སྙན་བུའི་སྒྲུང་ཐུང་གསར་པ།《འོ་ཞིག་གི་བར་ཐག》
སྔོན་ཏག་ཏག་སྟེ། འདི་ནས་ཡར་ལ་བརྩིས་ན་དུས་ཚོད་སྐར་ཆ་སུམ་ཅུ་ལྷག་གི་སྔ་རོལ་དུ། ནད་ཁྲིའི་སྟེང་ཀན་རྐྱལ་དུ་ལོག་པའི་བགྲེས་པོ་དེའི་དབུགས་ཀྱི་རྒྱུ་བ་ད་དུང་ཆད་མི་འདུག ཧ་ཅང་ཐུང་བའི་བར་གླགས་འདིར། ང་ནད་ཁྲིའི་སྟེང་མར་བབས་ནས་ག་ལེར་བགྲེས་པོའི་གམ་དུ་སོང་སྟེ། ཁོང་གི་མཁུར་ཚོས་ངོས་ལ་ཞི་འཇམ་གྱིས་འོ་ཞིག་བྱས་པ་ཡིན། ཏག་ཏག་ཞི་འཇམ་གྱི་འོ་དེས་བགྲེས་པོའི་དྲན་པ་གང་ཞིག་བསླངས་སོང་བ་འདྲ། བགྲེས་པོས་གདོང་ལ་འཛུམ་ཞིག་དམུལ་རྗེས། ཆེས་མཐའ་མཇུག་གི་དབུགས་དབྱུང་མི་ཡུལ་དུ་བཞག་ནས་རེ་ཞིག་ཁུ་སིམ་གྱི་གནས་ག་ལ་བ་ཞིག་ལ་བསྐྱོད་དགོས་བྱུང་།
ད་ནི། ཁོང་ལ་ཞེན་ཆགས་ཅི་ཡང་མེད། ཐ་ན་རང་གི་མཁུར་ཚོས་སུ་ཞི་འཇམ་གྱིས་འོ་ཞིག་བྱས་པའི་ང་རང་ཡང་ཞེན་ས་ཆགས་ཡུལ་ཞིག་ཏུ་གྱུར་མེད་པ་ངས་གསལ་ལེར་ཤེས་ཏེ། རྒྱུ་མཚན་ནི་ཁོང་གིས་ང་བྱང་ཆུབ་བཟང་མོ་ཡིན་པ་གཏན་ནས་ཤེས་མེད་པས་ཡིན། གང་ལྟར། ཁོང་བཞུད་སོང་། རང་ཉིད་མཛེས་སྡུག་གིས་གསོན་མྱོང་བའི་འཇིག་རྟེན་འདི་ལ་བདེ་མོ་བཞག་སྟེ་སེམས་བདེ་བག་ལྷོད་ཀྱིས་བཞུད་སོང་། ཡིན་ཡང་། ང་ལ་མཚོན་ན། ཁོང་གློ་བུར་དུ་ལྷིང་འཇགས་ཀྱི་གནས་ཤིག་ལ་ཆས་སོང་བ་དེས་ངའི་སེམས་ཀྱི་ག་ཤེད་ཅིག་ཏུ་སྨྲ་མི་ཤེས་པའི་ཁེར་རྐྱང་གི་རླུང་བུ་ཞིག་ཐོལ་གྱིས་ལྡང་ཞིང་། ངའི་ཡིད་ཀྱི་ཉིན་སྲིབ་ཀུན་ཏུ་དེངས་མཐའ་མེད་པའི་སྐྱོ་གདུང་གི་སྨུག་ལོང་ཞིག་ལིང་ལིང་དུ་འཐིབས་བྱུང་།
དངོས་གནས་སྨྲ་མི་ཤེས་ཏེ། ངས་ཁེར་རྐྱང་གི་རླུང་བུ་ཞིག་ཐོལ་གྱིས་ལྡང་བ་དོན་དམ་ཁ་ཕྱོགས་གང་ནས་འོངས་པ་ཡང་མ་ཤེས། དེ་ནི་འདས་ཟིན་པའི་དུས་ཀྱི་དཔྱིད་རླུང་ཞིག་ཡིན་ནམ། ཡང་ན་མ་འོངས་པའི་དུས་ཀྱི་སྟོན་རླུང་ཞིག་ཡིན། འདི་ལྟར་སེམས་བཞིན་ང་བགྲེས་པོའི་གམ་དུ་སྐྱོ་ཉམས་དང་བཅས་འགྲེང་ནས་བསྡད། གང་ལྟར། རླུང་བུ་དེ་ནི་ངའི་སེམས་ཀྱི་ཁུང་གསེང་དང་། དྲན་པའི་བུ་ག་དང་། ཀླད་རྒྱའི་གསེང་ལམ་སོགས་མདོར་ན་རྒྱུ་བ་དང་གཡོ་བའི་ཆ་ཡོད་ཚད་ན་ལྡང་གིན་འདུག
སྐབས་འདིར། ཕྱི་རོལ་གྱི་ནམ་ཟླ་ནི་ཉིན་རེ་བཞིན་དགུན་ཁ་ཞེས་འབོད་པའི་དུས་ཚིགས་དེ་ཡི་ཉེ་ས་རུ་གཅར་གྱིན་འདུག་པས། ཧ་ཅང་འཁྱག་སྣང་སྟེར་བ་ཞིག་རེད།
ཟླ་གཅིག་གི་ཡར་སྔོན་ཏེ། ནམ་ཟླ་སྐབས་འདི་དང་ཧ་ཅང་འདྲ་བའི་ཉིན་ཞིག་ལ། བགྲེས་པོ་ཟི་ལིང་བོད་སྨན་ཁང་དུ་ཡོང་ནས་ཞག་བཞུགས་བགྱིས་ཤིང་། ཉིན་འགའ་ལ་ལུས་ཕུང་བརྟག་བཤེར་གྱི་ལས་ཀུན་སྒྲུབ་པ་དང་། ཞར་དུ་སྨན་ཆུ་ཤེལ་དུམ་འགའ་ཡང་ལུས་ཀྱི་རྩ་ལམ་ཀུན་ཏུ་དྲངས། སྨན་པས་ངེས་བཟུང་བ་ལྟར་ན་བགྲེས་པོ་ལ་ནི་སྙིང་གིས་སྐྱེད་པའི་བརྗེད་ངས་རང་བཞིན་གྱི་ནད་ཅིག་བྱུང་བ་རེད་ཟེར། ནད་འདི་ནི་ཤིན་ཏུ་ཚབས་ཆེན་གྱི་གྲས་སུའང་མི་ཐེ་མོད། འོན་ཀྱང་། བརྗེད་ངས་སུ་སོང་བ་དེས་གཅིག་དུ་ན་སྡུག་བསྔལ་མཐའ་དག་ཡལ་བར་བོར་ཏེ་བདེ་སྐྱིད་ཀྱི་རིགས་གཞན་ཞིག་བསྩལ་ཐུབ་པའི་ངེས་པ་ཡོད་ཀྱང་སྲིད་ནའང་། སྐབས་མང་པོ་ཞིག་ལ་ཅི་ནས་ཀྱང་སྐྱོ་སྡུག་དང་དངངས་འཚབ་ཀྱི་སེམས་ཁམས་ཤིག་བསྐྲུན་འོངས་པ་ཡང་ངེས་གཏན་ཡིན། ཡང་གཅིག་བཤད་ན། ནད་རྟགས་འདི་ལ་རིགས་སྣ་ཡང་དུ་མ་ཞིག་མཆིས་ཏེ། བགྲེས་པོར་བྱུང་བ་ནི་ཏག་ཏག་བར་སྐབས་དམིགས་བསལ་བ་ཞིག་གི་བྱུང་བ་གང་ཞིག་གསེས་ལེན་ནམ་བླང་དོར་སྒོས་མག་མོག་ཙམ་ཞིག་དྲན་འོངས་ནའང་། ཕལ་ཆེ་བ་ནི་བརྗེད་ངས་སུ་གྱུར་ཏེ་ཡིད་ཡུལ་གྱི་བར་སྣང་ལ་ཅི་དང་གང་ཡང་འཕོས་རྒྱུ་མེད་པ་དེའི་རིགས་སུ་གཏོགས།
ང་སྔར་བཞིན་བགྲེས་པོའི་གམ་དུ་འགྲེང་སྟེ་ཡུན་ཙམ་གྱི་དུས་ཚོད་ངའི་སྐྱོ་ཉམས་དང་བསྡོངས་ནས་ཕར་ལ་འདས་པ་ན། ནད་ཁང་དུ་ངའི་ཁྱོ་ག་གཞི་ནས་སླེབས་བྱུང་།
