཁྱོད་ཀྱིས་འཕྱི་ཚིལ་ཟ་མིན་ལ་གཅིག་བལྟ་དང་ཞེས་འདོད་བཞིན་པར་མ་ཟད། བག་སྟོན་གྱི་ཐད་ལའང་མི་དགེ་བ་ཞིག་བྱེད་བསམ་ཡོད་པ་ལྟར་དེ་རིང་ཁོ་འབྲི་ཚང་ལ་ཡོང་བ་རེད། རུ་ཁ་ཁྱིམ་མཚེས་ཚོས་སྐར་ཚེ་ཡོང་བ་མཐོང་དུས་ཡག་པོ་མེད་པ་ཤེས་ནས། འབྲི་ཚང་ལ་ཁེར་ཡོང་ཉིས་ཡོང་བྱས་ནས་འདུས་པ་རེད།
སྐར་ཚེ་ཁྱིམ་དུ་འཛུལ་རྗེས་རུམ་ནས་གསུང་བཏུས་བླངས་ཏེ་ནང་གི་ཚན་པ་གཅིག་བཀླགས་པ་དང་ལྷན་དུ། ཅི་ཡིན་འདི་ཡིན་མེད་པར་ད་ལྟ་རྙིང་བཞི་གཏོར་བ། གསར་བཞི་འཛུགས་པའི་སྒང་ཡིན་པ་དེ། ཁྱོད་ཏང་ཡོན་རྒན་པ་ཞིག་ལ་སྨྲ་མ་དགོས་པ་རེད། དེ་ཡིན་ན་ད་རེབ་ཁྱེད་ཀའི་བུ་མོ་གནས་སུ་འགྲོ་དུས། བོད་ལྭ་མི་གྱོན། བག་རྟ་མི་ཞོན། སྟོན་གླུ་མི་ལེན་པར་གསར་བརྗེ་ཅན་གྱི་གཉེན་སྟོན་གྱི་སྲོལ་ཞིག་འཛུགས་དགོས་ཞེས་པའི་ཚིག་རྔ་མ་བུད་གོང་དུ་རྩིས་གཉེར་བས་དེ་རིང་རྟགས་རྟེན་འབྲེལ་གཉིས་ཀའི་མགོ་ལ། འདི་འདྲའི་ཆག་གཏམ་བཤད་ཡོང་ན་འབྲི་དཀོམ་གྱི་ཁོག་པ་ཇི་ལྟར་ཡངས་རུང་དེ་སྲོན་མི་ཐུབ་པ་ཚོར་ཏེ། འཛུམ་མུལ་མུལ་དུ་བརླ་ལྕག་ཅིག་རྒྱག་བཞིན་སྔུན་ལ་ཨོང་ནུར་ཞིག་བྱས་ཏེ་དེ་ལོས་བདེན་མོད། ངེད་མི་མགོ་ནོར་སྐྱེས་སྐོར་ཞིག་གིས་ཅི་བྱ་དགོས་མ་ཤེས་པར་ཡོད་དུས། ཁྱེད་བསླེབས་ཡོང་བ་འདི་ངོ་མ་བཟང་ཐལ། བློ་མི་ལ་དྲིས། བློ་ཐག་རང་གིས་ཆོད་ཀྱི་དཔེ་རེད། ཁྱོད་ཀྱིས་ཤོད་དང་། བག་ལྭ་མི་གྱོན། བག་རྟ་མི་ཞོན་པར་བག་མ་ཇི་ལྟར་སྐྱེལ་ལམ་ཞེས་དྲིས་པ་ལ་དེ་ན་ཡོད་མི་ཚོར་གད་མོ་ཤོར་བ་རེད། སྐར་ཚེའི་ངོ་དམར་ཞོར་དུ་ལོ་གསུམ་གྱི་ཚུན་ཆོད་ལ་ལོ་ཙཱ་བ་དང་བོད་ལྭ་མེད་དགོས་པ་དེ། ཁྱོད་ཚོའི་རྣ་བ་འོན་སོང་བ་མིན་ན་གོ་ལོས་ཡོད། བག་མ་སྐྱེལ་དུས་རྒྱ་ལྭ་ཡག་པོ་ཞིག་གྱོན། སྐྲ་བྲེགས་ནས་མགོ་ལོ་བྱས། འདོ་ལུའི་ནང་དུ་བཞག་ནས་བསྐྱལ་མི་ཆོག་གམ་ཟེར་ནས་བཙན་བཤད་བྱས་ཡོང་ཚེ། ཁྱིམ་མཚེས་རྒན་མོར་འཚབ་ལངས་ནས་ལག་པ་དགུང་དུ་གཡུགས་བཞིན་པར་ཨ་ཁ་ཁ། སྐར་ཚེ། ཁྱོད་ཀྱིས་དེ་རིགས་བཤད་ཅི་ལ་རུང་། ཏང་གི་མི་རིགས་སྲིད་ཇུས་མེད་ཅེས་བཤད་ཡོད་པ་ངས་མ་གོ ལས་ལེགས་མ་འདི་ལ་གནས་ངོགས་འགྲིམ་དུ་ཆུག དེ་ལྟར་མ་བྱས་ན་ལས་ལེགས་མ་འདི་སྙིང་རྗེ། འདིའི་ངོ་ཚ་དེ་གང་ལ་འཇོག ཁྱོད་ཀྱིས་དེ་ཟེར་མི་ཉན་ཞེས་ཞུ་བ་བྱས་པའི་ལན་དུ། རྒན་མོ། ཁ་རང་གི་ཡིན་ན་ཚོད་ཟུངས། ད་ནས་བཟུང་མི་རིགས་ཀྱི་གནད་དོན་ཟེར་བ་ཞིག་མེད་ཅེས་ཞིང་ཆེན་གྱི་མགོ་འདྲེན་པས་བཤད་ཡོད་པ་དེ་ཁྱོད་ཀྱིས་གོ་ཨེ་མྱོང་། ཁ་ངན་པ་རྒོད་དུ་ཤོར་ན་ལས་ངན་པ་ཁྲིམས་སུ་སྦྱོར་བ་ཁྱོད་ཀྱིས་གོ་ཨེ་མྱོང་ཞེས་སྐར་ཚེས་ཁ་ཤེད་ལྕེ་ཤེད་ཕུད་ཡོང་བས་ན། རྩིས་གཉེར་བས་འཇམ་བཤད་ཅིག་གིས་ངོ་མི་ལོན་ཚུལ་ཚོར་ནས་འོ་ན་མཚེར་རེབ་ནས་ཁྱོད་ཀྱིས་ཆུང་མ་བླངས་ནའང་། བཞི་གཏོར་བཞི་འཛུགས་བྱེད་པ་ཕར་ཞོག ཐ་ན་ཁྱི་སྣ་ཝ་ཁྲིད་བྱས་ཏེ་འཇིག་རྟེན་རྙིང་བའི་ཕྱུག་པོ་ཚོའི་ཡན་གྱི་བག་སྟོན་ཞིག་ཅིའི་ཕྱིར་བྱས་པ་ཡིན། སྔ་བ་རྟ་ཁྲིད་ཡིན་ན་གཞུག་མ་མཛོ་ཁྲིད་ཀྱི་དཔེ་རེད། དཔེ་དེ་ཡང་མི་ཁྱོད་ཀྱིས་བཙུགས་པ་རེད། ཁྱོད་མགོ་ཐར་ས་ཞིག་ནས། ང་ཚོ་རྔ་མ་མི་ཐར་ས་ཞིག་ཡོད་དམ་ཞེས་སྐྲག་ཞོར་དུ་ཕྱིར་དྲིས་པས་ན། སྐར་ཚེའི་ཁ་ཁུག་མ་དང་སྣ་སྣེ་ལོར་གྱུར་ནས། ཁ་ཞིག་མྱང་མྱང་བྱེད་ཞོར་དུ་དེ་མ་ཐག་ཏུ་ལན་ཟློག་རྒྱུ་མི་རྙེད་པར། སྤོ་ཞིག་དང་ལྷན་དུ་སྒོར་བུད་ཅིང་རྟ་རྒན་ཞོན་ནས་ལྷ་བེ་ལྷུ་བེར་བཞུད་སོང་བའོ།།
འབྲི་དཀོམ་གྱིས་ཤུགས་རིང་ཞིག་འཐེན་བཞིན་མི་ཁྲོ་བར་གསར་བུ་མགོ་སྟོང་འདིས་སེམས་ནས་ཡིག་འབྲུ་རྒྱ་ཁབ་ཙམ་ཞིག་མི་ཤེས་པར། ན་ནིང་ཀུའུ་ཧྲུའུ་ཅི་དང་རྫོང་དཔོན་གཉིས་ནི་ཏང་ནང་གི་མར་འགྲོ་བ་རེད་ཅེས་སྐེར་ཤིང་ལེབ་བསྐོན། རྐང་འོག་ཏུ་འཛེར་མ་བཞག་སྟེ། འཐབ་རྩོད་བྱས་པའི་རྐྱེན་གྱིས་གཅིག་ཤི་གཅིག་ཞ་ཡོད་པ་རེད། གཞི་རྙིང་གྲགས་པ་ཅན་ལྷ་འདྲེ་རེད་བརྫས་ནས་བཤིག ཐུན་མོང་གི་ཕྱུགས་རྫི་གྲགས་ཅན་ནི་ལམ་ལོག་འདེད་མཁན་རེད་ཅེས་དགག འབྲོག་དབུལ་རྒན་པོ་ཚོ་ནི་ཀླང་རྙིང་རེད་ཟེར་ནས་བསྡིགས་པ་རེད། འདི་དང་འདི་ལྟ་བུའི་ཁ་ནས་མའོ་ཀྲུའུ་ཞིའི་གསུང་རྩོམ་ནེ་ཙོས་མ་ཎི་འདོན་འདོན་བྱས་རུང་། དོན་དུ་ཅི་ཡང་མི་ཤེས་པའམ། ཡང་ན་རང་དོན་མ་གཏོགས་མི་ཤེས་པར་གཞན་ཞིག་གི་རིག་འོག་ཏུ་ལྷུང་ནས་རང་གིས་རང་ལ་ངན་བྱེད་པ་འདི་མི་ལེགས་པ་རེད། ད་མ་ལེགས་རུང་བཀོད་པ་ཅི་ཡོད་དམ། ཟེར་བ་ལ། དེར་ཡོད་ཀྱི་མི་མང་བོའི་སེམས་སུ་འདི་ལྟར་འདུག་དགོས་ན་དཀའ་སྙམ་ནས་གཅིག་གིས་གཅིག་གི་ངོ་ལ་ལྟ་བཞིན་པར་ཡོད་ཚེ། རྩིས་གཉེར་བས་སྐྱིད་ལ་སྡུག་པའི་འཇིག་རྟེན་མི་ཡུལ་འདི་ན་དེ་འདྲ་ཡིན་པ་རེད། གསེར་མཁར་པེ་ཅིན་གྱི་ཉི་ཟླ་སྐར་གསུམ་པོ་ཡོད་ས་ཞིག་ན། ང་ཚོ་སྡུག་དགོས་དོན་ཡོད་པ་མ་རེད། སྐབས་སུ་བབ་པའི་དོན་དག་གི་ཐད་ནས། ཁྱོད་ཕ་དང་བུ་མོ་གཉིས་ཀས་ནང་གྲོས་ཏེ་གྱིས་དང་། འདོད་པ་ཅི་ཡོད་ང་ཚོས་བསྒྲུབ་རོགས་བྱེད་ངེས་ཡིན། ཀུན་གྱིས་བལྟས་ན་དེ་ཨེ་རེད་ཟེར་དུས་ན། དེར་ཡོད་མི་ཚོས་དེ་ཅི་ལ་མིན་ནམ་ཟེར་བཞིན་པར་འབྲི་ཚང་ནས་རང་རང་གི་ཁྱིམ་དུ་ལོག་གོ།
ཉེ་སྔོན་མཚེའུ་དམར་མི་དམངས་ཀུང་ཧྲེའི་སྨན་ཁང་གིས་ད་ལོ་ཟླ་བཅུ་བའི་ཚེས་ཉི་ཤུའི་ཉིན། རུ་ཆེན་སོ་སོའི་སྨན་ཕྲུག་གིས་ཉིན་ལྔའི་བྲོ་བཟུང་ནས་གཅིག་ཀྱང་ཆད་མི་ཆོག་པར་ཀུང་ཧྲེའི་ནང་དུ་དྲུག་གཉིས་དྲུག་གི་མཛུབ་སྟོན་དང་སྐམ་ཁབ་ཀྱི་སྐོར་ཁྲིད་དུ་ཡོང་དགོས་ཞེས་བརྡ་སྦྱར་ཡོད་པས། དེ་ནས་ཀུང་ཧྲེའི་ནང་དུ་འགྲོ་བའི་སྔ་ནུབ་ཀྱི་མི་ཉལ་ཁྱི་ཉལ་གྱི་མཚམས་སུ། ཁོ་མོས་ལྕགས་ཚེ་ལ་འཕྲི་ན་ཡིག་ཅིག་སྐུར་དགོས་པར་བསམ་ནས་མགོ་ན་གཉིད་མེད་པར་སྐུར་ཡིག་ཤོག་གྲངས་གསུམ་བྲིས་པའི་ཚེ་ན། སྐྱ་མདའ་བཀྱགས་ཤིང་། ཁྱིམ་མཚེས་གཡས་གཡོན་ཚོའི་སྦྲ་ཀླད་ནས་དུ་བ་འཕྱུར། མ་སྲུ་ཚོས་ཤུག་དམར་གྱི་ཆུ་ཟོམ་ཁུར་ནས་ཆུ་ཁར་སོང་། མོས་ཀྱང་དེ་མ་ཐག་ཏུ་འཕྲིན་ཡིག་ཤུབས་སུ་བསྡུས། ཁ་སྦྱར་མཐར་རྒྱབ་ཁུག་ནང་དུ་བཅུག་རྗེས། ཁྱིམ་ནས་ཆུ་ཟོམ་བླངས་ཏེ་ཆུ་ལེན་དུ་སོང་། ཆུ་ཁུར་ནས་ཕྱིར་བསླེབས་དུས་རུ་འདྲེན་བློ་བཟང་གིས་ཡ། ལས་ལེགས་མ། དེ་རིང་ཁྱོད་ཀྱིས་རྟ་གང་ཞོན་ནམ་ཞེས་དྲིས། འབྲི་བཟའི་ཨ་མས་བློ་ཁོ། ངས་ད་རེབ་མ་སོང་ན་བསམ་ཡོད་དང་། འདིས་འགྲོ་དགོས་ཟེར་ནས་རྟ་བྲན་ཞིག་མདང་བཟུང་ཡོད་ཅེས་བུ་མོའི་ཚབས་ཏུ་ལན་བཏབ་པ་ན། རུ་འདྲེན་དགོད་ཞོར་དུ་སྨན་བུ་མོ་བཟང་རུང་གཞན་གྱི་རེད། བུ་ཚ་བོ་ངན་རུང་རང་གི་རེད་ཟེར་བའི་དཔེ་རེད། ད་རེབ་རྟ་བྲན་ལ་རྒྱུག་ཡག་ཤིག་གྱིས། ཁྱོད་བག་ཏུ་སོང་ཚར་རྒྱབ་ང་ཚོའི་རྟ་ཞོན་དགོས་འདོད་ཀྱང་ཨེ་སྐྱོན་ཅི་ཤེས་ཞེས་རྩེད་མོའི་གཏམ་སྨྲས།
ནངས་ཇ་འཐུང་རྗེས་སུ། ཁྱིམ་མཚེས་ཚང་གི་བུ་མོ་ཡོང་ནས་རྟ་ལ་སྒ་སྐྱང་མགོ་སུམ་མཉམ་མ་ཞིག་སྟོད་ཞོར་དུ་སྲབ་མེ་ཏོག་མ་ཞིག་བསྐོན། ཕྲུག་ལྭ་ཤ་ཐག་བྱས་ནས་རྟ་བཟུང་བསྡད་ཡོད། འབྲི་བཟའི་རྐང་ལ་ལྷམ་ཕྱིང་མཐིལ་ཅན་ཞིག་དང་། ལུས་ལ་སློག་ཕྲུག་ཁྱོན་ཅན་གོང་ཕུར་གཟིག་གིས་བརྒྱན་པའི་ཐོག་རྒྱག་ནག་པོ་ཅན་ཞིག་གྱོན་ཞིང་། གོས་ཀྱི་སྐེ་རགས་དམར་བོ་ཞིག་གི་སྟེང་དུ་དངུལ་སྐེད་འཆབ་བྱུ་རུའི་ཁྲ་ཅན་ཞིག་བཅིངས། གོས་འབྲུག་རིས་མ་སྨུག་པོ་སྐྱངས་ཁེབ་ཁ་འགྲིལ་ཉིས་འགྲོ་མ་ཅན་གྱི་ཚི་ལེན་ཞིག་གོན། བྱུ་རུའི་སྐེ་རྒྱན་བཏགས། ཝ་ཞྭ་ལག་ཏུ་བཟུང་ནས་ཨ་མ་དང་ལྷན་དུ་སྦྲ་སྒོར་བུད། དེ་ནས་ཁོ་མོས་ཞྭ་གོན་ཏེ་སྲབ་མདའ་བླངས་ནས་རྟའི་ཡོབ་ཏུ་རྐང་བ་འཇུག་དུས། ཨ་མས་ལམ་ནས་མ་འགོར། མྱུར་དུ་ཀུང་ཧྲེའི་ནང་དུ་སླེབས་ཐབས་ཀྱིས་ཞེས་པ་ལ། བུ་མོས་ཨ་མ་ལགས། སེམས་བདེ་མོ་གྱིས་ཞེས་པ་དང་ལྷན་དུ་རྟའི་གོང་ལ་བུད་པ་རེད།
དེ་ཡི་ཉིན་ནི། གནམ་ངོ་ན་སྤྲིན་ཐིག་ལེ་ཙམ་ཡང་མེད་པར་སྔོན་གཡེར་རེ་ཡོངས་སུ་ཁྱབ་ཡོད་ཅིང་། རྨ་ཆུ་ལུ་མ་ནི་ལྗང་ལྟོངས་སེ་ཤར་ནས་བྱང་ཕྱོགས་སུ་ལྡེམ་པ། ལམ་ཁའི་གཡས་གཡོན་དུ་ཟོག་ཁྱུ་ནོར་ཁྱུ་རྩྭ་མགོར་རྒྱུག་ལ། རི་འདབས་རི་རྐེད་དང་བཅས་ལུག་གིས་གཡོགས། སྟོན་གྱི་བསེར་བ་དང་རླུང་སྐོར་གཡུག་རེ་བྱེད་དུས་མེ་ཏོག་ཁུར་མང་གི་བ་སྤུ་བར་སྣང་དུ་ཁྱེར་ཏེ་ཡངས་པའི་ཨ་སྔོན་དུ་ཐིག་ལེ་ཁྲི་སྟོང་ཕབས་པ་རེད། ལམ་ནས་ཕོ་གསར་སུ་ཞིག་འབྲི་བཟའ་དང་འཕྲད་ཀྱང་། དེས་འཛུམ་ཆུང་བྱེད་བཞིན་ཞོན་པའི་གཡག་རྒན་གྱི་སྣ་ལྷོད་ནས་མི་ལྟ་མཁན་ནི་ཉུང་ཞིང་། ཁོ་མོས་ཀྱང་རྟ་འདོ་བའི་གོམ་ལག་གིས་ཐང་སྐྱ་མོར་རི་མོ་འབྲི་བ་དང་། སྐད་སྙན་མོ་ཨ་སྔོན་དབྱིངས་ནས་འགུག་ཅིང་། ཚིག་སྙན་མོ་མགྲིན་པའི་ལམ་ནས་འདྲེན་བཞིན་པར། ཨ་ནེ་དང་སྙིང་གྲོགས་དམ་པ་ལྕགས་ཚེ་ཡོད་སའི་དར་ལུང་རུ་ཆེན་གྱི་ཕྱོགས་སུ་བསྐྱོད་སོང་བའི་ལེའུ་སྟེ་གསུམ་པའོ།།
ལེའུ་བཞི་བ།
ཡིག་འབྲི་གཉིས་ཀྱི་ནོར་ལྡོག་གིས།། རུ་སྡེ་གཉིས་ལ་ནང་གྱོད་བསླངས།།
ཀུང་ཧྲེའི་སྨན་ཁང་གིས་སློབ་སྦྱོང་བྱེད་འགོ་བཟུང་ནས་ཉིན་གསུམ་ལོན་ནའང་། འབྲི་བཟའ་ད་དུང་མ་སླེབས་པ་རེད། དེར་ཡོད་ཚོའི་ནང་གི་འགའ་རེས་འབྲི་བཟའ་བག་ལ་འགྲོ་རན་དུས་སློབ་སྦྱོང་དུ་ཡོང་ཁོམ་ཞིག་ག་ལ་ཡོད་ཅེས་དང་། མཚོ་སྐྱིད་ཀྱིས་འབྲི་བཟའ་ནི་སློབ་སྦྱོང་ལ་འདུན་པ་ཆེ་བས། ད་རེབ་མི་འོང་བའི་དཔེ་མི་སྲིད་ཟེར་བའི་རྗེས་སུ། སྨན་ཕྲུག་བསྟན་ཁོས་ཀྱང་ཉེ་སྔོན་ང་དོན་ལུང་དུ་འགྲོ་སྐབས། སྐམ་ཁབ་ཀྱི་སྐོར་ཁྲིད་དུས་ཁོ་མོ་ཡོང་རྒྱུ་ཡིན་ཟེར་གྱིན་ཡོད་ཅེས་སྨྲས་པས་ན། ཉིན་དེའི་ཕྱི་དྲོར་སྨན་ཁང་གི་མགོ་འདྲེན་གྱིས་དོན་ལུང་རི་ཆེན་དུ་སྐད་བསྐུར་ནས། འབྲི་བཟའ་མྱུར་དུ་སྨན་སློབ་པར་ཤོག་ཅེས་པ་ལ། རུ་ཆེན་དེས་འགན་འཛིན་པས་མོ་དེར་སོང་ནས་དེ་རིང་དང་ཉིན་གསུམ་འགོར་ཡོད་ཅེས་ལན་འབྱོར་བའི་ཚེ་ན། གཙང་འཕྲོད་པ་ཞིག་གིས་ཁེ་ཉིན་ང་ཡོང་དུས། འབྲི་བཟའི་རྟ་དར་ལུང་གི་མཐའ་ན་བསྟད་ཡོད་པ་མཐོང་། དེ་ཡིན་ན། མོ་ཨ་ནེའི་གམ་ན་བསྡད་ཡོད་པ་མིན་ནམ་ཟེར་བ་ལ། སྨན་ཕྲུག་གིས་མོ་དེ་ན་འོས་ཡོད། མོ་ཨ་ནེའི་གམ་ན་མེད་ཀྱང་། ལྕགས་ཚེའི་འགྲམ་ན་ཡོད་ཚོད་རེད་ཅེས་འུར་བསླངས་ཡོད་དུས། མཚོ་སྐྱིད་སོགས་སྨན་མོ་དག་གིས་སྨན་ཕྲུག་ཚོ་འབོད་པར་མངགས་ན། འབྲི་བཟའ་ངོ་ཚའི་གནས་སུ་འགྱུར་རྒྱུ་རེད་སྙམ་སྟེ། སྨན་ཁང་གི་མགོ་འདྲེན་ལ་དགེ་རྒན་ལགས། འབྲི་བཟའ་འབོད་པར་ང་ཚོ་སོང་ན་ཨེ་ཆོག་ཅེས་ཞུས་ཚེ། མགོ་འདྲེན་གྱིས་དེ་རེད། བུ་མོ་འབོད་དུ་བུ་མོ་སོང་ན་འགྲིག ད་ལྟ་ཁྱོད་ཚོ་སོང་ནས་མོ་མྱུར་དུ་ཁྲིད་ཤོག དགོང་མོ་ཡང་དཔེ་ཁྲིད་ཡོད་ཕྱིར། དུས་ཐོག་ཏུ་འབྱོར་དུ་ཆུག་ཅེས་གདམས་ནས་བུ་མོ་གསུམ་པོ་མངགས།
བུ་མོ་གསུམ་པོ་རྩེད་ཞོར་དགོད་ཞོར་དུ་འབྲི་བཟའི་ཨ་ནེ་ཚང་གི་སྒོ་རུ་སླེབས་དུས། ཨ་ནེས་ཁྱི་འགོག་ཞོར་དུ་འབྲི་བཟའ་དེ་རིང་ཁོམ་གྱིན་མེད་པ་ཡིན་ནམ་ཞེས་དྲིས་པ་ལ། བུ་མོ་ཚོས་འཛུམ་ཆུང་ཞིག་སྟོན་བཞིན་པར་ཨ་ནེ་ལྷ་གཅེས། འབྲི་བཟའ་སྨན་ཁང་དུ་འབྱོར་མེད་སྟབས། མགོ་འདྲེན་གྱིས་མོའི་རྟ་ཁྱེད་ཚང་ན་ཡོད་ཚེ། མོ་ཡང་དེ་ན་ཡོད་རྒྱུ་རེད་ཅེས་ང་ཚོ་འབོད་དུ་མངགས་པ་ཡིན་ཞེས་བཤད་པ་ལ། ཁ་ཉིན་ང་ཚོ་ཚོགས་འདུ་གྲོལ་ནས་ཡོང་དུས། འབྲི་བཟའི་རྟ་བྲན་ངེད་ཁའི་ཐད་ཀྱི་ཐང་ན་བསྟད་ཡོད་པས། ངས་རྟ་བྲན་ངེད་ཁར་བཅོལ་ནས་མོ་སྨན་ཁང་ནང་ན་ཡོད་བསམ་བཞིན་ཡོད། ཨ། རྗེ་བཙུན་འཕགས་མ་སྒྲོལ་མ་མཁྱེན། ད་འདི་ཅི་ཡིན་ཞེས་རྒན་མོའི་སྙིང་རླུང་སྟོད་དུ་འཚང་ཡོང་བའི་ཚེ་ན། བུ་མོ་ཚོ་ཧ་ལས་ནས་འབྲི་བཟའ་འདི་ན་མེད་ཚེ། ལྕགས་ཚང་ན་ཡོད་ན་ཐང་ཞེས་པ་ལ། རྒན་མོས་དེ་ན་ག་ལ་ཡོད། ད་ནངས་ཚེ་རིང་རྡོ་རྗེ་ཡོང་ནས་ང་ལ་མོ་དྲིས་པ་རེད་ཟེར། བུ་མོ་གསུམ་པོས་ཀྱང་ཕན་ཚུན་རིག་རིག་གིས་ལྟ་བ་ལས་དེ་ཡིན་འདི་ཡིན་མེད་པར་གྱུར་ཅིང་། རྒན་མོས་ཀྱང་ངུ་ལྷབ་ཅིག་བྱེད་ཞོར་དུ་ཐུ་སྣེ་ལག་ཏུ་བཟུང་སྟེ། དབྱུག་པ་ཞིག་དྲུད་ནས་ལྕགས་ཚང་ལ་བརྒྱུགས་སོང་། བུ་མོ་གསུམ་པོ་ཡང་དངངས་ཞོར་དུ་མིག་ཆུ་རེ་དྲུད་ནས་སླར་སྨན་ཁང་ནང་དུ་ལོག་སྟེ། མགོ་འདྲེན་ལ་དེ་ལུགས་ཀྱི་སྐོར་ངུ་ཞུ་བྱས་སོ།།
