བདག་པོ་མེད་པའི་བེམ་པོ།

སྟག་ལྷ་འབུམ།(དཀར་མཛེས) མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2021-01-01

  ཞོགས་པ་དེར། ང་རང་ཆང་ཁང་ནས་སྒོར་འབུད་དུས་དུས་ཚོད་བདུན་ཙམ་རེད།

  གནམ་རྒན་མ། ང་རང་ཆང་ཁང་འདིར་ཉིན་ཞག་འགར་ལུས་སོང་། ཉིན་འདི་ཚོར། བདག་གི་ལུས་ཕུང་ལ་ནུས་ཤུགས་ཅི་ཡང་མེད་པར། ཡམ་ཡོམ་དང་ཉབ་ཉོབ་ཏུ་གྱུར་འདུག དོན་དག་མང་པོ་ཞིག་ཀྱང་། དྲན་འཛིན་གྱི་ངོས་ནས་མག་མོག་དང་མི་གསལ་བར་གྱུར་འདུག ཉིན་འགའི་སྔོན་ལ། ངས་ཆང་ཁང་འདིར་སྦི་རག་འཐུང་ནས་སྡོད་སྐབས། མི་ཞིག་གམ་ལ་བསླེབས་ནས། “ཡུན་རིང་མ་མཇལ་བས་ཉེ་ལམ་བདེའམ”ཟེར། བདག་གིས་བསམ་བློ་ཅི་ལྟར་བཏང་ཡང་། མི་དེ་སུ་ཡིན་པ་ཡིད་ལ་མ་འཁོར། མདང་དགོང་ཡང་། སྔར་གནས་སུ་ཆང་འཐུང་ནས་སྡོད་སྐབས། ཁ་པར་ཞིག་སླེབ་བྱུང་། ངས་ཁ་པར་གྱི་འཆར་ངོས་སུ་མངོན་པའི“ཚེ་སྒྲོན”ཞེས་པའི་མིང་དེར་ཅེར་ནས། སུ་ཡིན་ལ་བསམ་བློ་བཏང་སྟེ་ཡུན་རིང་བསྡད། ཁ་པར་གྱི་སྒྲ་བསྟུད་མར་གྲགས་ཀྱིན་འདུག མི་དེ་སུ་ཡིན་ད་དུང་མ་དྲན། མཇུག་མཐར། ང་རང་ཐབས་ཟད་དེ་ཁ་པར་སྣེ་ལེན་བྱས་ཤིང་། ཕ་རོལ་བོར་སུ་ཡིན་དྲིས། སྐུལ་ལམ་ནས་བུད་མེད་ཅིག་གིས་ཁོང་ཁྲོའི་གདངས་ཀྱིས། “འཁྱམ་པོའི་སྐྱེ་བ་བླངས་ནས་རང་གི་ཆུང་མ་ཡང་བརྗེད་འདུག་གམ”ཟེར། ངས་ཁྱེད་ལ་མནའ་བསྐྱལ་ཆོག བདག་གིས་རྫུན་བཤད་པ་གཏན་ནས་མིན། ཁ་པར་ནས་ཕ་རོལ་བོས་སྐད་ཆ་དེ་ལྟར་བཤད་རྗེས་ཀྱང་། ངས་རང་གི་ཆུང་མ་སུ་ཡིན་ལ་བསམ་བློ་བཏང་ནས་རིང་ཙམ་འདུག་དགོས་བྱུང་། ཐ་ན། རང་ཉིད་གཉེན་སྒྲིག་ཟིན་པའི་དོན་དངོས་དེ་ཡང་བདེ་བླག་ངང་དྲན་གསོ་བྱེད་ཁག་པོ་རེད། མོ་དངོས་གནས་རང་གི་ཆུང་མ་ཡིན་ཚུལ་ཡིད་ལ་འཁོར་དུས་ནི། ཕ་རོལ་བོས་སྐུད་ལམ་བརྒྱུད་ནས་ང་ལ་སྡིགས་མོ་བྱས་ཏེ་ཡུན་རིང་འགོར་བའི་རྗེས་རེད། དེའི་རིང་། ངས་ཐོག་མཐའ་བར་གསུམ་དུ་ཁ་མ་གྲགས་པར་ཉན་ནས་བསྡད། མཇུག་མཐར། བདག་གིས“གང་མྱུར་གྱིས་ཡུལ་ལ་ལོག་ཡོང”ལབ་རྗེས་ཁ་པར་གྱི་སྒོ་གཏན།

  ཞོགས་པ་དེར། ང་རང་ཆང་ཁང་ནས་སྒོར་བུད་རྗེས། ཐད་ཀར་རང་ཁྱིམ་གྱི་ཕྱོགས་སུ་བསྐྱོད། ནུབ་རྒྱུད་ས་ཁུལ་ལ་གཞི་བཅོལ་བའི་གྲོང་བརྡལ་ཆུང་ཆུང་འདིར། དགུན་ཟླ་བཅུ་བའི་ཞོགས་པ་རེ་རེར་ལྷགས་རླུང་ཤིན་ཏུ་རྒོད། དེ་རིང་ཡང་སྔར་བཞིན་རླུང་བུ་ལྡང་གིན་འདུག སྟོད་ལྭ་མཐུག་པོ་མིན་པས། ང་རང་རང་དབང་མེད་པར་ཁོག་འདར་རྒྱག་དགོས་བྱུང་། རྒྱ་ལམ་གཞོགས་གཉིས་སུ་རླུང་གིས་སྐྱོམ་པའི་འགྱིག་གི་གད་སྙིགས་ཀྱིས་འཇབ་རྒོལ་བྱེད་ཀྱིན་འདུག ངེད་ཚང་གི་གཞིས་ཁུལ་གྲོང་མཐའི་སློབ་ཆུང་གི་གཡས་ན་ཡོད། སྔོན་ཆད། བདག་གིས་དགུང་ཟས་སྤྱད་རྗེས། སློབ་ཆུང་གི་མདུན་གྱང་བརྒྱུད་ནས། ཉེ་འགྲམ་གྱི་ཞིང་ཚིགས་བར་ལ་འཆམ་འཆམ་དུ་འགྲོ་བའི་གོམས་གཤིས་ཡོད། སྐབས་དེར། ང་རང་སློབ་ཆུང་དེའི་དགེ་རྒན་ཡིན། ལོ་ན་ཕྲ་བའི་སློབ་ཕྲུག་ཚོའི་སར་ནས། བདག་གིས་མ་འོངས་པའི་འཚོ་བ་ལ་ཡིད་དུ་འོང་བའི་འཆར་འགོད་བྱེད་མྱོང་།

  ལོ་འགའི་སྔོན་ལ། ལོ་ན་བཞི་བཅུ་ལས་མིན་པའི་བདག་གིས། ལས་གནས་ནས་རྒྱང་ཕུད་བཏང་བའི་ཡིག་ཆ་དེ་བཟུང་ནས། ཐེངས་དང་པོར་དེ་རིང་སྡོད་སའི་ཆང་ཁང་འདིར་བསླེབས། ལོ་དེར། གཞི་རྒྱ་ཆེ་བའི་ལས་འགུལ་ཞིག་ལངས། ང་རང་སྡོད་སའི་སློབ་གྲྭ་དེར་ཡང་། ན་གཞོན་མང་པོ་ཁྲོམ་སྐོར་དུ་འགྲོ་བའི་ལས་ལ་བྲེལ་གྱིན་འདུག ལས་གྲོགས་ཤིག་གིས། “ཁྱེད་ལ་པར་ཆས་ཤིག་ཡོད་པ་མིན་ནམ། དེ་རིང་། ང་ཚོས་ཞི་བའི་ལས་འགུལ་ཞིག་སྤེལ་གྱིན་ཡོད། ཁྱེད་ཀྱིས་དོན་གྱི་རྒྱུད་རིམ་རྣམས་པར་ཆས་སུ་འགོད་རོགས”ཟེར། རྒྱུ་མཚན་ཅི་ཡིན་ཤོད་རྒྱུ་མེད་ཀྱང་། ནམ་རྒྱུན་ལས་འགུལ་སྣ་ཚོགས་ལ་སྤྲོ་བ་མེད་པའི་བདག་གིས། དུས་དེར་ཕ་རོལ་བའི་རེ་བ་དང་ལེན་བྱས་པ་ཡིན། ཚ་ཚ་འུར་འུར་གྱི་ལས་འགུལ་དེ་ཉིན་གཉིས་ཀྱིས་མཇུག་སྒྲིལ་སོང་། རྗེས་ཀྱི་དོན་དག་ནི། ཉེན་རྟོག་ཁང་དང་སློབ་གྲྭའི་འགོ་གཙོ་ཚོའི་རྫོགས་རྒྱུ་མེད་པའི་འདྲི་གཅོད་རབ་དང་རིམ་པ་རེད། བདག་གིས“བཤད་རྒྱུ་ཅི་ཡང་མེད། བརྙན་ལེན་གྱི་ལས་ཀ་ངས་སྒྲུབ་པ་ཡིན”ཞེས་བཤད།

  ཉིན་ཞིག་གི་ཕྱི་དྲོ། སློབ་གྲྭས་ཚོགས་འདུ་ཆེན་པོ་ཞིག་བསྡུས། རེབ་དེའི་ལས་འགུལ་ལ་ཞུགས་མཁན་རྣམས་ལ་སྐྱོན་བརྗོད་བྱེད་ཀྱིན་འདུག དེ་སྔོན་བདག་ལ་པར་ཆས་ཁྱེར་ཤོག་ལབ་མཁན་ལས་གྲོགས་དེས། ང་རང་གཙོས་པའི་མི་སྐོར་ཞིག་གི་བྱ་སྤྱོད་ལ་སྐྱོན་བརྗོད་ཚ་ནན་པ་བྱས། མཇུག་མཐར། སློབ་གྲྭས་ཐམ་ག་རྒྱབ་པའི་ཡིག་འགོ་དམར་པོ་ཅན་གྱི་གཞུང་ཡིག་དེ་བདག་ལ་སྤྲད། དེ་ནི་དགེ་རྒན་རྒན་གྲས་སུ་གཏོགས་པའི་བདག་གིས། ལོ་ཆུང་མང་པོ་ལོག་ལམ་དུ་ཁྲིད་པས། ལས་གནས་ནས་རྒྱང་ཕུད་གཏོང་རྒྱུ་ཡིན་ཞེས་བྲིས་འདུག་པའི་ཐག་གཅོད་ཡི་གེ་ཞིག་རེད།