“མྱུར་མོར་སྨན་པ་བོས་ཤིག ཁོང་བཞུད་སོང་།” ངས་རང་གི་ཁྱོ་ག་ལ་འདི་ལྟར་བརྗོད།
ཉིན་དེར། སྨན་པ་འགའ་ཡིས་བགྲེས་པོའི་བེམ་པོ་དྲུད་དེ་ནད་ཁང་གི་ཕྱི་རོལ་དུ་འགྲོ་དུས་སུ། ངའི་མིག་ཀོང་ནས་གྱེས་བྲལ་གྱི་གདུང་བ་དང་ཤིན་ཏུ་ཉེ་བའི་མིག་ཆུའི་ཐིགས་པ་ཞིག་སྟ་གོན་ཅི་ཡང་མེད་པའི་ཚུལ་དུ་མིག་གི་ཟ་ཟུར་ཀུན་ཏུ་འཛུམ་བྱུང་། འཛུམ་ནས་ཀྱང་ཕྱོགས་གཅིག་ཏུ་དྲིལ་སྟེ་མཁུར་ཚོས་ངོས་ཀྱི་གཉེར་མའི་ལམ་བུ་བརྒྱུད་ནས་གནས་ག་ཤེད་ཅིག་ཏུ་ཁ་རོག་གེར་ལྷུང་སོང་། མཆི་མ་ཞིག་འདི་ལྟར་མར་ལྷུང་བའི་གོ་རིམ་ནི་སྐད་ཅིག་ཙམ་ཡིན་ནའང་། ང་ལ་མཚོན་ན་སྐད་ཅིག་ཙམ་གྱི་དུས་ཚོད་དེ་ནི་རྟག་བརྟན་གྱི་ངོ་བོ་ཞིག་ལ་ངོས་འཛིན་བཞིན་ཡོད།
ང་ཡང་འབྱུང་གཞི་གང་ཞིག་མ་བདེ་བས་ཟི་ལིང་བོད་སྨན་ཁང་ལ་སླེབས་དུས། བགྲེས་པོ་ཁོང་ངའི་སྔོན་ལ་སྨན་ཁང་དུ་ཡོང་ནས་ཉིན་འགའ་འགོར་ཟིན་ཞིང་། སྟབས་ལེགས་པ་ཞིག་ལ། ངེད་གཉིས་ནད་ཁང་གཅིག་ཏུ་ཁེལ་བྱུང་། འདིར་ཁེལ་ཞེས་པའི་ཐ་སྙད་འདི་བེད་དུ་སྤྱད་ན་དེ་ཙམ་འོས་མཐུན་ཞིག་དང་འབྱོར་མོ་ཞིག་མིན་པ་འདྲ་བས། ནད་ཁང་གཅིག་ཏུ་འཛོམས་བྱུང་ཞེ་ན་ཤིན་ཏུ་བརྗོད་བདེ་ཞིང་རྣ་བར་སྙན་པ་ཞིག་རེད། ངེད་གཉིས་དེ་ལྟར་ནད་ཁང་གཅིག་ཏུ་འཛོམས་རྗེས། ད་གཟོད་ཕན་ཚུན་ངོ་ཤེས་ཤིང་། ཆེས་ཐོག་མའི་ཁ་བརྡ་ཡང་སྤྱིར་བཏང་གི་འཚམ་འདྲི་ཞིག་ནས་མགོ་བརྩམས། ནམ་རྒྱུན། བགྲེས་པོ་ལ་ནི་ཁྱོ་ཤུག་དར་མ་གཉིས་རེས་མོས་སུ་འོངས་ཏེ་བདག་སྐྱོང་བྱེད་པ་དང་། ང་ལ་བདག་སྐྱོང་གནང་མཁན་ནི་ངའི་ཁྱོ་ག་གཅིག་པུ་ཡིན།
དོན་དམ་དུ་ང་ཡང་རྒས་ཤིང་འཁོགས་པའི་བགྲེས་མོ་ཞིག་ཡིན་ཏེ། ད་ནི་དགུན་ཁ་ཐེངས་བདུན་ཅུ་བརྒལ་ཟིན་པའི་སྐབས་ལ་མཆིས་འདུག ང་དང་བགྲེས་པོའི་བར་དུ་ཏག་ཏག་ལོ་གྲངས་ལྔ་ཡོད་ལ། ལོ་གྲངས་ལྔ་ཡིས་མཐོ་བའི་བགྲེས་པོ་ནི་ང་ལས་ལྷག་ཏུ་རྒས་ཉམས་དོད་ཅིང་གཟུགས་པོའང་འགལ་དུམ་བཞིན་དུ་སྐམ་རིད་འབའ་ཞིག་ཏུ་མཐོང་། དེ་ལྟ་ནའང་། བགྲེས་པོ་ནི་སྨྲ་བ་ཉུང་བའི་ཁར། ངས་བཏོན་པའི་དྲི་བ་ལ་དྲང་ཕྱོགས་ནས་ཨ་ལན་བསྐྱོན་པ་ཧ་ཅང་དཀོན།
“ཁྱེད་ཀྱི་ཕ་ཡུལ་གང་ནས་ཡིན།” ཉིན་ཞིག ངས་བགྲེས་པོ་ལ་འདི་ལྟར་དྲིས།
“ངའི་ཕ་ཡུལ— རེད་ཡ། ངའི་ཕ་ཡུལ་གང་ནས་ཡིན་ནམ།”
བར་སྐབས་ཤིག་ལ། ངའི་དྲི་བ་རེ་ལ་བགྲེས་པོས་འདི་ལྟར་ལྡོག་ཕྱོགས་དང་ཡིད་ལའང་མི་དྲན་པའི་ཨ་ལན་དག་དག་བསྐྱོན་ཡོང་དུས། ངའི་བློ་ནི་རང་བཞིན་གྱིས་མཚར་སྣང་གི་རྒྱ་རུ་ཚུད་དེ་བསྡད། དང་ཐོག ང་བགྲེས་པོའི་ནད་རྟགས་ལ་ཆ་རྒྱུས་ཅི་ཡང་མེད་སྟབས། བགྲེས་པོ་ཁོང་ལོ་ན་འདི་འདྲ་མཐོ་ནའང་། ད་དུང་ཡང་ཀུ་རེ་དང་ག་ཞའི་རྣམ་འགྱུར་ཞིག་འཛིན་ཐུབ་པ་ནི་ཇི་འདྲའི་ཁྱད་མཚར་ཨང་སྙམ། ཡིན་ཡང་། ཕྱིས་སུ་ངས་འོས་འཚམ་གྱི་བར་གླགས་ཤིག་དང་བསྟུན་ནས་བྲོ་གཡོག་མ་ཞིག་ལ་བགྲེས་པོའི་ནད་རྟགས་སྐོར་དྲིས་པར། བྲོ་གཡོག་མས་ཁ་རོག་གེར་“བརྗེད་ངས་ཀྱི་ནད་རེད”ཅེས་སྨྲ་ཞོར་དུ་གདོང་ལ་འཛུམ་ཞིག་ཀྱང་བཏོད་བྱུང་།
ངས་བྲོ་གཡོག་མའི་གདོང་ལ་འཛུམ་ཞིག་ལངས་དོན་ནི་ཅི་ཞིག་ཡིན་པ་ཧ་མ་གོ་ནའང་། མོའི་སྐད་ཆ་དེ་རྣ་ཐོས་སུ་བྱུང་བའི་མོད་ལ། གློ་བུར་བའི་སྐྱོ་སྣང་གི་རླུང་བུ་ཞིག་ངའི་སེམས་ཀྱི་ཉིན་སྲིབ་ཀུན་ལ་གྲང་ཤུར་ཤུར་དུ་ལྡང་བྱུང་། “ཨ་ཁ། དངོས་གནས་དེ་འདྲ་ཡིན་སྲིད་དམ།” ངའི་ངག་ནས་དྲི་བ་འདི་འདྲ་ཞིག་རང་ཤུགས་ཀྱིས་ཐལ་བར་གྱུར། དོན་དམ་ངས་དྲི་བ་འདི་བྲོ་གཡོག་མ་དེ་ལ་བཏོན་པ་ཡིན་མོད། སྐབས་འདིར། བྲོ་གཡོག་མ་ནི་སྔ་མོ་ནས་ཕྱིན་འདུག་པས། སྐད་ཆ་དེ་ནི་སུ་དང་གང་ཞིག་གི་སྙན་ལམ་དུའང་མ་འབྱོར་བའི་ཁེར་ལབ་འབའ་ཞིག་ཏུ་གྱུར་སོང་།