སྨན་ཁང་གིས་ཀུང་ཧྲེར་ཁ་པར་བརྒྱབ་སྟེ་འབྲི་བཟའ་གློ་བུར་དུ་བོར་སོང་ཚུལ་སྙན་ཞུ་བྱས་མོད། འོན་ཀྱང་ཀུང་ཧྲེས་དེ་དོན་དག་ཆེ་རྒྱུ་མེད་སྙམ་ནས་དང་དུ་མ་བླངས། སྨན་ཁང་གིས་དོན་ལུང་རུ་ཆེན་ལ་ཡང་དེ་ལུགས་ཀྱི་བརྡ་བརྒྱབ་པ་རེད། དོན་ལུང་རི་ཆེན་གྱིས་དེ་མ་ཐག་ཏུ་རྟ་ཁྱུ་ལྷས་ལ་བསྡུས་ཏེ། རྒན་གཞོན་ཕོ་མོ་མེད་པར་རྟ་ཟིན་སྒ་ཟིན་གྱིས་ངང་ནས། ཕྱི་དྲོའི་ཆུ་ཚོད་དྲུག་གི་སྟེང་དུ་འབྲི་བཟའ་འཚོལ་བར་ཕྱོགས་ཕྱོགས་སུ་བརྒྱུགས་སོ།། དེའི་དུས་ན། རྡུལ་དམར་གྱིས་གནམ་ས་གང་ཞིང་། ཡུན་མི་རིང་བ་ན་ཁ་བ་བུ་ཡུག་གིས་བར་སྣང་གཡོགས་བཞིན་པར་ས་རུབ་སོང་བའོ།། མཚན་མོ་དེར་རུ་མཐའ་སྡེ་ནང་དག་ན། ལུག་གིས་འབའ་དིར། རྟས་འཚེར་དིར། ཟོག་གིས་ངུར་དིར་དང་། མི་སྐད་ཁྱི་སྐད་ལ་སོགས་པའི་འུར་དིར་དིར་མཚམས་འཇོག་པར་ནམ་ཕུད་དོ།།
དུས་དེ་ནས་བཟུང་། སྐྱ་མི་མང་བོས་རི་ལ་བསྐོར་བ། ཐང་ལ་མདུད་པ་རྒྱག་བཞིན་དུ་འཚོལ་ཞིང་། མཐའ་སྐོར་གྱི་ཀུང་ཧྲེ་སོ་སོ། ཉེ་འཁོར་གྱི་རྫོང་ཁག་སོ་སོ་ལ་རྩད་ཡིག་བསྐུར་ཞིང་ཁ་པར་བརྒྱབ། མི་མང་འདུ་ས་འཚོགས་སའམ། ཡང་ན། ཆུ་ཁའི་ཆུ་ལེན། ལ་ཁའི་ལུག་རྫི། གོ་ཁའི་བཟའ་བ་དང་བཅས་པ། མདོར་ན། གང་ས་གང་ཡིན་དུ་འབྲི་བཟའ་བཙལ་ནས་ཞག་གསུམ་འགོར་ནའང་། དེ་ནི་གར་སོང་གི་རྗེས་མགོ་མ་ཟིན། མཐར་འཇིག་རྟེན་གཏམ་གྱི་དཔེ་ལ། གཏམ་མི་ཁ་བརྒྱུད་ན་ཇེ་མང་། ཟས་མི་ལག་བརྒྱུད་ན་ཇེ་ཉུང་ཡིན་ཞེས་པ་ཇི་བཞིན། ལ་ལས་མོ་དགའ་ས་འཐད་ས་ཞིག་གི་ཟླར་སོང་བ་རེད་ཅེས་དང་། འགའ་རེས་མོ་འདྲེས་ཁྲིད་པ་ཡིན་ཤས་ཆེ་ཞེས་དང་། མོ་ལྕགས་ཚེ་ལ་མ་དགའ་ནའང་ཕས་བཙན་གྱིས་བྱིན་སྟབས། དེར་མ་འདོད་པར་ཆུ་ལ་ལྕེབས་པ་རེད་ཟེར་མཁན་ཡང་ཡོད།
འབྲི་བཟའ་གར་སོང་འདིར་བསྡད་ཀྱི་སྐད་ཆ་མ་གོ་བར་ཡོད་པའི་སྐབས་ན། གློ་བུར་དུ་འབྲི་དཀོམ་གྱི་ནུ་བོའི་བུ་ལ་འཕྲིན་ཡིག་ཅིག་འབྱོར་བ་ནི། འདི་ལྟར་བྲིས་ཡོད།
བརྩེ་བའི་གྲོགས་མཆོག་འབྲི་ཕུན་ཚོགས་རབ་རྒྱས་ཀྱི་དྲུང་དུ།
ཕྲན་རྔོག་དར་རྒྱས་ནས་འཕྲིན་བསྐུར་དོན་ནི། ཉེ་ཆར་ཁྱེད་བཟའ་མི་དང་ཉེ་རིང་རྣམས་སྔར་བཞིན་བདེ་ཞིང་སྐྱིད་པར་ཡོད་པའི་འཚམས་འདྲི་བྱ་ལགས།
སྐབས་དོན་ལ། ཟླ༡༡པའི་ཚེས༡༣ཉིན་ངས་གཉེན་སྒྲིག་གི་སྟོན་མོ་བྱ་རྒྱུ་ཡིན། ང་དེ་ན་ཡོད་དུས་དེའི་སྐོར་ཁྱོད་ལ་བཤད་འདོད་ཡོད་མོད། འོན་ཀྱང་བྱ་བ་མང་ཕྱིར་སྟབས་མ་ལྡན། ད་ལྟ་ཁྱེད་ཐུགས་རྒྱལ་མི་བཞེང་བར་ང་དང་ཁྱོད་ཀྱི་སྲིང་མོ་ཚེ་རིང་ལྷ་སྐྱིད་གཉིས་ཀྱི་གཉེན་སྟོན་ཐོག་ཏུ་མྱུར་བར་ཡོང་བའི་རེ་བ་ཞུ་ལགས།
ཞེས་ཟླ༡༠ཚེས༢༥ལ་དར་རྩེ་མདོ་ནས་ཕུལ། ཞེས་བྲིས་ཡོད།
འབྲི་ཕུན་ཚོགས་རབ་རྒྱས་ཀྱི་ཡིད་ལ། རྔོག་དར་འདིར་ཡོང་ནས་སྐྱོར་གསུམ་དམག་གཉིས་ཀྱི་བྱ་བ་སྒྲུབ་དུས། རྒྱུན་དུ་ཁུ་བོ་ཚང་ན་འཚང་འདུག་ཚུལ་དང་། འབྲི་བཟས་དམག་མི་ཞིག་ལ་འཕྲིན་སྐུར་གྱི་འདུག་ཟེར་ཚུལ་དག་ཞེ་ལ་ཤར་ཡོང་ཚེ། མོ་རྔོག་དར་གྱི་རྗེས་དེད་སོང་བ་ཡིན་སྙམ་སྟེ། དེའི་སྐོར་རུ་ཆེན་གྱི་རྩིས་གཉེར་བ་ལ་ཞིབ་མོར་བཤད་པ་མ་ཟད། བཤད་པ་བརྒྱའི་རེག་ལ། ལྟ་བ་གཅིག་གིས་གསལ་འདོད་ནས་ཁོ་དེ་མ་ཐག་ཏུ་དར་རྩེ་མདོར་བརྒྱུགས་སོང་ངོ་།།
རྩིས་གཉེར་བས་དེ་ལུགས་འབྲི་དཀོམ་ལ་བཤད་པ་ཙམ་ན། འབྲི་དཀོམ་རྒན་རྒོན་གཉིས་དགའ་ཞིང་སྤྲོ་ཆེ་ནས། ཅི་བྱ་དགོས་ངོས་མ་ཟིན་པར་གྱུར་ནའང་། ཅུང་ཟད་འགོར་རྗེས་འབྲི་དཀོམ་ཁོང་ཁྲོ་དྲག་པོ་ལངས་བཞིན་པར་ནུ་བོ་ཚང་ལ་སོང་སྟེ། ཨ་ཁ་ཁ། ཕ་མ་ངན་པའི་བུ་ཕྲུག་དང་། དགེ་རྒན་ངན་པའི་དགེ་ཕྲུག་ཟེར་བ་ནི། ཡ་རབས་ཀྱི་བྱ་བ་མཐོ་གང་ཡང་མི་ཤེས་པ་འདི་འདྲ་རེད། ཁྱོད་ཀྱིས་བརྟགས་ན་འདི་ནི་ཅི་ཞིག་རེད་དམ་ཞེས་དྲིས་དུས། ནུ་བོའི་ཞེ་ལ་ངའི་བུས་ཚ་མོ་གསང་ནས་རྔོག་དར་ལ་བག་མར་བྱིན་པར་རེད་འདོད་ནས་ཅུང་འཇིགས་ཉམས་ཀྱིས་སྐྲག་ཞོར་དུ། ཧ་ཧ། ད་རེབ་ང་ལ་ཕུ་བོས་མཛུབ་མོ་གར་བསྟན་ཤར་ཡིན། ཀླད་མེད་འདི་གཉིས་ཀས་དྲིན་ཕ་མའི་མགོ་གཡོགས། བཟང་ས་མཛའ་མཐུན་གྱི་བར་ལ་གྱོང་བཞག་པའི་མ་ཚར། རང་རུ་རང་སྡེར་སྡུག་འདི་འདྲ་ཞིག་བསྐུལ་བ་རེད། ད་ང་མྱུར་དུ་ལྕགས་ཚང་ལ་འགྲོ་དང་ཞེས་ལན་སློག་མ་ཚར་གོང་དུ། ཁྱིམ་མཚེས་གཡས་གཡོན་རྣམས་དེར་ཡོང་ནས་ཅི་བྱ་གང་དྲག་གི་སྐོར་སྨྲས་པ་ལ། འབྲི་བཟའ་ཨ་མས་ས་དར་རྩེ་མདོ་ཟེར་བ་ནི་གང་གི་གང་ཞིག་རེད། བུ་མོས་རྐང་མགྱོགས་བསྒྲུབ་མེད་ན། ཉིན་བཞིའི་ཡུན་ལ་དེར་སླེབས་ཐུབ་བམ། མོས་ཕ་མ་གཉིས་ལ་ཚིག་ཟུར་ཙམ་ཡང་མི་འབུད་པར། དེ་འདྲའི་ས་ཡུལ་སྡེ་མཐའ་མི་གཅིག་པའི་ཡུལ་ལ་འཁྱམས་འགྲོ་ཨེ་སྲིད་ནའང་། ཞེས་བཤད་པར། འབྲི་དཀོམ་གྱིས་བུ་མོ་ཡོད་སའི་ངོགས་ཤིག་ཟིན་མེད་ན། ཚ་བོས་ཧ་མ་གོའི་ཧོན་རྒྱུག་བྱེད་དམ། གནའ་ཡིན་ན། དར་རྩེ་མདོ་ནི་ལོ་ལམ་ཟླ་ལམ་ཞིག་ཡིན་རུང་། དེང་སང་སྐད་ཅིག་ཙམ་གྱི་སྣ་རེད། ཧིང་། ས་ཡུལ་སྡེ་རུ་མི་གཅིག་ས། དེང་སང་རྒྱའི་བུ་མོ་བོད་དུ་བག་མར་ཡོང་། བོད་ཀྱི་བུ་ཚ་རྒྱ་ལ་མག་པར་འགྲོ་གིན་ཡོད་ཙ་ན། བོད་མོ་བོད་ནང་དུ་བག་ལ་འགྲོ་ཅིའི་ཕྱིར་མི་སྲིད་ཟེར། དེའི་འཕྲོ་ནས་རུ་ཁ་ཁྱིམ་མཚེས་ཀྱང་བུ་མོ་ཡོད་ན་ཅི་བྱས་བློ་རེད། ཕུན་རབ་ཕྱིར་སླེབས་ན་ད་གཟོད་ང་ཚོས་གྲོས་ཁ་སླ་ཞེས་པས་ན། འབྲི་དཀོམ་གྱིས་ཀྱང་དེ་མ་རེད་མི་ཟེར་བར་སླར་ཁྱིམ་དུ་ལོག་གོ།
དེའི་དུས་སུ། ལྕགས་ཚང་གི་བུས་ཉིན་ཞག་དུ་མའི་རིང་ལ་ལ་རྒྱུག་ལུང་རྒྱུག་བྱས་ཀྱང་འབྲི་བཟའ་མ་རྙེད་པར་ཕྱིར་ཁྱིམ་དུ་བསླེབས་མ་ཐག ཨ་མས་ཁོ་ལ་འབྲི་བཟའ་ཁམས་སུ་བྲོས་ནས། མིང་བོ་དེའི་རྗེས་ལ་སོང་ཚུལ་སོགས་ཞིབ་ཏུ་བཤད་པ་རེད། དེ་ནས་གློ་བུར་དུ་ཚོགས་བརྡ་བརྒྱབ་ཚེ། མ་བུ་གཉིས་ཀ་རུ་ཁག་གི་གཞུང་ཁང་ནང་དུ་མི་སེར་རྣམས་ཚོགས་སར་སོང་དུས། ཚང་མ་བསླེབས་པ་མ་ཟད་སྐར་ཚེས་སྐད་ཆ་བཤད་གྱིན་ཡོད་པའི་སྒང་རེད། དེར་བསྡད་དེ་ཉན་དུས། ད་ལྟ་ནི། གྲལ་རིམ་འཐབ་རྩོད་རྣོ་ངར་ཅན་དང་རྙོག་འཛིང་ཅན་ཡིན་པ་ནི། དཔེར་ན། གྲལ་རིམ་དགྲ་བོ་གཅིག་དང་གཉིས་ཀྱིས། གཉེན་ཁྲིམས་གཏོར་ནས། དེ་རིང་བུ་མོ་ཁྱེད་ལ་མནའ་མར་སྟེར་ཞེས་རྫུན་བཤད་མགོ་གཡོགས། སང་ཉིན་ལྐོག་ནས་གཞན་ཞིག་ལ་བྱིན་པར་མ་ཟད། ད་རུང་འཕྲིན་བཏང་ནས་ངོ་མཚང་འདྲི་བ་འདི་རེད། མི་རྒོད་པོ་རྒྱབ་རྩ་ཅན་ཞིག་ཡིན་ན་མི་འཁུར་ནང་དམེ་བྱས་ཡོད་པ་རེད། མི་དེ་རིགས་ཀྱིས་རྙིང་བཞི་སླར་གསོ་བྱས་ནས། གསར་བཞིར་ངོ་རྒོད་བྱེད་ན། ང་ཚོ་གསར་བརྗེའི་གྱེན་ལྡོག་པ་དང་མང་ཚོགས་ཀྱིས། མི་ངན་དེ་ཚོར་འཐབ་རྩོད་བྱེད་མ་ཐུབ་ན། ང་ཚོས་མའོ་ཀྲུའུ་ཞིའི་གསར་བརྗེའི་ལམ་ཕྱོགས་སྲུང་སྐྱོབ་བྱེད་ཐུབ་ནི་མ་རེད། གྲལ་རིམ་དགྲ་བོར་ཕར་མ་འཐབ་ན་ཚུར་འཐབ་རྒྱུ་རེད། དེ་གོང་ལ་ཞུས་ནས་ཆོག་མཆན་ཐོབ་ཡོད། ཧིང་། དེ་ཆོག་མ་གསུངས་ནའང་། ང་ཚོས་དེ་ལ་འཐབ་རྩོད་རྡུལ་ལིང་ལིང་ཞིག་བྱེད་ཀྱི་ཡིན། དེ་འདྲ་མ་བྱས་ན་མང་ཚོགས་སྐུལ་མི་ཐུབ་ཅེས་ངར་བཤད་བྱས་ནའང་། ཚོགས་གྲོལ་རག་བར་དུ་མི་སེར་སུ་ཡིན་རུང་ཁ་མ་གྲགས་པར། འཁུན་དིར་དིར་བསྡད་འདུག་གོ།
ཚོགས་གྲོལ་མ་ཐག་ཏུ། ལྕགས་ཚང་གི་ཉེ་རིང་རྩ་གསུམ་ནང་གི་དེར་ཡོད་དང་ཁྱིམ་མཚེས་རྣམས་ལྕགས་ཚེའི་ཁྱིམ་དུ་འདུས་ཡོང་སྟེ། ཚང་མའི་བཞིན་དམར་ནག་ཏུ་འགྱུར་ཞོར་དུ་ལ་ལས་འབྲི་དཀོམ་གྱིས་ངེད་ཅག་ལ་འདི་འདྲའི་དཔེ་མི་སྲིད་པ་ཞིག་བྱེད་སྲོལ་ག་ལ་ཡོད་དམ། མེད་རུང་། ང་ཚོར་བུ་མ་སྐྱེས། ཆང་མ་ལངས་ན། ད་གཟོད་ཆུང་མ་སྒོ་ནས་འཕྲོགས་ཏེ། ཕྱིའི་འཕྱ་འདྲེ། ནང་གི་སྡུག་འདྲེའི་ལོག་ཡོད་པ་ནི་ད་ལྟ་གོ་བ་འདི་རེད། དེ་ཡིན་ན། ང་ཚོར་རྩམ་པ་རླག་མི་མ་མང་ན་མི་ཉུང་བས། ད་ལྟ་ཉིད་དུ་འབྲི་ཚང་གི་སྒོ་རུ་འགྲོ་ཞེས་སྐད་མགོ་འབྲུག་སྒྲས་མི་ནོན་པར་འུར་བསླངས་ཡོང་བའི་ཚེ་ན། དྲི་ཅན་ཚོ། ད་ཚོད། ང་རྒྱུ་མེད་བྱི་ལུ་ངོ་ཆུང་། ཤ་མེད་འདོ་བ་གོང་ཆུང་དུ་གྱུར་དུས། འབྲི་ཚང་གིས་དེའི་ཚོད་བྱས་ཡོད་ནའང་། ངའི་ཕ་རྒན་མཐོ་རིས་པོའི་འཆི་ཁའི་རོ་འཛིན་འབྲི་དཀོམ་ཡིན་པར་མ་ཟད། མ་རྒན་མ་ན་ནས་སྨན་ཡོན་སྟེར་རྒྱུ་མ་རྙེད་དུས་ཀྱང་། དེའི་མགོའི་སྦྲ་བཙོང་ནས་བྱིན་མྱོང་སྟབས། ངས་ཤི་འདང་གསོན་ལ་རྒྱག་དགོས་པ་རེད། དེའི་མི་ཚད། ད་ལྟ། ཕ་ལེ་བུ་དང་། མ་ལེ་བུ་མོར་མི་འཇོག་དུས། ང་ཚོ་སོང་ནས་བུ་ལེ་ཕ་ལ་བཞག་ན། ཏང་སྒྲིག་རྒྱལ་ཁྲིམས་དང་རུ་སྡེའི་བདེ་འཇགས་སུ་མཐུན་ནམ། གལ་ཏེ་མ་མཐུན་ན། སང་ཉིན་བྱ་རོག་ནག་པོའི་སྡིག་སྒྲིབ་ཀྱིས། ངང་བ་སེར་བོ་འདམ་ལ་རྡེབ་པ་ནི་བཤད་མ་དགོས་པ་རེད། དེར་བལྟས་པས། ནངས་ཁ་གནངས་ཉིན། འབྲི་བཟའ་དང་ངེད་གཉིས་འཕྲད་ཉིན་རེ་ཤར་ན་དེ་དུས་ཅི་བྱ་ཁྱོས་ཚོས་ལྟོས་ཨང་ཞེས་ལྕགས་ཚེས་དེ་ལྟར་དྲང་ཞིང་བདེན་པའི་ཚིག་གིས་དེར་ཡོད་ཚོར་འཇམ་ཕབ་ཀྱང་། ད་ཚོད་མཐོ་སའི་ཞིང་ཆེན་ཧྲུའུ་ཅི་ནས་དམའ་སའི་ཀུང་ཧྲེའི་མགོ་འདྲེན། སུ་ཞིག་གིས་བསད་ན་རྩད་གཅོད་མེད་དུས། གདོན་འབྲི་ཚང་ལྟ་བུ་ཐལ་བ་སྤར་གང་རེད། ཁྱོད་ངོ་ཚ་ནས་ཕྱི་འདང་ལ་མཁས་ནའང་། ང་ཚོ་ཉེ་རིང་རྩ་གསུམ་པོའི་སྙིང་ན་བ་རེད། ད་ལྟ་ཤི་བླ་གསོན་སྒུལ་བྱེད་སྤྱད་ཀྱི་གཏམ་དེ་ཚོ་ཁྱོད་ཀྱིས་མ་ཐོས་སམ། ཨ་རུ་ཚོ་ལམ་ཕྱེས། ཁྱོད་ཚོ་སྡོད་དང་ང་འཆི་རུ་འགྲོ་ཞེས་རྣམ་སྲས་ཟེར་བས་བཤད་ནས་སྦྲ་སྒོར་རྒྱུག་དུས། ལྕགས་ཚེའི་ཨ་མ་ཁོ་ལ་འབྱར་ནས་རྒྱུག་ཏུ་མ་བཅུག དེ་མུར་ཁོས་ཡང་དེར་ཡོད་ཀྱི་ཕོ་གསར་ཚོ་ལ་ཇོ་རྒན་མ་ཚོ། ལབ་རྒན་ཚོ། ད་ནི་ཝ་རྔ་མ་ཤོལ་ལེར་འདུག་རྒྱུ་ཡིན་ནམ། མི་ཉིན་གཅིག་སྐྱེས་ན། ཉིན་གཅིག་འཆི་དགོས་པ་ཆོས་ཉིད་རེད་ཟེར་བཞིན་ཡར་ལྡིང་མར་མཆོང་བྱས་ཏེ་དེར་ཡོད་མི་ཚོའི་གཤོག་འོག་ཏུ་རླུང་བརྒྱབ། དེ་ཙ་ན་ལྕགས་ཚེའི་ཞང་བོ་ཡར་ལངས་ནས་ན་རེ། དྲིན་ཆེན་དགའ་ལྡན་ཚོ། དེ་རིང་ངེད་ཞང་ཚ་ཉིས་ཀའི་དོན་དུ་ཁ་ཁོག་མེད་པའི་དོན་ཞིག་ལས་འདོད་ཡོད་ན། འབྲི་དང་ངེད་ཁ་གཉིས་ཀའི་བར་དུ་སར་བསྡད་ནས་བཤད་རྒྱུ་ཞིག་ལས། ཡར་ལངས་ནས་འཇུ་རྒྱུ་ཞིག་མེད། དེའི་ཕྱིར། འབྲི་ཚང་ལ་བཤད་རྒྱུ་མདུད་རྒྱུ་འདི་ཡོད་དེ་ཡོད་ཟེར་ན་ལོས་ཡིན་མ་གཏོགས། ནང་དམེ་བྱ་དགོས་ཟེར་ན། ངེད་ཁའི་ཆེད་དུ་དམེ་བྱ་མི་ཆོག་ཁོ་ཐག་ཡིན། སང་ཉིན་སུས་ཆག་སྒོ་ཞིག་བསླངས་རུང་། དེའི་ཁ་གཉའ་དོན་གསུམ་ན་ངེད་ཞང་ཚ་གཉིས་མེད་ཅེས་པས་ན། མང་ཕྱོགས་ཀྱིས་དེ་མ་རེད་མི་ཟེར་ནའང་། གཅིག་གམ་གཉིས་ཀྱིས་ཨོ་ཡ་ཡ། མནའ་མ་སྒོ་ནས་འཕྲོགས་སོང་རུང་། ཁ་རོག་ཏུ་འདུག་དགོས་པའི་དཔེ་ཡོད་ན་ལོས་འདུག་ཟེར་ཞོར་དུ། ཚང་མ་འཐོར་འགྲོ་མི་ཐུབ་པར་ཁྱིམ་མཚེས་གཡས་གཡོན་དུ་འཚང་ནས། ཅི་བྱ་གང་དྲག་གི་སྐོར་དུ་གྲོས་མོལ་བསྡུར་གསུམ་བྱས་པ་རེད། དེ་ནས་ལྕགས་ཚེའི་ཞང་བོ་ཀུང་ཧྲེའི་ཨུ་ཡོན་དང་དར་ལུང་རུ་ཆེན་གྱི་མགོ་འདྲེན་གཅིག་ལྕོགས་འཁུར་མི་གསུར་བཟའ་ལྡོམ་པོ་སྐྱིད་ཅེས་པའི་དྲུང་དུ་སོང་སྟེ། ད་ལྟར་བྱུང་བའི་དོན་དག་ཐམས་ཅད་ལན་གཅིག་ཞུས་པ་ལ། མོས་འགྲམ་པ་འཕྲུག་ནས་མིག་གཉིས་ཁྲ་ལོག་ལོག་གཅེར་བཞིན་དུ་ཅུང་ཟད་འགོར་རྗེས་ཨོ། ངའི་ཚ་མོ་ལྷ་མོ་འདྲ་བོ་གར་སོང་གི་རྗེས་མགོ་མ་ནོན་པར། ངས་འདི་ན་སྙིང་རླུང་སྟོད་དུ་འཚང་ནས་བཟོད་མ་ཐུབ་པར་ཡོད་ཚེ། ཁྱོད་ཚོས་མིག་སྐྲང་ཐོག་ཏུ་ཁུ་ཚུར་བྱས་ཏེ། ངེད་ཁའི་སྟེང་དུ་དམག་འཇུག་གྲབས་ཡོད་པ་རེད་ཨང་། ཁྱོད་ཝ་མོ་ཁྱུ་གཅིག་གི་ནང་ན་དམར་ཡག་སྟག་ཅིག་ཡོད་པ་ངས་གོ་མ་མྱོང་། ད་ཚོད་ཁྱོད་ཚོའི་སྣ་ནས། ངེད་མིང་སྲིང་རྣམས་ཀྱི་སྐེ་མ་ཟད་སྐེད་པས་མ་བརྟེན་རུང་། ངས་ཝ་སྐད་ཤོར་ནས་དྲིན་ཅན་པོ། ཁྱོད་ཚོ་ངེད་ཁའི་སྟེང་དུ་མ་རྒྱུགས་ཟེར་མི་ཐུབ་ཁོ་ཐག་ཡིན་ཞེས་སྙིང་ལ་བརྙབ་པའི་སྐད་ཆ་བཤད་ཚེ། རྒད་པོའི་ཞེ་ནག་གཏིང་ནས་འཁྲུག་སྟེ་གདོང་དམར་ནག་ཏུ་གྱུར་ཅིང་། སྨིན་མ་གྱེན་དུ་ལངས། གཏམ་ཡང་སྨྲ་མི་ནུས་པར། ཧར་སེ་ཡར་ལངས་ནས་སྒོའི་རྟ་ཞོན་པ་དང་ལྷན་དུ་སེམས་ལ། ཕྱིར་ཁྱིམ་དུ་སོང་ན་མེ་འབར་སྟེང་དུ་གཡིས་བླུག་སྲིད་པས། དེ་ལས་འབྲི་དཀོམ་གྱི་རྩར་སོང་ན་དགའ་སྙམ་སྟེ། རྟ་ཁ་དོ་ལུང་རུ་ཆེན་གྱི་ཕྱོགས་སུ་བསྐོར་བའོ།།