  ལོ་དེར། བདག་གིས། ཡི་གེ་དེ་བཟུང་ནས་ཆང་ཁང་འདིར་བསླེབས། ངོ་ཤེས་འགས་ཆང་འཐུང་བཞིན་པ་དང་འཕྲད། ང་རང་སླེབ་པ་མཐོང་རྗེས། ཚང་མས་མཉམ་དུ་སྡོད་དགོས་པའི་རེ་བ་བཏོན། ངས་ཁོ་ཚོའི་རེ་བ་དང་ལེན་བྱས་ནས། ཐེངས་དང་པོར་སྦི་རག་འཐུང་བའི་ལམ་ཁ་འདིར་ཞུགས། དུས་དེ་ནས། བདག་ལ་དོན་དག་གཞན་མེད་ཚེ། རྒྱུན་དུ་ཆང་ཁང་འདིར་ཡོང་ནས་སྦི་རག་འཐུང་བ་ཡིན། དོན་གྱིས། ལས་གནས་ནས་ཕུད་རྗེས། ང་ལ་མཚོན་ན། དོན་དག་གལ་ཆེན་ཅི་ཡང་མེད། དེ་བས། ཕལ་ཆེར་ཉིན་རེ་བཞིན་ཆང་ཁང་འདིར་བསྡད་ཡོད། དང་ཐོག ཁྱིམ་མི་ཚོས་ཀྱང་ང་རང་ལས་གནས་ནས་ཕུད་པས་སེམས་སྡུག་བྱེད་ཀྱིན་འདུག་བསམ་པ་ཡིན་ནམ། བདག་གི་སྤྱོད་ལམ་འདིར་བཀག་འགོག་ཅི་ཡང་མི་བྱེད། རེད་དེ། ང་ལ་མཚོན་ན། ལས་གནས་ནས་ཕུད་པ་དེར་སེམས་སྡུག་ཅི་ཡང་མེད། གཙོ་བོ། སྔོན་ཆད་སློབ་ཁྲིད་དང་སློབ་ཕྲུག་ཚོའི་དོན་དུ་དུས་ཚོད་མང་ཙམ་སྤྱད་པས། ཆང་འཐུང་ཁོམ་ཞིག་གང་ན་ཡོད། ད་ལྟ་འོས་འགན་ཅི་ཡང་མེད་པས། ཆང་འཐུང་བ་དེ་ཁམས་གཡེང་ཙམ་ལ་བསྒོམས་ནས་འཇུག་པ་ཤ་སྟག་ཡིན། རེད་དེ། ངས་སུ་ལ་ཡང་ལས་གནས་ནས་ཕུད་པར་སེམས་སྡུག་མེད་པའི་སྐོར་འགྲེལ་བཤད་བྱས་མ་མྱོང་། ཁོ་ཚོས་ཅི་ཞིག་འདོད་པར་བདག་ལ་འབྲེལ་བ་མེད་པས། ངས་སྔར་བཞིན་རང་སེམས་དང་བསྟུན་ནས། ཆང་འཐུང་བ་དེ་ངལ་གསོ་བྱེད་སྟངས་ཤིག་ཏུ་བསྒོམས།

  ཆང་ཁང་ནས་རང་ཁྱིམ་དུ་འགྲོ་སའི་ལམ་བུ་དེད་ནས་སྐྱོད་ཚེ། སུམ་མདོ་ཞིག་ལ་བསླེབ་ཐུབ། སུམ་མདོའི་རྒྱ་སྲང་དེ་ཕྱོགས་གཉིས་སུ་བཀྱེད་ཡོད་ཅིང་། སྣེ་གཅིག་གྲོང་མཐའི་སློབ་ཆུང་དང་ངེད་ཚང་གི་གཞིས་ཁུལ་གྱི་ཕྱོགས་སུ་བསྲིངས་ཡོད། ཅིག་ཤོས་དེ་ཟི་ལིང་སོགས་ལ་ཤར་གཏོང་བྱེད་པའི་མགྲོན་འཁོར་མང་པོ་འདུག་སའི་རླངས་འཁོར་ས་ཚིགས་ཀྱི་ཕྱོགས་སུ་བསྲིངས་ཡོད། ཞོགས་པ་དེར། ང་རང་སུམ་མདོ་དེར་འབྱོར་པ་ན། རང་ཁྱིམ་ལ་འཐེན་པའི་སྲང་ལམ་དེར་ཞུགས་པ་ཡིན། མདུན་ཕྱོགས་སུ་སྨི་བཞི་བརྒྱ་ཡས་མས་སྐྱོད་མཐར། ངས་མདུན་ཐད་ཀྱི་གྱང་རྩ་དེར་མི་ཞིག་ཁ་སྦུབ་ཏུ་འགྱེལ་ནས་ཡོད་པ་མཐོང་། མི་དེས། སྟོད་ལྭ་སྐྱ་བོ་དང་དོར་མ་སྔོ་ནག་ཅིག་གྱོན་ཞིང་། ལུས་ཀུམ་ཀུམ་བྱས་ཏེ་ས་རུ་འགྱེལ་འདུག བདག་གིས་ཤི་བོར་བརྩི་བཀུར་མ་བྱས་པ་མིན་མོད། སེམས་ལ། ཁོ་རང་ཁ་སྦུབ་ཏུ་འགྱེལ་འདུག་པའི་ངང་ཚུལ་དེ་ནི། རང་དགར་འཕང་བའི་གད་སྙིགས་ཤིག་དང་འདྲ་བར་བསམ། འོ་རེད། ཁོའི་གམ་ན་ད་དུང་ཁྱི་རྒན་ནག་པོ་ཞིག་འདུག ཁྱི་རྒན་དེས་རྔ་མ་གཡུག་ཞོར། ཡར་རྒྱུག་མར་རྒྱུག་བྱེད་ཅིང་། ལན་རེར། ཕར་འགྲོ་ཚུར་འོང་གི་མི་རེ་འགའི་ཉེ་སར་བཅར་ནས་ཙོག་པོར་བསྡད་དེ། ཁ་གདང་ནས་ལྕེ་ནར་ནར་བྱེད། རེད་དེ། ཁོ་ལ་ཁ་ཡ་བྱེད་མཁན་མི་གཅིག་ཀྱང་མ་བྱུང་། དེ་ཡང་ཡིན་ཏེ། ཞོགས་པ་སྔ་མོར་ལངས་མཁན་དག་ནི། ལས་ལ་བརྩོན་ཞིང་། འཚོ་གནས་ལ་བྲེལ་ཆེ་བ་ཤ་སྟག་ཡིན་པས། རང་ལ་འབྲེལ་བ་མེད་པའི་དོན་ལྷག་འདིར་སྣང་དོག་བྱེད་པའི་དུས་ལྷག་ཅིག་གང་ན་ཡོད། དེ་བས། ཁོ་ཚོ་ནམ་རྒྱུན་འདི་ལྟ་བུའི་གནས་ཚུལ་ལ་ཐུག་དུས། བསྐོར་ནས་འགྲོ་བ་ནི་ཆོས་ཉིད་ཅིག་ཏུ་བགྲང་ཆོག ལ་ལས། ཁྱི་རྒན་དེ་མཐོང་མ་ཐག རྐང་རྡེབ་ལག་རྡེབ་བྱེད་ཅིང་། གཤེ་གཤེ་གཏོང་བཞིན། ཕྱིར་ལྟ་བྱེད་ཞོར་བྲོས་འགྲོ། དེ་དུས། ཁྱི་རྒན་དེ་མྱུར་སྟབས་ཀྱིས་ཕྱིར་གྱང་རྩར་རྒྱུག་ཅིང་། བེམ་པོར་སྣོམ་ཙམ་སྣོམ་ཙམ་བྱས་རྗེས། ཕྲ་ལ་རིང་པའི་རྔ་མ་དེ་གཡུག་གཡུག་བྱེད། ཡུད་ཙམ་ནས། སྔར་བཞིན། ཁྱི་རྒན་དེ་མི་རེ་རེའི་ཉེ་སར་བཅར་ནས་ཙོག་པོར་བསྡད་དེ། མགོ་བོ་ཕྱིར་གྱང་རྩར་འཁོར་ཙམ་དང་། ཡང་མི་དེ་དག་གི་གདོང་ལ་ལྟ་ཙམ་གྱིས། སྐད་དམའ་མོས“ཨབ་ཨབ་་་་་་ཨབ་ཨབ་་་་་་”ཅེས་ཟུག་སྐད་འབྱིན། ལན་རེར། ལག་པ་གཉིས་ཀྱིས་རྡོ་གཅལ་ལ་འདྲུད་ཙམ་འདྲུད་ཙམ་བྱེད་པ་ལས། གང་དེར་ཞུ་བ་བྱེད་བཞིན་པའི་བཟོ་ལྟ་མངོན། བདག་གིས་ཁྱི་རྒན་དེར་བལྟས་ནས་ཡུད་ཙམ་འགོར་པས། མདུན་ཐད་ཀྱི་བེམ་པོ་ཡང་རེ་ཞིག་བརྗེད། ཡང་བསྐྱར་བེམ་པོའི་སྐོར་ཡིད་ལ་འཁོར་རྗེས། ང་གང་མྱུར་གྱིས་དེའི་གམ་ལ་གཅར་ནས། བེམ་པོ་དེ་ཡར་འགྱོག་པར་སྟ་གོན་མཛད། ངས་སྟོད་གོས་ཀྱི་ཕུ་ཐུང་ཡར་འདེད་ཞོར། ཁ་སྦུབ་ཏུ་འགྱེལ་པའི་བེམ་པོ་དེའི་ཕྲག་པ་ལ་འཇུས། དེ་ལྟར་ནུས་ཤུགས་གང་ཡོད་ཀྱིས་ཡར་བཀྱགས་ཀྱང་། བེམ་པོ་དེ་སྒུལ་ཙམ་ཡང་བྱེད་མ་ཐུབ། ཡང་བསྐྱར། བེམ་པོའི་མགོ་སྔ་གང་རུང་ལ་བུད་ནས་ཡར་བཀྱགས་ཀྱང་། གནམ་རྒན་མ། དེ་ནི་རྩ་བ་ཐོག་པའི་སྡོང་རྒན་བཞིན་སྔར་གནས་སུ་འགུལ་མེད་དུ་འདུག ཉིན་འདི་ཚོར། བདག་གིས་ཆང་འཐུང་ཆེ་བ་དང་། ཟ་མ་དེ་ཙམ་མ་ཟས་པས། ལུས་པོར་ནུས་ཤུགས་ཅི་ཡང་མེད་པར་ཉབ་ཉོབ་ཏུ་གྱུར་ཞིང་། ད་ལྟ། བེམ་པོ་འདི་ཙམ་ཡང་ཡར་འགྱོག་པའི་སྟོབས་ཤུགས་མི་འདུག