དེ་ནས་བཟུང་། ངས་བགྲེས་པོ་ལ་ད་ལྟ་བ་སྟེ། ཏག་ཏག་འབྱུང་བཞིན་པའི་དུས་ཀྱི་མཚམས་ཚིགས་འདི་ཉིད་དང་འབྲེལ་ནས་ཁ་བརྡ་སྣ་ཚོགས་བྱེད་པ་མ་གཏོགས། བྱུང་བ་འདས་པའི་དུས་དང་འབྱུང་འགྱུར་མ་འོངས་པའི་སྐོར་ནས་དྲི་བ་གང་ཡང་དྲིས་པ་མིན། འདི་ངོ་མ་འགྲིག་འདུག་སྟེ། ད་ལྟ་བ་གླེང་འོང་ཚེ། བགྲེས་པོའང་ཡར་སྔོན་ལྟར་ལྡོག་ཕྱོགས་ནས་ལན་འདེབས་མཁན་ཞིག་ནས་འགྱུར་ཏེ་དྲང་ཕྱོགས་ནས་སྐད་ཆ་སྨྲ་མཁན་ཞིག་ཏུ་གྱུར་འདུག འོན་ཏེ། ཡ་མཚར་བ་ཞིག་ནི་བགྲེས་པོས་དུས་དང་དུས་སུ་ང་ལ་“ཕྱི་རོལ་ན་ཁ་བ་འབབ་བཞིན་ཡོད་དམ”ཞེས་ཡང་དང་བསྐྱར་དུ་དྲིས་འོངས། བར་སྐབས་དེ་དག་ལ། ངས་དྲི་བ་འདིའི་མཐིལ་དོན་ལ་བསམ་བློ་ཅི་ཡང་བཏང་མ་མྱོང་།
དུས་ཀྱི་འགྲོས་དང་བསྟུན། ང་ནི་བགྲེས་པོ་ལ་བདག་སྐྱོང་བྱེད་པའི་ཁྱོ་ཤུག་གཉིས་ལས་སྐྱེས་མ་དེར་འདྲིས་ཆེ་བར་གྱུར་སོང་། སྐྱེས་མ་དེ་ནི་མ་གཞི་བགྲེས་པོའི་ཚ་བོ་ཞིག་གི་ཆུང་མ་ཡིན་ལ། མིང་ལ་བདེ་ཆེན་ལྷ་མོ་ཞེས་འབོད། མོ་ནི་གཤིས་ཀ་འཇམ་ཞིང་འགྲོགས་འདྲིས་ཆེ་བ་ཞིག་ཀྱང་ཡིན་པས་མི་ཚད། སེམས་ཧ་ཅང་ཞིབ་ཚགས་ལྡན་ཞིང་སྙིང་རྗེ་ཡིས་ཕྱུག་པ་ཞིག་རེད། ངས་བགྲེས་པོའི་ཐོས་འཛིན་དུ་མི་འགྲོ་བའི་སྐབས་གླགས་སྣ་ཚོགས་བཙལ་ནས་སྐྱེས་མ་དེ་དང་ཁ་བརྡ་བྱས་པ་ཡིན། ཁ་བརྡ་ཕལ་མོ་ཆེ་ནི་ཏན་ཏན་བགྲེས་པོའི་སྐོར་གྱི་གནས་ཚུལ་དང་འབྲེལ་འདུག ཉིན་ཞིག ངས་སྐྱེས་མ་དེའི་ངག་ནས་བགྲེས་པོའི་སྔོན་ཆད་ཀྱི་བརྩེ་དུང་གི་གཏམ་རྒྱུད་ཅིག་ཐོས་ཙ་ན། ངའི་ཡིད་སེམས་དེ་མ་ཐག་བློང་བློང་བོར་བཏང་ཞིང་། བརྩེ་དུང་གི་གཏམ་རྒྱུད་དེ་ལ་རྒྱུན་ལོན་ཞིབ་ཕྲ་ཞིག་བྱ་ཆེད། ངས་མུ་མཐུད་དུ་སྐྱེས་མ་དེ་ལ་ཕྱོགས་མང་པོ་ནས་བགྲེས་པོའི་སྐོར་གྱི་དྲི་བ་བཏོན་པར། ད་གཟོད་བགྲེས་པོ་ནི་ཡང་སྙིང་སུ་ཞིག་ཡིན་པ་གཞི་ནས་ཧ་གོ་སོང་།
“ཨ་ཁ། དངོས་གནས་ཁོ་རང་ཡིན་སྲིད་དམ།”
ངས་རང་གི་མིག་མདུན་གྱི་བགྲེས་པོར་བལྟས་ཏེ་ངག་ནས་འདི་སྐད་ཤོར། ཡིན་ཡང་། སྐབས་འདིར་བགྲེས་པོ་ནི་རང་གི་ནད་ཁྲིའི་སྟེང་དུ་གཉིད་ཀྱི་དཔལ་ལ་རོལ་བཞིན་མཆི།
ངས་བགྲེས་པོར་ཅེར་ཏེ་དང་ཐོག་རང་ཉིད་རང་ལའང་ཡིད་ཆེས་མི་ཐུབ་པའི་སེམས་བྱུང་དྲག་པོ་ཞིག་སྐྱེས་ནའང་། རིམ་གྱིས་དེ་ཉིད་བློ་ཡུལ་ལས་འགོངས་པའི་དོན་དངོས་ཤིག་གིས་བསྐྱེད་པ་ཙམ་ལས། ཅིས་ཀྱང་ཡིད་ཆེས་སུ་རུང་ཆོག་པའི་བདེན་ཁ་རྙེད་བྱུང་། དེ་ཡི་མོད་ལ། ངའི་སེམས་སུ་ཁ་སྐྱེངས་པའམ། ཡིད་དགའ་བའམ། ཞེ་སྡུག་པའམ། བློ་ཉེ་བ་སོགས་ཀྱི་ཚོར་འདུ་སྣ་ཚོགས་ཤིག་ལྷན་དུ་བསྡེབས་ཏེ་ཐོལ་ཐོལ་དུ་འཕྱུར་བྱུང་བས། ང་རེ་ཞིག་གནས་ངེས་གཏན་ཞིག་ཏུ་ཅིས་ཀྱང་སྡོད་མ་ཚུགས་པས། ག་ལེར་ནད་ཁང་གི་སྒེའུ་ཁུང་འགྲམ་དུ་བསྐྱོད་དེ་ཕྱི་རོལ་གྱི་ནམ་ཟླ་ལ་ལྟ་ཙམ་བྱས། ཉིན་དེའི་གནམ་ངོ་རུབ་འདུག་ལ། མགོ་བོ་བཏེགས་ནས་བར་སྣང་ལ་བལྟས་ན། སྤྲིན་གསེབ་དེ་རུ་ཁུ་འཕངས་མང་པོ་ཁ་རོག་གེར་བསྐུངས་འདུག་པ་དང་མཚུངས།
ཀྱེ་མ། ཁུ་འཕངས་ད་དུང་དབབ་རྒྱུ་མ་བྱུང་།
ཏག་ཏག་ཁུ་འཕངས་ལ་རེ་ཞིག་སྒུག་པའི་སེམས་ཁམས་དེས་སམ། ཡང་ན་སྤྲིན་གསེབ་དེ་རུ་ཁ་རོག་གེར་བསྐུངས་འདུག་པའི་ཁུ་འཕངས་དེ་དག་གིས་ངའི་སེམས་པ་ཕྱིར་དྲན་གྱི་ཀློང་དུ་ཁྲིད་སོང་། ཕྱིར་དྲན་དེ་ནི་རྒྱང་རིང་གི་ཡུལ་ཞིག་ན་ཡོད་དེ། འདི་ནས་ཡར་ལ་བརྩིས་ན་ཏག་ཏག་ལོ་ངོ་ལྔ་བཅུའི་ཡར་སྔོན་གྱི་དགུན་ཁའི་དུས་ཤིག་ལ་ཁེལ་འདུག ཨ། དགུན་ཁ་དེར། གཞོན་ནུ་ཞིག་གིས་ཀྱང་འདི་ལྟར་ཁུ་འཕངས་ལ་རེ་ཞིང་བསྒུགས་མྱོང་ལ། གཞོན་ནུ་མ་ཞིག་ནི་ཁུ་འཕངས་ལ་སྒུག་བཞིན་པའི་གཞོན་ནུ་དེ་ལ་སེམས་པ་ཤོར་མྱོང་།