ཁོ་ལམ་དུ་ཆས་པ་ན། ནང་དམེ་བྱ་རྒྱུ་རེད་ཅེས་པའི་ཁ་འཁྲུག་གིས་བསྐུལ་བའི་རྟ་ཞོན་གཡག་ཞོན་མང་བོས་ལམ་ཁ་ན་སྐོར་དང་སྐོར་ཚོགས་བྱས་ནས་བསྡད་ཡོད། དེའི་ནང་གི་ཕལ་ཆེར་ནི་བར་བྱོལ་དུ་ཡོང་བ་ཡིན་ཞིང་། ལ་ལ་ནི་ཅི་འདི་མེད་པར་ལྟད་མོ་ལྟ་རུ་ཡོང་བ་དང་། ད་དུང་འགའ་རེས་དཀྲུག་ཤིང་འཕེན་འདོད་ནས་སྒུག་འདུག་པའང་ཡོད་སྣང་ངོ་།། དོན་ལུང་རུ་ཆེན་གྱི་རུ་མཐར་སླེབས་པ་དང་འབྲི་དཀོམ་སྒོའི་ཕྱི་རོལ་ཏུ་བོས་ནས་འདི་སྐད་དུ། ཡ་ཁོ་རེ། རྡོ་རྗེ་ཚེ་རིང་གི་ཕ་དང་ཁྱེད་གཉིས་ཀ་ཐུན་མོང་མ་ཡིན་པའི་ཁ་བལྟ(གྲོགས་པོ)འགྲོས་བཟང་ཡིན་ཚུལ་ངས་གླེང་མ་དགོས་པ་རེད། དེ་ལ་བརྟེན་ནས་ང་ཚོ་མནའ་ས་གོར་གོར་དང་། ཤགས་ས་ལེབ་ལེབ་ཏུ་འགྱུར་དགོས་ཞེས་ཁྱོད་ཀྱིས་ངེད་ཁར་ཚུར་གླེང་བ་ཡིན་པ་མ་གཏོགས། ངེད་ཁས་ཁྱོད་ཀྱི་བུ་མོ་བསླངས་པ་མིན་མོད། དེ་ཡིན་ན། ད་ཚོད་ཁྱེད་ཁས་ཕྱི་དང་ནང་བརྗེས་ཏེ། ངེད་ཁར་འདི་འདྲའི་འབྲུག་མོ་ཧོར་གྱིས་འཁྱེར་ན། མི་ཁ་གླིང་ལ་འཇོག་དགོས་དོན་ཅི་ཡིན་ནམ། ད་ནི་ཁྱེད་ལ་དེའི་ཐད་ནས་དེ་ཡིན་འདི་ཡིན་གྱི་སྐད་ཆ་རེ་བཤད་རྒྱུ་མེད་ན། ཟེར་མི་ཟེར་མེད། ཡོག་རིགས་སུམ་བརྒྱ་དྲུག་ཅུ་དེ། ཁྱེད་ཁུ་ཚ་གཉིས་ཀའི་མགོ་ནས་ལག་པ་མི་ལེན་ཞེས་སྨྲས་པའི་ལན་དུ་འབྲི་དཀོམ་ན་རེ། ཨ་ཁ་ཁ། སྤྱིར་འུ་ཁ་གཉིས་ཀའི་བར། ནང་སྒོས་སུ་འུ་གཉིས་ཀའི་ནང་ལ། ཁྱོད་ཀྱིས་འདི་འདྲའི་ཆ་ཡོད་ནང་དུ་ཆེ་གཏམ་དང་། བ་གླང་ནང་དུ་མཛོ་འགྲོས་ཤིག་བྱེད་དགོས་དོན་མེད་མོད། གལ་སྲིད་ཡོད་རུང་ད་ལྟ་སྔ་ཡོད་པ་ནི། མགོ་མ་ཚོས་གོང་དུ་ལྕེ་ལ་བརྙབ་པ་མིན་ནམ། གཅིག་ན། གཅིག་མ་ཤི་ན་གཅིག་མི་རྫུན་རྒྱུ་བྱེད་མཁན་ངའི་བུ་མོ་དང་ཁྱོད་ཀྱི་ཚ་བོ་ཡིན་པ་ལས། འུ་གཉིས་ཀ་མ་ཡིན། གཉིས་སུ། ངས་བུ་མོ་དེ་ཁྱེད་ཚང་མིན་ས་ཞིག་ཏུ་སྟེར་རྒྱུ་ཞིག་ངའི་ཁ་སོ་སྒོས་བུད་ཡོད་ཉིན། བརྒྱ་དང་བརྒྱད་པོ་ངས་ལོས་འཁུར། གསུམ་ན། གལ་ཏེ་ངའི་སྐེ་བཅད་ན་འོ་མ་ཡོང་ཉིན། ཁྱེད་ཀྱིས་ཇི་ལྟར་བྱའམ་ཞེས་ཚིག་ཉུང་ལ་དོན་ཆེ་བའི་གཏམ་སྨྲས་པས་ན། ལྕགས་ཚེའི་ཞང་བོས་ད་ནི་ཅི་ཡོང་ངོས་མི་ཟིན་པར་འབྲི་དཀོམ་ལ་འཇུས་ནས། མིག་མཐའ་མཆི་མས་བསྐོར་བཞིན་པར། མི་ཁ་ཤས་ཀྱིས་ཁྱེད་ལ། གསད་ཁ་ཤོམ། རྡུང་ལག་ཤོམ་བྱེད་ཀྱིན་ཡོད་ཚུལ་དང་། ཁོས་རྣ་སྡུག་གཏམ་ངན་ཉོ་བཞིན་ཡོད་ཚུལ་སོགས་ཞིབ་ཏུ་བཤད་ཀྱང་། འབྲི་དཀོམ་གྱིས་ཀྱང་བུ་མོ་གར་སོང་གི་ཐད་ལ་གཞི་འཛུགས་ས་ཞིག་ད་རུང་རྙེད་མེད་ཚུལ་སྨྲས་མཐར། གཉིས་ཀ་ཁྱིམ་དུ་སོང་ནས་ཇ་གང་རེ་འཐུངས་རྗེས་ལྕགས་ཚེའི་ཞང་བོ་སླར་རང་ཁྱིམ་དུ་ལོག་སོང་བའི་ལེའུ་སྟེ་བཞི་བའོ།།
ལེའུ་ལྔ་བ།
སྤར་ཁ་བརྒྱད་པོ་དེད་ན།། གཏོར་མ་སྐར་ཁུང་ནང་རེད།།
གཞན་ཡང་། ཕུན་རབ་ཀྱིས་སྤྲིན་དཀར་པོ་ཐོད་དུ་བཟུང་། ས་ནག་པོ་འདོམ་ལ་འཇལ་ནས། ས་དར་རྩེ་མདོ་རུ་སླེབས་དུས། ཁོའི་གྲོགས་པོའི་ནག་མོའི་མིང་ལ་ཚེ་རིང་ལྷ་སྐྱིད་ཟེར་ནའང་། ཁོའི་སྲིང་མོ་མིན་པའོ།། དེ་ནས་ཕུན་རབ་ཀྱིས་གྲོགས་པོ་ལ་འོ་ན་ཅིའི་ཕྱིར་ཁྱེད་ཀྱིས་ངའི་སྲིང་མོ་ཞེས་བྲིས་པ་ཡིན་ནམ་བཟླས་ནས་འཕྲིན་ཡིག་བསྟན་ནས་ལས་དེད་ཚེ། གྲོགས་པོ་དར་རྒྱས་ཀྱིས་འགྲམ་ཤ་འཕྲུག་ཞོར་དུ་ངས་སྲུ་མོ་ཞེས་འབྲི་ཉེས་བྱས་པ་རེད། གང་ལྟར་ཡང་། འུ་གཉིས་ནི་འདི་འདྲའི་སྙིང་གྲོགས་ཤིག་ཡིན་སྟབས། ངའི་ནག་མོ་ནི་ཁྱོད་ཀྱི་སྲུ་མོའམ་སྲིང་མོ་གང་ཡང་བྱ་ཆོག་པ་མིན་ནམ་ཞེས་ཁ་རྩེད་བྱས་པ་ལ། ཕུན་རབ་ཀྱིས་རང་ཡུལ་ནས་སྲིང་མོ་བོར་ཚུལ་དང་འཕྲིན་ཡིག་འབྱོར་ཚུལ། དེའི་རྐྱེན་གྱིས་ཁ་མཆུ་བསླངས་ཡོད་ཚུལ་སོགས་མ་ལུས་པར་ཞིབ་ཏུ་བཤད་དུས། དར་རྒྱས་ཀྱིས་མགོ་ཕུར་ཞོར་དུ་ཨ་ཁ་ཁ། འོ་ན་ངས་ཡིག་འབྲུ་གཉིས་ལ་ནོར་ལྡོག་ཤོར་ནས། རུ་སྡེ་གཉིས་ལ་ནང་དམེ་བསླངས་ཡོད་པ་འདི། ངོ་མ་ཁྱི་ངན་པས་ལུང་བ་ཀུ་ཅོས་འགེངས། མི་ངན་པས་རུ་སྡེ་ཕུང་ལ་སྦྱོར་ཟེར་བ་ལྟར་གྱུར་བ་མིན་ནམ་ཞེས་འགྱོད་པ་སྐྱེས། དེ་ནས་ཁོ་རང་གཉིས་དེ་ལུགས་ཀྱི་གློག་འཕྲིན་ཞིག་མྱུར་དུ་འབྲི་དཀོམ་དང་ལྕགས་ཚེ་གཉིས་ལ་རེ་རེ་བསྐུར་པའོ།།
ལྕགས་ཚེའི་ཞང་བོ་འབྲི་ཚང་ནས་སོང་རྗེས་སུ། ཁྱིམ་མཚེས་ཚང་གིས་རྒད་པོ་འབྲི་དཀོམ་ཡོད་སར་སོང་ནས་ཉེ་ཆར་རྔོན་པ་ཞིག་གིས་སྟག་རྩེའི་རྫ་གསེང་ན་བུ་མོ་ཆུང་ཆུང་ཞིག་འདུག་ཅེས་བཤད་པ་ཐོས་རྗེས། དེ་ཨེ་བདེན་སུས་ཤེས་བསམ་ཞོར་དུ་ང་སྟག་རྩེའི་རྫ་གསེང་དུ་སོང་སྟེ། མཚན་གང་པོར་བུ་མོ་ཡོད་ཟེར་ས་དེ་ནས་བལྟས་བསྡད་ཚེ། སྐར་མ་སྐེ་མཁྱོག་མགོ་རྟིང་བརྗེ་དུས་སུ། བུ་མོ་སྐད་སྙན་ལ་སྨྲ་དག་མོ་མ་ཞིག་གིས་རེས་འགའ་རེ་ལ་གླུ་ལེན་ཞིང་། རེས་འགའ་རེ་ལ་སྒྲོལ་མ་འདོན་གྱིན་ཡོད་པ་ཐོས་པས་ན། ངས་འདྲེ་སྒྲོལ་མ་འདོན་མཁན་གང་ལ་སྲིད་སྙམ་ནས་ལྷག་ཏུ་ཅི་ཡིན་པར་ལྟ་འདོད་སྐྱེས་ཏེ་སྐྱ་མདའ་འགྱོག་རག་བར་དུ་སྒོང་བསྡད་ནའང་མཇུག་འབྲས་ཅི་ཡང་མ་བྱུང་། དེ་ནས་ཞོགས་ཀའི་ཉི་ཟེར་རི་རྩེར་ཤར་དུས་སུ། ངའི་ཐད་ཀྱི་ཆུ་མགོའི་ཁར་བུ་མོ་ཤ་ཁྲིད་ཅིག་ཡོང་སྟེ། ཤ་བོའི་རྒྱབ་ཀྱི་དངུལ་གྱི་བུམ་པ་གཉིས་ཀྱི་ནང་དུ་ཆུ་གང་བཅུས་མ་ཐག་ཏུ། སྤྲིན་སྨུག་ཞིག་གིས་བཏུམས་ནས་རྫ་གསེང་གི་ཤུག་སྡོང་མང་བོའི་ཁྲོད་དུ་ཟིམ་སོང་ངོ་།། ངས་དེའི་རྗེས་བསྙེགས་ཏེ་བརྒྱུགས་ཀྱང་རྗེས་མགོ་མ་ཟིན་པར་སླར་ཡང་ཆུ་ལེན་ས་དེར་ཡོང་ནས་བལྟས་དུས། དེ་ན་ངོ་ལྟ(མེ་ལོང)འདི་ལྷུང་འདུག བུ་མོ་དེའི་ཁ་ངོ་གསལ་བོ་ཞིག་མ་རིག་ནའང་། ལུས་ཀྱི་སྐྱེ་གཟུགས། ཁ་རྒྱབ་གོན་པ། འགྲོ་སྲོལ་འདུག་སྟངས་སོགས་ལ་བལྟས་ན། དེ་འབྲི་བཟའ་དང་ཨ་ན་མ་ན་ཞིག་རེད་ཅེས་བཤད་ཞོར་དུ་རུམ་གྱི་ངོ་ལྟ་བླངས་ནས་འབྲི་དཀོམ་གྱི་ལག་ཏུ་བཞག་གོ། ངོ་ལྟའི་ལྟག་རྒྱབ་ན་འབྲི་བཟའ༡༩༦༥ལོར་མཛོ་མོ་མཁར་དུ་ཁུ་བོ་ལ་བྲོ་སྐྱེལ་དུ་འགྲོ་དུས་བླངས་པའི་འདྲ་དཔར་ཞིག་ཡོད། འབྲི་དཀོམ་གྱིས་འདྲ་དཔར་དེ་འཕྲལ་དུ་ནོར་ལྷས་ན་ལྕི་བ་འཕེན་བཞིན་པའི་རྒན་མོ་བོས་ཡོང་ནས་བསྟན་དུས། རྒན་མོས་འདྲ་དཔར་འདི་ལ་གཉིས་མ་གཏོགས་མེད། གཅིག་མོ་རང་གི་ལག་ན་ཡོད། གཅིག་ཁྱིམ་གྱི་སྒམ་ནང་ན་ཡོད། ཨ་ཁ་ཁ། འདྲ་དཔར་འདི་གང་དུ་ཡོད་དམ་ཞེས་རྒན་མོ་དགའ་ཞིང་མགུ་ནས་མིག་མཐའ་ཆུས་བསྐོར་ཡོང་། དེ་ནས་ངོ་ལྟ་དེའི་ཡོང་ཁུངས་ཤེས་པས་ན། རྒན་མོས་རེ་བ་ལྷག་ཏུ་བཅངས་ནས་ན་རེ། ང་ལོ་བཅུ་ཁ་ཞིག་ཡིན་ཚེ། རྐང་ཚའི་བྱིས་པ་ལོ་བརྒྱད་ཅན་ཞིག་མི་མང་འདུ་ས་ནས་གློ་བུར་བོར་སོང་སྟེ། མི་མང་བོས་ཇི་ལྟར་བཙལ་ཀྱང་མ་རྙེད། མཐར་ལུང་བ་རྫ་མཐོ་གཡང་གཟར་གྱི་བྲག་སྟེང་མི་ཐར་དཀའ་བ་ཞིག་ནས་བྱིས་པ་དེ་རྙེད་པ་རེད། དེ་དུས་ཡུལ་མི་ཚོའི་གཏམ་དུ་བྱིས་པ་དེ་ཡུལ་ལྷས་ཁྱེར་བ་རེད་ཟེར་སྲོལ་ཡོད། དེ་ཡིན་ན། ངའི་བུ་མོ་ཡང་དེ་མཚུངས་སུ་གྱུར་པ་མིན་ནམ་ཞེས་སྐྱིད་ན་ཆང་དྲན། སྡུག་ན་ཆོས་དྲན་ཟེར་བ་ལྟར། རྒན་མོ་བུ་མོའི་དོན་དུ་སྨྱོ་ལ་ཁད་ཡོད་སྟབས། དུས་དེ་ཉིད་དུའང་ལྷ་འབོད་ཀླུ་སྐྱོབ་བྱེད་ཡོང་བའོ།།
འབྲི་ཚང་གི་སྦྲ་ནང་ན་མི་མང་བོས་འཚང་ཀ་རྒྱག་ཞོར་དུ་འདྲ་དཔར་གཉིས་གཤིབས་ནས་ལྟ་གིན་ཡོད་པའི་སྒང་ལ། གློ་བུར་དུ་སྒོ་ནས་ཁྱི་ཁ་འུར་བ་དང་ལྷན་དུ་ལམ་འགྲོ་ཞིག་གི་གློག་འཕྲིན་གྱི་ཏར་ཡིག་ཅིག་ཁྱེར་ནས་ཁྱིམ་དུ་འཛུལ་ཏེ། ཏར་ཡིག་འདི་བརྒྱབ་ནས་ཉིན་བཞི་ལྔ་ཞིག་ལོན་ཡོད་ཀྱང་། རྒྱ་ཡིག་ཡིན་ཕྱིར་འབྲོག་པ་སུ་ཡིན་རུང་ཁྱེད་ཚང་གི་ཡིན་པ་མ་ཤེས་པར་ཡིག་སྒྲོམ་སྟེང་ན་བསྐྱུར་ཡོད། རྒྱ་ཡིག་ཤེས་མི་ཞིག་གིས་འདི་ཕུན་རབ་ཀྱིས་དར་རྩེ་མདོ་ནས་བཏང་བ་རེད། སྐབས་དོན་ནི་འབྲི་བཟའ་དེ་ན་མེད་ཚུལ་བཤད་ཀྱིན་འདུག་ཅེས་ཏར་ཡིག་འབྲི་དཀོམ་ལ་སྤྲད་ཚེ། རྒན་མོས་ཁ་སྔ་གཏོང་མགྱོགས་བྱས་ནས་ངས་ས་དེར་འགྲོ་མི་དཔེ་ཞེས་བཤད་ཡོད་མོད། ཡིན་ཤག་ཤག་པོ་ད་རེབ་ཡིན་དགོས་ཨང་ཞེས་དགའ་ཀྲོག་གེ་ཁྱིམ་ནས་ཡར་འགྲོ་མར་འགྲོ་བྱེད་བཞིན་པར། ཡིག་སྐྱེལ་བའི་སྔུན་དུ་ཇ་དང་རྩམ་པ་བཞག་སྟེ། ཁྱོད་ཀྱིས་ཟོ་ཁྱོད་ཀྱིས་འཐུང་ཞེས་དགའ་སྣང་ཧ་ཅང་སྟོན་གྱིན་གདའ།
ཉིན་དེའི་ཕྱི་དྲོར། དོན་ལུང་རུ་ཆེན་གྱི་རྟ་ཁྱུ་ལྷས་སུ་བསྐོར་བ་དང་སྐྱེས་པ་ཚང་མས་རྟ་འཛིན་སྒ་འཇོག་བྱས་ཤིང་ས་རུབ་མཚམས་སུ། འབྲི་དཀོམ་དང་ཁྱིམ་མཚེས་རྒན་པོ་གཉིས་ཀས་ང་ཡིན་ཁྱོད་ཡིན་གྱིས་སྐྱ་མི་སུམ་ཅུ་ཁྲིད་དེ། སྟག་རྩེའི་རྫ་གསེང་དུ་ཤར་སེ་བརྒྱུགས་སོང་ངོ་།།
སྟག་རྩེའི་རྫ་རྒྱུད་ནི་རི་མཐོ་ལ་ལུང་བ་གཟར་མོ། སྟོད་ན་གངས། བར་ན་སྤང་། འདབས་ན་ནེའུ་གསིང་དང་ནགས་ཀྱིས་གང་ཞིང་། ལམ་ཕལ་ཆེར་ནི་རྡོ་འཕྲང་ཡིན་པ། གཉན་དང་རྣ་བ། ཤ་དང་ཡུ་མོ། གསའ་དང་དྲེད། སྤྱང་ཁུ་དང་འཕར་བ་བཅས་འཚངས་ཡོད་པའི་ས་གཉན་ས་ཞིག་ཡིན་པར་མ་ཟད། དབྱར་སྟག་གླང་གི་དུས་སུའང་ཁ་བ་འབབ་ས་ཞིག་ཡིན་པས། རྔོན་པ་མདའ་ཁུར་ཅན་ཡིན་རུང་ཁེར་འགྲོ་བྱེད་མི་ཕོད་ཟེར་བའི་རྫ་རི་རེད། ད་ལྟ་ནི་སྟོན་མཇུག་གི་དུས་ཡིན་པས་ཁ་བ་མི་གཤོགས་པ་ཞིག་འབབ་ཀྱིན་ཡོད་ནའང་། འབྲི་དཀོམ་གྱིས་ཁྲིད་པའི་སྐྱ་མི་དག་ནི་གང་ལའང་མི་འཛེམ་པར་རྟ་མི་ཐར་སའི་འཕྲང་འགག་བར་དུ་སླེབས་དུས། མི་ལྔས་རྟ་རྣམས་སྲུང་བ་ལས་གཞན་པ་ཚོ་བུ་མོ་ཡོང་སའི་ཆུ་མགོ་དེའི་མཐའ་ལ་རྐང་འཇབ་ལག་འཇབ་ཀྱིས་སོང་ནས་བསྐོར་བར་མ་ཟད། ཁ་བ་དང་རླུང་ཇི་ལྟར་ཆེ་ནའང་རང་རང་གི་ཐད་ནས་གྲག་འགུལ་མེད་པར་སྐུང་བ་ན། ནངས་ཉི་མ་རྩེ་ཤར་གྱི་དུས་སུ་གངས་རླུང་ཡང་འཇམ་ཞིང་གནམ་ངོ་ཅུང་དྭངས་ཡོང་བའི་ཚེ་ན། ངོ་མ་རྒད་པོས་བཤད་པ་ཇི་མ་ཇི་བཞིན་གྱི་བུ་མོ་དེས་ཤ་བ་ཞོན་ནས་ཆུ་ལེན་དུ་འོངས་ཏེ། ཆུ་མགོའི་ཁར་སླེབས་དུས་ཤ་གོང་ནས་བབས་ཤིང་བུམ་པ་གཉིས་ཀ་སར་ཕོག་དེ་ནས་མགོ་བོ་ཅུང་ཟད་སྨད་དེ་སྐྱོགས་ཀྱིས་ཆུ་བཅུ་བའི་སྐབས་སུ། ཤ་དེས་རྫི་བླངས་ཤིང་བུ་མོ་དེ་མྱུར་དུ་ཡར་དགྱེ་བ་དང་ལྷན་དུ། མཐའ་འཁོར་ན་བསྐུངས་པའི་མི་རྣམས་ཧར་སེ་ཡར་ལངས་པའི་ཚེ་ན། བུ་མོས་སྐད་ཅིག་ཉིད་དུ་ཤ་བོ་ཞོན་ཏེ་བུམ་པ་གཉིས་ཀ་ཡང་མ་བསྐྱུར་བར་མཆོང་ཐེངས་གཅིག་གིས་འབྲི་དཀོམ་གྱི་ཐད་ནས་ལྡིང་སོང་ངོ་།། བུ་མོ་དེ་ལྟར་ཤོར་སོང་ནའང་། དེར་ཡོད་ཚོ་ཁོ་མི་ཆད་པར་རྗེས་རྗེས་རྔ་རྔ་བྱས་ཏེ་རྗེས་དེད་ནས་ཤུག་པའི་ནགས་མཐར་ཟིན་དུས། བྲག་གཞུང་དུ་རྡོ་ཕ་བོང་སྦྲ་གུར་འདྲ་བ་མང་བོའི་བར་མིག་ན་ཁ་བ་མེད་པས་རྗེས་ངོགས་མ་ཟིན་པར་ཚང་མས་དེར་རེ་ཞིག་གལ་གསོ་སྐབས། གློ་བར་གསུར་དྲི་ཞིག་སྣ་ལམ་དུ་ཡོང་དུས་ཚང་མ་འཛུམ་མུལ་མུལ་གཅིག་གིས་གཅིག་ལ་ལྟ་ཞིང་མཆིས། འབྲི་དཀོམ་གྱིས་ས་འདི་ན་མི་དྲེད་ནག་པོ་སྐོར་ཞིག་ཡོད་པ་ལ། ང་བརྒྱད་ལོར་དམག་དཔུང་ཞིག་ཐུག་ནས་དེའི་ནང་གི་གཅིག་བསད་ཟེར། དེ་ནས་བཟུང་ཨེ་ཡོད་གོ་མ་མྱོང་། གནའ་རྒྱལ་བོ་གླང་དར་གྱི་དུས་སུ་བན་རྒན་མང་བོ་དང་། ས་སྐྱའི་དུས་སུ་བོན་རྒན་མང་པོ་ཡང་རྫ་རི་འདི་ནས་བསྐུངས་རབས་ཡོད་ལ། ཆུ་ཡོས་ལོའི་དུས་འཁྲུག་ཅེས་པ་དང་། མཱ་ཆིས་ཚང་གི་དུས་སུ་མི་བདག་མེད་རེ་འདི་ནས་བསྐུངས་པ་བཤད་རྒྱུ་ཡོད། དེ་འདྲ་ཡིན་ཕྱིན། ད་ལྟ་ཡིན་རུང་ཅི་ཡོད་མི་ཤེས་པས་ཀུན་པོས་སེམས་ཆུང་གྱིས། སྙིང་མ་འཚོར་ཨང་ཞེས་སྨྲས་རྗེས། ཚང་མས་གློ་གྲི་དང་ལྕགས་མགོར་དག་པེ་ལེན(གྲ་སྒྲིག)བྱེད་བཞིན་གསུར་དྲི་དེའི་ངོགས་དེད་ནས་འཇབ་སྟེ་སོང་བ་ན། ཕ་བོང་མང་པོའི་གསེང་ན་བྲག་ཁུང་ཞིག་ཡོད། བྲག་ཁུང་དེའི་སྒོ་ནི་ཞེང་ལ་རིང་ཞིང་གྱེན་ལ་དམའ་བ་ཞིག་འདུག ནང་དུ་སོང་དུས་ནག་དུབ་འཁྱིལ་ཡོད་པའི་ཕར་འཁྱོག་ཚུར་གུག་ཅན་ཞིག་ཡིན་རུང་། འདོམ་པ་ལྔ་བཅུ་ཙམ་གྱི་ས་ན་དཀར་ཁུང་ཡོད་པས་ནང་དུ་དཀར་གསལ་ཅུང་རྒྱས་ཤིང་བྲག་དོང་དེ་ལ་སྟེང་འོག་བར་གསུམ་མང་བོ་ཡོད་པར་མ་ཟད། དེ་ནས་ཟམ་མེད་ན་ཕན་ཚུན་ལ་འགྲོ་མི་ཐུབ་པའི་འཕྲང་འགག་ཅིག་འདུག འབྲི་དཀོམ་སོགས་ཀྱིས་འུར་སྒྲ་མ་སྒྲོག་པར་དེར་ཆུ་ཚོད་གཉིས་ཙམ་བསྡད་ཚེ། བྲག་དོང་གོང་མའི་དོང་སྒོ་ན་ཤིང་ལེབ་རིང་བོ་ཞིག་གི་སྣེ་བུད་འདུག་པ་དེ་ལ། ཕོ་གསར་ཞིག་གིས་ཞགས་པ་འཕངས་ནས་ཐུར་དྲུད་ཡོང་ཞིང་། ཤིང་ལེབ་དེ་ཟམ་པ་བྱས་པའི་སྟེང་ནས་བྲག་དོང་བར་མའི་སྒོ་ཏུ་སོང་། དེ་ནས་ཤིང་ལེབ་དེ་བྲག་དོང་གོང་མའི་སྒོ་རུ་འཕངས་ནས་སོང་དུས། བྲག་ཁུང་དེའི་ཕུག་ན་གྲྭ་རྒན་བགྲེས་པོ་སྐྲ་དང་སྨ་ར་དུང་ལྟར་དཀར་ཞིང་། མིག་གཡུ་ལྟར་སྔོ་བ་ཞིག་གི་གམ་ན་བུ་མོ་དང་ཤ་བ་གཉིས་ཀ་ཡོད་པའོ།།