  ངས་དེ་ལྟར་བསམ་མོད། རང་ཉིད་ཀྱིས་བེམ་པོ་དེ་ཡར་འགྱོག་འདོད་ཀྱི་བསམ་བློ་དེ་དང་། ཡར་བཀྱགས་ནས་ག་རེ་བྱེད་རྒྱུ་ཡིན་པ། སྤྱོད་ཚུལ་དེར་རྒྱུ་མཚན་ཅི་ཞིག་ཡོད་པ་སོགས་ཧ་གོ་ཡི་མེད། གང་ལྟར། བེམ་པོར་འཕྲད་པའི་སྐད་ཅིག་མ་དེར། ང་རང་གཟུགས་མེད་ཀྱི་སྟོབས་ཤུགས་ཤིག་གིས་དེའི་གམ་ལ་འཐེན་སོང་། གམ་དུ་སོང་ནས་ཀྱང་རང་དབང་མེད་པར་བེམ་པོར་འཇུས་ནས་ཡར་འགྱོག་འདོད་སྐྱེས། རེད་དེ། ངས་ཅི་ལྟར་འབད་པ་བྱས་ཀྱང་། བེམ་པོ་སྔར་གནས་ན་འགུལ་མེད་དུ་འདུག ང་རང་བྱ་ཐབས་བྲལ་ཡང་། རང་ཁྱིམ་ལ་ལོག་འདོད་ཀྱི་བསམ་ཚུལ་དེ་བསྒྱུར་ནས། བེམ་པོའི་ཉེ་ལོགས་སུ་བསྡད་དེ། རོགས་པ་མཛད་མཁན་ཞིག་ཨེ་ཡོང་ལ་བསྒུག་ནས་བསྡད། ཡང་ན། བདག་གིས། ཞོགས་པ་དེར། ཁྱི་རྒན་ཞིག་ལ་བེམ་པོ་དེ་སྲུང་རོགས་བྱས་ནས་བསྡད་པ་ཡིན་ཟེར་ཆོག

  དེ་ལྟར། བེམ་པོའི་གམ་ན་སྡོད་སྐབས། ཐག་རིང་ན། ཅི་ཞིག་གི་རྗེས་ཆོད་ཀྱིན་མེད་པ་བཞིན། མི་གཉིས་མགྱོགས་མྱུར་ངང་འདི་ཕྱོགས་སུ་འོང་གིན་འདུག བདག་གི་སེམས་ལ། སྐྱབས་བཅོལ་ཡུལ་ཞིག་རང་དང་ཇེ་ཉེར་འགྲོ་བཞིན་པའི་སེམས་ཚོར་བྱུང་།ཁྱི་རྒན་དེར་ཡི་ཆད་མེད་པར། ཡང་བསྐྱར་རྒྱུག་ནས་ཁོང་གཉིས་ཀྱི་འགྲོ་ལམ་བཀག དེ་གཉིས་ལས། གཅིག་གིས་གསང་སྒམ་ཞིག་དྲུད་ཡོད་ཅིང་། གཅིག་གིས་རྒྱབ་ཁུག་ཅིག་ཁུར་ཞིང་། ལག་ཏུ་ཁུག་མ་ཆུང་ཆུང་ཞིག་བཟུང་འདུག བལྟས་པ་ཙམ་གྱིས། ལོ་ན་ཉི་ཤུར་སོན་མ་ཐག་པའི་གསར་བུ་གཉིས་ཡིན་པ་ཤེས། ཁོང་གཉིས་ཀྱིས་ཁྱི་རྒན་ཞིག་གིས་འགྲོ་ལམ་བཀག་པ་མཐོང་འཕྲལ། རང་དབང་མེད་པར་ཕྱིར་ནུར་འགའ་བྱས། ཁྱི་རྒན་མྱུར་དུ་སར་བསྡད་ནས། ལྕེ་ནར་ཏེ་རྔ་མ་གཡུག མགོ་བོ་ཕྱིར་འཁོར་ཙམ་འཁོར་ཙམ་བྱེད་ཞོར། ཁོང་གཉིས་ལ་ཉམས་ཆུང་ངང་བལྟས་ནས་སྡོད་པ་ལས། ཚད་བརྒལ་གྱི་འགུལ་སྐྱོད་ཅི་ཡང་མ་སྤེལ། ཁོང་གཉིས་ཀྱིས་ངང་ཚུལ་དེ་མཐོང་བས། གཞི་ནས་སེམས་པ་བདེ་ལ་བབས། གསང་སྒམ་འདྲུད་མཁན་དེས། ཁྱི་རྒན་གྱིས་ཕྱིར་ལྟ་བྱེད་སའི་ཕྱོགས་འདིར་མཛུབ་སྟོན་བྱེད་ཞོར། སྐྱེས་པ་གཞན་དེར་ཅི་ཞིག་ལབ་བྱུང་། བདག་གིས་སྔར་གནས་ནས་རེ་བ་ཆེན་པོས་ཁོང་གཉིས་ལ་བསྒུག ཡིན་ཡང་། གཞན་དེས་ཕྱོགས་འདིར་ལྟ་ཙམ་བྱས་རྗེས། གདོང་ལ་ཡ་མཚར་དང་སྐྲག་སྣང་གཉིས་འདུས་ཀྱི་གཉེར་མ་ཞིག་བསྡུས་ནས། ཁ་འབྲལ་དགོས་པའི་བརྡ་ལ། གསང་སྒམ་འདྲུད་མཁན་གྱི་དཔུང་པ་ནས་འཐེན་ཙམ་བྱས་ཏེ། མྱུར་སྟབས་ཀྱིས་གནས་དེ་དང་བྲལ་བར་བརྩམས། ཁོང་གཉིས་ཀྱིས་གཟབ་ནན་ངང་ཅི་ཞིག་འཆད་བཞིན་ཕྱིར་ལྟས་བྱེད་ཞོར་མདུན་དུ་བསྐྱོད། གོམ་ཁ་བསྒྱུར་དྲགས་པས་ཡིན་ནམ། རྒྱབ་ཁུག་འཁུར་མཁན་དེ་རྐང་འདྲེད་ཅིག་ཤོར་བས། ཨེན་ཙམ་གྱིས་ཁ་སྦུབ་ཏུ་འགྱེལ། ཁོ་དེ་མུར་རོགས་པར་ཁེན་ཙམ་བྱས་པས་འགྱེལ་མ་ཐུབ། དེ་ལྟར། ཁོང་གཉིས་ཀྱིས་མུ་མཐུད་དུ་ཅི་ཞིག་འཆད་ཞོར་དང་ཕྱིར་ལྟ་བྱེད་ཞོར་བུད་སོང་།

  བདག་གི་སེམས་ལ། ཁོ་ཚོ་བེམ་པོ་འདིར་སྐྲག་པ་ཡིན་ནམ། ཡང་ན། ང་རང་ཆང་འཐུང་ཞིག་ཡིན་པས་འཛེམ་པ་ཡིན་བསམ་ནས་མི་དྲན་དགུ་དྲན་བྱས། ངས་དེ་ལྟར་བསམ་བློ་བཏང་རུང་། དོན་དངོས་ཅི་ཡིན་པ་ག་ལ་ཤེས། ཆུང་དུས། ཕ་ལགས་ཚོང་ལ་ཕེབས་ནས་ཡུན་རིང་པོར་ཁྱིམ་དུ་མི་ལོག སྐབས་དེར། ཁྱིམ་མཚེས་ཀྱི་བྱིས་པ་ཚོས། “ཁྱེད་ཀྱི་སྐྱེ་འབྲས་སྡུག་པོ་ཡིན་པས་ཕ་ལགས་ལ་མ་དགོས་པ་རེད། ཁྱེད་ཀྱི་ཨ་ཕ་གཞན་གྱི་ཨ་ཕ་བྱེད་དུ་བུད་སོང་། ཁྱེད་ནི་སུ་ལ་ཡང་མི་དགོས་པའི་མི་ལྷག་ཅིག་རེད”ཟེར་དུས། ང་རང་འཚིག་པ་ཟས་ཏེ་ཁོ་ཚོར་རྡུང་རེས་བྱས། མཇུག་འབྲས་ནི། སུས་ཀྱང་ང་ལ་ཁ་མི་གྲགས་ཤིང་། ངས་ཁོ་ཚོའི་མདུན་ནས་པྲ་ཆལ་གྱི་སྤྱོད་ལམ་ཅི་ཞིག་སྤེལ་ཡང་། སུས་ཀྱང་ང་རང་མཐོང་གི་མེད་མདོག་གིས་ཁ་ཡ་མི་བྱེད། བདག་གིས་སྐད་ཆེན་པོས་ཁོ་ཚོ་རེ་རེ་བཞིན་བོས་ཀྱང་། སུས་ཀྱང་ཚོར་གྱི་མེད་མདོག་གིས་ཡ་ལན་མི་སྤྲོད། རིམ་བཞིན། ང་རང་ཡང་ཁེར་འགྲོ་ཁེར་འདུག་ལ་གོམས། བདག་གིས་ནམ་རྒྱུན་དབྱིབས་མི་འདྲ་བའི་རྡོ་ཆེ་མ་ཆུང་གསུམ་བཏུས་ནས། རེ་རེ་ལ་མིང་རེ་བཏགས་ཏེ། ཁོ་ཚོ་ནི་རང་གི་གྲོགས་པོ་ཡིན་པར་རྟོག་བཟོ་བྱས། ནར་སོན་རྗེས། ཆུང་དུས་ཀྱི་སྣང་ཚུལ་དེའི་རིགས་རིམ་བཞིན་ཡལ་ནས། ང་ལ་ཡང་དགའ་ཁ་འཁྱེར་ཕྱོགས་ཀྱི་གྲོགས་པོ་འགའ་རེ་ཡོད་མྱོང་། ཡིན་ནའང་། དེ་རིང་ཡང་བསྐྱར་བྱིས་དུས་ཀྱི་འཚོ་བ་དེ་བདག་གི་མིག་མདུན་དུ་མངོན། བདག་གིས་བེམ་པོ་དེའི་ཆེད་དུ། ཕར་འགྲོ་ཚུར་འོང་གི་མི་དེ་ཚོར་རེ་འབོད་ཀྱི་མི་ཟུང་སྤྲད་ཀྱང་། རོགས་པ་མཛད་མཁན་མ་བྱུང་། འདིའི་ཐད་ནས། ང་དང་ཁྱི་རྒན་གཉིས་ཤིན་ཏུ་འདྲ་སྟེ། ཁྱི་རྒན་ཡིན་ན་འདྲ། ང་རང་ཡིན་ན་འདྲ། སུ་ལ་ཡང་རོགས་པ་མཛད་མཁན་མ་བྱུང་། དེ་བས། ད་ནི་ཁྱི་རྒན་ཡང་ཅུང་ཨ་ཐང་ཆད་པ་མིན་ནམ། བདག་གི་ཉེ་ལོགས་སུ་བསྡད་དེ་ངལ་གསོ་བྱས།