ལོ་དེའི་དགུན་ཁ་ཇི་འདྲའི་འཁྱག་ཨང་།
གཞོན་ནུ་དེས་སྔ་མོ་ནས་སྐེ་དཀྲིས་དཀར་པོ་ཞིག་ཉོས་ཏེ། ནམ་ཟླ་ཇེ་འཁྱག་ཏུ་ཕྱིན་པའི་གླགས་དང་བསྟུན། སྐེ་དཀྲིས་དེ་གཞོན་ནུ་མ་ལ་ལེགས་སྐྱེས་སུ་སྟེར་གྲབས་ཡོད། རབ་ཡིན་ན་ཁ་བ་འབབ་པའི་ཉིན་མོ་ཞིག་ཡིན་ན་དེ་བས་ཀྱང་བཟང་སྟེ། ཁོའི་སེམས་སུ་ཁ་བ་ཞིག་དབབ་པར་རེ་ཞིང་བསྒུགས་ནས་ཡོད།
ཉིན་ཞིག ཁོ་གཉིས་དུས་ཆད་ལྟར་སློབ་གྲྭའི་མེ་ཏོག་ལྡུམ་ར་ནས་འཛོམ་རྒྱུ་བྱས་ཤིང་། གཞོན་ནུ་མ་དབུགས་ཧལ་ཧལ་རྒྱུག་འོང་དུས། དུས་ཆད་ལྟར་སླེབས་པའི་གཞོན་ནུའི་གམ་ཏུ་ཤོག་ཁུག་ཡིད་དུ་འོང་བ་ཞིག་བཞག་འདུག་པ་མཐོང་བས། མོའི་སེམས་སུ“དེ་ནི་ཇི་འདྲའི་སྙིང་དུ་སྡུག་པ་ཞིག་རེད་ཨང”སྙམ་བྱུང་།
དེ་རིང་ནི་གཞོན་ནུ་མ་ལ་མཚོན་ན་ཉིན་མོ་གལ་ཆེན་ཞིག་ཀྱང་ཡིན་ཏེ། མོ་ལོ་བཅོ་བརྒྱད་ལ་སོན་པའི་སྐྱེས་སྐར་གྱི་ཉིན་མོ་ཡིན། དེ་ལྟ་ནའང་། གཞོན་ནུ་དེས་དེ་རིང་ནི་མོའི་སྐྱེས་སྐར་གྱི་ཉིན་མོ་ཡིན་པ་རྨང་ནས་བརྗེད་འདུག
སྐབས་ཤིག་ལ། གཞོན་ནུ་དེས་མོ་ལ་འཛུམ་ཞིག་བཏོད་རྗེས། “ཨ་ཤུ། ཇི་འདྲའི་འཁྱག་པ་ལ་ཨང”ཞེས་བརྗོད་པ་ལས། གཞན་ཅི་ཞིག་ལབ་དགོས་པ་མ་ཤེས་པས་རེ་ཞིག་ཁ་རོག་གེར་བསྡད། ཁོས་རང་གི་ཉེ་གམ་གྱི་ཤོག་ཁུག་དེ་ལ་ཡང་ཡང་ལྟ་བཞིན། སེམས་སུ་ཡང་བསྐྱར་ཁུ་འཕངས་ཞིག་དབབ་རྒྱུ་ན་ཅི་མ་རུང་སྙམ་བྱུང་། གལ་སྲིད་ཏག་ཏག་སྐབས་འདིར་ཁུ་འཕངས་ཏོག་ཙམ་འབབ་རྒྱུ་བྱུང་ན། གཞོན་ནུ་དེས་ཤོག་ཁུག་ནང་གི་སྐེ་དཀྲིས་དཀར་པོ་དེ་སྒོར་བླངས་ནས་གཞོན་ནུ་མ་ལ་ལེགས་སྐྱེས་ཀྱི་ཚུལ་དུ་ཕུལ་ངེས། ཚུལ་འདི་ལ་ཁོས་དུས་ཡུན་རིང་བོར་ངང་བསྒུགས་བྱས་ཤིང་འཆར་རྩིས་བྱས་མྱོང་། ཡིན་ཏེ། ནམ་ཟླ་འཁྱག་པའི་དུས་ཚིགས་འདིར། དེ་ནི་ཧ་ཅང་དྲོད་ཁོལ་ལྡན་པ་ཞིག་མ་ཡིན་ནམ།
ཁོ་གཉིས་ནི་སློབ་ཆེན་གཅིག་གི་སློབ་མ་ཡིན། ཕན་ཚུན་ངོ་ཤེས་ནས་རིང་ཙམ་འགོར་ཡོད་ནའང་། སྔ་མོ་ནས་གཅིག་སེམས་གཅིག་ལ་ཤོར་ཡོད། ཡིན་ན་ཡང་། གཞོན་ནུ་མ་ལོ་རིམ་གཉིས་པ་ཡིན་ལ། གཞོན་ནུ་དེ་ལོ་རིམ་བཞི་པ་ཡིན་པས། ཁོ་ད་ལོ་ནི་སློབ་མཐར་ཕྱིན་པའི་ལོ་ལ་ཁེལ་འདུག ཕལ་ཆེར་རྒྱུ་རྐྱེན་འདི་ཡིས་ལན་པ་འདྲ། དུས་ཀྱི་མཚམས་ཚིགས་གང་ཞིག་ནས་བཟུང་གཞོན་ནུ་མའི་སེམས་པ་ཅིས་ཀྱང་བདེ་ཐབས་མ་བྱུང་། མོས་གཞོན་ནུ་དེ་ད་དུང་ལོ་རིམ་གཉིས་ཀྱིས་དམའ་ན་བསམས། དེ་མིན་ན་ལོ་རིམ་གཅིག་གིས་དམའ་ནའང་ཅི་ལ་མི་ཆོག་ཨང་སྙམ། གང་ལྟར། ད་ལོ་སློབ་མཐར་ཕྱིན་ཏེ་སློབ་གྲྭ་འདི་དང་ཡེ་ནས་ཁ་བྲལ་སོང་ན་མི་འདོད། སྐབས་རེར། གཞོན་ནུ་མའི་ཉམས་སྣང་ཞིག་ལ་དུས་ཚོད་ནི་མོ་ལ་མཚོན་ན་མནར་གཅོད་ཀྱི་བདེ་སྐྱིད་ཅིག་ཀྱང་ཡིན་པ་འདྲ།
ནམ་ཟླ་གློ་བུར་གློ་བུར་ཇེ་འཁྱག་ཏུ་འགྲོ་བཞིན་ཡོད་པ་ཚོར་ནའང་། ཁོ་གཉིས་རྐུབ་སྟེགས་སུ་དཔུང་བ་མཉམ་བཤིབ་ཀྱིས་ཙོག་སྟེ། སེམས་སུ་ཕན་ཚུན་ལ་ཅི་ཞིག་གླེང་དགོས་པར་བསམ་བློ་གཏོང་གིན་འདུག སྐབས་ཤིག་ལ། ལྷགས་རླུང་གི་རྒྱུ་ཕྱོགས་ཤིག་གིས། གཞོན་ནུ་མ་ལ་གྲང་འདར་གློ་བུར་བ་ཞིག་ཐེབས་ཏེ་ཁ་ནས་དབང་མེད་དུ“ཨ་ཤུ་ཤུ”ཞེས་ཐལ་ཅིང་། ལག་པ་གཉིས་འཕུར་ཙམ་འཕུར་ཙམ་བྱས་ནས་སྲོ་ཅི་ཐབས་བྱེད། གཞོན་ནུས་ཚུལ་དེ་མཐོང་འཕྲལ་རང་གི་ལག་པ་ཕར་བསྲིངས་ནས་ཁོ་མོའི་ལག་པར་འཇུས་ཏེ་བསྲོ་ན་བསམས་མོད། འོན་ཀྱང་། ཁོའི་ངག་ནས“ལག་པ་ཚུར་སྲིངས་དང”ཞེས་པའི་སྐད་ཆ་དེ་ཅིས་ཀྱང་འཁྲོལ་མ་སོང་། གཞོན་ནུ་མའང་ཁོའི་བྲང་ཁར་མགོ་བོ་བསྙེས་འདོད་ཅིག་འགོག་མེད་དུ་སྐྱེས་ནའང་། ཧ་ཅང་བག་ཚ་བར་གྱུར་བས་སེམས་ཀྱི་རྗེས་སུ་ལུས་པོ་འབྲངས་ཐབས་མ་བྱུང་།