དེ་ནས་འབྲི་དཀོམ་གྱིས་གྲྭ་རྒན་དེ་ལ་ཁྱོད་ཅི་ཡིན་གང་ཡིན་ཞེས་དྲིས་ཚེ། གྲྭ་རྒན་ཡར་ལངས་ཏེ་ཆོས་གོས་ཕུད། གཟན་བསྐྱར་གྱོན་ཞིག་བྱས། དེའི་སྟེང་དུ་ཐུལ་བ་གྱོན། ལྷམ་ལ་ལྷམ་སྒྲོག་བཅིངས། གའུ་རུམ་དུ་བསྡུ་ཞོར་དུ་བདག་ནི་མཚོ་སྔོན་པོའི་ས་ཆའི་སློབ་གྲྭ་ཞིག་གི་བོད་ཡིག་དགེ་རྒན་ཡིན་མོད། འོན་ཀྱང་ནག་ཉེས་པ་ཁབ་རྩེ་ཙམ་ཞིག་མེད་ནའང་། མི་ལ་ལས་གྲྭ་བ་ཞིག་ཡིན་ཕྱིན་སློབ་གྲྭའི་ནང་གི་ལྷ་འདྲེ་གདོན་བགེགས་སུ་བརྩིས་ཏེ་ཞི་འཐབ་ཐོག་ལ་དྲག་འཐབ་བྱས་སྟབས། བདག་གི་ལུས་ཕུང་བོས་བཟོད་མ་ནུས་པར་ཚ་མོ་དྭ་ཕྲུག་མ་འདི་ཁྲིད་དེ། ས་འདིར་སྲོག་དམར་པོ་བརྐུས་ཤ་བསྐུང་བསྐུང་བྱེད་དུ་བྲོས་འོངས་པ་ཡིན། བྲོས་འོང་ཁར་ཀྲོའུ་ཙུང་ལི་ལ་འཕྲིན་ཞིག་བསྐུར་ཡོད། མ་འོངས་བ་ན་ཏང་གི་སྲིད་ཇུས་དོན་ཐོག་ཏུ་འབབ་ཏེ། དུས་བདེ་ཡུལ་འཇམ་རེ་ཡོང་ཉིན་ཡོད་ན། བདག་རང་ཡུལ་དུ་ལོག་རྩིས་ཡོད། དེ་འདྲ་ཞིག་མ་ཡོང་ན་བདག་ཆུ་ཁའི་ཤི་ན་ཆུ་རོ། ལ་ཁའི་ཤི་ན་ལ་རོ་བྱེད་འདོད་ཡོད་དོ་ཞེས་ལན་བཏབ་རྗེས་འདར་སིག་གེ་མགོ་སྒུར་གྱིན་འདུག འོ་ན་ཤྭ་བོ་འདི་གང་ནས་བྱུང་བ་ཡིན་ནམ་ཞེས་པ་ལ། གྲྭ་རྒན་དེས་ཤ་འདི་ཤེའུ་རྨས་མ་ཞིག་ཡིན་དུས་བདག་གི་ཚ་མོ་འདིས་ཁྱེར་ཡོང་ནས་ལག་གསོས་བྱས་པའི་སྟབས་ཀྱིས། ད་ནི་ངེད་ཀྱི་སྒོ་ཟོག་ཏུ་གྱུར་པའོ་ཞེས་སྨྲས། དེ་ནས་འབྲི་དཀོམ་གྱིས་གཞན་མི་འདྲི་བར་རུམ་ནས་ངོ་ལྟ་བླངས་ཡོང་ནས་བུ་མོ་དེ་ལ་འདི་ཅི་ཡིན་ནམ་ཞེས་དྲིས་དུས། བུ་མོ་ན་རེ། འདྲ་པར་འདི༦༥ལོར་ང་མཛོ་མོ་མཁར་དུ་ཨ་ཕ་ཡོད་སར་འགྲོ་དུས། ཚེ་རིང་ལྷ་སྐྱིད་ཟེར་བའི་འགྲོ་རོགས་ཤིག་ཡོད་པ་དེས། ང་ལ་དྲན་རྟེན་དུ་བྱིན་པ་རེད་ཅེས་བཤད་པས་ན། འབྲི་དཀོམ་གྱིས་རྫ་རི་འདི་ན་ཁྱོད་གཉིས་ལས་གཞན་པ་ཡོད་མེད་དང་། ཁྱོད་གཉིས་ལ་ང་ཚོའི་རུ་ནང་སྡེ་ནང་ན། བཟང་ས་མཛའ་གྲོགས་ཨེ་ཡོད་ཅེས་དྲིས་ཀྱང་། གྲྭ་རྒན་དེས་མ་མཐོང་དང་མེད་ཅེས་ལན་བཏབ། དེའི་དུས་སུ་དགེ་ཕྲུག་ཟེར་བའི་ཕོ་གསར་ཞིག་ཡོད་པ་དེས་བཤུ་གཞོག་ཅན་བླ་རྒན་ལ་ང་རྒྱལ་འདི་འདྲ་ཞིག་མཆིས་ན། ང་ཚོས་ཁོ་ལ་ཁྲང་ཧྥ(རྒྱ་སྐད་ཀྱི་ཐུག་པའི་མིང་། དོན་དུ་ཐག་པས་སྡོམ་ཟེར།)ཞིག་ཨེ་བསྐོལ་ཞེས་འུར་བརྒྱབ་པ་ལ། འབྲི་དཀོམ་གྱི་སྡང་མིག་ཅིག་སྤྲད་ནས་བཀག་དེ་ནས་ཁོ་ཚོ་སླར་ཤུག་པའི་ནགས་གསེང་དུ་ཡོང་ནས་ཆ་མ་བཏུས། རྟ་ཡོད་སའི་འཕྲང་སྒའི་ཆུ་ཁ་ནས་ཇ་བསྐོལ་ཤ་བཙོས་ཏེ་བཟའ་བཏུང་བྱས་རྗེས། བྲོ་ལྷག་ཀུན་རྒན་ལ་བྱིན་པ་ན། གྲྭ་རྒན་དེས་འབྲི་དཀོམ་གྱི་ལག་མགོར་བཟུང་སྟེ། བདག་གི་ཡག་ཉེས་རེ་ལ་ཁྱོད་ཀྱིས་བུ་མོ་འདི་ཞེ་ལ་འཛིན་པར་མཛོད་ཅིག་ཅེས་བཅོལ་གདམས་བྱས་པའོ།། ཕྱིར་ལམ་ཕོ་སར་ཚོས་སྨན་མཛེས་མའི་ངོ་རིག་ན། ཕོ་བྱི་བོའི་ཉམས་འཆོར་ཞེས་ཕན་ཚུན་ཁ་མཚར་བཤད་ཞོར་དུ། ཉི་མ་བཞུད་པའི་དུས་སུ་སླར་ཡུལ་ལ་འབྱོར་ཏོ།།
དུས་དེ་ནས་བཟུང་། མི་ལ་ལས་འབྲི་བཟའི་སྐ་རགས་རླུང་གིས་དམར་ལིང་ལིང་བསྐྱོད་ཅིང་རྒྱུག་གིན་ཡོད་པ་མཐོང་ཞེས་བསྒྲགས་ཤིང་། ཟོག་རྫི་ཞིག་གིས་ཀྱང་འབྲི་བཟའི་རོ་རྨ་ཆུའི་འགྲམ་ན་བུད་ཡོད་པ་ངའི་མིག་གིས་རིག་ཅེས་བཤད། འབྲི་བཟའི་ཨ་མའི་སེམས་ལ་བདེན་ཐག་ཆོད་རྨ་ཆུའི་ནང་དུ་ཤི་ཟེར་བ་དེ་བདེན་སྙམ་ནས། མོས་ཙག་རླུང་བསེར་གསུམ་ལ་མ་འཛེམས་པར་རྨ་ཆུ་་སྔོན་མོའི་འགྲམ་ངོགས་ཉུལ། སྐྲ་ཉག་རེ་དང་རུས་པ་རེ་མཐོང་ན་བུ་མོའི་སྐྲ་དང་རུས་པ་ཨེ་ཡིན་བསམ་ནས་སྙིང་ཏིག་ཏིག་ཏུ་གྱུར། དེ་ལྟར་ཉིན་འགའ་ན་རྫི་བོ་ཞིག་གིས་ཡོད་པ་དེ་རིང་ང་རྨ་འགྲམ་ན་ཡོད་དུས། བུ་མོ་ཞིག་གིས་གད་ཁ་ན་སོ་རྒྱག་གིན་ཡོད་པ་མཐོང་ཟེར་ནས་འུར་ཡོང་དུས། འབྲི་བཟའི་མས་རྒན་པོར་མ་བཤད་པར་ལྐོག་ཏུ་རྒན་མོ་ལོ་ལོན་ལྔ་ཁྲིད་ནས་རྨ་འགྲམ་ཉུལ་ཚེ། ངོ་མ་གད་ཁ་དེ་ན་མི་ཞྭ་གོན་ཞིག་གིས་ཐོད་སོ་བྱེད་བཞིན་ཡོད་པ་མཐོང་། རྒན་མོ་ཚོས་རྒྱང་ར་རྒྱང་སྐོར་བྱས་ནས་མི་དེའི་མཐའ་བསྐོར་ཡོང་དུས། གད་ཁའི་ཚེར་སྡོང་ཁེར་སྐྱེས་ཤིག་གི་འོག་ན་རྡོ་དཀར་མང་བོ་སྤུངས་ཡོད་པའི་སྟེང་དུ་སྐ་རགས་རྙིང་བ་ཞིག་ཡོད་པ་ལས། མི་ཞིག་གླིང་དེ་ན་མེད་པས། རྒན་མོ་ཚོས་ཉིན་ངོའི་ས་དང་བྱེ་མ། སྲིབ་ཀྱི་གངས་དང་བ་མོ་སོགས་ཀྱི་ནང་དུ་རྐང་རྗེས་ཇི་ལྟར་བཙལ་ནའང་མ་རྙེད་པར་ས་རུབ་ཡོང་དུས། སྐྲག་སྣང་ཞིག་སྐྱེ་ཞོར་དུ་སླར་རང་ཡུལ་དུ་བསྙེགས་སོ།། འབྲི་བཟའི་མའི་ཞེ་ལ་རྡོ་སྤུངས་སྟེང་གི་སྐ་རགས་དེ་བུ་མོའི་རེད་འདོད་མོད། འོན་ཀྱང་བུ་མོ་འགྲོ་དུས་དེ་ཁྱེར་ཡོད་མེད་གསལ་བོ་ཞིག་མ་ཤེས་སྟབས། རང་སེམས་ན་དོགས་པ་ཆེ་རུང་མི་ལ་བཤད་མི་ཕོད་པའི་རྒྱུ་རུ་གྱུར་པ་རེད།
དེ་ལྟའི་ཚེ་ན། ཕྱི་སྡེ་བའི་འཁྱམས་སྐད་དང་། ནང་བཟའ་བའི་དོགས་པ་གང་ལ་བརྟགས་ཀྱང་རུང་། མི་
གསུམ་ཁ་འཆམ་ན། བྲམ་ཟེའི་ར་མ་ཁྱི་རུ་འགྱུར་ཟེར་བའི་དཔེ་ལྟར། བུ་མོ་འབྲི་བཟའ་མ་ཤི་འདྲེ་རུ་གྱུར་ཞེས་གྲགས་ཏེ། ཐ་ན་བྱིས་པ་ཚོ་མཚན་མོ་སྒོ་ལའང་འགྲོ་མི་ཕོད་པར། ཀུན་ལ་སྐྲག་སྣང་སྐྱེ་བྱེད་ཀྱི་གཏམ་ངན་ཇེ་ཐུ་ཇེ་མང་དུ་འགྲོ་བཞིན་པའི་ལེའུ་སྟེ་ལྔ་བའོ།།
ལེའུ་དྲུག་པ།
བྱ་མི་འདེད་ཚང་འདེད།། མགྲོན་མི་འདེད་གནས་འདེད།།
དབྱར་ཕ་མ་འདྲ་བོ་འཇབ་ནས་བྲོས། དགུན་རྒྱ་སྟག་འདྲ་བོ་མཆོང་ནས་བསླེབས་ཞེས་པ་ལྟར། རྫ་རི་སྤང་ལྗོངས་གངས་ཀྱིས་གཡོགས་ཤིང་། རྨ་ཆུའི་ཀླུང་ཆེན་པོ་དར་གྱིས་མནན། རིམ་བཞིན་དགུ་དང་པོ་ས་འགད། གཉིས་པ་རྡོ་འགད། གསུམ་པ་ལྕགས་ཀྱི་ཐུ་ལུམ་འགད་པའི་དུས་ཚིགས་སུ། ས་ལྕགས་སུ་གྱུར། འབྲི་གཡག་ཏུ་ལོག མ་མོས་ལུ་གུ་འཁྲིད་པའི་སྒང་ཡིན་སྟབས། སྤྱང་དར་མའི་རྒྱུག་འདུར་རྒོད་ཅིང་། གླག་རོག་མོས་གཤོག་རྩལ་ངོམ་པ། རླུང་བསེར་བས་ཀུ་སྒྲ་སྒྲོག་ཅིང་། གངས་བ་མོས་རྒྱལ་ཁམས་འཛིན་པའི་དུས་ན། མཚེའུ་དམར་ཀུང་ཧྲེའི་རུ་ཆེན་ཚོ་དགུན་སར་འབབ་བཞིན་པའི་དཀྱིལ་ཡིན་སྟབས། མཚན་མོ་སྤྱང་ཚོགས་ཀྱིས་ངུ་ཟུག་དང་ཝ་མོས་ཨག་བཏབ། འུག་པས་ཧ་ཧ་ཟེར་བ་དང་ལྷན་དུ། རུ་སྐོར་དག་གི་ཁྱི་ཁ་འུར་ནས་ནམ་ཕུད་པ་ནི། སྤྱིར་འབྲོག་རུའི་དགུན་གྱི་ཁྱད་ཆོས་ཤིག་ཡིན་ནའང་། ད་ལྟ་དེ་ནི་མི་རྣམས་ལ་དོགས་པ་སློང་བྱེད་ཅིག་ཏུ་གྱུར་པ་ལྟ་བུ་རེད།
དེའི་སྐབས་སུ་ཐོན་སྐྱེད་རུ་ཁག་སོ་སོའི་ལོ་མཇུག་གི་བགོ་བཀའ་རྒྱག་དགོས་པས། རྩིས་གཉེར་བ། དངུལ་གཉེར་བ། དངོས་གཉེར་བ་སྟེ་གཉེར་བ་རྣམ་པ་གསུམ་པོས། དངོས་རྫས། སྒོར་རྐྱང་། ཕྱུགས་ཀྱི་ཁ་གྲངས་དང་ལས་སྐར་ལ་སོགས་མང་ཉུང་རྩིས་སུ་བཏང་། རིང་ཐུང་འདོམ་དུ་འཇལ་ཏེ་མི་ཁོམ་པའི་གཞུང་རེད།
དར་ལུང་རུ་ཆེན་ལ་དཔེར་ན། ད་ལོའི་ཆེ་ཕྱུགས་ཀྱི་གསོན་ཚད་དང་ཆུང་ཕྱུགས་ཀྱི་འཕེལ་ཚད། སྤྱིའི་འཕེལ་ཚད་གསུམ་པོའི་ཐད་ནས་ན་ནིང་ལས་ཅུང་དམའ་རུ་བབས་པ་མ་གཏོགས་ཇེ་མཐོར་སོང་མེད་པས། མར་དང་ཆུར་བའི་ཐོག་ནས་མཚོན་ན་ནི། ཧྲེ་ཡོན་རྣམས་ལ་ཆ་མཉམ་གྱི་བགོ་རྩིས་བརྒྱབ་ན། མར་རྒྱ་མ་བཅུ་དང་ཆུར་བ་རྒྱ་མ་བརྒྱད་ལས་མི་ཐེམས་པ་རེད། ཡིན་ནའང་དཔལ་འབྱོར་གྱི་ཁྱབ་ཁོངས་ནས་གྲལ་རིམ་འཐབ་རྩོད་བཟུང་སྟེ། སྒེར་ལུགས་ཀྱི་རྔ་མ་བཅད། སྐར་མས་དམག་སྤྱི་དང་དངོས་པོས་སྐུལ་འདེད་བྱེད་པ་ལ་སོགས་པའི་མ་རྩ་རིང་ལུགས་ཀྱི་ཕྱོགས་ལྷུང་ལ་དགག་པ་བརྒྱབ། རྩོལ་བསྟུན་ཐོབ་སྤྲོད་ཀྱི་བགོ་བཤའ་རྒྱག་པའི་སྲོལ་ཞིག་བཏོད་པ་རེད། དེའི་ཐད་ནས་ལྟ་སྲོལ་གཅིག་ལ་འཆར་ཚུལ་གཉིས་ཡོད་པ་ནི། ལུག་རྫི་སྐར་ཕྲུག་གིས་ང་ཚོས་དབྱར་དགུན་སྟོན་དཔྱིད་མེད་པར། ཙག་བསེར་བུ་རྩམ་སྐྱ་འགམ་འགམ། གངས་བད་མོ་ཕྱིང་སྐྱ་གོན་གོན་བྱས་ཏེ། ལུག་གཅིག་གཉིས་སུ་སྤེལ། གཉིས་བཞི་རུ་ལོག་ཏུ་བཅུག་ནས་ཐུན་མོང་གི་ཕྱུགས་ཟོག་འདི་འཚོ་སྐྱོང་ཇི་འདྲ་བྱས་རུང་། ལོ་རྔའི་བགོ་བཤའི་དུས་སུ་ཚུར་ལ་འབབ་རྒྱུ་ཕར་ཞོག ཕར་ལ་བྲོ་རིན་འཇལ་དགོས་པ་འདི་ནི་རྒྱུ་འབྲས་མིག་མེད་རེད་ཟེར་བ་ལྟ་བུའི་སྐོར་ཞིག་དང་། ཞི་རྒོལ་དྲག་སྲུང་གི་འགོ་བ་སྐར་ཚེས་ཆབ་སྲིད་གཙོ་བོར་འཛིན་པའི་བགོ་བཤའ་བྱེད་སྟངས་འདིས། གསར་བརྗེ་བ་ཚོ་ལ་ཐེམ་རྒྱུ་འབབ་སྐལ་དེ་འབབ་ཏུ་བཅུག་པ་རེད། ང་ཚོས་ལག་མགོ་རྡུལ་ལ་མ་བྱན་རུང་། ཏང་ནང་གི་མར་འགྲོ་བ། གྲལ་རིམ་དགྲ་བོ་དག་ལ་འཐབ་རྩོད་བརྒྱབ། ཏ་ཀྲེར་བསླབས། སྒེར་གྱི་རྔ་མ་བཅད་པ་འདི་ང་ཚོས་གསར་བརྗེ་བཟུང་བའི་གྲུབ་འབྲས་རེད་ཅེས་པའི་ལྟ་ཚུལ་མི་གཅིག་པའི་བསམ་འཆར་གཉིས་བུད་དེ། བཤད་རྒྱུ་གཏམ་རྒྱུ་མང་མོད། འོན་ཀྱང་ཀུང་ཧྲེས་དར་ལུང་རུ་ཆེན་ལ་ཆབ་སྲིད་བཟུང་བ་བྲག་ཞེས་གཟེངས་སུ་བསྟོད་པ་ནས་བཟུང་། རྩོལ་བསྟུན་ཐོབ་སྤྲོད་དགོས་ཞེས་པའི་སྐོར་གླེང་མི་ཕོད་པར་གྱུར་ཏོ།།
གཞན་ཡང་། དོན་ལུང་རུ་ཆེན་གྱི་ཐོན་སྐྱེད་ད་ལོ་ཡང་གོང་དུ་འཕེལ་ཞིང་། རྩོལ་བསྟུན་ཐོབ་སྤྲོད་ཀྱི་རྩ་དོན་ལྟར་བགོ་བཤའ་འཐེན་ཏེ། མི་རེ་ལ་མར་རྒྱ་མ་ལྔ་བཅུ་རེ་ཐོབ་ན་ཡང་། ཁྱི་ཉུལ་གྲིམ་ཉུལ་བྱས་ནས་ལས་ལ་མི་བརྩོན་པ་དག་གིས་ཅིས་ཀྱང་དར་ལུང་རུ་ཆེན་གྱི་བགོ་བཤའ་རྒྱག་ཚུལ་ལྟར་བགོ་དགོས་ཟེར་ནའང་མང་ཁ་ཉུང་གིས་མ་བརྟེན། ཡིན་ནའང་ཀུང་ཧྲེའི་འགོ་ཁྲིད་པ་ལ་ལས། དོན་ལུང་གིས་རྟ་ནོར་ལུག་གསུམ་ཤེས་པ་ལས། བཀས་མ་བཟོ་གསུམ་མི་ཤེས་ཞེས། བཟང་བརྗོད་བྱ་རྒྱུ་ཕར་ཞོག སྐྱོན་བརྗོད་དང་ལམ་ཕྱོགས་ཀྱི་སློབ་གསོ་མང་པོ་གནང་བ་རེད།
ད་ནི་ཚིག་གི་ལོ་མས་མི་སྒྲིབ་པར་དོན་གྱི་རྩ་བ་བརྗོད་ན། སྐབས་དེར་རྫོང་གི་སྤྱི་བདེ་ཅུས། ཞིབ་དཔྱོད་ཁང་། ཁྲིམས་ཁང་སྟོང་ཞིང་བཤིག་ཡོད་པར་མ་ཟད། ཐ་ན་བཤེར་དཔོན་ལའང་འཐབ་རྩོད་བརྒྱབ་ནས་བས་བསད་པ་རེད། དེ་ལྟ་བུས་ན། འབྲི་བཟའ་གར་སོང་གི་སྐོར་ནི་རྩད་གཅོད་ཞིབ་འཇུག་བྱེད་པའི་ལས་ཁུངས་ཤིག་ག་ན་ཡོད། མཐར་མཚེའུ་དམར་ཀུང་ཧྲེ་གསར་བརྗེ་ཨུ་ཡོན་ལྷན་ཁང་གིས། གྲོས་ཚོགས་ཤིག་གི་ཞོར་ལ་དེའི་སྐོར་གྲོས་མི་བྱེད་ཀ་མེད་དུ་གྱུར་ཏེ། མཐར་གཏུགས་ན་འབྲི་བཟའ་འདི་ད་ལྟ་གསོན་པོའི་མིའམ་ཤི་བའི་རོ་གང་ཡིན་ཕྱི་རྩད་ཨ་ལུང་། ནང་རྩད་མེ་ལོང་བྱེད་དགོས་པའི་སྐོར་བགྲོས། ཨུ་ཡོན་ནང་གི་མང་ཆེ་བ་ནི་གྱེན་ལྡོག་ཕྱོགས་ཀྱི་འགོ་བ་ཡིན་ཞིང་། ལ་ལ་ནི་ཅི་བཤད་ཀྱང་བདེན་ཟེར་བ་ལས་མ་རེད་མེད་པའི་ཆུ་སྣ་གར་ཁྲིད་པ་རེ་ཡིན་ལ། ལས་བྱེད་པའི་ཕྱོགས་ཀྱི་མི་སྣའང་ཀྲུའུ་རིན་ཀྲང་ལེན་ནི་རྩ་དོན་རྒྱུན་འཁྱོངས་བྱེད་པ་བོ་ཞིག་ཡིན་ཟེར་ནའང་། ཁོ་ས་ཆ་མེད་དུ་མི་རྒྱུས་མེད་ཡོང་བར་ཡིན་པ་མ་ཟད། ད་དུང་བོད་སྐད་མི་ཤེས་པ་རེད། སྐབས་དེར་གྱེན་ལྡོག་པའི་འགོ་བ་ཚོ་ལ་ཁ་ཚོད་མཐོ་ཞིང་ངན་དབང་ཆེ་བས། ཁོ་ཚོས་འདོད་ཐོག་ཏུ་མ་བཞག་ན་ཕམ་རྒྱུ་རང་ཡིན་ཞེས། བསམ་པས་རི་ཁྱབ་ཀྱང་འོག་རྟའི་བང་ཟད་ཡོད་ཅེས་པའི་ཁ་དཔེ་ལྟར་ཡིན།