  ཤར་མཐའི་རི་རྩེ་རུ། ཉི་འོད་ཀྱི་ལྡོག་འཕྲོ་གནམ་ལ་འཐེན་ཡོད་ན་ཡང་། ང་རང་སྡོད་སའི་གྲོང་བརྡལ་འདི། སྔར་བཞིན་ལྷགས་རླུང་གི་འཇབ་རྒོལ་ཁྲོད། ཁེར་རྐྱང་གི་དཔའ་བོ་བཞིན་གཅིག་པུར་ལུས། བདག་གི་སེམས་ལ་གྲང་འདར་ཡང་ཡང་རྒྱབ་ཀྱང་། ད་ནི་དོན་དངོས་ཀྱི་གྲང་ངར་དེ་ལུས་པོས་ཚོར་མི་ཐུབ། ཅུང་ཙམ་ནས། རྒྱ་ལམ་འགྲམ་གཉིས་སུ་སྟོད་ལྭ་སེར་པོ་གྱོན་ཞིང་། ཁ་ཐུམ་རྒྱབ་པའི་མི་མང་པོ་ཡོང་ནས་གད་དར་བྱེད་འགོ་བརྩམས། རྐང་པ་ཡ་གཅིག་གྱོལ་ནས་འགྲོ་མཁན་གྱི་རྒད་མོ་ཞིག་གིས། འདྲུད་འཐེན་འཁོར་ལོ་ཞིག་ཏུ་ཕྱགས་མ་སོགས་བཞག་ནས། མགོ་བོ་སྨད་དེ་འདི་ཕྱོགས་སུ་ཡོང་བཞིན་འདུག མོས་འདྲུད་འཐེན་འཁོར་ལོ་ལམ་འགྲམ་དུ་བཞག་རྗེས། ཕྱགས་མ་བླངས་ཏེ་གད་དར་བྱེད་ཞོར། ཁྱི་རྒན་དེར་སྣང་དོག་མི་བྱེད་པར་རིམ་གྱིས་གྱང་རྩར་གཅར། གྱང་རྩར་ཐོན་ལ་ཉེ་དུས། མོས་གློ་བུར་དུ་འགྲོ་འཚམས་བཞག་ནས། སྐེ་བསྲིངས་ཏེ་བེམ་པོ་དེར་ཞིབ་ལྟ་བྱེད་ཀྱིན་འདུག ང་རང་ཐང་ཆད་ནས་འགུལ་སྐྱོད་བྱེད་འདོད་ཀྱི་བློ་འགག སེམས་ལ“བེམ་པོ་དེ་ཡར་འགྱོག་པར་རོགས་པ་མཛད་རོགས་”ཞེས་ཞུ་འདོད་ཀྱང་། སྨྲ་བ་འགག་ནས་སྐད་ཆ་ཚིག་གཅིག་ཀྱང་སྒོར་འབུད་མ་ཐུབ། དེའི་ཕྱིར། བདག་གིས། རེ་བའི་མིག་ཟུང་ཁོ་མོར་གཏད་དེ་འདུག་པ་ལས་ཐབས་མེད། མོས་བདག་ལ་ཁ་ཡ་མི་བྱེད་པར་མདུན་ཕྱོགས་སུ་གོམ་པ་འགའ་སྤོས་ནས། བེམ་པོ་དེར་ཞིབ་ལྟ་བྱེད་ཀྱིན་འདུག ཡུད་ཙམ་ནས། མོ་སྟབས་སྟབས་པོར་གྱུར་ཞིང་ཕྱིར་ནུར་བྱེད་ཞོར། ཕར་ལྟ་ཚུར་ལྟ་འགའ་བྱས་རྗེས། མགྱོགས་མྱུར་ངང་ཕྱིར་འཁོར་ནས། འདྲུད་འཐེན་འཁོར་ལོ་དྲུད་དེ། གད་དར་བྱེད་མཁན་གཞན་དག་གི་གམ་དུ་བུད་སོང་། མོས་འདི་ཕྱོགས་སུ་མཛུབ་སྟོན་བྱེད་ཞོར་ཅི་ཞིག་བཤད་ཀྱིན་བདའ། བདག་གི་སེམས་ལ། མོས་ལག་རོགས་འགའ་ཁྲིད་ཡོང་སྲིད་ངེས་སྙམ། ཡང་སྐབས་རེར། མོས་ང་རང་མི་གསོད་ལག་དམར་དུ་བསྒོམས་ཡོད་ཀྱང་སྲིད་འདོད། དེ་འདྲ་ཡིན་ཚེ། ང་རང་ཕར་སོང་ནས་འགྲེལ་བཤད་ཅིག་བྱེད་དགོས་སྙམ་མོད། ལུས་པོ་ད་དུང་ཉབ་ཉོབ་ཏུ་གྱུར་ནས་འགུལ་འདོད་མེད་པས། བདག་གིས“གནའ་ཤི་ད། ཅི་འདོད་ན་འདོད་དུ་ཆུགས”ཞེས་ཁེར་ལབ་རྒྱག་ཞོར་སྔར་གནས་སུ་བསྡད། མོའི་ལས་གྲོགས་གཞན་རྣམས་ཀྱང་གནས་གཅིག་ཏུ་འདུས་ནས། ཕྱོགས་འདིར་བལྟས་ཏེ་ཅི་ཞིག་གི་གྲོས་གཞི་འདོན་པའི་བཟོ་ལྟ་སྟོན། བདག་གིས་ཁོ་ཚོ་ཐམས་ཅད་ཡོང་ཐུབ་ན། བེམ་པོ་འདི་སྒུལ་ཐུབ་ངེས་སྙམ་པས། སེམས་ལ་དོན་དག་ཅི་ཞིག་འགྲུབ་ལ་ཉེ་བའི་དགའ་ཚོར་སྐྱེས། འོན་ཀྱང་། མཇུག་མཐར། ཁོ་ཚོས་གད་དར་བྱེད་མཚམས་བཞག་ནས། གཅིག་རྗེས་གཉིས་མཐུད་ཀྱིས་སྲང་ལམ་དང་གྱེས་སོང་།

  སྲང་ལམ་ན་ད་དུང་གད་སྙིགས་ཀྱིས་འཇབ་རྒོལ་བྱེད་ཅིང་། ལྷགས་རླུང་སྔར་བཞིན་ལྡང་། གྲང་ངར་ཡང་སྔར་བཞིན་ཆེ་བས། བདག་ལ་བེམ་པོ་དེ་འཁྱགས་ནས་དྲང་དྲང་དུ་སོང་ན་ཅི་འདྲ་བྱེད་སྙམ་པའི་སེམས་ཁུར་ཞིག་སྐྱེས། སེམས་ཁུར་དེས་དབང་གིས། ངས་ཡང་བསྐྱར་འགྲོ་མི་ཞིག་ཨེ་བསླེབ་ལ་ངང་གིས་བསྒུག འགྲོ་མི་མང་ཆེ་བས། མིག་ཟུང་རང་ཉིད་ཀྱི་མདུན་ཐད་ཁོ་ནར་གཏད་ནས། ཤར་མར་དམིགས་ཡུལ་ཁྲོད་ཀྱི་གནས་གང་དེར་འགྲོ་རྐྱང་བྱེད་པ་ལས། ང་དང་བེམ་པོ། ཁྱི་རྒན་སོགས་མཐོང་ལམ་དུ་མི་འཇོག དེ་ལྟར། ངེད་ཚོ་ནི་མིས་གྲུབ་པའི་གྲོང་བརྡལ་འདིའི་བུས་མཐའ་བ་འབའ་ཞིག་ལས། སུ་དང་གང་གི་དབང་བོའི་འཛིན་ཡུལ་དུ་མངོན་མ་ཐུབ། ཡང་ན། ངེད་ཚོར་གྲོང་བརྡལ་འདིའི་མི་རྣམས་ཀྱི་དབང་ལྔ་གཏད་རིན་ཡོད་པའི་འགུག་ཤུགས་ཅི་ཡང་མེད་སོང་བ་འདྲ། སྔོན་ཆད། བདག་གི་གྲོགས་པོ་ཞིག་གིས། “སུས་ཁྱོད་རང་དྲན་པའི་དཀྱིལ་ལ་འཛིན་དོན་ནི། ཁྱོད་ལ་གང་དེའི་དབང་ལྔ་འགུག་པའི་རིན་ཐང་ཞིག་ཡོད་པས་རེད། དེ་ལྟ་མིན་ཚེ། ང་ཚོས་ལེ་བར་ཁྲི་ཕྲག་གིས་ཆོད་པའི་ཨ་རིའི་ཙུང་ཐུང་ཤེས་ན་ཡང་། ལོ་མང་ལ་ཁྱིམ་མཚེས་སུ་གྱུར་པའི་རྒན་རྒོན་དེ་གཉིས་ཀྱི་མིང་ཙམ་ཡང་མི་ཤེས་པའི་རྒྱུ་མཚན་ཅི། འདས་པའི་ལོ་ངོ་སྟོང་ཕྲག་སྔོན་གྱི་བཙན་པོའི་མཛད་རྣམ་ཤེས་རུང་། རང་དང་ལོ་མཉམ་གྱི་ལས་གྲོགས་གང་དེའི་དགའ་ཕྱོགས་ཙམ་ཡང་མི་ཤེས་པའི་རྒྱུ་མཚན་ག་རེ་རེད”ཟེར། དེ་དུས། བདག་གིས་ཁོས་བཤད་པའི་སྐད་ཆར་གནས་ལུགས་འདུག་བསམ་མ་མྱོང་། རེད་དེ། རང་ལ་སུས་ཀྱང་ཁ་ཡ་མ་བྱས་པར། བེམ་པོ་ཞིག་དང་ཁྱི་རྒན་ཞིག་ལ་འདུག་རོགས་བྱས་ནས་སྡོད་པའི་དུས་ད་ལྟ། བདག་གི་སེམས་ལ། གྲོགས་པོ་དེ་ནི་མིའི་གཤིས་སྤྱོད་ལ་རྒྱུས་མངའ་དང་ཞིབ་འཇུག་གཏིང་ཟབ་ཡོད་པའི་སྐྱེས་བུ་ཞིག་ཡིན་འདུག་བསམ།