སྔོན་ཏག་ཏག་ལ། གཞོན་ནུ་དེས་དགོད་གཏམ་ཁ་ཤས་ཤིག་བློ་ནས་ཚགས་སྒྲིག་བྱས་ཏེ། ཁོ་གཉིས་ཕྲད་རྗེས་གཞོན་ནུ་མ་ལ་དགོད་ཁ་སློང་བྱེད་དུ་སྟ་གོན་བྱས་ཡོད་ནའང་། གཞོན་ནུ་མ་ཁོའི་གམ་དུ་འབྱོར་མ་ཐག སེམས་ཀྱི་དགོད་གཏམ་དེ་དག་སྐད་ཅིག་ཉིད་ལ་སྡོང་མགོའི་བྱེའུ་དཀྲོགས་པ་བཞིན་གར་སོང་ཆ་མི་འཚལ་བར་གྱུར་ཅིང་། བློ་སེམས་གཉིས་ཀ་སྨྲ་མི་ཤེས་པའི་འཚུབ་སྣང་ཞིག་གིས་བསྒུལ་ཏེ་ལྷོག་ལྷོག་ཁོལ་བར་རྩོམ། གཞོན་ནུ་མའང་དེ་བཞིན་ཡིན་ཏེ། ཁོ་གཉིས་མ་ཕྲད་པའི་ཡར་སྔོན་དུ། ལྟ་ན་སྡུག་པའི་འཕྱོར་ལྭ་གསར་པ་གྱོན་ཏེ་རང་ཉིད་རྒྱས་པར་སྤྲས་ཤིང་། སྨན་ཆུང་ཞིག་གི་ཁ་གཤིས་བཟང་བོས་རང་གི་གཏམ་སྤྱོད་ལ་ཚོད་འཛིན་བྱེད་ནའང་། གཞོན་ནུའི་གམ་དུ་འབྱོར་བ་ན། སྐྱེངས་སྟབས་དང་འཚུབ་སྣང་ལྷན་དུ་བསྡེབས་ཏེ་འཕོས་བྱུང་བས། སྐབས་ཤིག་ལ་ཕྱིར་འབྲོ་བར་རྩོམ་པའི་འདུན་པ་ཞིག་ཀྱང་གློ་བུར་གློ་བུར་དུ་སྐྱེས་འོངས།
དུས་ཚོད་ནི་སྐད་ཅིག་སྐད་ཅིག་ལ་འདས་པའི་དུས་ཀྱི་ངོ་བོར་འགྱུར་བཞིན་གདའ།
གཞོན་ནུས་ཅི་མི་སྙམ་པར་གཞོན་ནུ་མའི་གདོང་ལ་ཟུར་མིག་གིས་ལན་ཞིག་བལྟས་པའི་མོད་ལ། གཞོན་ནུ་མས་ཀྱང་ཏག་ཏག་ཁོ་ལ་ཟུར་མིག་གིས་ལྟ་བའི་གློག་ཞགས་ཀྱི་སྣེ་མོ་གཉིས་ཕྲད་བྱུང་། སྐབས་དེ་ག་ཉིད་དུ། ཁོ་གཉིས་མཉམ་དུ་ཁ་སྐྱེངས་ཏེ་མགོ་བོ་ནང་དུ་སྒུར་སོང་ལ། གཞོན་ནུའི་སེམས་སུ་ང་ནི་སྐྱེས་ཕོ་རབ་ཅིག་མིན་ནམ། འདི་ལྟར་ངོ་ཚ་དགོས་དོན་ཅི་ལ་ཡོད་ཅེས་རང་གིས་རང་ལ་སྤོབས་སེམས་ཤིག་བསྐྱེད་མོད། འོན་ཏེ། སྔར་བཞིན་ཁ་སྐྱེངས་པའི་ཚུལ་གྱིས་སྡོད་དགོས་བྱུང་། གཞོན་ནུ་མ་ལའང་འཚུབ་སྣང་དྲག་པོ་ཞིག་སྐྱེས་ཤིང་། “ངས་ཁོ་ལ་དེ་ལྟར་མ་བལྟས་ན་འགྲིག་འདུག ཇི་འདྲའི་ངོ་ཚ་བ་ལ་ཨང་”ཞེས་སེམས་སུ་རང་ཉིད་ལ་ལེ་འདེད་ཕྲ་མོ་ཞིག་བྱེད་ནའང་། སེམས་ཀྱི་ག་ཤེད་ཅིག་ནས་དྲོད་ཁོལ་གྱི་བདེ་སྣང་ཞིག་ངང་གིས་འཕོས་ཡོང་། དེ་ནི་ཐོག་མའི་བརྩེ་དུང་གི་ཚོར་བ་རིགས་ཤིག་ཅིས་ཀྱང་ཡིན་ཏེ། མོ་ལ་མཚོན་ན། ནམ་ཟླ་ཇི་འདྲ་འཁྱག་རུང་། གཞོན་ནུའི་གམ་དུ་སྡོད་པའི་སྐར་ཆ་རེ་རེ་ནི་ཧ་ཅང་མཛེས་སྡུག་ལྡན་པ་ཞིག་ཏུ་རློམ་བཞིན་མཆི།
“ཁོས་དེ་རིང་ནི་ངའི་སྐྱེས་སྐར་ཡིན་པ་རྟོགས་སམ།”
གཞོན་ནུ་མའི་སེམས་པ་རེ་ཞིག་ནེམ་ནུར་གྱི་ཁྱོགས་ལ་འཕྱང་སྟེ་རང་གིས་རང་ལ་ཁ་རོག་གེར་དེ་ལྟར་དྲིས། གཞོན་ནུ་མས་ད་བར་དུ་སྐྱེས་སྐར་ཞིག་རོལ་མྱོང་མེད་པས། ཅིས་ཀྱང་སྐྱེས་སྐར་ཞིག་ལ་རོལ་རྒྱུ་ནི་ཧ་ཅང་གལ་ཆེན་ཞིག་མིན་ནའང་། གཞོན་ནུ་དེ་དང་མཉམ་དུ་སྐྱེས་སྐར་ལ་ཐེངས་ཤིག་རོལ་ཐུབ་པ་བྱུང་ན། ཚེ་རབས་འདིར་ཁོ་མོར་དེ་ལས་ལྷག་པའི་མཛེས་སྡུག་གི་ཕྱིར་དྲན་ཞིག་མི་འདུག
ནམ་མཁའ་སྔར་བཞིན་སྐྱ་ཐོལ་ལེར་ཡོད་ཅིང་། ཕྱོགས་ངེས་མེད་དུ་ལྡང་བའི་རླུང་བུ་འཁྱག་པོ་དེ་ལ་འཇགས་མཐའ་ཞིག་མི་འདུག
གཞོན་ནུ་དེས་མགོ་བོ་བཏེགས་ཏེ་ནམ་མཁར་ལྟ་ཙམ་ལྟ་ཙམ་བྱེད། ཁོས་སྤྲིན་གསེབ་དེ་རུ་ཁུ་འཕངས་མང་པོ་ཁ་རོག་གེར་བསྐུངས་ཏེ་ཁོ་ལ་བལྟས་འདུག་པ་ཧ་གོ་བས། ཤོག་ཁུག་ནང་གི་སྐེ་དཀྲིས་དེའི་ཁ་དོག་དང་མཚུངས་པའི་དཀར་གཙང་གི་ཁུ་འཕངས་ལ་མུ་མཐུད་དུ་རེ་ཞིང་བསྒུགས་ནས་བསྡད།
“ཁ་བ་ད་དུང་འབབ་རྒྱུ་མེད་པ་ཅི་ཞིག་གིས་ལན་ནམ།” སྐབས་ཤིག་ལ། གཞོན་ནུས་རང་ཉིད་ལ་དེ་ལྟར་ལྡོག་འདྲི་ཞིག་བྱས་ཤིང་། སེམས་སུ་ཞེ་འཁང་དྲག་པོས་འདུ་ལོང་བྱེད།
འདི་ལྟར། ཁ་བ་ནི་གཞོན་ནུའི་འདོད་བློ་ལྟར་ཅིས་ཀྱང་དབབ་རྒྱུ་མ་བྱུང་།
ཁ་བ་དབབ་རྒྱུ་མ་བྱུང་བས། གཞོན་ནུ་ལ་རེ་ཆད་ཏོག་ཙམ་སྐྱེས་ནའང་། མཇུག་མཐར། ཁོས་སྐེ་དཀྲིས་དཀར་པོ་དེ་སྒོར་བླངས་ནས་གཞོན་ནུ་མར་ལེགས་སྐྱེས་སུ་ཕུལ་བར་བློ་ཐག་བཅད།