ཨུ་ཡོན་ལོའུ་ཀྲི་མིན་ནས། འབྲི་དཀོམ་ནི་སྔར་ཏང་ནང་གི་མར་འགྲོ་བས་གཅེས་རྒྱུ་ཞིག་ཡིན་པས། ད་ལྟ་ཁོས་གྱེན་ལྡོག་པས་མའོ་ཀྲུའུ་ཞིའི་གསུང་མི་བརྩི་ཞེས་སྒྲོག་དུས། བུ་མོས་ཀྱང་ཕའི་རྗེས་འབྲང་བ་ལས་ང་ཚོའི་ཕྱོགས་སུ་མི་འཁོར་བ་རེད། ད་ནི་དེ་ཁྭ་ཏས་ཟ་ན་ཁྭ་ཏས་ཟོ། སྐྱ་ཀས་ཟ་ན་སྐྱ་ཀས་ཟོ། ང་ཚོ་ལ་བྱ་བ་མ་མང་ན་མི་ཉུང་བས་ད་ལྟ་དེ་བཙལ་ཁོམ་གང་ན་ཡོད། རྗེས་སུ་ཅིར་གྱུར་ཡུན་གྱིས་བརྟག་ཆོག་ཅེས་དང་། ཨུ་ཡོན་སྟག་དགའ་ན་རེ། འབྲི་དཀོམ་ནི་འབྲོག་དབུལ་ཞིག་ཡིན་ནའང་། མི་སེར་གྱི་རང་བཞིན་སྒོ་ཕྱུགས་ནི་ཏང་གི་ཞིང་སྡེའི་སྲིད་ཇུས་དང་མཐུན་ཞེས་མང་ཚོགས་ལ་ངན་བསྐུལ་བ་དེ་ཀུན་ལ་གསལ་བ་རེད། དེའི་མི་ཚད་མི་ལ་ལས་ཁོས་ལེན་ཧྥུའུ་ཀྲུའུ་ཞི་ལ་ལ་ངན་སྨོས་བྱས་མྱོང་ཟེར། དེ་བདེན་སྲིད་ན། ངས་ཁོ་རང་མ་ཟད་བུ་མོའི་དོན་ཡང་གཏན་ནས་སྒྲུབ་མི་ཕོད། ཁྱེད་རྣམ་པས་ཕོད་ན་དེ་རེད་ཅེས་བཤད་པ་ན། ཨུ་ཡོན་གསུར་བཟའ་ལྡོམ་པོ་སྐྱིད་ཀྱིས་མིག་ཆུ་ཞིག་དྲུད། ཁ་ནང་ནས་ཝུ་བ་མཆོད་ཞོར་དུ་ཨུ་ཡོན་རྣམ་པ། འབྲི་དཀོམ་བརྒྱ་ངན་རུང་ང་ཚོའི་གྲལ་རིམ་སྤུན་ཟླ་ཞིག་མ་རེད་སུས་ཟེར་ནུས་སམ། ནང་སྒོས་སུ། ཁོའི་བུ་མོ་ནི་གསར་བརྗེའི་རྒྱུན་འཛིན་པ་ཡིན་སྟབས། དེའི་སྟེང་དུ་གྲལ་རིམ་དགྲ་བོ་གང་ནས་དགའ་སྲིད། ད་ཚོད་འབྲི་བཟའ་ཤི་ན་རོ་མ་རྙེད། གསོན་ན་མི་མི་མཐོང་བར་ཡོད་དུས། དེ་དང་དེ་ལྟ་བུ་ལ་རྩད་གཅོད་མ་བྱས་ན། ང་ཚོའི་དམར་བོའི་སྲིད་དབང་ཟེར་བ་ནི་དོན་མེད་མ་ཡིན་ནམ། མི་རང་གིས་བལྟས་ན། བྱ་མི་འདེད་ཚང་འདེད། མགྲོན་མི་འདེད་གནས་འདེད་ཟེར་བ་ལྟར། ལོ་མང་བོའི་རིང་ལ་ང་ཚོའི་རུ་ཆེན་ནང་ནས་གསར་བརྗེའི་ལས་བྱེད་པ་གསོད་མི་ཡོད་ལ། ཐུན་མོང་གི་རྒྱུ་ནོར་ལ་གཏོར་བརླག་བྱེད་མི་ཡང་ཡོད། མགོ་འདྲེན་ལ་ཁ་ཡ་ངོ་ཡ་བྱེད་མི་བྱུང་ལ། ཆོས་ལུགས་སླར་གསོ་བྱེད་མི་ཡང་བྱུང་། སྒེར་གྱི་རྔ་མ་གཅོད་པར་ངོ་རྒོལ་བྱེད་མི་ཡང་ཡོད་མྱོང་བ་སོགས་ཀུན་ལ་གསལ་བ་དེ་རེད། ཁ་སང་དེ་རིང་། ཡང་བསྐྱར་ང་ཚོའི་རུ་མཐའ་ནས་ཉི་མ་དཀར་ལ་མོ་གསོན་པོ་བོར་འགྲོ་བ་འདི། རྔོན་པ་ངན་ན་སྤྱང་ཀིས་སྒོ་རྡུང་བྱེད་ཅེས་པའི་དཔེ་བཞིན། གྲལ་རིམ་དགྲ་བོར་ཕར་མ་འཐབ་ན་ཚུར་རྒོལ་ཡོང་བ་འདི་འདྲ་རེད། གྲལ་རིམ་འཐབ་རྩོད་འཛིན་དུས་ཡེ་ཀུང་འབྲུག་ལ་དགའ་བ་ཞེས་པ་ལྟར་འགྱུར་མི་ཉན་ཞེས་གོང་ནས་ནན་མོ་བཤད་མྱོང་བ་དེ་རེད། ད་ལྟ་འབྲོག་པ་དབུལ་བོའི་མགོ་ལ་འདི་འདྲའི་སྡུག་བསྔལ་ཞིག་ཡོང་ཡོད། ཀུང་ཧྲེས་སེམས་ཐག་བཅད་ནས་སྙིང་རྗེ་ལག་འཇམ་ཞིག་མ་བྱས་ན། ད་གཟོད་གནད་དོན་མང་བོ་སྒོར་འབུད་ཐུབ་ཀྱི་རེད། ང་ལ་འདི་འདྲའི་ནད་ཐུ་མོ་ཞིག་བྱུང་ཡོད་རུང་། དོན་དག་འདི་ཁྱེད་ཀྲུའུ་རིན་དང་ཨུ་ཡོན་ཚོའི་སྙན་དུ་འཇོག་པར་རྐང་བཙུགས་ནས་ཡོང་བ་ཡིན། དེ་འདྲ་ཨེ་རེད། ཁྱེད་རྣམ་པས་ཐུགས་འདང་གནོངས་ཤིག་ཅེས་སྨྲས།
དེར་མཐུད་ནས་དེར་ཡོད་མི་ཚོས་འདོད་ཚུལ་མང་བོ་བཤད་དེ། གྲོས་བསྡུར་ཡང་ཡང་བྱས་མཐར། ཀུང་ཀྲུའུ་རིན་གྱིས་ཚིག་རྩའི་མདོར་བསྡུས་ཏེ། འབྲི་བཟའ་བོར་བ་འདི་དོན་ཆུང་ཞིག་མིན་ཞེ་ན། ང་ཚོའི་ལས་བྱེད་པ་བློ་མཐུན་ལྡོང་ཤུལ་སྐར་མ་དོན་འགྲུབ་ཁྱོད། དར་ལུང་དུ་སོང་ནས་སྐབས་དོན་གྱི་བྱ་བ་དག་བསྒྲུབ་ཞོར་དུ་འབྲི་བཟའ་རྩད་གཅོད་རྒྱུ་གྱིས། དར་ལུང་རུ་ཆེན་གྱི་གཞི་རིམ་ལས་བྱེད་པའི་རྒྱུ་རྐྱེན་ཅུང་བཟང་སྟབས། ད་རེབ་ཀུང་ཧྲེ་དང་རུ་ཆེན་གཉིས་ཀས་ས་ཕྱར་ནས་རྡོ་ལྷང་དུ་ཕུད་པར་སེམས་ཐག་ཆོད་ཅིག་ཅེས་ཚིག་རྔ་བཟླུམས་པར། ཨུ་ཡོན་མང་ཕྱོགས་ཀྱིས་དེ་ལྟར་བྱ་ཞེས་གྲོས་འཆམ་སྟེ་ཚོགས་འདུ་གྲོལ་སོང་ངོ་།།
བློ་མཐུན་ལྡོང་ཤུལ་སྐར་མ་དོན་འགྲུབ་ནི། གསར་བརྗེར་ཞུགས་པ་ནས་བཟུང་ལོ་མང་བོའི་རིང་དུ་སྤྱི་བདེ་དང་འཐབ་ཕྱོགས་གཅིག་གྱུར་བྱ་བ་བསྒྲུབས་མྱོང་བ་མ་ཟད། ཁུལ་དམངས་སྲིད་ཁྲུའུ་ཁྲུའུ་ཀྲང་གཞོན་པའང་ཁུར་མྱོང་བ་རེད། སྤྱི་ཞིབ་ཁྲིམས་གསུམ་གཏོར་རྗེས་ཁོ་ཀུང་ཧྲེ་འདིར་མངགས་ཡོང་ནས་སྤྱིར་བཏང་གི་ལས་བྱེད་པ་ཞིག་ལས་ཟུང་འགྲེལ་བྱས་མེད་པའོ།། ས་འདིར་ཡོང་ནས་ལོ་གཅིག་ཙམ་ལས་མ་འགོར་ནའང་། མང་ཚོགས་དང་འབྲེལ་འདྲིས་ཟབ་མོ་བྱས་ཡོད་ཐོག བྱ་བ་དོན་དག་ཅི་ཞིག་བསྒྲུབ་ནའང་ངོ་ཆེ་ཆུང་དང་དགའ་སྡུག་སོགས་ལ་མི་བལྟ་བར། ཏང་གི་སྲིད་ཇུས་ཀྱི་སྲང་མདའ་མི་གཡོ་བ་ཞིག་ཡིན་ཞེས་ཁ་ལས་དགེ་བཞིན་ཡོད། ཞར་དུའང་ལ་ལ་ཞིག་གིས་དེ་ནི་རྙིང་ཞེན་བག་འཁུམ་ཅན་གྱི་ཉམས་མྱོང་རིང་ལུགས་པ་འཁྲུལ་མེད་ཅིག་ཡིན་ཞེས་ཁས་མི་ལེན་པའང་ཡོད།
དར་ལུང་རུ་ཆེན་གྱི་གསུར་བཟའ་ལྡོམ་པོ་སྐྱིད་སྙིང་ནད་ཀྱིས་བཟུང་ནས་དོན་དག་གལ་ཆེན་མེད་ན་གམ་དུ་མི་ཐར་ནའང་། རུ་ཆེན་གྱི་བྱ་བ་ཆེ་མ་ཆུང་གསུམ་ཀུན་རིག་གསར་མགོ་འདྲེན་ཚན་ཆུང་གི་ཙུའུ་མོ་རྩེ་བཟས་མོའི་ཁ་མ་བྱས་ ནས་བཟུང་ཡོད། རུ་ཆེན་འདི་ལས་བྱེད་པར་བཟང་། དགྲ་བོ་ལ་མི་བཟང་ཟེར་ས་ཞིག་ཡིན་པས། འདིར་ལས་བྱེད་པ་ངར་བ་སུ་ཞིག་ཡོང་རུང་གསུར་བཟས་ཤ་འདྲེན་ཆང་འདྲེན་བྱེད་པར་མ་ཟད། འགྲོ་དུས་ཀྱང་བལ་ཚ་རུ། ཀོ་པགས་པ། མར་ཆུར་བ་སོགས་གང་དགོས་ནའང་གོང་སླ་མོ་བྱས་ནས་བཙོང་བར་མ་ཟད། རིན་ཡང་མེད་ན་དོམ་དུ་འཇོག་པ་རེད། མོས་རྒྱུན་དུ་ལས་བྱེད་པ་ཚོ་ནི་གསར་བརྗེའི་དོན་དུ་ས་འདི་རུ་ཡོང་བས། དེ་ལ་དགའ་ཁ་བྱེད་ལོས་དགོས། དེ་ཚོས་བཟའ་བཏུང་བྱས་པ་ཙམ་ཞིག་གིས་ང་ཚོར་གནོད་མི་ཐུབ་ཅེས། ཐ་ན་ཟས་རིན་དང་འབྲུ་རྟེན་ཡང་ལེན་མི་སྲིད་པར་སྣེ་ལེན་དཔེ་ས་ཞིག་རེད།
ཁ་སང་ཀུང་ཧྲེའི་ཚོགས་འདུ་གྲོལ་བའི་ནུབ་མོ་ནས་བཟུང་། རུ་ཆེན་ཞི་རྒོལ་དྲག་སྲུང་འཐབ་འཛིང་རུ་ཁག་གིས། ཤིང་བཟོ་རབ་གསལ་དང་ལུག་རྫི་སྐར་ཆུང་གཉིས་གློ་བུར་དུ་བཟུང་སྟེ། ཁ་སྔ་ལག་ལག་པ་རྒྱབ་ལག་བྱས་ནས་ཐག་པས་བསྡམས། མཚན་མོ་གཅེར་བུར་ཙག་ཏུ་འཕངས། ཉིན་མོ་གྱོན་པ་མེད་པར་ལྕགས་ཐབ་ལ་བསྐམས། མཛུབ་མོ་བསྡམས་ནས་མཛུ་གུའི་བར་དུ་མདའ་བརྡབ། མགོ་རྔ་མེད་པར་རྟ་ལྕག་གིས་བྲབ་པ་ལ་སོགས་པའི་ཁྲིམས་བཅད་ཀྱང་། ནག་ཉེས་པ་འདི་ཟེར་རྒྱུ་ཞིག་དེ་གཉིས་ཀའི་ཁ་ནས་མ་ལོན་པར་བསྡད་ཡོད། སྐབས་དེར་མང་ཚོགས་ལའང་དེའི་ཐད་ནས་བཤད་སྲོལ་དང་ལྟ་ཚུལ་འདྲ་མིན་སྣ་ཚོགས་ཡོད་པའི་སྒང་ལ། ཀུང་ཧྲེའི་ལས་བྱེད་པ་སྐར་དོན་དར་ལུང་རུ་ཆེན་དུ་བསླེབས་པའོ།།
འོ་ན། སྐར་དོན་དེར་ཡོང་ནས་དོན་དག་ཅི་བྱས་ཤེ་ན། སྐར་དོན་གྱིས་ཉིན་དུ་མའི་རིང་དུ་རྩད་གཅོད་རྟོག་དཔྱོད་བཏང་རྗེས། འབྲི་བཟའ་ཁས་མི་གླེང་བར་ཅི་ཟེར་ཅེ་ན། ཐོག་མར། གཅར་རྡུང་བསྐོར་གསུམ་བྱེད་པ་ནི་ཏང་གི་སྲིད་ཇུས་མ་རེད། ཁྲིམས་གཅོད་ན་ལངས་བསྡད་ན་ལོག་འགྲོ་སྤྱད། ལོག་བསྡད་ན་ཤི་འགྲོ་སྤྱད་ཀྱི་བདེན་ཞིག་དགོས། དེ་མེད་ན་གཅར་རྡུང་བྱེད་མི་ཆོག་ཅེས་བསྒྲགས། དེ་ནས། ཁོས་མང་ཚོགས་ཉུང་འདུ་བྱེད་ས་གང་ཡིན་རུང་། མང་ཚོགས་ལ་ཏང་གི་སྲིད་ཇུས། མའོ་ཀྲུའུ་ཞིའི་གསུང་རྩོམ་འགྲེལ་བཤད་བྱས་ནས། ཐུན་མོང་དཔལ་འབྱོར། བདག་གཉེར་དོ་དམ་བཅས་པའི་སྐོར་ལ། དམངས་གཙོ་དར་སྤེལ་དང་དངོས་ཐོག་བདེན་འཚོལ་བྱེད་པ་ལས། བརྒྱ་ཁ་གཅིག་ཆོད་བྱེད་པ་ནི་ཏ་ཀྲེའི་ཉམས་མྱོང་མིན་ཚུལ་ནན་གྱིས་བསྟན། མཐའ་རྔ། བཟང་བོར་བཟང་མ་སྨྲས་ན་བཟང་བོ་ཁོ་ཆད། ངན་པར་ངན་མ་སྨྲས་ན་ངན་པ་ངོར་ལྡང་བའི་དཔེ་བཞག་སྟེ། མི་སེར་གྱིས་དོ་སྣང་བྱེད་སའི་ཕྱུགས་ཟོག རྩིས་ཐོ། གཞུང་སྒོར། ལས་སྐར་བཅས་ཀྱི་སྐོར་ལ་དག་ཐེར་ཅུང་ཙམ་བྱས་པའི་ཚེ་ན། གཞི་རིམ་ལས་བྱེད་པ་ལ་ལས་གཞུང་སྒོར་ཟོས་ཡོད་ཅིང་། སྟོང་བཤད་ངན་གོམས་ཅན་རེ་གཉིས་ཀྱིས་ཉུང་ལས་མང་ཐོབ་བྱས་ཡོད་པ་སྐོར་ཞིག་གསལ་བོར་སྒོ་རུ་ཕུད་དེ། སྒེར་འཐབ་བཅོས་འགག་བྱས་ཏེ་ཏ་ཀྲེར་སློབ་ན་འདི་ལྟར་བྱེད་དགོས་ཚུལ་བཤད། མདོར་ན། བྱ་བ་ཅི་ཞིག་ཡིན་ནའང་ཁས་ཅི་བཤད་ཁོ་ན་མིན་པར་ལག་གིས་ཅི་ལས་སུ་ལྟོས་ཟེར་བའི་དཔེ་ལྟར་བྱ་བ་བསྒྲུབས་པས། མང་ཚོགས་ལའང་ཐུན་མོང་གི་ཆེད་དུ་ལས་འདོད་སྒྲིམ་འདོད་ཅུང་སྐྱེས་ཤིང་། ཡིད་ཀྱི་དོགས་པ་ཅུང་སེལ། ཞེ་ཡི་སྐྲག་སྣང་ཅུང་ཞི་ཡོང་བར་མ་ཟད། འབྲི་བཟའི་ཐད་ནས་ཀྱང་དོགས་པ་ཡོད་ཚུལ་གྱི་སྐོར་མང་བོ་ཞིག ཚིག་དྲིས་ན་མི་ཡོང་ཞོར་དུ་ཡོང་ཞེས་པ་བཞིན་དུ་སྐར་དོན་གྱི་རྣ་ལམ་དུ་བབས་ཡོང་བ་དང་ལྷན་དུ། གྲལ་རིམ་འཐབ་རྩོད་དང་ལམ་ཕྱོགས་འཐབ་རྩོད་ཀྱི་ཁ་ཕྱོགས་སུས་བསྒྱུར་ན། དེ་ལ་འཐབ་དགོས་ཞེས། རུ་ཆེན་དེ་ན་མི་ལ་ལས་འུར་སློང་གིན་ཡོད་པའང་ཐོས་བཞིན་པར་ཡོད་པའི་ལེའུ་སྟེ་དྲུག་པའོ།།
ལེའུ་བདུན་པ།
བ་འདི་ཉལ་ཚུལ་ལ།། བེའུ་དེ་ཤི་བོ་རེད།།
མཚན་མོར་སྐར་མ་སྨེ་བདུན་ཆ་ཚང་བའི་དུས་སུ། ཀུང་ཧྲེའི་ལོ་ཙཱ་བ་ན་ཆུང་ཀླུ་ཐར་ཞེས་པ་དེ་གློ་བུར་དུ་དར་ལུང་རི་ཆེ ན་ན་སྐར་དོན་ཡོད་པའི་དྲུང་དུ་བསླེབས་ཤིང་། གཏམ་མི་བརྟོལ་བར་མགོ་འཕྲུག་ཞོར་དུ་ཕར་ཉུལ་ཚུར་ཉུལ་བྱེད་བཞིན་པར་འདུག་པས་ན། སྐར་དོན་གྱིས་བློ་མཐུན། ཁྱོད་ཉི་མ་རྟ་བརྒྱའི་དུས་སུ་མི་ཡོང་བར། སྐར་མ་མཛོ་འདོགས་ཀྱི་དུས་སུ་ཡོང་དགོས་པའི་བྱ་བ་གལ་ཆེན་ཅི་འདྲ་ཡོད་ཅེས་ཕར་དྲིས་པ་ལ། ལོ་ཙཱ་བ་དེ་ཅུང་ཙམ་ཁྲོས་པའི་ཚུལ་གྱིས་ཁྱེད་སང་ཉིན་ཕྱི་དྲོ་ཀུང་ཧྲེའི་ནང་དུ་ཡོང་དགོས་ཞེས། ང་འབོད་པར་མངགས་པ་ཡིན། ཞེས་ལན་བྱིན། སྐར་དོན་གྱི་ཞེ་རུ་ཀླུ་ཐར་འདི་རྒྱུན་དུ་ཁ་དགའ་རྩེད་ཅན་གྱི་མི་དགའ་བཟང་ཞིག་ཡིན་མོད། དེ་རིང་འདི་གློ་བུར་དུ་གྱོང་འདུག་པ་ཅི་ཡིན་སྙམ་སྟེ། བློ་མཐུན། ཡང་ང་ལ་བློ་མཐུན་ཚོས་བསམ་འཆར་དང་སྐྱོན་བརྗོད་ཅུང་ཙམ་ཡོད་པ་མ་ཡིན་ནམ་ཞེས་པ་ལ། ལོ་ཙཱ་བས་འཛུམ་དམུལ་ཞིག་བྱེད་བཞིན་པར་ལག་པ་དགུང་དུ་གཡུགས་ཏེ། གྲོགས་པོ། མི་ངན་འདང་ལ་མཁས་ཞེས་པའི་དཔེ་ངན་མ་འཇོག ཁྱེད་ལ་བསམ་འཆར་ཞིག་བུད་ཡོད་ན། ང་ལ་འདི་འདྲའི་འཇིགས་སྣང་ཞིག་ཅི་ལ་སྐྱེས་ཞེས་པ་དང་ལྷན་དུ་སྐད་ཆ་གཞན་མེད་པར་ལག་པ་གཉིས་ཀ་འདར་སིག་སིག་ལྕགས་ཐབ་ལ་བསྲོས་ནས་འདུག་པའོ།།
དེ་ནས་སྐར་དོན་གྱི་བློ་ཇེ་བདེར་སོང་ནས་རྩེད་མཚར་བཤད་ཞོར་དུ་འོ་ན། དོ་དགོང་ཁྱོད་ཀྱི་སྙིང་རིལ་རིལ་ཁོག་ནས་མི་འདུག་པ་འདི་ཅི་སྙམ་པ་རེད། འདྲེ་མོ་རྟ་ཞོན་མ་དང་འཕྲད་པ་མ་ཡིན་ནམ། ཞེས་དྲིས་ཚེ། ལོ་ཙཱ་བ་དངངས་ནས་ཤོག་དུད་ཀྱང་འཐེན་མི་ནུས་པར་རེ་ཞིག་འཚོམ་སྟེ་འདི་སྐད་དུ། དོ་དགོང་དུས་ཚོད་བཅུའི་སྟེང་ཀུང་ཧྲེའི་ནང་ནས་ཡོང་སྟེ། གད་སྐྱའི་འཕྲང་སྣེར་སླེབས་དུས་སྔུན་ན་སྐྱ་མི་ཞིག་ཡོང་གིན་ཡོད། ཐག་ཉེ་སར་འབྱོར་བ་དང་ལྷན་དུ་རྟ་ཁ་ཕྱིར་བསྐོར་ནས་བྲོས་སོང་ཚེ། ངས་དེ་བདའ་ནས་རྗེས་ཟིན་ལ་ཡོད་དུས་སྟེང་དུ་གློག་ཅིག་བཀར་བས་ན། དེ་ནི་བུ་མོ་ན་ཆུང་ཞིག་རེད། དེ་ནས་ང་ངར་གྱིས་མ་བརྒྱུགས་པར་རྗེས་འབྲངས་ནས་འཕྲང་སྣེ་ཟིན་དུས། སྐྱ་མི་ཞིག་གླིང་ན་མེད་པར་རྐང་ཐང་ཞིག་ནག་ཡོར་ཡོར་རྒྱུག་གིན་ཡོད། ངས་དེད་སོང་ནས་སྟེང་དུ་རྟ་ལྕག་ཅིག་གཡུག་དུས་དེའི་མགོ་བཏུམ་ཞོར་དུ་སར་ལོག་ཀྱང་རུང་། ངས་དེ་སུ་ཡིན་སྙམ་སྟེ་གོང་ཁའི་འཐེན་ཞིང་ངོ་ལ་གློག་ཅིག་བཀར་ཚེ། ཨ་ཁ་ཁ། དེའི་མགོ་བོ་ནི་མགོ་སྐམ་པོ། ཐོད་སྐམ་ཞིག་རེད། དེ་གཡོ་བའི་ཚེ་ན། ཐོད་སྐམ་དེའི་མིག་ཁུང་ནང་ནས་གློག་ཅིག་འཁྱུག་སྟེ་ངའི་མིག་ལམ་དུ་ནག་དུ་བེ་ཅི་ཡང་མི་མཐོང་བར་གྱུར་པས་ན། རྟའི་སྲབ་མདར་འཇུས་ནས་འདུག་པ་ལས་ཅི་བྱ་ངོས་མ་ཟིན། ཨ་ལ་ལ། དོ་དགོང་རང་གིས་རིག་རག་བར་དུ། འདྲེ་གློག་དཀར་ཅན་ནམ། ཡང་ན་འདྲེ་མོ་རྟ་ཞིག་ཅེས་པ་དེ་གཏམ་འཆལ་དུ་བརྩིས་ནས་གཞན་ལ་དགག་པ་རྒྱབ་མྱོང་ཞེས་ཁ་ངོ་སྐྱ་ལིང་ངེ་ཧད་འདུག་པ་ལ། སྐར་དོན་ན་རེ། ཨོ། དེ་ལ་སྐྱོན་མེད། ས་འདིའི་མི་ལ་ལས། སྔོན་ཆད་ཁོ་ཚོ་འདྲེ་དང་རོ། ཐོག་དང་ཁྱི་སྨྱོན་ལ་ཧ་ཅང་སྐྲག་མོད། འོན་ཀྱང་མཱ་ཆིས་ཚང་གིས་བོད་ཡུལ་བརྒྱག་པའི་དུས་སུ། དམག་དང་མེ་སྒྱོགས་ལས་སྐྲག་ས་ཅི་ཡང་མེད་པར་གྱུར་ཟེར་བ་ལྟར། ང་ནི་ཁྱེད་ལས་ལྡོག་སྟེ་མི་ལ་སྐྲག་པ་ལས་འདྲེ་ལ་མི་སྐྲག འདྲེ་དེ་འདྲ་ངས་མང་པོ་རིག་མྱོང་། འུ་གཉིས་ཡང་ནུས་མཐུ་ཞིག་བསྒྲུབས་ནས་སྣང་སྲིད་ཀྱི་ལྷ་འདྲེ་དམ་དུ་འདོགས་པ་ལས་སྐྲག་ནས་འགྲོ་ག་ལ་ཉན་ཞེས་ཀུ་རེ་བཤད་ཞོར་དགོད་ཞོར་དུ་ཤ་དང་ཤོག་དུད་བླངས་ཏེ་ཁོ་ལ་སྣེ་ལེན་བྱས་རྗེས། ལོ་ཙཱ་བའི་ཡིད་ཀྱི་སྐྲག་སྣང་ཡང་རིམ་གྱིས་ཅུང་ཞི་ཞིང་། ནམ་ལངས་ཡང་ད་རུང་མི་ལངས་པས་གཉིས་ཀ་ལྷན་དུ་ཉལ་ནས་གཉིད་སོང་བའོ།།