  ངས་དེ་ལྟར་ཡར་མར་ལ་བསམ་བློ་བཏང་ནས་སྡོད་སྐབས། བུད་མེད་ལྭ་རིང་དམར་པོ་གྱོན་མཁན་ཞིག་གིས། ལོ་ན་བདུན་བརྒྱད་ཡས་མས་ཀྱི་བྱིས་པ་ཞིག་ཁྲིད་ནས། མ་གིའི་སུམ་མདོ་ནས་བུད། བྱིས་པ་དེས་སློབ་གོས་གྲལ་དག་ཅིག་གྱོན་ཞིང་། རྒྱབ་ཏུ་རང་དང་འཚམས་པའི་དཔེ་ཁུར་ཅིག་ཁུར་འདུག་པས། བལྟས་མ་ཐག་སློབ་ཆུང་སློབ་མ་ཞིག་ཡིན་པ་གསལ་པོར་ཤེས།

  ཁོང་གཉིས་ངེད་ཚོ་དང་ཉེ་བར་སླེབ་སྐབས། བྱིས་པ་དེས་མིག་གི་ལྟ་ཕྱོགས་ཀྱིས། གྱང་རྩར་ཡོད་པའི་བེམ་པོ་དེ་མཐོང་བྱུང་། ཁོས“ཨ་མ་ལགས། འདི་ན་མི་ཞིག་ཉལ་འདུག ཁོར་ཅི་བྱུང་སོང་ངམ། ངེད་གཉིས་ལྟ་ནེ་ཨེ་འགྲོ”ཞེས། སྐྱེས་མ་དེས་ལན་ཅི་གནང་ལ་མི་བསྒུག་པར། གང་མྱུར་གྱིས་འདི་ཕྱོགས་ཀྱི་གྱང་རྩར་རྒྱུག་གྲབས་བྱེད། བྱིས་པའི་སྤྱོད་སྟངས་དེ་མཐོང་བས། ད་ནི་ཏག་ཏག་བེམ་པོ་འདིར་ཁ་ཡ་བྱེད་མཁན་ཞིག་སླེབ་བྱུང་སྙམ་ནས་ང་རང་དགའ་སྤྲོ་སྐྱེས། དགའ་སྤྲོའི་སྐྱེད་འདེད་འོག ང་རང་ཧར་གྱིས་ལངས་ནས། བྱིས་པ་དེའི་མདུན་བསུ་བར་སྟ་གོན་མཛད། སྐབས་དེར། ལྭ་རིང་གྱོན་མཁན་གྱི་སྐྱེས་མ་དེས། མྱུར་སྟབས་ཀྱིས་བྱིས་པའི་ལག་འགོར་འཇུས་ཏེ། ཤུགས་ཡོད་ཚད་ཀྱིས་ཕྱིར་འཐེན་པས། བྱིས་པ་སར་འགྱེལ་ལ་ཁད་དང་བཅས་མོའི་ལུས་སྟེང་ལ་སྦྱར།

  “སྐལ་མེད་སར་སྐེ། སློབ་ཁྲིད་ཀྱི་རྗེས་ལུས་བཞིན་པ་མ་ཚོར་རམ།”མོས་ཁྲོ་ཉམས་དང་བཅས་སྡིགས་མོ་བྱེད་ཞོར། བྱིས་པ་ཁྲིད་ནས་མགྱོགས་མྱུར་ངང་། དོན་ངན་ཅི་ཞིག་སྒྲུབ་པས་སུ་ཞིག་གིས་མཐོང་ཨེ་འགྲོ་སྙམ་པ་བཞིན། ཕྱིར་ལྟས་བྱེད་ཞོར་གང་མྱུར་གྱིས་གནས་དེ་དང་བྲལ། བྱིས་པས་ལན་ཅི་ཞིག་སློག་འདོད་ཀྱི་ཉམས་བསྟན་མོད། ཡང་བསྐྱར་། ཅི་ཞིག་དྲན་པ་བཞིན་མགོ་བོ་སྨད་ནས། མ་རེངས་པའི་རྣམ་འགྱུར་དང་བཅས། སྐྱེས་མའི་ལག་མགོ་ནས་རིང་འཐེན་བྱེད་ཞོར་བུད་སོང་།

  རླུང་བུ་སྔར་བཞིན་ལྡང་ཞིང་གྲང་ངར་སྔར་བཞིན་ཆེ་བས། ཀུན་ལ་འཁྱགས་སུབ་སུབ་ཀྱི་སྣང་བ་ཞིག་སྦྱིན་འོང་། ཡིན་ནའང་། གྲོང་བརྡལ་ནི་མིས་གྲུབ་ཅིང་། མི་ནི་སྡོད་ཚུགས་པའི་སྲོག་ཆགས་ཤིག་མིན་པས། གྲང་ངར་གྱི་ནམ་ཟླས་ཁོ་ཚོ་ཕྱི་རོལ་དུ་ཡོང་བར་བཀག་འགོག་བྱེད་མ་ཐུབ། རིམ་བཞིན། སྲང་ལམ་ཡོངས་སུ་མི་ཚོགས་ཇེ་མང་དུ་གྱུར། ཟང་ཟིང་ལ་དགའ་བའི་མི་རྣམས་ཀྱིས་བེམ་པོའི་མཐའ་སྐོར་ཏེ། གནས་ལུགས་ཡོད་མེད་ཀྱི་རྒྱུ་མཚན་རབ་དང་རིམ་པ་བགྲང་ནས། མི་དེའི་འཆི་རྐྱེན་ལ་ཚོད་དཔག་བྱེད་ཀྱིན་འདུག དེ་ལྟར། མི་རྣམས་ཀྱིས་བེམ་པོ་དེའི་སྐོར་དང་། ཡང་ན། བེམ་པོ་དང་ཁྱི་རྒན་དེའི་བར་གྱི་འབྲེལ་བ་གླེང་བཞིན་འདུག རྒྱུས་མེད་ཀྱི་ཤི་བོ་དེའི་ཆེད་དུ། གཞན་རྟེན་གྱི་གོམས་གཤིས་མེད་པའི་བདག་གིས། དེ་རིང་རེ་འབོད་ཀྱི་མིག་ཟུང་འཕང་བ་ཉུང་ཉུང་མིན། ད་ནི། སུ་ལ་ཡང“རོགས་པ་མཛད་རོགས”ཞེས་ཞུ་བ་བྱེད་འདོད་ཀྱི་སེམས་ཁམས་མི་འདུག་པས། ང་རང་སུས་ཀྱང་མ་ཚོར་བ་བྱས་ནས་མི་ཚོགས་ཀྱི་རྒྱབ་ཕྱོགས་སུ་བུད།

  དུས་ཡུན་ཅི་ཙམ་འགོར་བ་མ་ཤེས་མོད། བར་སྐབས་ཤིག་ལ། བདག་གིས་རྒྱང་རིང་ན་ཉེན་རྟོག་པའི་མོ་ཊ་ཡིས་ཉེན་བརྡ་སྒྲོག་གིན་པ་ཐོས། སྔོན་ཆད། དགེ་རྒན་གྱི་ལས་གནས་ནས་སྤྱུག་ཁར། ཉེན་རྟོག་པ་ཚོས་བདག་ལ་འདྲི་གཅོད་དང་འཇིགས་སྐུལ་གང་མང་བྱས་མྱོང་། དུས་དེ་ནས། ང་རང་ཁོ་ཚོར་གཏན་ནས་དགའ་བོ་མེད། དེ་བས། ཁོ་ཚོ་མ་བསླེབ་སྔོན་ལ། མྱུར་དུ་མི་ཚོགས་ཀྱི་གསེང་ལ་འཚང་ཅི་ཐུབ་བྱས་ནས། གཞན་གྱིས་ཉམས་འཇོག་མི་བྱེད་པར་འབད། ངས་དེ་ལྟར་བྱེད་དོན་ལ་རྒྱུ་མཚན་གཞན་ཞིག་ཀྱང་ཡོད་དེ། དེ་ནི། དེ་རིང་བེམ་པོ་འདི་ཐེངས་དང་པོར་མཐོང་མཁན་ང་རང་ཡིན་པས། ཉེན་རྟོག་པས་འབྲེལ་ཡོད་ཀྱི་གནས་ཚུལ་འདྲི་བ་གདོད་མི་ཟ། ཉོག་དྲ་དང་གོ་འཛོལ་བྱུང་བར་འཛེམ་པས། ཅིས་ཀྱང་རང་ཉིད་ཀྱིས་བེམ་པོ་མཐོང་བའི་དོན་དངོས་དེ་ཁོ་ཚོར་ཤེས་སུ་འཇུག་མ་བསམ་པའོ། །

  ཉེན་རྟོག་པ་རྣམས་ནི་འཇིག་རྟེན་འདིར་ཆས་སྒེར་གཤིས་མེད་པའི་རིགས་སུ་གཏོགས། ཕྱིའི་རྣམ་པ་ཡིན་ན་འདྲ། ནང་སེམས་པ་ཡིན་ན་འདྲ། ཐ་ན། ཁོ་ཚོའི་ངག་ནས་བུད་པའི་སྐད་ཆའང་། གཏམ་མགོ་བུད་ན་གཏམ་མཇུག་ཤེས་ཐུབ། རེད་དེ། འདི་ལྟ་བུའི་མི་རྣམས་ཀྱིས། ཏག་ཏག་གཞན་གྱི་ལེགས་ཉེས་བླང་དོར་ལ་གསལ་ཁ་འབྱེད་ཀྱིན་ཡོད། བདག་གིས་འདི་དག་ཡིད་ལ་དྲན་ཐེངས་རེར། མི་རྣམས་ནི་ཅིས་ཀྱང་། བླུན་པོའི་བཀོད་འདོམས་ལ་ཉན་པར་དགའ་བ་ལས། གནས་ལུགས་བཤད་མཁན་ལ་རྒྱང་བཀྱེད་ནས་འདུག་མཁན་ཤ་སྟག་ཡིན་སྣང་སྐྱེ། བདག་གི་བསམ་བྱ་འདི་ཕྱོགས་ལྷུང་གི་ལྟ་བ་ཞིག་ཏུ་མཐོང་ཡང་། ཞིབ་འདང་རྒྱབ་ན། གནས་ལུགས་གཏན་ནས་མེད་པ་ཞིག་ཡིན་མི་སྲིད་འདོད། གང་ལྟར། སྒེར་གཤིས་མེད་པའི་ཉེན་རྟོག་པ་དེ་ཚོ་གཞི་ནས་བེམ་པོ་དེའི་གམ་ལ་སླེབ་བྱུང་། བསླེབས་ནས་ཀྱང་། ཁོ་ཚོས་རྫིག་ཉམ་དང་བཅས། མཐའ་འཁོར་གྱི་མི་ཚོགས་རྒྱང་ལ་བཀྱེད་དགོས་པའི་བཀའ་རྒྱ་བསྒྲགས། མི་རྣམས་ནི་གཡང་མོ་ལུག་ཁྱུ་རྫི་བོར་འཕྲད་པ་བཞིན། གཅིག་གིས་གཅིག་ལ་ཕུད་རྒྱག་བྱེད་ཞོར་ཕྱིར་ནུར་བྱེད་ཀྱིན་འདུག