གཞོན་ནུས་སྐེ་དཀྲིས་དཀར་པོ་དེ་ཤོག་ཁུག་ལས་ག་ལེར་སྒོར་བླངས་པ་དང་། དེ་ནས་ཧ་ཅང་དུངས་པ་ཟབ་མོའི་ངང་ནས་གཞོན་ནུ་མ་ལ“འདི་ནི་ངས་དགུན་ཟླ་འདིར་ཁྱོད་ལ་ཕུལ་བའི་སེམས་ཀྱི་ལེགས་སྐྱེས་ཡིན”ཞེས་བཤད་ཞོར། ཡིད་དུ་འོང་བའི་སྐེ་དཀྲིས་དཀར་པོ་དེ་གཞོན་ནུ་མའི་ལག་ཏུ་བཞག གཞོན་ནུ་མས་ཚུལ་དེ་མཐོང་འཕྲལ་དགའ་སྣང་དང་འཚུབ་སྣང་མཉམ་དུ་བསྡེབས་ཏེ་ལྷོག་ལྷོག་ཏུ་འཕོས་བྱུང་ལ། སེམས་འགུལ་ཐེབས་པའི་རྒྱུན་ཡང་མ་ཉམས་པ་ཕྲེང་ཕྲེང་ངེར་འདུག་པས། མིག་མཐའ་རུ་ཅི་ཞིག་དྲོད་ལམ་ལམ་འཁྱིལ་བྱུང་བའང་གཞི་ནས་ཚོར། དུས་ཀྱི་བར་གླགས་རེ་ཞིག་འདས་མུས་སུ། གཞོན་ནུ་མས་ཅུང་ཟད་གཡེར་བག་གི་ཉམས་དང་བཅས་གཞོན་ནུ་ལ“མ་གཞི་ཁྱེད་ཀྱིས་དེ་རིང་ནི་ངའི་སྐྱེས་སྐར་ཡིན་པ་ཧ་གོ་འདུག”ཅེས་སྐད་གསང་དམའ་མོས་བརྗོད་བྱུང་། སྐད་ཆ་དེ་ཐོས་མ་ཐག གཞོན་ནུ་རང་གི་རྣ་ལའང་ཡིད་མ་ཆེས་པ་ལྟར“ཅི་ཟེར། དེ་རིང་ནི་ཁྱེད་ཀྱི་སྐྱེས་སྐར་ཡིན་ནམ”ཞེས་ལྡོག་འདྲི་བྱས་པ་ན། གཞོན་ནུ་མས“ཁྱེད་ཀྱིས་སྔ་མོ་ནས་ཧ་གོ་འདུག་པ་མིན་ནམ”ཞེས་ཡིད་ཆེས་དང་བཅས་སྨྲས་བྱུང་།
དེའི་དུས། གཞོན་ནུས་ཅི་ཞིག་ལ་བསམ་བློ་གཏོང་བཞིན་ཡུད་ཙམ་ལ་ཁ་རོག་གེར་འདུག་པ་དང་། ངས་དེ་རིང་ནི་མོའི་སྐྱེས་སྐར་ཡིན་པ་དངོས་གནས་བརྗེད་འདུག་ཨང་ཞེས་རང་གི་སེམས་ལ་འདི་ལྟར་སྨྲས།
ནམ་ཟླ་སྔར་ལས་ཇེ་འཁྱག་ཏུ་ཕྱིན་པས། ཁོ་གཉིས་ཀྱང་ཕྱིར་ལྡོག་པའི་སྟ་གོན་བགྱིད། གཞོན་ནུ་དེ་མདུན་ལ་གོམ་པ་འགའ་ཙམ་བསྐྱོད་དེ་ཁ་ཕྱིར་འཁོར་ནས་བལྟས་པ་ན། གཞོན་ནུ་མས་སྐེ་དཀྲིས་དཀར་པོ་དེ་རང་གི་མགུལ་བར་དཀྲིས་ནས་འོང་གིན་འདུག་པ་མཐོང་། སྐབས་དེར། གཞོན་ནུ་མས་ཁོའི་མིག་མདངས་ལས། རང་གིས་གཞི་ནས་ཤེས་མེད་ཚོར་མེད་ངང་ཁོས་སྔོན་ཏག་ཏག་ལ་ལེགས་སྐྱེས་སུ་ཕུལ་བའི་སྐེ་དཀྲིས་དཀར་པོ་དེ་རང་གི་མགུལ་ལ་བཅིངས་འདུག་པ་རྟོགས་པས། མོ་དེ་འཕྲལ་དུ་རྟབ་རྟབ་པོར་གྱུར་ལ། དོགས་མ་བདེ་བ་ཞིག་ཀྱང་བྱུང་བས་ངོ་གདོང་ཚ་ལམ་ལམ་བྱེད། ཡིན་ཡང་། གཞོན་ནུས་ཚུལ་དེ་མཐོང་བས་སྔ་ན་མེད་པའི་དགའ་སྣང་ཞིག་སྐྱེས་ཤིང་། གཞོན་ནུ་མ་ལ་སྔར་བས་དུངས་པ་ཟབ་མོ་ཞིག་ཀྱང་འཕོས་འོངས་པར་བསྟུན། “ཨ་ལ་ལ། ཇི་འདྲའི་མཛེས་པ་ལ་ཨང”ཞེས་བསྔགས་བརྗོད་ཀྱི་སྐད་ཆ་འདི་འདྲ་ཞིག་ཀྱང་ངག་ནས་དབང་མེད་དུ་ཤོར་སོང་། གཞོན་ནུ་མས་ཀྱང་རང་གི་མགུལ་ལ་བཅིངས་པའི་སྐེ་དཀྲིས་དཀར་པོ་དེ་ལ་ལག་པས་རེག་ཙམ་རེག་ཙམ་བྱེད་པ་ལས། རང་གི་མགུལ་ནས་ཅིས་ཀྱང་ལེན་མ་འདོད།
ཁོ་གཉིས་དཔུང་བ་མཉམ་བཤིབ་ཀྱིས་ག་ལེར་མདུན་ཕྱོགས་སུ་བསྐྱོད། སྐབས་ཤིག་ལ། གཞོན་ནུའི་གདོང་ལ་ཅི་ཞིག་འཁྱག་སིབ་སིབ་ཟགས་བྱུང་། གཞོན་ནུས་ཅི་མི་སྙམ་པར་མགོ་བོ་དགྱེས་ཏེ་ལྟ་ཙམ་བྱས་པ་ན། འོ། དེ་ནི་ཁ་བ་ཡིན་འདུག དངོས་གནས་ཁ་བ་ཡིན་འདུག དཀར་བོང་བོང་གི་ཁ་བ། དྲོད་ལམ་ལམ་གྱི་ཁ་བ། ཁོ་ལ་མཚོན་ན། ཁ་བ་ནི་ཇི་འདྲའི་ཡིད་དུ་འོང་བ་ཞིག་ཡིན་ལ། ཅིས་ཀྱང་དྲོད་ཁོལ་ལྡན་པ་ཞིག་ཀྱང་ཅི་ལ་མིན་ཨང་།
“ཁ་བ་བབས་བྱུང་། ཁ་བ་བབས་བྱུང་།”
ཁོ་གཉིས་ཀྱིས་མ་གྲོས་གཅིག་མཐུན་སྒོས་དེ་ལྟར་ཟེར་བཞིན། ཕན་ཚུན་གྱི་གདོང་ལ་བལྟས་ཏེ་ལྷུག་ལྷུག་ཏུ་བགད་བྱུང་། དགོད་སྒྲ་དེ་ནི་བདེ་སྐྱིད་ཀྱི་དགོད་སྒྲ་རེད། དགོད་སྒྲ་དེ་ནི་དྭངས་གཙང་གི་དགོད་སྒྲ་རེད། ཡུད་ཙམ་གྱི་རྗེས་སུ། གཞོན་ནུ་དེས་ཧ་ཅང་བརྩེ་སེམས་འཁོལ་བའི་ངང་ནས་གཞོན་ནུ་མ་ལ“ཁྱེད་ཀྱི་སྐྱེས་སྐར་ལ་བཀྲ་ཤིས་རྟེན་འབྲེལ་ཞུ”ཞེས་བརྗོད་མ་ཐག