ཕྱིན་ཉིན་གྱི་ནུབ་མོ། མཚེའུ་དམར་ཀུང་ཧྲེའི་ཚོགས་ཁང་དུ་སྒྲོན་མེའི་འོད་ཟེར་ཁྲ་ལྷམ་མེར་ཡོད་པའི་ངོགས་ན། སྐར་དོན་གྱིས་འབྲི་དེབ་ལག་རྩེར་བཟུང་ནས། དར་ལུང་ནས་ཁོས་འབྲི་བཟའི་རྩད་རགས་རིམ་ཞིག་ཆོད་ཚུལ་དེ། ཨུ་ཡོན་དང་ཀྲུའུ་རིན་རྣམ་པ་ལ་འདི་ལྟར་གྱི་སྙན་ཞུ་འབུལ་བཞིན་ཡོད།
ངས་ཀུང་ཧྲེས་བཀོད་སྒྲིག་ལྟར་དར་ལུང་རུ་ཆེན་དུ་སོང་སྟེ། ཏང་གི་སྲིད་ཇུས་བསྒྲགས། མང་ཚོགས་སྐུལ་སློང་བྱས། སྒེར་འཐབ་བཅོས་དགག་དང་ཏ་ཀྲེར་སློབ་སྦྱོང་བྱས་ཚུལ་བཤད་ན་ཉོག་འགྲོ་བས། ཡང་དག་དོན་གྱི་རྡོག་རྩ་ལ། འབྲི་བཟའ་འདི་ཅི་བྱས་ཀྱི་མཐིང་གསལ་བོ་ཞིག་མ་ལོན་ན་གནོད་ཅིང་འཚེ་ས་མང་བོ་ཡོད་པ་ནི་བཤད་མ་དགོས་ཕྱིར། ངས་ད་རེབ་དེའི་ཐད་ནས་མཐིང་ཡོང་བླངས་ན། ཀ འབྲི་བཟའི་ཨ་མས་བཤད་ན། འབྲི་བཟའ་ངེད་ལ་ཡོང་ཉིན་ང་ཚོ་ཀུན་པོ་གཞུང་ཁང་ན་འཚོགས་ཡོད་དུས། ལྡོམ་པོ་སྐྱིད་སྒོ་རུ་སོང་ནས་ཆུ་ཚོད་གཅིག་ཙམ་འགོར། ཕྱིར་ཡོང་དུས་ངའི་འགྲམ་ནས་སར་ཙོག་ཡོད། འོན་ཀྱང་ཁོ་མོའི་སྙིང་རླུང་སྟོད་དུ་འཚང་ཞིང་། སྙིང་ཏིག་ཏིག་རྡེབ་པའི་སྒྲ་ནི་ངས་ཉན་མི་དགོས་པར་གོ་ཐུབ་པ་རེད། དེའི་དགོང་ཁ་ནས་བཟུང་མོ་ཉལ་སར་ལོག་པའོ།། དེ་ནི་སྐྱོན་ཞིག་ཡིན་བརྟག་དགོས་ཞེས་པ་དང་། ཁ། རྒན་མོ་ལོ་ལོན་ལྷ་མཚོས། དེའི་ཉིན་ཧྲེ་ཡོན་ཀུན་ཚོགས་ནས་ང་ལས་མི་ཞིག་ཤུལ་ན་བསྡད་མེད་དུས། ཙོའུ་མོ་ལྡོམ་པོ་སྐྱིད་བརྒྱུགས་ཡོང་ནས་ང་ལ་ཕར་ཁའི་ཚོང་ཁང་ནང་ན་སྟོད་ཇ་འཚོང་གིན་ཡོད་ཟེར། ངས་དེ་བདེན་པར་བཟུང་ནས་སོང་དུས། ཇ་བཙོང་བ་ཕར་ཞོག ཐ་ན་ཚོང་ཁང་གི་སྒོ་ཡང་ཕྱེ་མེད། མགོ་འདྲེན་ཡིན་རུང་མི་བགྲེས་པོ་ལ་རྫུན་དེ་འདྲ་བཤད་ན་ཆོག་གམ་ཟེར། ག རབ་གསལ་དང་སྐར་ཆུང་གཉིས་ཀས། ལྡོམ་པོ་སྐྱིད་ཀྱི་ཨ་མ་མ་ཤི་གོང་། མ་སྨད་གཉིས་ཀས་ཁ་འཛིང་རེས་བྱེད་དུས། ཨ་མས་བུ་མོར་མི་གསོད་མ། སྐྲག་མེད་མ་ཞེས་སྡིགས་པ་རེད། བུ་མོས་དེ་ཁས་མི་ལེན་པར་ཕྱིར་ཁ་ལན་སློག་དུས། ཨ་མས་འདྲེ་མོ་ཁྱོད་ཀྱིས་མི་བསད་དམ་མ་བསད་ལྷ་ཁོར་དྲིས་དང་། མོ་དེ་དུས་ཆུང་རུང་ཤེས་ཀྱི་རེད་ཅེས་དམར་འཛིང་བྱེད་མྱོང་ཟེར། དེས་ན་མི་སུ་བསད་གསལ་བོ་མེད་མོད། ལྷ་ཁོ་ནི་འབྲི་བཟའི་ཚེ་རིང་ལྷ་སྐྱིད་ཀྱི་གཅེས་མིང་དུ་ལྷ་ཁོ་ཟེར། ང་དགུ་དང་དྲུག་ཅུ་ཐམ་པའི་ལོར་འབྲི་བཟའ་བྱིས་པ་ཡིན་དུས་དེ་ཚང་ནས་ལོ་ཕྱེད་ལ་འཛིན་མྱོང་ཞེས་གསལ་བོ་ཁེལ་པོ་བཤད་རྒྱུ་ཡོད་པ་རེད།
ང་རང་གིས་གོང་གི་ཚིག་ལ་རྟོག་དཔྱོད་མང་བོ་བཏང་ནས་དབྱེ་ན། བ་ཉལ་ཚུལ་ལ་བེའུ་ཤི་བོ་རེད་ཕལ་ཆེར་འདོད་ཡོད།
དེ་ལས་གཞན། རྩེ་བཟས་བཤད་ན། ལྡོམ་པོ་སྐྱིད་འདི་གསར་བརྗེ་བ་ལྷད་མེད་ཅིག་ཡིན་སྟབས། མི་ངན་པས་རིག་ས་མེད་པར་རྟག་ཏུ་མོ་ལ་གླེང་ལོག་རྫུན་འགེལ་བྱེད་ཀྱིན་ཡོད། གྲལ་རིམ་འཐབ་རྩོད་ནི་རྙོག་འཛིང་ཅན་དང་རྣོ་ངར་ཅན་ཡིན་ཕྱིར། དེའི་ཐད་ནས་ང་ཚོས་རིག་པ་སྐྲ་མགོར་འཛིན་པ་ལས། གྲལ་རིམ་དགྲ་བོའི་གཡོ་འོག་ཏུ་ཚུད་མི་ཉན་པ་ཡིད་ལ་ཟུངས་ཞེས་ཡང་ནས་ཡང་དུ་བཤད་ཀྱང་མྱོང་།
དར་ལུང་རུ་ཆེན་གྱིས་བཟུང་ཡོད་པའི་མི་དེ་དག་ལ། གཅར་རྡུང་སྐོར་གསུམ་བྱས་ནས་ཁས་ཨེ་ལོན་ལྟ་བ་ལས། མི་ཐུབ་པའི་ཚིག་ཅིག་རྒྱག་རྒྱུ་མེད་པའོ།། དེའི་ནང་ན་ད་རུང་སྡེ་བ་ཚོ་བའི་ལངས་ཕྱོགས་བཟུང་སྟེ། ཁ་ཞེ་ཁུག་སྐོར་བྱས་པའང་ཡོང་སྙམ་ཞེས་སྐར་དོན་གྱིས་མུ་མཐུད་དུ་ཞུ་བཞིན་པའི་སྒང་། ཀྲང་ཀྲུའུ་རིན་གྱིས་ཁོའི་ཚིག་ལ་མཚམས་གཅོད་བྱས་ནས་ན་རེ། ཁྱེད་དང་དར་ལུང་གི་མང་ཚོགས་ཚང་མས། ལྡོམ་པོ་སྐྱིད་ནི་མི་གསོད་ལག་དམར་རེད་ཟེར་བ་ཡིན་ནམ་ཞེས་དྲིས་པ་ལ། ཀྲང་ཀྲུའུ་རིན་ལགས། དར་ལུང་གི་མི་ཀུན་པོས་ལྡོམ་པོ་སྐྱིད་པོ་སྐྱིད་འདི་མི་གསོད་ལག་དམར་རེད་ཟེར་བ་བཤད་རྒྱུ་ཡིན་ན། རྒྱུ་བདག་ལ་དོགས་པ་བརྒྱ་དང་རྐུན་མར་དོགས་པ་གཅིག་གི་དཔེ་རེད། ང་ཚོས་མང་ཚོགས་སྐུལ་སློང་བྱས་ནས་དཀར་ནག་གི་དབྱེ་བ་མ་ཕྱེས། ཐག་ནག་གི་མདུད་པ་མ་བཀྲོལ་ན། འོ་མའི་རྒྱ་མཚོའི་ནང་གི་སྦལ་བ་ཁྲག་ཅན་དེ་ཤེས་ཐུབ་བམ་ཞེས་སྐར་དོན་གྱིས་ལན་བཏབ།
ང་ཚོས་མང་ཚོགས་སྐུལ་ནས་གྲལ་རིལ་དགྲ་བོ་གཏོར་དགོས་པ་ལས། རང་གི་བློ་མཐུན་གཏོར་དགོས་པ་མ་རེད་ཀྱི། མང་ཚོགས་ཟེར་བ་ལའང་གྲལ་རིམ་གྱི་དབྱེ་བ་འབྱེད་དགོས། བྱ་བ་དོན་དག་ཀུན་མང་ཚོགས་ཀྱི་ཅི་འདོད་ལྟར་ཡིན་ན། རྩ་འཛུགས་ཞེས་པ་ཞིག་གིས་ཅི་བྱེད། གྲལ་རིམ་དགྲ་བོ་དང་ཏང་ནང་གི་མར་འགྲོ་བར་ཤ་ཚ་སྙིང་རྗེ་མེད་པར་འཐབ་རྩོད་བྱེད་ཕོད་མི་སུ་རེད། ཏ་ཀྲར་བསླབས་ནས་སྒེར་གྱི་རྔ་མ་གཅོད་ཐུབ་མི་སུ་རེད། ལྡོམ་པོ་སྐྱིད་རེད། དེ་ལྟར་ཡིན་ན། ཁོ་མོ་ནི་འཇིག་རྙིང་རོ་ལངས་རྒྱག་པ་ལ་ཁ་གནོན་དུ་གྱུར་ཡོད་སྟབས། འདི་འདྲ་ཟེར་བ་ནི་གྲལ་རིམ་འཐབ་རྩོད་ཀྱི་རྟགས་རེད། ཁྱོད་མི་རིགས་ཀྱི་ལས་བྱེད་པ་ཞིག་ཡིན་ཕྱིར། དེ་ངས་ཁྱོད་ལ་དྲང་གཏམ་ཡིན། ཡེ་ཀུང་འབྲུག་ལ་དགའ་བའི་དཔེ་ལྟར་དུ་གྱུར་སོང་ན། ང་ཚོ་མི་བདག་ཀུན་ལ་བཟང་ས་མེད། སང་ཉིན་འུ་གཉིས་ཀ་དར་ལུང་དུ་འགྲོ་རྒྱུ་གྱིས་ཞེས་ཀྲང་ཀྲུའུ་རིན་ཡར་ལངས་ཏེ་ཤོག་དུད་གློ་ཁུག་ནང་དུ་བསྡུ་ཞོར་དུ། སྐར་དོན་ལ་རྐང་གཅིག་བྱིན་ཞིང་རང་གིས་གཅིག་འཐེན་བཞིན་པར་དོ་དགོང་འདི་ནས་འཇོག་ཅེས་སྒར་བུད་པ་རེད།
དེའི་ཕྱིར་ཉིན། དགུང་ཉི་མའི་གསེར་ཞྭ་རི་རྩེར་གྱོན་དུས། ཀྲང་ཀྲུའུ་རིན། སྐར་དོན། ལོ་ཙྭ་བ་སོགས་རྟ་བ་སྐོར་ཞིག་གིས། དར་ལུང་རུ་ཆེན་གྱི་ཕྱོགས་སུ་སྔུན་སུས་ལོན་བྱེད་བཞིན་པར་ཞོགས་འོང་བའོ།། དེ་ཚོ་རུ་མཐར་སླེབས་པས་ན། ཧྲེ་ཡོན་ཚོས་རང་རང་གི་སྒོ་ཁྱིའི་རྐེ་རུ་ཐག་པ་བསྐོན་ནས་བཏགས་བསྡད་ཡོད།
རུ་ཆེན་ཡོངས་ཀྱི་ཧྲེ་ཡོན་ཀུན་དེ་རིང་ཚོགས་འདུ་གལ་ཆེན་ཞིག་ཡོད་ཅེས་སྔར་ནས་བསྡུས་ཡོད་པས། ཀྲང་ཀྲུའུ་རིན་གྱིས་སྐད་ཆ་བཤད་ནས་ཅུང་འགོར་དུས། ཧྲེ་ཡོན་ཚོར་ཉན་འདོད་མེད་དེ། ནང་ན་ཉན་མི་དང་ཕྱི་ན་འདུག་མི་གཉིས་ལ་མང་ཉུང་མེད་པར་ཁོའི་གཏམ་རྔ་རྫོགས་ཚེ། ལོ་ཙཱ་བས་དེ་བོད་སྐད་དུ་བསྒྱུར་པའི་རྗེས་སུ། དེ་རིང་གཅིག་སྒོས་སུ་འབྲི་བཟའ་གསོན་ངོགས་ན་ཡོད་མེད་དང་། གཉིས་སྒོས་སུ་གལ་ཏེ་མེད་པའི་དབང་དུ་བཏང་ན་ལག་དམར་སུ་ཡིན་ནམ། དེའི་སྐོར་ནས་འདིར་ཡོད་ཚང་མས་རང་རང་གི་ལྟ་ཚུལ་ཞིག་ཤོད་ཅིག་ཅེས་ལོ་ཙཱ་བས་བཀོད་པ་བཞག ཧྲེ་ཡོན་ཚོ་ཆུ་ཚོད་གསུམ་རིང་དུ་འཚོགས་ནའང་། སྐར་ཚེ། རྩེ་བཟའ་གཉིས་ཀས་ཁ་སུས་སྔ་བྱས་ནས། ད་ལྟ་ས་ལ་འཐབ། གནམ་ལ་འཐབ། གྲལ་རིམ་དགྲ་བོར་འཐབ་སྟེ་ཏ་ཀྲེར་སློབ་དགོས་ཕྱིར། ང་ཚོ་ལ་ཤཱཀྱ་ཐུབ་པ་ཕེབས་ཀྱང་ཞྭ་མི་ཕུད། གླང་ཆེན་སྨྱོན་པ་ཡོང་རུང་ལམ་མི་བཟུར་བའི་གསར་བརྗེའི་སྙིང་སྟོབས་ཡོད་ཅེས་པའམ། ཡང་ན། གང་ལྟར་ཀྱང་གོང་གི་མགོ་འདྲེན་དང་ལས་བྱེད་པ་གྲལ་རིམ་དགྲ་བོའི་གཡོ་འོག་ཏུ་མ་ལྷུང་ན། ང་ཚོས་གསར་བརྗེའི་བྱ་བ་བསྒྲུབ་སླ་ཞེས་འར་བཤད་འོར་བཤད་བྱེད་པ་ལས། མི་སེར་བྱིངས་ནས་དེ་རེད་འདི་རེད་ཀྱི་ཁ་གྲགས་མི་མ་ཡོད་དུས། ལོ་ཙཱ་བས་ཁ་མི་གྲགས་པ་ནི་སྐྱོན་ཞིག་ཡིན། རྩྭ་མི་ཟ་བ་ནི་ནད་ཅིག་ཡིན། དེ་རིང་ཚོགས་མཚམས་འདིར་ཞོག་དང་རྗེས་སུ་བལྟ་ཨང་ཞེས་པ་ལ། ཀྲང་ཀྲུའུ་རིན་གྱིས་རེད་སྙམ་སྟེ་ད་གཟོད་ཧྲེ་ཡོན་གྱི་ཚོགས་འདུ་གྲོལ་ཐུབ་པའོ།།
དེ་ནས་ཀྲང་ཀྲུའུ་རིན་གྱིས་སྐར་དོན་དང་ལོ་ཙཱ་བ་ཁྲིད་དེ་ལྡོམ་པོ་སྐྱིད་ཀྱི་ཁྱིམ་དུ་སོང་། ལྡོམ་པོ་སྐྱིད་ཀྱི་ནད་ཇེ་ཐུར་གྱུར་ནས། སྟོད་ན་ཚ་བ་མེ་ལྟར་འབར་ཞིང་། སྨད་ན་གྲང་བ་ཆུ་ལྟར་རྒྱས། གདོང་ན་ཐལ་བ་འཕྱུར། མགོ་ན་རླངས་པ་ཡོང་བཞིན་ཉལ་སར་འབྱར་ཡོད་ཀྱང་རུང་། མོས་ཀྲང་ཀྲུའུ་རིན་ལགས། ད་ཚོད་མི་ལ་ལས་འབྲི་བཟའ་ངས་བསད་ཅེས་ཕ་ཤ་མའི་མགོར་འཇོག་གིན་ཡོད་མོད། ཡིན་ནའང་། མི་ཤེས་རྒྱ་དཔྱོད་གསུམ་ཅན་ཞིག་གིས་བལྟས་ན། ཨ་ནེས་ཚ་མོ་བསད་མ་འཇོག་པ་ལོས་ཤེས་དང་། དཔོན་ངན་ན་རུ་སྡེ་འུར་ལ་བསྐུར་ཟེར་བ་ལྟར་མི་བྱེད་པར། ཁྱོད་ཀྱིས་སེམས་ཐག་ཅིག་ཆོད་ན་ཞེས་ཚིག་རྔ་མི་སྐྱོང་བར་འདུག་པས་ན། ཀྲང་ཀྲུའུ་རིན་གྱིས་ངག་འཇམ་ལ་དོན་ཟབ་མོའི་ངང་ནས་བློ་མཐུན་མ། གསར་བརྗེའི་བྱ་བ་བསྒྲུབ་ན་དཀའ་ཁག་ལོས་ཡོད། ཡོད་རུང་དེ་དག་ཁྱད་དུ་གསོད་ཐུབ་ན་ད་གཟོད་བློ་མཐུན་བཟང་བོ་རེད། ལེ་ལོ་ཅན་དང་སྡར་མའི་ལྟ་ཚུལ་ཡོད་མི་ཉན་པར། ས་ལ་འཐབ། གནམ་ལ་འཐབ། གྲལ་རིམ་དགྲ་བོར་འཐབ་ཕོད་དགོས་ཞེས་མོ་ལ་གོ་བསྐོན་སློབ་གསོ་དང་། ནད་ལ་ཕན་པའི་སྨན་ཅི་དགོས་ཀུང་ཧྲེས་སྒྲུབ་ཅེས་སེམས་གསོ་བྱས་མཐར། ཚུར་རི་ཆེན་གྱི་སྣེ་ལེན་ཁང་དུ་ཡོང་ནས་ཤ་ཐུད་ཇ་ཆང་བཟའ་བཏུང་ལ་ལོངས་སྤྱོད་པའི་སྐབས་སུ། ཀྲང་ཀྲུའུ་རིན་ནས་གནས་ཚུལ་ལ་བལྟས་ན། ང་ཚོ་འདིར་ཡོང་ནས་ཉུང་མཐར་ཡང་ཟླ་བ་གཅིག་མ་འགོར་ན་གནད་དོན་ཐག་མི་ཆོད་ཅེས་སྨྲས། ཕྱི་དྲོ་རླུང་དམར་མ་གཡུག་གོང་དུ་ཁོ་ཚོ་སླར་ཡང་ཀུང་ཧྲེའི་ནང་དུ་རྟ་འདོ་བའི་གོམ་ལག་འགྲན་བཞིན་པར་ཞོགས་སོང་ངོ་།།
སྐར་དོན་ནུབ་ཚ་འཐུང་བར་སོང་སྟེ་ཕྱིར་ཤག་ཏུ་ཡོང་དུས་ལོ་ཙཱ་བའི་ནང་དུ་སོང་ནས། དུ་བ་འཐེན་ཞིང་ཇ་འཐུང་ཞོར་དུ་ད་རེབ་ཀྱི་བྱ་བ་འདི་ལ་ལེགས་ཉེས་ཅི་མཆིས་ཞེས་དྲིས་པར། ངས་ལོ་ཙཱ་བ་བྱེད་པ། ལམ་ཁྲིད་པ་ཁྱི་ངོ་ལེན་པ་གསུམ་ལས་ལེགས་ཉེས་བླར་དོར་ལ་མྱོང་ཆ་མེད་ཅེས། རྩེད་མཚར་བཤད་ནས་ཁ་དཀྲུག་པ་རེད། མཚན་མོ་དེར་རླུང་དང་བསེར་བུ་མ་ལྡང་པར། བཅོ་ལྔའི་ཉ་གང་ཟླ་བ་མཁའ་དབྱིངས་སུ་འཕགས་ཤིང་། མི་འཇམ་ཁྱི་འཇམ་ཡིན་པའི་ཆུ་ཚོད་བཅུ་ཙམ་ཟིན་པའི་ཚེ་ན། གློ་བུར་དུ་ཀུང་ཧྲེའི་སློབ་ཆུང་གི་ཇ་མ་དངངས་བཞིན་དུ་སློག་པ་ཞིག་ཁུར་ཡོང་ནས་སྔོན་ཙམ་འདིར་ང་ཚོའི་ནང་དུ་མི་ཞིག་གིས་འདི་ཅལ་སེ་གཡུགས། ང་ཚོས་ཁ་ཕྱེས་ཚེ་མོ་སློག་ཁྲག་ཅན་འདི་འདྲ་ཞིག་རེད་ཅེས་ཀུང་ཧྲེ་ལ་ཡར་ཞུ་ཕུལ་བ་རེད།
ཀྲུའུ་རིན་གྱིས་འཕྲལ་མ་མྱུར་དུ་ལོ་ཙཱ་བ་སོགས་ལས་བྱེད་པ་སྐོར་ཞིག་ཁྲིད་དེ། མི་ངན(རིགས་བཞི)ཀུན་འདུག་སའི་ཁང་བར་བརྒྱུགས་ནས་ཚང་བརྩི་བྱས་ཚེ། ཞྭ་ཅན་ཁྲོ་སྣ་ཞེས་པ་མེད་པ་རེད། དེ་གར་སོང་གི་རྩད་གཅོད་དུས། འདུག་རོགས་ཚོས་ས་རུབ་ཁ་ཡོད་མེད་དེ་ནས་གར་སོང་མ་ཤེས་ཟེར། དེ་ནས་ལས་བྱེད་པ་རྣམས་ལ་རྒྱུག་ལུང་རྒྱུག་བྱས་ནས་བཙལ་དུས། ཁྲོ་སྣ་ཐང་སྟོང་ཞིག་ནས་ཧལ་ལེ་ཧལ་ལེ་འདུར་ཡོང་གིན་ཡོད་པ་དང་འཕྲད་དེ་བཟུང་བ་རེད།
གཞན་ཡང་། སྐར་དོན་གྱིས་ཀྱང་དེ་མ་ཐག་ཏུ་ལས་བྱེད་པ་གཉིས་ཁྲིད་དེ་དར་ལུང་གི་ཕྱོགས་སུ་བསྐྱོད་པར། ལམ་དུ་སྣ་དེད་ཅིག(ཁལ་མ་དེད་པའི་མི)གིས་གད་སྐྱའི་འཕྲང་སྣེ་ནས་བུ་མོ་རྟ་ཞོན་ཞིག་སྔུན་དུ་སོང་། མི་རིང་བ་ན་གསར་བུ་རྟ་ཞོན་ཞིག་ཚུར་ཡོང་བ་མཐོང་ཞེས་བཤད་པ་ཙམ་ན། ཁོ་ཚོས་དེའི་རྗེས་སུ་ར་མདའ་བྱས་ཏེ་དར་ལུང་གི་ལྡོམ་པོ་སྐྱིད་ཀྱི་སྒོ་རྩར་སླེབས་དུས་སྒྱེད་རྩ་ན་ཉལ་བསྡད་ཡོད། ཁྱོད་གང་ལ་སོང་ཞེས་སྐར་དོན་གྱིས་ཀླད་རྒྱག་ཅིག་བྱས་ནའང་། མོས་འགྲམ་པ་འཕྲུག་ཞོར་དུ་ང་ན་ནས་མགོ་མི་འཁྱོག་པར་ཡོད་དུས་འགྲོ་ག་ལ་ཐུབ། འདིའི་སྔོན་དུ་མི་ཞིག་གིས་ངའི་སྒོ་རུ་རྡོ་བརྒྱབ་པ་དེ་ཁྱེད་ཡིན་ནམ་ཞེས་ཉལ་སྒྲོམ་ནང་ནས་ཕར་འཁོར་ཚུར་ལོག་བྱེད་བཞིན་པར་འདུག དེ་ཙམ་ན་ཀྲང་ཀྲུའུ་རིན་ཡང་དར་ལུང་དུ་བསླེབས་ཏེ། ཁྱི་ཁ་འུར་ཞིང་ཡུལ་དམག་ཚོས་ཡར་རྒྱུག་གི་རྡོག་སྒྲས། མི་སེར་ཚོ་མལ་ལས་དཀྲོགས་པ་རེད།