  སྐུ་ཤ་རྒྱགས་ཤིང་ཉེན་རྟོག་པའི་ལྭ་བ་གྱོན་མཁན་ཕོ་གཞོན་ཞིག་གི་བཀོད་འདོམས་འོག ལག་རོགས་པའི་བཟོ་ལྟ་མངོན་པའི་ཉེན་རྟོག་པ་གཞན་བཞི་ཡིས། རས་ཁྲའི་ཐག་པ་ཞིག་འཐེན་ཞོར། མི་རྣམས་དེའི་ནང་ལ་ཡོང་མི་ཆོག་ཅེས་སྐད་འབོད་བྱེད་ཀྱིན་འདུག སྐུ་ཤ་རྒྱགས་པ་ཅན་དེས། ཁྲོ་ཉམས་དང་བཅས། བེམ་པོའི་གམ་གྱི་ཁྱི་རྒན་དེར་རྡོག་ཐོ་གཡུག་ཞོར་ཕྱི་ལ་སྤྲད། ལག་ཤུབས་དཀར་པོ་ཞིག་བླངས་ནས་གྱོན། བེམ་པོའི་མགོ་སྐྲ་ནས་བཟུང་དེ་ཡར་འཐེན། ཡང་བསྐྱར། ལག་ཤུབས་ཕུད་ནས་གམ་ལ་གཡུག་རྗེས། སྨྱུག་གུ་དང་ཤོག་བུ་བླངས་ནས་མང་པོ་ཞིག་འབྲི་བཞིན་པའི་བཟོ་ལྟ་སྟོན། ཡུད་ཙམ་ནས། ཁོས་ཡང་བསྐྱར་ཁུག་མ་ནས་ལག་ཤུབས་གསར་པ་ཞིག་བླངས་ནས་གྱོན་ཞིང་། བེམ་པོའི་ལུས་ཀྱི་ལྭ་བའི་ཁུག་མ་སློག་གིན་འདུག དངོས་པོ་ཅི་ཡང་མ་རག་པས། ལག་ཤུབས་དེ་ཡང་ཕུད་ནས་ཕར་གཡུག་པ་དང་། ཡང་བསྐྱར་ཤོག་ངོས་སུ་མང་པོ་ཞིག་འབྲི་འགོ་བརྩམས། སྐབས་ཤིག་ལ། ཁོས་འབྲི་མཚམས་བཞག་ནས། མི་ཚོགས་ལ་ཕྱོགས་ཏེ། སྐད་ཆེན་པོས“ཉེན་བརྡ་གཏོང་མཁན་སུ་ཡིན”ཞེས་དྲིས། མི་ཚོགས་ཀྱི་དབུས་སུ་བུད་མེད་ཅིག་གིས“ང་ཡིན”ཟེར། ལྟད་མོར་གཡེང་བའི་མི་ཚོགས་ཀྱིས། མ་གྲོས་གཅིག་མཐུན་ངང་མིག་ཟུང་བུད་མེད་དེའི་ཕྱོགས་སུ་གཏད། ང་རང་ཅུང་སེམས་འཚབ་སྐྱེས། བུད་མེད་དེས། བེམ་པོའི་གམ་ན་ང་ཡོད་ཚུལ་ཉེན་རྟོག་པར་ཞུ་ངེས་བསམ། རེད་དེ། རྗེས་ཀྱི་གནས་ཚུལ་གྱིས་བདག་གི་སེམས་ཁུར་དེ་ལྷག་མ་ཞིག་ཡིན་པ་ར་སྤྲོད་བྱུང་། མོས་ཁྱི་རྒན་དང་བེམ་པོའི་སྐོར་གྱི་གནས་ཚུལ་ལས། ངའི་སྐོར་ནས་ཅི་ཡང་ལབ་མ་བྱུང་། དོན་དེས་བདག་ལ་དགའ་སྐྱོ་ཟུང་འདུས་ཀྱི་ཚོར་བ་ཞིག་སྐྱེ་རུ་བཅུག དགའ་དོན་ནི། མོས་ང་རང་བེམ་པོའི་གམ་ན་ཡོད་ཚུལ་མ་ལབ་པས། ཉེན་རྟོག་པའི་སུན་སྣང་སྐྱེ་བའི་འདྲི་གཅོད་ལ་གཞོལ་ཐུབ་པས་ཡིན། སྐྱོ་དོན་ནི། བུད་མེད་དེས་ཀྱང་། ང་རང་ཁ་དབུགས་བཞིན་མིག་ནང་དུ་མ་བཞག་པ་རེད། དོན་དངོས་འདིས། ང་ལ་མི་རྣམས་ཀྱི་དབང་ངོས་སུ་འཛིན་རུང་བའི་རིན་ཐང་ཅི་ཡང་མེད་པ་བདེན་དཔང་བྱས་འདུག

  ཉེན་རྟོག་པས་ཚོས་དུས་ཚོད་ཕྱེད་ཙམ་ལ་འདྲི་གཅོད་དང་བརྟག་དཔྱད་བྱས་རྗེས། བེམ་པོའི་མགོ་སྔ་ནས་བཟུང་ཏེ་མོ་ཊ་རུ་བཞག ཡང་བསྐྱར་མི་ཚོགས་ལ་གཤེ་གཤེ་གཏོང་བཞིན་བྲལ་སོང་། མོ་ཊ་དེ་བདག་གི་མཐོང་ལམ་ནས་ག་ལེར་རྒྱང་དུ་སྐྱོད། ཁྱི་རྒན་དེ་ཡང་ཉེན་རྟོག་པའི་མོ་ཊའི་རྗེས་འབྲང་ནས་བུད་སོང་། ངས་མོ་ཊ་དང་ཁྱི་རྒན་ལ་མིག་སྐྱེལ་བྱས་ནས་ཡུན་རིང་བསྡད། མོ་ཊ་དེ་རིང་ནས་རིང་དུ་གྱེས་ཤིང་མི་སྣང་བར་གྱུར། སྐབས་དེར། བདག་ལ་མྱུར་དུ་ཁྱིམ་ལ་ལོག་འདོད་ཀྱི་བློ་ཞིག་སྐྱེས་པས། མི་ཚོགས་ཀྱི་བར་གཤགས་ནས་མདུན་དུ་སྐྱོད། སྟབས་མ་ལེགས་པར། རྐང་སྣེ་བྱིས་པ་ཁྲིད་མཁན་གྱི་བུད་མེད་ཅིག་གི་རྐང་མགོར་སྤས། རེད་དེ། མོས་དོན་དག་ཅི་ཡང་མ་བྱུང་བའི་ཉམས་ཀྱིས། ལག་འགོར་ཁྲིད་པའི་བྱིས་པ་ལ་ཅི་ཞིག་བཤད་ནས་འཛུམ་འཚེར་འཚེར་བྱེད། བདག་གི་སེམས་ལ། མ་གཞི། བུད་མེད་དེ་ནི་རྐང་རྫུན་སྤྲད་པའི་དབང་བོ་སྐྱོན་ཅན་ཞིག་ཡིན་འདུག་བསམ། ངས་དེ་མུར་གུས་བརྩི་ལྡན་པའི་ངང་། ཁོ་མོར་དགོངས་དག་ཞུ་བའི་ཚིག་འགའ་བཤད། འོན་ཀྱང་། མོས་ཅི་ཡང་མ་ཚོར་བ་བཞིན་ལྟ་ཙམ་ཡང་མི་བྱེད་པར་བུད་སོང་། ཅི་འདྲའི་གུས་ལུགས་མེད་པའི་བུད་ཅིག བདག་གིས་དེ་ལྟར་བསམ། མོའི་བྱ་སྤྱོད་དེས། ངས་རང་ཉིད་ཀྱི་དགོངས་དག་དེ་ལྷག་མར་གྱུར་འདུག་པ་གཞི་ནས་རྟོགས། ལོ་འདི་ཚོར། ང་རང་ཆང་ཁང་དུ་འདུག་ཆེ་བས། ཕྱི་རོལ་གྱི་མི་རྣམས་ལ་འགྱུར་ལྡོག་ཆེན་པོ་བྱུང་འདུག་པ་འདྲ། ད་ལྟའི་མི་རྣམས་ཀྱིས་སྔོན་ཆད་བཞིན། ཆ་རྒྱུས་ཡོད་མེད་གང་རུང་ལ་ཨ་ལན་སྤྲོད་པའི་གཤིས་ཀ་དེ་བསྒྱུར་འདུག་པ་འདྲ། བདག་གིས་དེ་ལྟར་བསམ་ཞོར་རང་ཁྱིམ་གྱི་ཕྱོགས་སུ་གོམ་ཁ་བསྒྱུར།