གཞོན་ནུ་མའི་མིག་ཀོང་སླར་ཡང་འོད་ཀྲིག་ཀྲིག་བྱེད་ཅིང་། རང་དབང་ཅི་ཡང་མེད་པར་གཞོན་ནུའི་བྲང་ཁ་རུ་འཁྱུད་བྱུང་། སྐབས་གླགས་དེ་དང་བསྟུན། གཞོན་ནུས་ཀྱང་དང་ཐོག་གཞོན་ནུ་མའི་མགོ་ལ་བྱིལ་བྱིལ་ལན་ཞིག་བྱས་པ་དང་། རིམ་གྱིས་མགོ་བོ་སྨད་དེ་གཞོན་ནུ་མའི་མཆུ་སྒྲོས་ཀྱི་འདབ་ཁ་ལ་ཞི་འཇམ་གྱིས་འོ་ཞིག་བྱས་བྱུང་། འོ་དེ་ཡིས་གཞོན་ནུ་མ་རེ་ཞིག་ཁ་སྐྱེངས་ཤིང་ལུས་ཀྱི་ཤ་གསེང་ཀུན་ལ་ཙག་ཤད་རྒྱུག་པའི་ཚོར་བ་སྐྱེན་པོ་ཞིག་བྱུང་ནའང་། མོ་ལ་མཚོན་ན། ཞི་འཇམ་གྱི་འོ་དེ་ནི་མོའི་མི་ཚེ་འདིའི་བརྩེ་དུང་གི་འོ་ཐོག་མ་དེ་ཡིན་པས། འོ་དེ་ནི་ནམ་དུ་ཡང་བརྗེད་དཀའ་བའི་ཕྱིར་དྲན་ཞིག་ཡིན་ངེས་ལ། ཅིས་ཀྱང་མཛེས་སྡུག་ཏུ་རློམ་ཆོག་པའི་བསླད་མེད་ཀྱི་ལེགས་སྐྱེས་ཤིག་ཀྱང་ཅི་ལ་མིན་ཨང་།
འོ་རེད། ཁོའི་མིང་ལ་ཚེ་རིང་བཀྲ་ཤིས་ཟེར། ནམ་རྒྱུན། ཁོས་ང་ལ་བཟང་མོ་ཞེས་འབོད་ཅིང་། ངས་ཁོ་ལ་ཚེ་བཀྲ་ཞེས་བོས་པ་ཡིན། ཚེ་བཀྲ། ཚེ་བཀྲ། ང་རང་འདི་ལྟར་འབོད་པར་ཧ་ཅང་དགའ།
ཏག་ཏག་སྐབས་འདིར། ནད་ཁྲིའི་སྟེང་གཉིད་དུ་ཡུར་བའི་བགྲེས་པོ་གློ་བུར་དུ་སད་བྱུང་། དེ་དང་བསྟུན། ཕྱིར་དྲན་གྱི་ཀློང་དུ་བྱིངས་ཏེ་འདི་ནས་ཡར་ལ་བརྩིས་ན་ཏག་ཏག་ལོ་ངོ་ལྔ་བཅུའི་ཡར་སྔོན་གྱི་དགུན་ཁ་དེར་སླེབས་འདུག་པའི་ང་ནི་ཧར་སད་ཐེངས་ཤིག་གིས་གཞི་ནས་ད་ལྟ་བའི་དངོས་ཡོད་འཚོ་བ་རུ་སླར་ཐོན་བྱུང་། དེ་ལྟ་ནའང་། ངའི་ཉམས་སྣང་ཞིག་ལ་རང་གི་ལུས་སྟེང་ན་ད་དུང་ཡང་ལོ་ངོ་ལྔ་བཅུའི་ཡར་སྔོན་གྱི་འཚུབ་སྣང་ཞིག་དང་དགའ་སྣང་ཞིག་ལྷག་ལུས་སུ་བྱུང་ཡོད་པ་འདྲ་སྟེ། ངས་བགྲེས་པོ་མཐོང་མ་ཐག གདོང་ལ་སྐྱེངས་སྟབས་ཀྱི་མདངས་ཤིག་རང་བཞིན་གྱིས་མངོན་བྱུང་བ་དང་། རེ་ཞིག་གི་ཙམ་ལ་སྐད་ཆ་གང་ཞིག་བརྗོད་དགོས་པའང་མ་ཤེས་པར་ལུས།
ཡིན་ཡང་། བར་སྐབས་དེ་འདས་རྗེས། ངའི་སེམས་ཀྱི་རི་ལུང་ཀུན་ཏུ་སྐྱོ་སྡུག་གི་ན་བུན་འཁྱུག་འཁྱུག་ངང་འཐིབས་བྱུང་། ངས་རང་གི་མིག་མདུན་གྱི་གཟུགས་པོ་སྐེམ་རིད་དུ་གྱུར་བའི་བགྲེས་པོ་དེ་ལ་ལྟ་བཞིན། སེམས་ལ་འདི་ལྟར་དྲན་བྱུང་། ཁོང་ནི་ལོ་ངོ་ལྔ་བཅུའི་ཡར་སྔོན་གྱི་གཞོན་ནུ་དེ་རེད་ཟེར་ན་ཅིས་ཀྱང་ངུ་སྐྱེན་པ་ཞིག་ཡིན་ལ། དེ་མཚུངས་སུ། རང་ཉིད་ཀྱང་ལོ་ངོ་ལྔ་བཅུའི་ཡར་སྔོན་གྱི་གཞོན་ནུ་མ་དེ་ཡིན་ཟེར་ན་ཅིས་ཀྱང་ངོ་ནོངས་པ་ཞིག་མ་ཡིན་ནམ།
“ཕྱི་རོལ་ན་ཁ་བ་འབབ་བཞིན་ཡོད་དམ།”
ང་རེ་ཞིག་བསམ་གཞིག་གི་ཀློང་དུ་ཚུད་ནས་སྡོད་དུས། བགྲེས་པོས་ཡང་བསྐྱར་འདི་ལྟར་དྲིས་པས། ང་ནི་བསམ་གཞིག་གི་ཧད་ལས་དཀྲོགས་ཏེ་འཛུམ་དམུལ་དམུལ་གྱིས་ཁོང་ལ། “གནམ་ངོར་བརྟག་ན། འབབ་རྒྱུ་ཡིན་པ་འདྲ”ཞེས་ཨ་ལན་གསལ་པོ་ཞིག་བསྐྱོན། ད་ལྟ། ངས་བགྲེས་པོས་ཡང་དང་བསྐྱར་དུ་དྲིས་འོངས་པའི་དྲི་བ་དེའི་མཐིལ་དོན་རྟོགས་སོང་། གལ་སྲིད་ང་རང་འཕྱུག་མེད་ན། ཁོང་གིས་བྱུང་བ་འདས་པའི་དུས་ཀྱི་མཛེས་སྡུག་གི་དགུན་ཁ་དེ་དྲན་བཞིན་འདུག ཁོང་གིས་ད་དུང་སྐེ་དཀྲིས་དཀར་པོ་དང་འདྲ་བའི་དག་གཙང་གི་ཁ་བ་ལ་རེ་ཞིང་སྒུག་བཞིན་མཆི། ཀྱེ་མ། ཁོང་གིས་ཡོད་ཚད་བརྗེད་ངས་སུ་གྱུར་ཏེ་མི་དྲན་པ་མིན་ནམ། ང་སླར་ཡང་རང་དབང་མེད་པར་བསམ་གཞིག་གི་ལས་ལ་དྲངས་སོང་།
ངའི་གཞིགས་ངོར། ང་དང་བགྲེས་པོ་གཉིས་ནི་མི་ཚེ་འདིར་ཕན་ཚུན་ལ་དུང་བ་ཆེས་ཟབ་ཅིང་བརྩེ་བ་ཆེས་རིང་བའི་ཡིད་འོང་གི་མི་དེ་ཡིན་པར་རློམ་ཡོད། ཡིན་ཡང་། དོན་དངོས་སུ་དེ་འདྲ་ཞིག་ཀྱང་མ་ཡིན་ཏེ། ངེད་གཉིས་འགྲོགས་ནས་ཟླ་བ་ཁ་ཤས་འདས་རྗེས། ཚེ་བཀྲ་སློབ་མཐར་ཕྱིན་ཏེ་རང་གི་ཕ་ཡུལ་ལ་བུད་སོང་། ངེད་གཉིས་དངོས་སུ་ཁ་མ་གྱེས་པའི་སྔོན་ལ། ནམ་རྒྱུན་ལྟར་སློབ་གྲྭའི་མེ་ཏོག་ལྡུམ་རའི་ཟུར་ཞིག་ནས་ལྷན་དུ་འཛོམས་ཤིང་། ཕན་ཚུན་ལ་སྙིང་གཏམ་མང་པོ་ཞིག་སྐད་ཆའི་ལམ་ནས་བརྗོད། འཛུམ་གྱི་ཟོལ་གྱིས་བསྟན། ངུ་ངག་གི་གདངས་སུ་ཡང་བཀུག