དེ་ཡི་དུས་སུ་ཡུལ་དམག་གཅིག་གིས་སྒྱེ་སྟོང་ཞིག་ཁྱེར་ཡོང་ནས་གསུར་བཟའི་ཨ་ནེའི་ཁང་ཀླད་ན་སྒྱེ་སྟོང་འདི་འཕངས་ཡོད་པར་མ་ཟད། དོ་དགོང་ཕོ་གསར་སྐ་རགས་མཐོ་བཅིངས་བྱས་ཡོད་པ་ཞིག་ཀྱང་། འདི་བའི་སྒོ་ནང་ན་ལངས་བསྡད་ཡོད་པ་མཐོང་། ཞེས་ཀྲུའུ་རིན་ལ་སྙན་སྒྲོན་ཞུས། ཀྲང་ཀྲུའུ་རིན་གྱིས་དེ་ཚང་གི་མི་བོས་ལ་སྒྱེ་འདིའི་རྒྱུ་མཚན་དྲིས་ཤིག་ཅེས་བཀའ་བབས་པ་ལྟར། ཡུལ་དམག་དེས་གསུར་བཟའི་ཨ་ནེ་གཞུང་ཁང་དུ་དེད་ཡོང་ནས་རྒྱུས་མཐིང་བླངས་དུས། རྒན་མོས་སྒྱེ་འདི་ངའི་ཡིན། ཅི་རེད། ཅེས་འར་ཟེར་འོར་ཟེར་བྱས་པ་ལ། འབྲི་བཟའི་ཨ་ནེ་ན་རེ། སྒྱེ་ནག་པོ་ཤམ་ཐབས་ཀྱི་ལྷན་པ་ཅན་འདི་ལྡོམ་པོ་སྐྱིད་ཀྱི་རེད། དེ་ཨེ་བདེན་རུ་ཁ་ཁྱིམ་མཚེས་ཚོས་ཅི་ཡང་སྨྲ་མི་ནུས་པར་ངོ་རུ་ལྟ་རེས་བྱེད་བཞིན་ཧད་འདུག་པ་རེད། ནམ་ལངས་ཡོང་དུས་སྐར་དོན་སོང་ནས་ལྡོམ་པོ་སྐྱིད་ཀྱི་ ཨ་ནེ་ཚང་གི་ཁང་བའི་ཕྱི་ཁྱིམ་ལ་ཞིབ་མོར་ལྟ་དུས། གྱང་གི་སྲིབ་ཀྱི་ཁང་བའི་ནང་རྐང་རྗེས་གསུམ་གསལ་བོ་དོད་ཡོད། རྗེས་དེ་དང་གསུར་བཟའ་ལྡོམ་པོ་སྐྱིད་ཀྱི་གྱང་རྟིང་ན་ཡོད་པའི་རྗེས་གཉིས་ནི། ཨ་ན་མ་ན། ཁེབ་གཅིག་གི་དཔར་ཡིན་པ་མཐོང་། དེ་ཙ་ན། ཀྲང་ཀྲུའུ་རིན་གྱིས་སྐར་དོན་བོས་ཡོང་སྟེ། ངས་དོ་དགོང་མི་ངན་གནོང་ཅན་ཟིན་ཡོད། ཁྱེད་ཀྱིས་ཅི་ཟིན་ཡོད་དམ་ཞེས་ཚིག་འཇམ་རུང་དོན་རྩུབ་པའི་གཏམ་བུད་པ་ལ། ཀྲང་ཀྲུའུ་རིན་ལགས། ཁྱེད་སྨུག་ལ་ལུང་ནང་ནས་མགོ་མ་འཁོར་དང་། ས་ཕྱར་ན་རྡོ་བ་ལྷང་ལ་འབུད་སྲིད་ཅེས་ལན་ལྡོག
དེ་ནས་གསུར་བཟའི་ ཨ་ནེ་ལ་ཡང་བསྐྱར་སྐར་དོན་གྱིས་འཇམ་འདྲི་བྱས་དུས། སྒྱེ་འདི་ལྡོམ་པོ་སྐྱིད་ཀྱིས་ང་ལ་བཅོལ་དུས། ནང་ན་མོའི་མ་རྒན་མའི་ལྷ་སྐལ་ཆོས་སྐལ་བསྡུས་ཡོད། འདི་ཁྱེད་ཁའི་སྦངས་ཁང་ནང་དུ་འཇོག་པ་ལས་གཞན་དུ་སྟོན་པ་དང་བཤད་མི་ཉན་ཟེར། དེའི་རྐྱེན་གྱིས་ངས་དྲང་མོ་མ་བཟླས་ཞེས་དྲང་གཏམ་བཤད། སྐར་དོན་དང་ཀྲང་ཀྲུའུ་རིན་གཉིས་འཕྲད་མ་མྱུར་ལྡོམ་པོ་སྐྱིད་ཀྱི་ཁྱིམ་ལ་རྒྱུག་ནས་བལྟས་དུས་ན། རས་ཁུ་ལིང་གི་ཕོ་ལྭ་ཞིག་དང་ལྷམ་ཕྱིང་མཐིལ་ཅན་ཞིག་མོའི་ཉལ་སྒྲོམ་གྱི་སྔས་མགོའི་འོག་ན་མནན་ཡོད་པ་མཐོང་། ལྷམ་དེ་དང་ཨ་ནེའི་གྱང་རྟིང་གི་རྐང་རྗེས། མོ་རང་གི་གྱང་རྟིང་གི་རྐང་རྗེས་དང་ཚད་ཇི་མ་ཇི་བཞིན་ཡིན་པར་མ་ཟད། ད་རུང་ལྭ་བའི་སྟེང་ན་ས་དམར་དང་ལྷམ་གྱི་མཐིལ་ན་ས་སེར་འགོས་ཤིང་ཁ་བ་ཡང་འབྱར་ཡོད། དེ་ཡི་ཚེ་ན་ད་གཟོད་ཀྲང་ཀྲུའུ་རིན་ཞེ་རྒོད་གཏིང་ནས་འཁྲུགས་ཡོང་སྟབས། ཕུ་རུང་བརྫེ་ཞོར་དུ་ཁེ་ཤིང(དཀྲུམ་མདའ)གི་ཁོག་ཏུ་མདའ་ཞིག་བརྫང་སྟེ། ཨ་ཁ་ཁ། ཟོག་གི་ཁྲ་ཁྲ་ཕྱི་དང་། མི་ཡི་ཁྲ་ཁྲ་ནང་ཞེས་ཀི་ར་ཧོ་ར་བྱེད་བཞིན་དུ་ཁྲས་བྱེའུ་འཛིན་པ་ལྟར་གསུར་བཟའ་ལྡོམ་པོ་སྐྱིད་ཉལ་སྒྲོམ་ནང་ནས་སྒོ་རུ་དྲུད་ཡོང་བ་རེད།
དེའི་མཚུངས་སུ། དར་ལུང་རུ་ཆེན་གྱི་སྐྱེས་ཕོ་མོ། ཁ་རྒན་གཞོན་མེད་པར་ཕྱོགས་དེར་འདུས་ཡོང་ནས་ལྟད་མོར་ལྟ་ཞིང་། འབྲི་བཟའི་ཨ་ནེ་མཆུ་ནས་ཝུ་བ་གཙུབས་ཞོར་དུ་ཀྲང་ཀྲུའུ་རིན་གྱི་བཞིན་ལ་མཛུབ་མོ་བཙུགས་ཏེ། ཀྲང་ཀྲུའུ་རིན་ལགས། མཐོ་དམན་གནམ་ས་ལྟ་བུ་ཞིག་ཡོད་རུང་། རྒྱུ་འབྲས་རྒྱ་མ་འདྲ་བ་ཞིག་ཡོད་ཟེར་བ་དེ་གོ་ཨེ་མྱོང་། མི་མང་གི་ཚིག་བདེན་ནམ་ཡང་ན་མི་མགོ་གསོན་བཏོག་བྱེད་མཁན་བདུད་མོ་འདིའི་རྫུན་གཏམ་བདེན་ཞེས་དྲིས་པ་ལ། ཀྲང་ཀྲུའུ་རིན་གྱི་ངོ་དམར་པོར་ལོག་ཞོར་དུ་ག་མོ་ཤ་ནོ་དེན(རྒན་མོས་བཤད་པ་བདེན)ངའ་གྱོན་ཆ་མང་པོ་མང་པོ་ཡོ་གི(ང་ལ་སྐྱོན་ཆ་མང་པོ་ཡོད)ཞེས་བོད་སྐད་ཀྱིས་ལན་བྱིན། དེ་ནས་སྐར་དོན་གྱིས་གཡང་སྡེ་བོ། ད་ནི་ལེ་འདེད་མ་བྱེད། སྨུན་ལ་ལུང་ནང་ནས་མགོ་འཁོར་རྒྱུ་དང་། དར་སབ་སོབ་ནང་ནས་བརླ་གཅོག་རྒྱུ་ཡོད་ལེ་སྲིད་ཀྱང་། འོབས་སུ་ཐེངས་གཅིག་ལྷུང་ན། བློ་རིག་ཐེངས་གཅིག་འཕེལ་བའི་རེད་བརྫས་ཏེ། ཁོ་ཚོས་ལས་བྱེད་པ་གཉིས་དར་ལུང་དུ་འཇོག་པ་ལས་དེ་བྱིངས་ཀྱིས་གསུར་བཟའ་དེད་ནས་ཀུང་ཧྲེའི་ནང་དུ་སོང་བའི་ལེའུ་སྟེ་བདུན་པའོ།།
ལེའུ་བརྒྱད་པ།
ཉེས་ཅན་རྒྱལ་བོས་མི་ཁེབས།། སྡུག་ཅན་བླ་མས་མི་འདྲེན།།
ལྡོམ་པོ་སྐྱིད་ཀུང་ཧྲེའི་ནང་དུ་དེད་ཡོང་བའི་ཉིན་དེའི་ཕྱི་དྲོ་ཆུ་ཚོད་གསུམ་གྱི་དུས་སུ། ཀྲང་ཀྲུའུ་རིན། སྐར་དོན། ན་ཆུང་ལོ་ཙཱ་བ་བ་གསུམ་པོས་གཞུང་ཤག་ནས་ཁོ་མོ་ལ་འདྲི་གཅོད་བྱེད་མགོ་བཟུང་སྟེ། ལས་བྱེད་ཚོས་གོ་གྱོན་མཚོན་ཐོགས་ཀྱིས་སྒོའི་ཕྱི་ནང་སྲུང་ཞིང་། ཀྲུའུ་རིན་དང་ལོ་ཙཱ་བ་དག་ཡན་ན་འགྱིང་ནས་ངོ་གནག ལྡོམ་པོ་སྐྱིད་གཤམ་ནས་སར་བསྡད་པ་དང་། མོའི་མིག་གཉིས་དམར་ལོག་གེ་ཕྱིར་འབུར་ཞིང་མགོ་སྐྲ་གྱེན་དུ་གཟེངས། རོ་སྟོད་ནས་རླངས་པ་འཕྱུར། དཔུང་ཤ་དང་འགྲམ་ཤ་སོགས་ནས་ཤ་ལྷེད་ཀྲིག་ཀྲིག་རྒྱུག་བཞིན་པར་ཁ་རེ་གཉེར་ཚེ། ཡ་མཆེ་གཉིས་ནི་གྲི་ལྟར་ཕྱིར་བརྒྱངས་ཡོང་བ། རེས་འགའ་སྤྲོ་ཞིང་རེས་འགའ་སྡུག རེས་འགའ་དགོད་ལ་རེས་འགའ་ངུ་ཞོར་གྱིས་འདི་སྐད་དུ། དེ་རིང་ཁྱེད་ཚོས་ང་ཉེས་ཅན་བྱས་ནས་བཟུང་ཡོང་བ་ཡིན་ནམ། ཡང་ན་སྐྱོན་ཅན་རེད་ཅེས་ཁྲིད་ཡོང་བ་ཡིན། ང་བཟང་རུང་ངན་རུང་དམར་པོའི་སྲིད་དབང་གི་ཨུ་ཡོན་ཞིག་རེད་མ་གཏོགས། འཁྱམ་པོ་ལྡོམ་པོ་ཞིག་མ་རེད་ཀྱི། སྔ་དྲོ་རང་མི་རེད་ཅེས་གཅེས། ཕྱི་དྲོ་དགྲ་བོ་རེད་ཅེས་སྡང་བའི་སྔ་ཚིག་མི་རྟག་རི་བོང་གི་ཡ་ཁ། ཕྱི་ཚིག་མི་རྟག་དྲེད་མོང་གི་ཕྱི་རྟིང་ལྟ་བུ་ཞིག་ཡིན་པ་འདི། ཀུང་ཧྲེ་གསར་ཨུ་ཁང་གིས་གྲོས་པ་ཡིན་ནམ། ཡང་ན་མི་ལ་ལས་ངན་བསྐུལ་པ་རེད། ཅེས་དྲིས།
ནག་ཉེས་ཡོད་དམ་སྐྱོན་ཆ་ཡོད། རང་མི་ཡིན་ནམ་དགྲ་བོ་ཡིན་ཁྱོད་ཀྱི་ཞེ་ན་ལོས་ཡོད། ད་ནི་སྒྱེ་མོ་འདི་ཁྱོད་ཀྱི་ཨེ་ཡིན་དང་། འདིའི་ནང་ན་ཅི་ཞིག་ཡོད། དེ་མདང་ཁྱོད་ཀྱིས་གང་དུ་བཞག་ཅེས་ཀྲང་ཀྲུའུ་རིན་གྱིས་སྒྱེ་དེ་སྟོན་བཞིན་ཕྱིར་དྲིས་མ་ཐག་ཏུ། སྒྱེ་འདི་ངས་ཨ་ནེར་བཅོལ་བ་ཡིན། ནང་ན་ངའི་མ་རྒན་མའི་ལྷ་སྐལ་ཆོས་སྐལ་ཡོད། དེ་མདང་ང་སོང་ནས་ཕྱིར་ཁྱེར་ཡོང་ཞེས་ལན་བཏབ་ཚེ། ཀྲུའུ་རིན་གྱི་ཞེ་རུ་སྒྱེ་མོ་གསུར་བཟའི་ཡིན་པ་གསལ་རུང་། ལག་དམར་ཡིན་པར་ཅི་ངེས་ཞེས་དགོངས་ནས། ཡུལ་དམག་ཐུན་པ་ལ་ལག་བརྡ་ཞིག་སྤྲད་དེ་གསུར་བཟའ་དེད་ནས་སྦངས་ཁང་ནང་དུ་བསྡུས་པ་རེད།
ཤུལ་ནས་ཀྲང་གིས་ཐེ་ཚོམ་སྣ་ཚོགས་ཟ་བཞིན་པར་སྐར་དོན་ལ་སྒྱེ་མོ་གསུར་བཟའི་ཡིན་ན་ལག་དམར་ཡིན་དགོས་པའི་ངེས་པ་མེད་ཕྱིར། ད་ནི་ཁྱེད་ལ་མོ་ཐུབ་སྤྱད་ཀྱི་ཚིག་རྩ་ཞིག་འཛིན་རྒྱུ་མེད་ན། འུ་གཉིས་ཀ་འཛིན་ཟེར་ན་ལག་པ། ཕུད་ཟེར་ན་དཀར་ཡོལ་ཡིན་པའི་གནས་སུ་བསྐྱལ་ཡོད་པ་འདི་འདྲ་རེད། གལ་ཏེ་མོ་ཐུབ་པའི་ཚིག་ཅིག་ཁྱེད་ལ་མེད་ན། དེ་རིང་ཁོ་མོ་ཕྱིར་མངག་སྟེ་རྗེས་སུ་རིམ་གྱིས་བརྟག་ན་ལེགས་སྙམ་ཞེས་གྲོས་པ་ལ། ཀྲང་ཀྲུའུ་རིན་ལགས། ད་ནི་རྐུན་མར་དཔའ་དར། སྤྱང་ཁུར་ཚེ་ཐར་འཕེན་ཅི་ལ་རུང་ངམ། དེ་མི་རུང་རྩ་བ་འདི་འདྲ་མཆིས། ཁྱེད་ཀྱིས་ལྟོས་དང་། རས་ལྭ་འདིའི་སྟེང་ན་ས་དམར་འགོས་ཡོད་པ་འདི་རོ་སློག་སློབ་གྲྭའི་ཇ་མའི་ར་བར་འཕེན་སྐབས་གྱང་ངོར་འབྱར་བའི་རྟགས་རེད། ལྷམ་མཐིལ་ན་ས་སེར་ཞིག་འབྱར་འདུག་པ་ནི། ཇ་མའི་གྱང་རྟིང་ན་ས་སེར་གྱི་ས་བོང་ཞིག་འདུག་པ་འདིའི་སྟེང་དུ་བརྫིས་པའི་རྟགས་རེད། ས་དམར་ས་སེར་ཞིག་ཡོད་ས་དེ་མིན་ག་ན་ཡོད། མདང་ཚུར་ཡོང་དུས་མོས་སློག་པ་དེ་གྱོན་ནས་ཡོང་ཚོད་རེད། ངས་སྒྱེ་འདི་ལ་དབྱེ་ན། སྒྱེ་འདིའི་ནང་ན་ལྷ་སྐལ་ཆོས་སྐལ་ཡོད་ཅེས་པ་ནི་རྫུན་རེད། ངོ་མ་འབྲི་བཟའི་སློག་པ་བསྡུས་ནས་ཨ་ནེར་བཅོལ་ཡོད་ཀྱི་རེད། དེ་ཅིའི་ཕྱིར་ཞེ་ན། གཅིག་ན་ཨ་ནེར་ཆོས་ལ་དད་པ་ཆེ་བས་ཆོས་ཡིག་བཟླས་ན་བཅོལ་སླ་ཞིང་། གཉིས་ན། ཨ་ནེའི་སྦངས་ཁང་ལ་སྒོ་མེད་པར་མ་ཟད། ཨ་ནེ་ཁེར་འདུག་ཡིན་པས་ཉམས་ཟ་མི་མེད་ན་ལེན་བདེ་བའི་ཆེད་དང་། གསུམ་ན། གལ་སྲིད་སློག་པ་དེ་གཞན་གྱིས་རིག་ན་ལག་དམར་ཨ་ནེའི་མགོར་འཇོག་འདོད་པ་གསལ་བོ་རེད། སློག་པ་དེ་མོས་ཁ་ཉིན་ནུབ་མོ་གཡུག་འདོད་ཀྱང་རྐྱེན་ཞིག་གི་དབང་གིས་གཡུག་མ་ཐུབ་པ་རེད། ཧ་ལམ་ལོ་ཙཱ་བ་མོ་ལ་ཐུག་པའི་སྟབས་ཨེ་ཡིན་སྙམ་ཞེས། སྐར་དོན་གྱིས་འབྲི་དེབ་ལག་རྩེར་བསོར་ཞིང་ཤོག་དུད་རིང་རྔུབ་ཐུང་འཐེན་བྱེད་བཞིན་དུ་དེ་ལྟར་སྨྲས་ཚེ། ནུབ་དེར་ང་ལྡོམ་པོ་སྐྱིད་ལ་ཐུག་མ་མྱོང་། ཁྱོད་ཀྱིས་མངོན་གླེང་མ་བྱེད་ཅིག་ཅེས། ལོ་ལོ་ཙཱ་བ་ཡར་ལངས་ནས་ཀྲུའུ་རིན་གྱི་ངོར་ཅེར་འདུག་པའོ།།
ཁྱོད་ཀྱིས་དཔྱད་པ་ལྟར་ན་མོ་ནི་འདྲེའི་དྲན་འཕྲུལ་ཅན་ཞིག་ཡིན་མོད། འོ་ན། རོ་སློག་ཁྲག་ཅན་པོ་འདི་ཁ་མཁས་ནི་སྐྱག་ཆུང་ཁྲ་མོ། དོན་མི་སུར་སྒོ་ང་ལམ་དུ་འཇོག་ཅེས་པའི་དཔེ་ལྟར་ཅིའི་ཕྱིར་ཀུང་ཧྲེའི་ནང་དུ་བསྐྱལ་ཡོང་བ་ཡིན་ནམ་ཞེས་མུ་མཐུད་དུ་སྐར་དོན་ལ་འདྲི་བ་ལས། ལོ་ཙཱ་བར་ཅི་ཡང་མི་ཟེར་བར་ལག་བརྡ་ཞིག་སྤྲད་ནས་དེ་སླར་ཨོང་སྟེགས་སྟེང་ལ་འདུག་ཏུ་བཅུག་པ་རེད།
ང་ཡིས་རྟོག་དཔྱོད་བཏང་ན། གཅིག་སྒོས་སུ། ང་དར་ལུང་དུ་སོང་བ་ནས་བཟུང་མོའི་ཞེ་མ་བདེ་བ་དང་། གཉིས་སྒོས་སུ། ཁྱེད་ཀྱིས་མོ་ལ་རྒྱབ་སྐྱོར་བྱས་པའི་དབང་གིས་ཕོད་པ་ཇེ་ཆེར་སོང་སྟེ། འབྲི་བཟའི་དོན་རྐྱེན་འདི་ཇེ་ཉོག་ཏུ་འགྲོ་རྒྱུའི་ཆེད་དུ། སློག་པ་འདི་ཀུང་ཧྲེའི་ནང་དུ་བསྡུས་ཡོད་པའི་མི་ངན་རིགས་བཞིའི་ར་བར་གཡུག་འདོད་མོད། འོན་ཀྱང་། ངོགས་མི་ཟིན་པར་ནོར་ནས་སློབ་གྲྭའི་ཇ་མའི་ར་ནང་དུ་འཕངས་པ་རེད། ཇ་མ་དང་ཞྭ་ནག་ཅན་གྱི་ཁང་བ་ཁྱིམ་མཚེས་ཡིན་པར་མ་ཟད། འཕེན་ས་ནི་ར་བ་གཉིས་ཀྱི་བར་གྱང་གི་མཚམས་རེད། ཅེས་ཚིག་ཉུང་དོན་ཟབ་པའི་རྟོག་སྟངས་ཏེ་བཤད་དུས། ཀྲང་ཀྲུའུ་རིན་ན་རེ། ཁྱེད་ཀྱིས་དེ་འདྲ་བཤད་ན་ལོས་བདེན་སྙམ་རུང་། ཅི་མི་བདེན་རོ་བདེན་གྱི་དཔེ་རེད། དེ་ཡིན་ན། མྱུར་དུ་འབྲི་ཚང་ལ་བརྡ་རྒྱོབ་ལ་སློག་པ་ཡིན་མིན་གསལ་བོ་གྱིས་དང་། ས་ཕྱར་ན་རྡོ་ལྷང་ལ་འབུད་གང་ལྟར་ན་ཐུབ་ཀྱི་རེད། ཅེས་པ་ལྷན་དུ་རང་རང་གི་འབྲི་དེབ་གློ་ཁུག་ནང་དུ་བསྡུ་ཞོར་དུ་གཞུང་ཤག་ནང་ནས་སྒོ་རུ་བུད་པའོ།།
སྐར་དོན་སླར་ཤག་ཏུ་ལོག་སྟེ་ལྕགས་ཐབ་ཀྱི་ནང་དུ་མེ་སྦར་ཞིང་། རྩམ་ཁུག་དང་མར་ཟེའུ་བླངས་ནས་རྩམ་པ་བརྫི་བཞིན་པའི་སྐབས་སུ། དར་ལུང་གི་སྐར་ཚེ་རྒྱུག་ཡོང་ནས། ངས་ཀྱང་འདྲེ་མོ་དེའི་ཁ་ཆུ་ལྕེ་ཆུ་བལྡག་ནས་ནག་ཉེས་སྐྱོན་གསུམ་མང་བོ་བསགས་ཡོད། ཡིན་ནའང་། ཁ་གདངས་ན་ཁོག་པ་རིག་རྒྱུ། མིག་བཙུམ་ན་གཤིན་རྗེ་མཐོང་རྒྱུ་ཞིག་བྱ་བའི་ཕྱིར། ངོས་ལེན་དུ་ཡོང་བ་ཡིན་ལགས་ཞེས། གདམ་ཡིག་ཅིག་ཅོག་ཙེའི་སྟེང་དུ་བཞག་སྟེ། མགོ་སྒུར་ནས་ཕྱི་ནུར་བྱེད་ཀྱིན་སྒོར་བུད་པའོ།། རྩམ་པ་ཟོས་ཚར་རྗེས་སྐར་དོན་གྱིས་ཡི་གེ་དེའི་ཁ་ཕྱེས་ནས་ལྟ་དུས་འདི་ལྟར་བྲིས་ཡོད།
མངོན་གདམ་བྱེད་པའི་ཡི་གེ
གསུར་བཟའ་ལྡོམ་པོ་སྐྱིད་ཀྱིས་བདག་ལ་རྒྱུན་དུ་ངན་བསླབས་ཏེ། མི་རན་དགུ་འཁོན་བྱ་རུ་བཅུག་པའི་དོན་དག་འདི་དག་མཆིས།
དང་བོ། འབྲི་བཟའ་བོར་ནས་ལྕགས་འབྲི་གཉིས་ལ་ཁ་མཆུ་འབུད་ཉིན། གསུར་བཟས་བདག་ལ་འབྲི་དཀོམ་ནི་གཉེན་ཁྲིམས་དང་འགལ་ཞེས་དཀྲུགས་ཤིང་རྒྱོབ་ལ་ནང་དམེ་ཕུད་ཨེ་ཐུབ་ལྟོས་ཟེར་མྱོང་།
གཉིས་པ། ཤིང་བཟོ་རབ་གསལ་དང་ལུག་རྫི་སྐར་ཆུང་གཉིས་ནི་ཀུང་ཧྲེས་འབྲི་བཟའི་ལག་དམར་རེད་ཟེར། ང་ཚོས་དེ་གཉིས་ཀ་བཟུང་ལ་གཅར་རྡུང་སྐོར་གསུམ་གྱིས་ཞེས་མོས་བཀོད་པ་ལྟར་ང་ཚོས་བཟུང་བ་ཡིན་པ་ལས། ང་ཚོས་དེ་གཉིས་ལ་ནག་ཉེས་ཅི་ཡོད་མི་ཤེས།
གསུམ་པ། གསུར་བཟས་ཐུན་མོང་གི་དངུལ་དང་རྒྱུ་ནོར་མང་བོ་ཟོས་ཡོད། ན་ནིང་། ང་ཚོའི་རུ་ཆེན་གྱི་མཛོ་སུམ་ཅུ་ཧྲན་ཞུ་ལ་བཙོང་མོད། འོན་ཀྱང་མཛོ་རིན་མོ་རང་གིས་བླངས་ནས། མང་ཚོགས་ལ་ད་ལྟའི་བར་དུ་རིན་མ་འབྱོར་ཞེས་མགོ་གཡོགས་ཡོད། ངས་ཀྱང་མཛོ་རིན་དེའི་ནང་ནས་སྒོར་སྟོང་གི་སྐལ་ལེན་མྱོང་།