  ཉི་མའི་འོད་ཟེར་སེར་ཐིང་ཐིང་ས་ཆེན་པོའི་ཕང་བར་ཡོངས་སུ་འཁྱིལ། ང་རང་ཁྱིམ་ལ་ཕྱོགས་ནས་མུ་མཐུད་དུ་མདུན་ཕྱོགས་སུ་སྐྱོད། ཉེན་རྟོག་པ་ཚོས་བེམ་པོའི་སྐོར་ལ་མུ་མཐུད་ནས་བརྟག་དཔྱད་དང་བཀོད་སྒྲིག་ཅི་ཞིག་བྱེད་ངེས་སེམས། ཁོ་ཚོས་ང་རང་བེམ་པོ་མཐོང་མཁན་ཐོག་མ་ཡིན་པ་ཤེས་སྲིད་དམ། གལ་ཏེ་ཤེས་པར་གྱུར་ན། ངེད་ཚང་ལ་ང་འཚོལ་དུ་ཐོན་ཚེ་ག་རེ་བྱས་ན་བཟང་བསམ། ཡང་། ཁོ་ཚོས་བདག་གིས་བེམ་པོ་མཐོང་བའི་གནས་ཚུལ་གསང་རྒྱ་བྱས་པ་ཤེས་ཚེ། ང་ལ་དོན་དངོས་སྦ་གསང་གི་ཉེས་པ་འདུག་ཟེར་ཡང་སྲིད། གནས་ཚུལ་གྱི་འཕེལ་རིམ་དེ་འདྲ་ཡིན་ཚེ། བདག་གིས་ཅི་ལྟར་གདོང་གཏད་བྱས་ན་འོས། མུ་མཐུད་ནས་དོན་དངོས་ཁས་ལེན་མ་བྱས་ན་བཟང་ངམ། ཡང་ན། “ང་རང་ནོར་འདུག གུ་ཡངས་རེ་གནང་རོགས”ཞེས་ཞུ་བ་བྱས་ན་ལེགས། དོན་གྱིས། དེ་གཉིས་གང་ཡིན་རུང་། རང་གི་གཤིས་སྤྱོད་དང་མཐུན་པའི་གདམ་ཀ་ཞིག་ཡིན་མི་སྲིད། བདག་ལ་མཚོན་ན། གཞན་གྱིས་ཤེས་ཟིན་ཡང་མུ་མཐུད་ནས་མགོ་སྐོར་གཏོང་འདོད་ཀྱི་བསམ་པ་མེད་ལ། ཉེས་པར་འཇིགས་ནས་སུ་ལ་ཞུ་བ་བྱེད་འདོད་ཀྱི་བློ་ཡང་མེད་དོ། ། ངས་དེ་ལྟར་བསམ་ཞོར་མུ་མཐུད་ནས་གོམ་ཁ་མདུན་ཕྱོགས་སུ་བསྒྱུར། འདི་ལེགས་དང་གན་བཟང་གི་ལན་འབྲས་ཅི་ཡང་མ་བྱུང་། དེ་བས། གནས་ཚུལ་དེའི་རིགས་ལ་བསམ་བློ་གཏོང་རྒྱུ་བསྐྱུར་ནས། ད་ནི་ཡུལ་ལ་ཐོན་གྲབས་ཡོད་བསམ་ནས་མཉམ་འཇོག་བྱེད་དུས། ང་རང་བེམ་པོ་མཐོང་སའི་སྔར་གནས་སུ་ཡང་བསྐྱར་བསླེབས་འདུག བདག་གི་སེམས་ལ། རང་ཉིད་ཀྱིས་སེམས་པ་གཞན་ལ་གཡེང་ནས། སྐབས་ཤིག་ལ། རང་གིས་ཀྱང་མ་ཚོར་བར་གོམ་ཁ་ཕྱིར་བསྒྱུར་བ་ཡིན་འདུག་བསམ། ངས་རང་གིས་རང་ལ་ལེ་བདའ་བྱེད་ཞོར། ཡང་བསྐྱར་རང་ཁྱིམ་གྱི་ཕྱོགས་སུ་བསྐྱོད།

  ལམ་ཁ་རུ། བྱིས་པ་ཞིག་གིས་རྩེ་རྡོ་སྒྲིག་ནས་ཁེར་རྩེ་བྱེད་བཞིན་པ་མཐོང་། ཁོའི་ཉེ་ལོགས་སུ་འབྱོར་པ་ན། ང་རང་བྱིས་པ་དེའི་རྩེ་སྟངས་ལ་གཡེང་ནས་རེ་ཞིག་ལུས། ཁོས་རྡོ་དཀར་གྲི་བཞི་མ་ཞིག་ལག་གཡས་པས་འདེད་ཞོར། ཁ་ནས་རླངས་འཁོར་གྱི་དུང་སྒྲར་ལད་ཟློས་བྱེད་ཞོར་མོ་ཊ་གཏོང་བའི་བཟོ་ལྟ་སྟོན། ཡུད་ཙམ་ནས། ལག་གཡོན་པས་ཀྱང་རྡོ་ནར་ཞིག་ཤུགས་ཀྱིས་འདེད་ཞོར། འཕྲུལ་རྟ་གཏོང་བའི་རྣམ་འགྱུར་དང་བཅས། ལག་གཡས་པའི་ནང་གི་རྡོ་དཀར་དེ་རྗེས་སུ་བསྐྱུར་ཞིང་། ཧབ་ཆ་དང་བཅས། “ཁྱེད་ཀྱི་མོ་ཊར་བལྟས་ན་ངའི་འཕྲུལ་རྟ་མགྱོགས་པ་ལ”ཟེར། ཡང་། སྐད་གདངས་བསྒྱུར་ནས། མོ་ཊ་གཏོང་མཁན་དེ་ཡིན་མདོག་གིས། “ཏག་ཏག་རེད། ང་རང་ནམ་ཡང་ཁྱེད་ཀྱི་དོ་ཟླ་མི་ཡོང”ཟེར་ཞོར། མཐེ་བོང་བསྒྲེང་ཏེ་འཕྲུལ་རྟ་གཏོང་མཁན་ལ་ངོ་བསྟོད་བྱེད་པའི་བཟོ་སྟོན། ཁོའི་སྤྱོད་སྟངས་དེ་ཞེ་དྲགས་སྙིང་རྗེ་བོ་རང་འདུག ང་རང་རང་དབང་མེད་པར་གད་མོ་ཤོར། བདག་གིས་བྱིས་པ་དེར་བར་ཆད་གཏོང་བར་དོགས་ནས། དེ་མུར་ལག་པས་ཁ་ཟུམ་ཏེ་རང་གི་དགོད་སྒྲའི་མགོ་གནོན་ཐབས་བྱས། རེད་དེ། བདག་གི་སེམས་ཁུར་དེ་ཡང་ལྷག་མ་ཙམ་དུ་འདུག བྱིས་པ་དེ་རྩེ་མོར་གཡེང་ནས་ང་རང་གཏན་ནས་མཐོང་གི་མི་འདུག ཐ་ན། བདག་གི་དགོད་སྒྲ་ཡང་ཐོས་ཀྱིན་མི་འདུག ང་རང་ཡང་ཆུང་དུས་ཁོ་ལྟར་རྡོ་རྣམ་པ་སྣ་ཚོགས་སྤྱད་ནས་རྩེ་མོ་རྩེས་མྱོང་། སྐབས་དེའི་བདག་གི་སྤྱོད་སྟངས་དེ། རང་ཉིད་བྱིས་པ་གཞན་གྱིས་ཁེར་རྐྱང་དུ་ཕུད་པས་ཐབས་ཟད་པ་ཙམ་ཡིན། དེ་རིང་། བྱིས་པ་འདིས་ཀྱང་བདག་དང་འདྲ་བའི་ལོ་རྒྱུས་ཤིག་བསྐྱར་འཁྲབ་བྱེད་ཀྱིན་འདུག་པས། བདག་ལ་གདུང་སེམས་མཉམ་སྐྱེས་ཀྱི་བློ་ཞིག་འགོག་མེད་དུ་སྐྱེས། བདག་གི་བསམ་པར། བྱིས་པ་འདི་ཡང་ཆུང་དུས་ཀྱི་ང་རང་བཞིན། རྩེ་གྲོགས་ཚོས་ཁ་ཡ་མ་བྱས་པ་ཡིན་ངེས་བསམ།

  ཆུང་དུས། བདག་གིས་ཀྱང་འདི་ལྟར་རྩེ་རྡོ་བཏུས་ནས་གད་པ་རུ་ཉིན་གང་བོར་ཁེར་རྩེ་བྱས་ཤིང་། སྐབས་ལན་རེར་ཉི་མ་ནུབ་ཀྱང་ཚོར་གྱིན་མེད། དེ་དུས། ཁྱིམ་ལ་ལོག་རྒྱུ་ཡང་གཏིང་བརྗེད་དུ་གྱུར་འགྲོ། མ་ལགས་ཀྱིས་ནམ་རྒྱུན་ང་རང་འགྲོ་གོམས་སུ་གྱུར་པའི་གནས་རེ་རེ་བཞིན་བཙལ་སྲིད་མོད། ལན་རེར་ཅི་ལྟར་བཙལ་ཡང་རྙེད་ཀྱིན་མེད། དེ་བས། མོས་ང་རང་འགུལ་གྱིས་ཁྱིམ་དུ་ལོག་པར་བསྒུག་ནས་སྡོད་པ་ལས་བྱ་ཐབས་མེད། བདག་གིས་བྱིས་པ་གཞན་གྱིས་རྩེ་རོགས་མི་བྱེད་པའི་དོན་དངོས་དེ་ཁོ་མོར་ཞུས། མོས་བྱིས་པ་དེ་ཚོར་སྡིགས་མོ་བྱེད་ཞོར། “རྗེས་ཕྱོགས་ཁོ་ཚོར་ཁ་ཡ་བྱེད་མི་དགོས། ནམ་ཞིག་ཁྱེད་རང་ནར་སོན་ཚེ། ན་མཉམ་གྱི་གྲོགས་པོ་མང་དུ་ཡོད་སྲིད”ཅེས་སེམས་གསོ་བྱེད། མ་ལགས་ཀྱིས་བཤད་པ་དངོས་གནས་བདེན་འདུག ང་རང་རྫོང་སློབ་ཆུང་དུ་འགྲིམས་པ་ནས། རིམ་བཞིན་གྲོགས་པོ་ཇེ་མང་དུ་གྱུར། སྐབས་ཤིག་ནས། བྱིས་དུས་ཀྱི་གྲོགས་མེད་ཁེར་རྐྱང་གི་སེམས་ཁམས་དེ་གཏིང་བརྗེད་དུ་གྱུར། དེ་རིང་ཞོགས་པའི་གནས་ཚུལ་འདི་མིན་ཚེ། ངས་རང་གི་བྱིས་དུས་ཀྱི་ཁེར་རྐྱང་གི་རྣམ་པ་དེ་ནམ་ཡང་དྲན་མི་སྲིད་པ་འདྲ། བདག་གིས་དེ་ལྟར་སེམས་ཞོར། མགོ་བོ་ཡར་བཀྱགས་ནས་བལྟས་པར། ཡང་བསྐྱར་བེམ་པོ་མཐོང་སའི་སྔར་གནས་སུ་བསླེབས་འདུག གནའ་ཤི་ད། ཐན་ལྟས་རེད་ཡ། ང་རང་འདྲེས་ཆ་ཆེ་བའི་གྲོང་བརྡལ་འདི། དེ་རིང་། ཁ་ཕྱོགས་མེད་པའི་རྨི་ལམ་ཁྲོད་ཀྱི་གནས་ཤིག་དང་འདྲ་བར། བདག་གིས་ཉིན་གང་བོར་རང་ཁྱིམ་ལ་ཕྱོགས་པའི་ལམ་བུ་དེད་ནས་སྐྱོད་ཀྱང་། མཐར། བེམ་པོ་མཐོང་སའི་གནས་དེར་ཡང་བསྐྱར་བསླེབས་འདུག