བཞི་བ། རྩེ་བཟའ་དང་ཁོ་མོ་གཉིས་ནི། མངོན་དུ་མི་མཐུན་ཁུལ་བྱེད་ཀྱང་རུང་། ལྐོག་ཏུ་མི་གཅིག་ཡིན་པ་དང་མཚུངས། གསུར་བཟའི་ལྐོག་གཡོ་ངན་ཇུས་མང་བོ། རྩེ་བཟའ་ལ་མ་གསལ་བ་མེད། ད་རུང་གཞུང་དོན་དུ་རྔ་བ་དང་ཟི་ལིང་དུ་འགྲོ་དགོས་པར་ཁ་གཡར་ནས། ཞར་དུ་རྟ་རྒོད་མ་དང་དུད་ནག་གིས་ཚོང་ཁེ་བུད་ལོག་བརྒྱབ་མྱོང་།
ལུགས་ཀྱི་སྤྱན་པ་ཆེན་པོའི་ཐུགས་སུ་དེ་དག་འཛིན་པར་མཛོད།
སྐར་ཚེ་ནས་ཟླ་ཚེས་ལ་བྲིས།
སྐར་དོན་གྱིས་སྤང་ལྗོངས་རྟགས་མའི་ཤོག་དུད་ཅིག་འཐེན་བཞིན་ཁོང་ཁྲོ་གཏིང་ནས་འབར་ཡོང་བའི་ཚེ་ན། གདམ་ཡིག་དེ་འཐེན་སྒམ་ནང་དུ་བསྡུས་ཤིང་། ཐུན་པའི་ཡུལ་དམག་ལ་ད་ལྟ་ཉིད་དུ་སོང་ལ་དར་ལུང་གི་རྩེ་བཟའ་ཁྲིད་ཤོག་ཅེས་བཀོད་པ་བཞག དེ་ནས་དགོང་མོ་ཆུ་ཚོད་བཅུ་གཅིག་ཙམ་ཟིན་ཚེ་རྩེ་བཟའ་སྐར་དོན་གྱི་ཤག་ཏུ་ཁྲིད་ཡོང་དུས། མོའི་གདོང་ན་ཁྲག་མེད། ཁོག་ན་སྙིང་མེད་པར་འདར་སིག་སིག་གིས་སྒུར་འདུག་པ་ལ། ཨ་ཁོ་རེ་མ། ཁྱོད་ལ་ནག་ཉེས་པ་དང་སྐྱོན་སྐྲང་བ་ཅི་ཡོད་ཤོད་ཅིག་ཅེས་སྐར་དོན་གྱི་ངོ་གནག་ནས་དྲིས།
དྲིན་ཅན་པོ། ང་གསུར་བཟའི་ཁར་བརྒྱུགས་ནས་འབྲི་བཟའི་པུར་སྐུང་རོགས་བྱེད་མྱོང་། དེའི་འཕྲོ་ནས་གསུར་བཟས་ཁྱོད་གསོད་ཤོམ་བྱེད་དུས། ཡང་ངས་གསོད་རིགས་བྱ་བའི་ཁ་ཆད་བྱེད་མྱོང་། ཞེས་ཁས་བླངས་ཚེ། སྐར་དོན་གྱིས་འཛུམ་ཆུང་ཞིག་དང་ལྷན་དུ་ཨོ། ཁྱོད་ཀྱི་མགོ་ན་ཨོཾ་དང་རྔ་མ་ན་ཧཱུཾཿམེད་པའི་སྐད་ཆ་ལུང་མེད་ཅིག་གིས། མཐའ་གསལ་ལམ་ཞེས་འབྲི་དེབ་ཀྱི་ཁ་ཕྱེས་ཏེ་ཞིབ་ཀྱིས་དྲིས་པས་ན། རུ་ཆེན་གྱི་ཁྱིམ་མི་ཚོགས་ཉིན་དེར། གསུར་བཟའ་གློ་བུར་དུ་སྒོར་སོང་ནས་ཕྱིར་མི་ཡོང་དུས། ང་མོ་འབོད་དུ་སོང་སྟེ་ཁྱིམ་ལ་འཛུལ་བ་ན། གོ་ཁ་ན་འབྲི་བཟའ་བསད་ཡོད་པར་མ་ཟད། གསུར་བཟས་ང་ཡང་སར་མནན་ཏེ་གྲི་ཕྱར་ཡོང་ཚེ། ང་སྐྲག་ནས་མོ་ལ་ཞུ་བ་ཡང་ཡང་བྱས་པས་མོས་ང་ལ་པུར་སྐུང་རོགས་བྱས་ནས་ཚིག་གཞན་དུ་མི་འཆོར་བའི་དམ་བཅའ་དགོས་བཟླས་དུས། ངས་དེ་ལྟར་དུ་ཤི་བ་མིན་པ་ཁས་བླངས། མ་ཎི་མིན་པ་དོམ་དུ་བླངས། དེ་ནས་མོའི་སློག་པ་བརྗེས་ནས་ངེད་གཉིས་མྱུར་དུ་སླར་གཞུང་ནང་གི་ཧྲེ་ཡོན་ཚོགས་སར་ཡོང་། དེའི་ནུབ་མོ་གསུར་བཟའི་ཐལ་དོང་ནང་ནས་ས་བྲུས་ཏེ་པུར་དེར་སྦེད་རོགས་བྱེད་མྱོང་། དེ་ལས་གཞན། གསུར་བཟས། སྐར་དོན་གྱིས་ཀྱང་ཙི་གུ་ཚེ་ཟད་ཀྱིས་བྱི་ལའི་སྡེར་ཁར་སྤར་འདྲད་བྱེད་ཀྱིན་ཡོད་པས། དེའི་རྩམ་གྲོད་ཀྱང་ངས་གཤགས་དགོས་པ་བྱུང་ན། ཁྱོད་ཀྱིས་ང་ལ་རོགས་བྱེད་ཨེ་ཕོད་ཅེས་པས་ན། ཡང་དེའི་ཁ་ཡག་ལ་བསྐྱིལ་ནས། མགོ་འོག་ཏུ་བསྡུ་དགོས་ཞེས་ནའང་། དེའི་སྟེང་དུ་མ་སོང་བ་འདི་རེད་ཅེས་རྩེ་བཟས་དྲང་མོ་བཤད་དུས། ཉེས་ཅན་གཏེ་བོ་ཁྲིམས་ལ་སྦྱོར། རྗེས་འབྲང་བ་ལ་རྩད་གཅོད་མེད། མདུང་རྩེ་ཕྱིར་བསྐོར་ན་དཔའ་དར་ཡོད་པ་ནི་ཏང་གི་སྲིད་ཇུས་རེད། ཁྱོད་ནི་མོ་ཁ་དགུ་འགྲིམ་པའི་དྲེད་མ་ཡིན་པར་རློམ་ནས་ཁྲ་ལོ་རིག་ལོ་མི་དྲན་པར་མགོ་པང་དུ་བཞག་ན། ཀླད་པའི་འབྲུ་ཚོད་ང་ཚོས་ལོས་ཐིག་ཅེས། སྐར་དོན་གྱིས་ཁོང་དགོད་ཅིག་བྱེད་བཞིན་པར་གཏམ་ངར་ལ་དོན་ཆེ་བ་དེ་དག་སྨྲས་པས་ན། རྩེ་བཟས་བདེན་གྱི་རེད་སྙམ་ནས་གཟུགས་གཞི་སར་བབས་ཏེ་མིག་ནས་མཆི་མ་ཡོང་བ་རེད།
དེའི་ཕྱིར་ཉིན་གྱི་སྔ་དྲོ། ཀྲང་ཀྲུའུ་རིན། སྐར་དོན། ལོ་ཙཱ་བ་སོགས་དར་ལུང་དུ་རྒྱུག་ནས་གསུར་བཟའི་ཁྱིམ་སློག་དུས། འབྲི་བཟའི་པུར་ཐལ་དོང་ནང་དུ་སྦེད་ཡོད་པ་ལས་གཞན། གསེར། བྱུ་རུ། དུད་ནག མདའ་ལ་སོགས་པ་ཡོད་པའི་ནང་ན་མི་དམངས་ཤོག་སྒོར་ཡང་མ་མོད་ན་མི་ཉུང་བ་ཞིག་ཡོད་པ་ནི། ངོ་མ་མང་ཚོགས་ཀྱི་ངག་ན་ཡོད་པའི་འུག་དམར་གྱི་ཚང་ཟེར་བ་དང་མཚུངས་སོ།། ཁྱད་པར་དུ་སྒམ་ཞིག་གི་ནང་ན། འགྱིག་ལས་གྲུབ་པའི་ཐོད་སྐམ། མིག་ཁུང་གི་ནང་ཀླད་ན་གློག་དཀར་གྱི་མེ་རྟ་ཡོད་པ་ཞིག་འདུག་པ་དེ། སྐར་དོན་གྱིས་ལོ་ཙཱ་བར་བྱིན་ཚེ། ལོ་ཙཱ་བས་ཨ་ཁ་ཁ་ཞེས་ད་གཟོད་དེའི་དགོང་མོའི་འདྲེ་ནི་ཅི་ཡིན་ཡིད་ལ་བབ་པ་རེད།
དེ་ཡི་དུས་སུ། ཀྲང་ཀྲུའུ་རིན་ན་རེ། ལྡོམ་པོ་སྐྱིད་ནི་འདི་འདྲ་ཞིག་ཡིན་པ། དེ་རིང་མ་གཏོགས་ངའི་ཀླད་པའི་ནང་དུ་འཆར་མ་ཐུབ། ད་ནི་ང་ཚོས། གཅིག་ན། ལྡོམ་པོ་སྐྱིད་ཀྱི་སྐོར་འདིའི་རྟིང་བ་རྩད་པ་གློང་དགོས། གཉིས་ན། དར་ལུང་གི་མང་ཚོགས་སྐུལ་སློང་བྱས་ཏེ། འདིའི་བྱ་སྤྱོད་ལ་དགག་པ་རྒྱོབ། གསུམ་ན། འབྲི་དཀོམ་དང་ལྕགས་ཚེ་གཉིས་ལ་གོ་སྐོན་སློབ་གསོ་གྱིས་ལ་གནས་ཚུལ་ངོས་ཟིན་དུ་ཆུགས། དེ་ནས་ལྡོམ་པོ་སྐྱིད་ཀྱི་དོན་འདི་རྫོང་སྲུང་སྐྱོབ་པུའུ་ལ་སྙན་ཞུ་འབུལ་ཞེས་བཀོད་སྒྲིག་འཐེན་ཞིང་། ལས་བྱེད་པ་ཚོས་དེ་ལག་ཏུ་བསྟར་ཆེད་ཕྱོགས་སུ་ཞོགས་སོང་བ་རེད།
སླར་ཡང་། ལྕགས་ཚེ་ཞང་ཚ་གཉི་གས་འབྲི་བཟའི་ལག་དམར་གོ་ནས་ཁོང་ཁྲོ་མེ་ལྟར་འབར་ཞིང་། འབྲི་དཀོམ་ལ་ལྷག་ཏུ་དུངས་པ་སྐྱེས་པར་མ་ཟད། ཤ་མ་ཚོས་གོང་དུ་གློ་བས་ཕེར་བརྒྱབ་ཚུལ་དྲན་ན་ངོ་ཚ་རྒྱུ་དང་འགྱོད་པ་འཆོར་རྒྱུའང་ཡོད་ཡོང་བ་རེད། དེ་བཞིན་དགའ་སྡུག་ཟུང་འབྲེལ་གྱི་ཐག་པས་བཅིངས་ཕྱིར་ལྕགས་ཚེ་ཞང་ཚ་གཉིས་ཀས་རེ་ཞིག་ཏུ་ཅི་བྱ་ངོས་མི་ཟིན་པར་གྱུར་ཀྱང་། མཐར་ཐེ་ཚོམ་མེད་པར་འབྲི་དཀོམ་ཚང་དུ་འགྲོ་བའི་ལམ་དུ། སྐར་དོན་ཡང་དེར་འགྲོ་བ་དང་འཕྲད། དེ་ནས་གསུམ་པོ་སོང་དུས་དེ་ཚང་གི་མི་ཀུན་སྔུན་དུ་བུད་ནས་རྟ་ཁ་སྲབ་ལེན་བྱས་རྗེས། སྦྲའི་ཡང་གྲུ་ནས་རིམ་པ་ལྟར་གདན་ཐོག་ཏུ་བསྡད། ལྕགས་ཚེའི་ཞང་པོས་ཚར་ཞྭ་ཀླད་ལྟག་ཏུ་སྣུར་ཞོར་ལ་སྣ་དུད་ཅིག་བསོར་ནས་ཡར་མར་ལ་བལྟས་འདུག་ཅིང་། ལྕགས་ཚེས་ཝ་ཞྭ་ཕུད་ནས་གོ་ཁའི་མར་ཟུར་ནས་རྩམ་སྒམ་ལ་འཁེན་ཏེ། གོང་བའི་གཟིག་གི་ཕག་ནས་མིག་གཉིས་ཁྲ་རིལ་རིལ་ས་མིག་བྱས་འདུག་མོད། སྐར་དོན་གྱིས་ཚར་ནག་གི་སློག་པ་སྲམ་མཐའ་ཅན་དང་། འབུ་རས་ཀྱི་ཚི་ལེན་ཞིག་གྱོན། བལ་འཇམ་གྱི་སྐེ་དཀྲིས་ཤིག་འཕངས། དཀྲུམ་མདའ་སོག་ཐག་བྱས་ནས་ཡར་སྒྱེད་ཀྱི་རྩར་བསྡད་དེ། རུམ་ནས་ཤོག་དུད་ཅིག་བླངས་ནས་འཐེན་ཞོར་དུ། གསུར་བཟས་བུ་མོ་བརླག་ཚུལ་དང་། ཀུང་ཧྲེས་དེའི་རྩད་བཅད་པའི་སྐོར་ཞིབ་ཏུ་བཤད་དེ། འབྲི་དཀོམ་ལ་དེའི་ཐད་ན་རེ་འདོད་ཅི་ཡོད་དྲིས་པ་ལ། འབྲི་དཀོམ་གྱིས་ཁ་མི་གྲགས་པར་རེ་ཞིག་འཚོམ་ནས་ན་རེ།
དེ་རིང་། ཁྱེད་ཏང་གི་ལས་བྱེད་པ་དང་ལྕགས་ཚེ་ཞང་ཚ་གཉིས་ཀ་ཡོང་ནས་འདི་འདྲ་བཤད་ན། ངེད་རྒན་རྒོན་གཉིས་ལ་ཀུང་ཧྲེའི་ཡན་གྱི་གཏམ་ཞིག་ག་ལ་ཡོད། གུང་ཁྲན་ཏང་གི་འགོ་ཁྲིད་དང་དར་ལུང་གི་མང་ཚོགས་ཀྱི་དྲིན་མིན་ན། ང་ར་མ་འཕག་ནས་ཀ་བ་འགྱེལ་མི་ཐུབ་པ་ནི་ང་ཚོས་ཤེས་པ་དེ་རེད། སྔར་གསུར་བཟའ་འདི་ཀུང་ཧྲེའི་ཨུ་ཡོན་ལ་འཇོག་ཉིན། འཐད་མི་མང་བོ་མེད་ནའང་། ཁྱེད་ཀུང་ཧྲེས་མང་ཚོགས་མི་དགའ་ན་ལངས་ཕྱོགས་བརྟན་པས་རེད་ཅེས་སྐས་མགོར་བསྐྱོན་ཞིང་། རྗེས་སུ་མི་མང་གིས་མོའི་ངན་མཚང་ཕུད་ནའང་། ཁྱོད་ཀུང་ཧྲེས་དེ་ནི་ཚུར་རྒོལ་ལྡོག་རྩིས་རེད་ཅེས་དཀར་ནག་གི་གོ་བསློགས་ནས། ཧྲེ་ཡོན་སྐྱོན་མེད་མང་བོ། གཡས་ཞ་གཡོན་འཐེང་བྱས་ཡོད་པ་དེ་རེད། དེ་ལྟར་མོ་ངན་ལང་དུ་བཏང་ནས། མཐར་ཧ་ཅང་མང་ན་ཧམ་པར་གྱུར་པ་འདི་རེད། ཁྱེད་ཀུང་ཧྲེས་དེ་དག་གི་ཐད་ནས་སྤྱི་སྡོམ་བྱས་ན། བསླབ་བྱ་ལེན་རྒྱུ་ཡོད་འདོད་ཅེས་ཡིན་ལུགས་བརྗོད་པས་ན། སྐར་དོན་གྱིས་འབྲི་དེབ་ཁ་བསུབ་ཞིང་དཀར་ཡོལ་ལག་རྩེར་གསོལ་ནས། རྒྱལ་བོའི་རྒྱལ་ས་མ་བདེ་ན། སྤྲང་པོའི་ཉལ་ས་མི་བདེ་ཟེར་བ་ནི་གནའ་མིའི་གཏམ་ཡིན་མོད། འོན་ཀྱང་ཁ་སང་དེ་རིང་ཡིན་རུང་དེ་ལ་གོ་དོན་ཟབ་མོ་ཡོད། ད་ལྟ་མའོ་ཀྲུའུ་ཞིའི་རྗེས་འབྲངས་ནས་ལྷོ་འདུལ་བྱང་འཐབ་བྱས་མྱོང་བའི་གསར་བརྗེ་བ་རྒན་རིམ་པས་ཀྱང་། གསུར་བཟའ་ལྟ་བའི་ཁ་རྩ་ན་ཤི་དམྱལ་བ་མིག་གིས་མཐོང་གིན་ཡོད་པས། ང་ཚོ་ལྟ་བུའི་མི་སེར་བཤད་ཅི་ལ་དགོས་ཞེས་དཔེ་འདྲེན་ལུང་འདྲེན་བྱས་ནས་སྐབས་ཐོག་གནས་ཚུལ་ཅུང་ཙམ་བཤད་རྗེས། ཚི་ལེན་ཡར་དེད་དེ་ལག་སྐེའི་ཆུ་ཚོད་ལ་ལྟ་ཞོར་དུ་ད་ང་འགྲོ་རན་རེད་ཅེས་ཡར་ལངས་ཤིང་། རྟ་ལྕག་ལག་ཏུ་བླངས་དུས། ལྕགས་ཚེ་ཞང་ཚ་གཉིས་དང་འབྲི་དཀོམ་རྒན་རྒོན་གཉི་ཀས་ཁོ་ལ་རྟ་ཁ་ལམ་པ་བྱས། དེ་ནས་འབྲི་དཀོམ་གྱིས་རྟ་ཁྲིད་དེ་འགྲོ་ཞོར་བཤད་ཞོར་ཆུ་ཚོད་ཕྱེད་ཙམ་བྱས་རྗེས། སྐར་དོན་གྱིས་རྟ་ཞོན་ཏེ་བྱ་འཕུར་བ་ལྟར་ཀྲུང་ཧྲེའི་ཕྱོགས་སུ་བསྐྱོད་དོ།།
སྐར་དོན་གྱིས་འབྲི་ཚང་གི་འདོད་ཚུལ་རྣམས། ཀྲང་ཀྲུའུ་རིན་ལ་ཞིབ་ཀྱིས་ཡར་ཞུ་མཛད་རྗེས་སུ། ཀྲུའུ་རིན་གྱིས་ཤོག་དུད་རྐང་ཐུར་ཞིག་སྐར་དོན་གྱི་ལག་ཏུ་འཇོག་ཞོར་དུ། འབྲི་དཀོམ་གྱི་མི་རིགས་སྲིད་ཇུས་ཡོད་དགོས། ལས་བྱེད་པ་རྒན་པོ་ཀུན་བཟང་། རྩ་ཁྲིམས་ཀྱི་མདུན་དུ་མི་ཀུན་འདྲ་མཉམ་ཡིན་དགོས་ཟེར་ནས། བཟང་སླ་ང་གང་པོ། ངན་ཐོམ་བུ་གང་གིས་སྦགས་འཇོག་པ་རེད་མ་གཏོགས། སྤྱིར་ན་ཁོ་ནི་མི་གཞུང་དྲང་ཞིག་རེད། ལྡོམ་པོ་སྐྱིད་ཀྱི་ཐད་ན་ང་ཚོར་ནོར་འཁྲུལ་ཅུང་ཙམ་ཡོད། དེ་ནི་བོད་ཀྱི་མི་ངོ་ཤེས་པ་ལས་མི་ཁོག་མི་ལོན་ཞེས་པ་ལྟར་བྱུང་བ་རེད། ད་ནངས་རྫོང་སྲུང་སྐྱོབ་པུའུ་ནས་ཁ་པར་ཡོང་སྟེ། སང་ཉིན་ཁོ་ཚོ་འདིར་སླེབ་པ་ཡིན་ཟེར། དེ་ཡིན་ན། ལྡོམ་པོ་སྐྱིད་ཀྱི་མི་གཅིག་བསད་ཡོད་ས་ན། གཞན་དག་ཀྱང་བསད་མེད་པའི་ངེས་པ་མེད་མོད་ཀྱི། འོན་ཀྱང་། ད་ལྟ་ང་ཚོར་ཁོམ་པ་མེད་པས་ཁོ་མོའི་ནག་ཉེས་ཀུན། རྫོང་གི་སྲུབ་སྐྱོབ་པུའུ་ལ་སྤྲོད་ཅིག་ཅེས། དེ་སྐད་སྨྲས་པ་ལ། སྐར་དོན་གྱིས་ཀྱང་དེ་མ་རེད་མེད་པར་ལེགས་སོ་ཡིན་ནོ།།
དེ་ནས་ཉིན་ཕྱེད་བཞིའི་རྗེས་སུ། མཚེའུ་དམར་ཀུང་ཧྲེའི་རུ་ཆེན་སོ་སོའི་སྐྱེས་ཕོ་མོ། ཁ་རྒན་གཞོན་མེད་པར་དེར་འདུས་ཡོང་སྟེ། སྣ་རྟ་སྒ་མ་མང་བོས་ཀུང་ཧྲེའི་མཐའ་ཁྱབ། ལས་བྱེད་པ་དང་ཡུལ་དམག་གིས་གོ་གྱོན་མཚོན་འདོགས་བྱས་ཤིང་། ཀུང་ཧྲེའི་ཁོངས་གཏོགས་ཀྱི་ལས་ཁོངས་སོ་སོའི་གྱང་ངོ་ན། མི་གསོད་ལག་དམར་ཁྲིམས་ལ་སྦྱོར་ཅིག ཤ་ལན་ཤ་དང་ཁྲག་གིས་སྐྱིན་དགོས་ཞེས། རྒྱ་ཡིག་གི་ཡིག་ཤར་མང་བོ་སྦྱར་ཡོད་ལ། ཀུང་ཧྲེའི་ཚོམས་ཆེན་གྱི་སྒོའི་རས་ཡོལ་སྟེང་དུ། མི་གསོད་ལག་དམར་ལ་འཐབ་དགག་བྱེད་པའི་ཚོགས་ཆེན་ཞེས་རྒྱ་ཡིག་གིས་བྲིས་ཡོད་པ་རེད།
སྔ་དྲོའི་ཆུ་ཚོད་བཅུའི་ཐོག་ཏུ་ཚོགས་ཆེན་གྱི་མགོ་བརྩམས་ཏེ། གསུར་བཟའ་ལྡོམ་པོ་སྐྱིད་ཀྱི་ནག་ཉེས་སྐྱོན་གསུམ་དེ། རིག་རིག་གི་མིག་རྩར་དང་གོ་གོའི་རྣ་རྩར་འཇོག་པའི་ཆེད་དུ། ཐོག་མར་པོ་གསུར་བཟའ་མི་དམངས་ཀྱི་མདུན་དུ་ཁྲིད་ཡོང་ནས་ནག་ཉེས་ངོས་ལེན་དུ་བཅུག དེ་ནས་རྩེ་བཟའ་མངོན་གདམ་དུ་ཕུད། མཐའ་མར་སྐར་ཚེས་གསུར་བཟར་དགག་པ་བརྒྱབ་པར་མ་ཟད། འབྲི་བཟའི་པུར་དང་དུད་ནག་ལ་སོགས་པ་དེར་བཤམས་པའི་ཚེ་ན། དེར་ཡོད་མི་དམངས་ཀྱིས་ལྟ་བའི་མིག་གིས་མི་བཟོབསམ་པའི་ཞིབ་ཀྱིས་མི་ལང་བར་ཚང་ལྡིར་སེ་ཡར་ལངས་ཏེ། ལ་ལས་ངུ་བཤད་བྱེད། འགའ་རེས་ཁྲིམས་གཏམ་བྱས། རེ་རེས་ད་ལྟ་ཉིད་དུ་འདྲེ་མོ་འདི་སྒྲོལ་དགོས་ཞེས་འུར་སྒྲ་སྒྲོག་པ་རེད། ཅུང་ཙམ་འགོར་རྗེས་མི་ཀུན་སླར་སར་བསྡད་པའི་དུས་སུ། རྫོང་སྲུང་སྐྱོབ་པུའུ་ནས་མི་གསོད་ལག་དམར་གསུར་བཟའ་ལྡོམ་པོ་སྐྱིད་འདི་ད་ལྟ་ཁྲིམས་ལ་སྦྱར་བ་ཡིན་ཞེས་ལག་མགོར་ལྕགས་རྒྱག་པའི་ཚེ་ན། ཚོགས་ར་ནས་དེ་དགོས་ཞེས་པ་ཀི་དིར་ཤུབ་དིར་གྱི་ང་རོ་བསྒྲགས་ཤིང་། འབྲི་བཟའི་ཨ་ནེས་ཞྭ་ཕུད་ཞོར་དུ་ངོའི་སྐྱི་མོའི་རིག་རིག་བྱེད་བཞིན། ཨ་རུ་ཚོ་ལྟོས་དང་། ནག་ཅན་རྒྱལ་བོས་མི་ཁེབས། སྡུག་ཅན་བླ་མས་མི་འདྲེན་ཟེར་བ་ནི་མི་བདེན་ནམ། རྒྱལ་ཁྲིམས་གསེར་གྱི་གཉའ་ཤིང་འདི། ཁུར་ན་ཡང་ཞིང་ཕོག་ན་ལྗིད་ཞེས་པ་ནི། འདི་འདྲ་ཞིག་ཡིན་ལོས་དགོས་ཞེས་བཤད་བཞིན་པར་འདུག་པའི་ལེའུ་སྟེ་བརྒྱད་པའོ།།
རྩོམ་སྒྲིག་པ། དབང་མོ།
རྩོམ་ཁུངས། 1982ལོའི་《ཟླ་ཟེར》དེབ་དང་པོ།