  ནུབ་མཐའི་རི་རྩེ་ན། གཉོམ་ཇི་ལེར་བཞུད་བཞིན་པའི་འོད་ཀྱི་ཕུང་བོ་དེས། ས་ཆེན་པོར་བདེ་མོ་འཇོག་གྲབས་འདུག ངས་ཨ་ཐང་ཆད་པའི་རང་གི་སེམས་པ་དེ་བདེ་རུ་འབབ་ཆེད། རང་ཁྱིམ་ལ་ལོག་འདོད་ཀྱི་འདུན་པ་བསྒྱུར་ནས། སྐྱོད་གོམས་སུ་གྱུར་པའི་ཆང་ཁང་དེར་གོམ་ཁ་བསྒྱུར། ཆང་ཁང་དམིགས་ཡུལ་དུ་བཟུང་བའི་བརྒྱུད་རིམ་ནི། རང་ཁྱིམ་ལ་སྙེག་པའི་སྣང་ཚུལ་དང་མི་འདྲ་བར། འགྲོ་ཐེངས་གཅིག་གིས་བདེ་བླག་ངང་འབྱོར་ཐུབ་པ་བྱུང་། ཆང་ཁང་དུ་མི་ཧ་ཅང་མང་། ཡིན་ན་ཡང་། སུས་ཀྱང་ང་རང་ནང་དུ་ཕེབས་པར་དོ་སྣང་མི་བྱེད།

  ང་རང་ཞབས་ཞུའི་སྟེགས་བུའི་ཉེ་སར་བཅར་ནས། ཆང་བཙོང་མཁན་གྱི་གཞོན་ནུ་མར། “སྦི་རག་དམ་བེ་གང་ཁྱེར་ཤོག”ལབ་པ་ཡིན། མོས་བདག་ལ་ཁ་ཡ་མི་བྱེད། ནམ་རྒྱུན། ང་རང་ཆང་ཁང་དུ་ཐོན་པ་ན། ཁྱིམ་མི་ཞིག་སླེབ་པ་ལྟར། དགའ་འཚེར་འཚེར་གྱིས་བསུ་བ་བྱེད་པར་མ་ཟད། འཐུང་གོམས་སུ་གྱུར་པའི་སྦི་རག་གང་དེ་རང་ཤུགས་ཀྱིས་བསྐྱལ་ནས་ཡོང་། དེ་རིང་ཅི་བྱུང་བ་ཡིན་ནམ། ང་རང་ཏན་ཏན་ཁོ་མོའི་མདུན་ན་ལངས་ནས་ཡོད་ཀྱང་། མོས་ཤེལ་གྱི་སྒེའུ་ཁུང་ནས་ཕྱི་ལ་གཟིགས་པ་བཞིན། མིག་ཟུང་གིས་བདག་གི་ལུས་པོ་བརྟོལ་ནས་རྒྱབ་ཕྱོགས་ཀྱི་མི་དེར་ཅི་དགོས་གང་དགོས་བཀའ་འདྲི་གནང་བྱུང་། ངང་ཚུལ་དེས། བདག་ལ། རང་ཉིད་ཀྱི་ལུས་པོ་ནི། བཀག་རྒྱ་ཅི་ཡང་མེད་པའི་སྟོང་གཟུགས་ཤིག་ཡིན་པའི་ཚོར་སྣང་སྟེར། ང་རང་མོའི་བྱ་སྤྱོད་ལ་ཅུང་འཚིག་པ་ཟས་ནས། ཞབས་ཞུའི་སྟེགས་བུ་རུ་བཞག་པའི་སྦི་རག་ལས། རང་འདོད་ཀྱིས་དམ་བེ་གཅིག་ཁྱེར་ནས་འཐུང་དགོས་བསམ་ཏེ། ཁྲོ་ཉམས་དང་བཅས་ལག་པ་ཤུགས་ཀྱིས་དམ་བེར་འཇུས། ཡ་མཚན། བདག་གིས་སྤར་སྙོབ་ཅིག་བྱས་ཀྱང་ལག་ཏུ་ཅི་ཡང་ཐོན་མི་འདུག ཡང་བསྐྱར་ལག་སྙོབ་ཅིག་བྱས་པར། སྔར་བཞིན་ལག་ཏུ་ཅི་ཡང་མ་ཐོན། ཐེངས་གསུམ་པར། བདག་གིས་ག་ལེར་ལག་ཟུང་ཕར་བརྐྱངས་ཏེ། དམ་བེ་དེ་བཟུང་པ་ན། དུ་སྤྲིན་གྱི་ནང་ལ་ལག་སྙོབ་བྱེད་པ་བཞིན། སོར་རྩེ་སྦི་རག་གི་དམ་བུའི་གསེང་ལ་འཐིམ་སོང་། ཨ་ཡ་མཚན། འདི་ནི་རྨི་ལམ་ཡིན་ནམ། བདག་གིས་དོན་དངོས་ཀྱི་ཕུགས་མ་རྟོགས་པས། ལོགས་སུ་ཡོད་པའི་རྐུབ་སྟེགས་སུ་བསྡད་ནས། ཆོ་འཕྲུལ་ལྟ་བུའི་གནས་ཚུལ་འདིར་བསམ་བློ་བཏང་།

  ཉིན་གང་བོར། ཁ་ལ་ཆུ་ཐིགས་ཙམ་ཡང་སོང་མེད། རེད་དེ། མངོན་གསལ་ལྟོག་སྐོམ་བྱུང་བའི་ཚོར་བ་ཅི་ཡང་མི་འདུག སྦི་རག་འཐུང་འདོད་ཀྱི་སེམས་ཁམས་སྤྱིར་བཏང་བ་དེ་མ་གཏོགས། བདག་ལ་ངེས་པར་ཅི་ཞིག་འཐུང་འདོད་ཀྱི་སེམས་ཁམས་གཞན་མི་འདུག ཆང་ཁང་དུ་སྔར་བཞིན་མི་རྣམས་ཀྱིས་ཆང་འཐུང་བཞིན་འདུག སྐབས་དེར། གྱང་ལ་བཀལ་བའི་བརྙན་འཕྲིན་ལས་དགོང་ཁའི་གསར་འགྱུར་བསྒྲགས་ཀྱིན་འདུག མདོ་འཛིན་པས“དེ་རིང་སྔ་དྲོ། བྲག་དཀར་ནུབ་ལམ་དུ། ལོ་ན་ཞེ་ལྔ་ཡས་མས་ཀྱི་སྐྱེས་པ་ཞིག་རྐྱེན་ལམ་དུ་ཤོར་འདུག་ཀྱང་། ཐོབ་ཐང་བདེན་དཔང་གི་རྒྱུ་ཆ་ཅི་ཡང་རེག་མ་བྱུང་། བརྙན་འཕྲིན་འཕྲུལ་ཆས་མདུན་གྱི་ལྟ་མཁན་ལྷན་རྒྱས་ནས། ཁོང་གི་གནས་ཚུལ་ལ་རྒྱུས་ལོན་ཡོད་ཚེ། རྫོང་སྤྱི་བདེ་ཅུས་ལ་འབྲེལ་གཏུག་བྱེད་རོགས། འབྲེལ་གཏུག་ཨང་གྲངས་་་་་་་་”ཞེས་མང་པོ་ཞིག་བསྒྲགས་ཀྱིན་འདུག བདག་གིས། གནས་ཚུལ་དེ་ནི། དེ་རིང་ཞོགས་པ་རང་ཉིད་འཕྲད་པའི་བེམ་པོ་དེའི་སྐོར་ཡིན་པ་ཤེས་ནས། མྱུར་དུ་བརྙན་འཕྲིན་ལ་བལྟས། མདོ་འཛིན་པའི་སྐད་ཆའི་རྗེས་ལ། མི་དེའི་འདྲ་པར་ཡང་འཆར་ངོས་སུ་མངོན།

  དེ་ནི། སྟོད་ལྭ་སྐྱ་བོ་གྱོན་པ། གདོང་གི་ཤ་རིད་ཅིང་། མིག་གཉིས་དོང་ལ་ལྷུང་བ། མགོ་སྐྲ་མང་པོ་མེད་པའི་སྐྱེས་པ་ཞིག་རེད། བདག་གིས་ཞིབ་ཏུ་བལྟས་པར། གང་ཞིག་ནས་མཐོང་མྱོང་བའི་བག་ཆགས་འདུག ངས་བེམ་པོ་དེ་མཐོང་དུས། ཁོ་ཁ་སྦུབ་ཏུ་འགྱེལ་འདུག་པས། བདག་གིས་དེའི་ངོ་གདོང་མཐོང་ཐུབ་མེད། དེ་བས། ཁོ་རང་མཐོང་མྱོང་སྙམ་པའི་བག་ཆགས་དེ། སྔ་དྲོ་བེམ་པོར་འཕྲད་པས་ཡིན་མི་སྲིད། འོ་ན། བདག་གིས་སྔོན་ཆད་མི་འདི་ངོ་ཤེས་སམ། རེད་དེ། བདག་ལ་འདི་འདྲའི་ངོ་ཤེས་ཤིག་ཡོད་པའི་དྲན་པ་མི་འདུག ངས་དེ་ལྟར་ཡང་དང་བསྐྱར་དུ་འདང་རྒྱབ།

  ཕྱི་རོལ་ཏུ་སྨག་རུམ་གྱི་རྫོང་ཇེ་སྟུག་ནས་ཇེ་སྟུག་རེད། ང་དང་སྨག་རུམ་གཅིག་ཏུ་འདྲེས་ནས། རང་ཉིད་ཀྱང་རྫོང་སྟུག་པའི་སྨག་རུམ་དེའི་ཆ་ཤས་སུ་གྲུབ།

རྩོམ་སྒྲིག་པ། གངས་དགའ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

བདག་པོ་མེད་པའི་བེམ་པོ།

2021-01-01 སྟག་ལྷ་འབུམ།(དཀར་མཛེས) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།