ཡང་ཞེ་གཏམ་ཁ་ཤས་ནི་ཟུར་གྱིས་སྨྲས། ཤུགས་ཀྱིས་བསྟན། ལ་ལ་གླེང་མ་ཕོད་པས་ཕྱིར་ཁོག་ཏུ་མིད། འོན་ཀྱང་། ང་ལ་མཚོན་ན། ངེད་གཉིས་ཁ་གྱེས་དུས་སུ་རང་འགུལ་སྒོས་ཁོ་ལ་འོ་ཞིག་བྱེད་མ་ཐུབ་པ་དེ་ད་ལྟ་ད་དུང་སེམས་ཁོང་ན་འགྱོད་པ་ཉག་གཅིག་ཏུ་གྱུར་ནས་འདུག དེ་དུས་ཀྱི་ང་ལ་མཚོན་ན། རང་གི་ལུས་སེམས་གཉིས་ཀ་ཕྱི་གཙང་ནང་གཙང་གིས་ཁོའི་མིག་ལམ་དུ་འགྲེམ་སྟོན་ཐེངས་ཤིག་བྱེད་འདོད་ནའང་རེ་བ་དེ་ཡང་ཡིད་བཞིན་དུ་འགྲུབ་མ་ཐུབ། ཐོག་མའི་བརྩེ་དུང་གི་དགའ་བདེ་ཉམས་སུ་མྱོང་བཞིན་པའི་གཞོན་ནུ་མ་ཞིག་ལ་མཚོན་ན། འདི་ལྟའི་ཚོར་བ་དྲག་ཏུ་འཕྱོ་བ་ཡང་བསམ་ཤེས་སྒོམ་ཐུབ་པ་ཞིག་ཅི་ལ་མིན་ཨང་།
འོན་ཀྱང་། ངེད་གཉིས་ནི་དེ་ལྟར་དུ་མི་འདོད་པ་ཁྲི་ཕྲག་ཅིག་དང་བསྡོངས་ནས་ཁ་གྱེས་རྗེས། རང་རང་སོ་སོའི་ངོས་ཐད་ཀྱི་རྒྱུ་དང་རྐྱེན་ཕྲ་མོ་དུ་མ་ཞིག་གི་དབང་གིས་ད་ལྟའི་བར་དུ་སླར་ཡང་ངོ་འཕྲད་པའི་སྐལ་བ་ཞིག་ལྡན་མ་བྱུང་། འདི་ནི་ངེད་གཉིས་སུ་ལ་མཚོན་ནའང་ཅིས་ཀྱང་སྐྱོ་སྣང་གི་འོས་སུ་ཆེ་ཞིང་ཞེ་ཕངས་ཀྱི་གྲོགས་སུ་རུང་བའི་དོན་དག་ཅིག་ཅི་ལ་མིན། ཕྱིས་སུ་ངེད་གཉིས་ཀྱིས་རང་རང་གི་འཇིག་རྟེན་ནས་འཁོར་བ་ཆུང་ཆུང་རེ་བསྐྱངས་ཤིང་ད་ནི་བུ་དང་བུ་མོ། ཚ་བོ་དང་ཚ་མོའི་འཁོར་ཚོགས་ཤིག་གི་དབུ་འཛིན་དུ་ཡང་གྱུར་འདུག
ངས་རང་དང་ནད་ཁང་གཅིག་ཏུ་སྡོད་པའི་བགྲེས་པོ་དེ་ནི་ལོ་ངོ་ལྔ་བཅུའི་ཡར་སྔོན་གྱི་མིང་ལ་ཚེ་རིང་བཀྲ་ཤིས་ཞེས་འབོད་པའི་གཞོན་ནུ་དེ་ཡིན་པ་ཤེས་ནས་བཟུང་། ཁོ་དང་ཁ་བརྡ་ཇེ་ཉུང་དུ་བཏང་བ་དང་། སྐབས་རེར་རང་གི་མདུན་ཐད་ཀྱི་བགྲེས་པོ་དེས་རང་ཉིད་ནི་དེ་དུས་ཀྱི་ལང་ཚོའི་མཛེས་པ་ཇི་དགར་འཐུང་བའི་ན་ཆུང་གི་གཞོན་ནུ་མ་དེ་ཡིན་པ་ཤེས་ཨེ་ཡོང་ངམ་དོགས་ནས། བགྲེས་པོའི་མིག་མདངས་ལ་བསམ་བཞིན་དུ་ཟུར་གཡོལ་བྱས་པ་ཡིན། གལ་སྲིད། ཁོས་གཞི་ནས་ཤེས་སོང་ན་དེ་ཉིད་ཅིས་ཀྱང་ངོ་ཚ་ཞིག་གི་གཞི་རུ་འགྱུར་ངེས་ཏེ། ད་ལྟའི་རང་ཉིད་ནི་རྒས་འཁོགས་ལོན་འདུག་པས་མཛེས་འཛིན་དུ་རུང་བའི་རང་མདངས་ཡོད་ཚད་སྔ་མོ་ནས་དུས་ཚོད་ཀྱི་ཁ་ཟོས་སུ་གྱུར་ཚར་བ་རྟགས་སུ་གྲུབ། དེ་ལྟར་ཡིན་དུ་ཆུགས་ཀྱང་། ངས་རང་ལུས་ཀྱི་གནས་གང་ཞིག་ན་ད་དུང་ཡང་ཤིན་ཏུ་ཉག་ཕྲ་བའི་མཛེས་སྡུག་གི་ཆ་ཤས་ཤིག་ཡོད་པར་མཐའ་གཅིག་ཏུ་རློམ་ཡོད། དེ་ནི་ཐོག་མའི་བརྩེ་དུང་ལ་བཅངས་པའི་བསླད་མེད་དྭངས་གཙང་གི་སེམས་པ་དེ་ཡིན་ནམ།
ཡིད་ཤིན་ཏུ་ཕངས་པ་ཞིག་ལ། ངས་རང་དང་ནད་ཁང་གཅིག་ཏུ་ཡོད་པའི་བགྲེས་པོ་དེ་ལོ་ངོ་ལྔ་བཅུའི་ཡར་སྔོན་གྱི་ཚེ་རིང་བཀྲ་ཤིས་ཡིན་པ་ཤེས་པའི་ཉིན་གཉིས་ཀྱི་རྗེས་སུ། ཁོང་ནི་རང་གི་ནད་ཁྲི་རུ་ཁུ་སིམ་དང་ལྷིང་འཇགས་ཀྱི་ཞིང་ཁམས་གཞན་ཞིག་ལ་ཆས་སོང་།
ཉིན་གཉིས་ཀྱི་རིང་དེར། ངས་བགྲེས་པོ་ལ་བདག་སྐྱོང་བྱེད་པའི་སྐྱེས་མ་དེའི་ངག་ནས་གཏམ་འདི་འདྲ་ཞིག་རྒྱུས་ལོན་བྱུང་སྟེ། བགྲེས་པོའི་ཆུང་མ་ནི་ལོ་བཅུའི་ཡར་སྔོན་གྱི་དགུན་ཁ་ཞིག་ལ། གློ་བུར་བའི་རླངས་འཁོར་གྱི་དོན་རྐྱེན་ཞིག་ལས་ཅིས་ཀྱང་ཐར་མ་ཐུབ། དོན་དམ་དུ་གློ་བུར་བའི་དོན་རྐྱེན་དེའི་དབང་འོག་ཏུ་བགྲེས་པོ་ཁོ་ཡང་ཚུད་འདུག་མོད། ལས་ཀྱི་བཀོད་སྒྲིག་གང་ཞིག་གིས་ཁོ་རང་ནི་གསོན་ཐུབ་པ་བྱུང་མོད། ཡིན་ཡང་། དེ་ནས་བཟུང་ཀླད་པའི་དབང་རྩ་གང་ཞིག་ལ་འཐུས་ཤོར་བྱུང་སྟེ་བརྗེད་ངས་ཀྱི་མངོན་རྟགས་ཤིག་ངང་གིས་ཤར་ཞིང་། དུས་ཀྱི་འགྲོས་དང་བསྟུན་མངོན་རྟགས་དེ་ཇེ་གསལ་ཇེ་ཐུ་རུ་གྱུར་བར་བརྗོད། ཉིན་དེར། ཏག་ཏག་ས་འཛིན་གྱི་ཕང་བ་རུ་ཁུ་འཕངས་ཀྱི་དངོས་གྲུབ་སྩོལ་བཞིན་འདུག་པས། དོན་རྐྱེན་དེ་ལ་རྐྱེན་བྱས་ཏེ། ཁ་བ་ནི་བགྲེས་པོ་ལ་མཚོན་ན་ནམ་ཡང་སེམས་ཁྲལ་ཞིག་ཏུ་གྱུར་སོང་བ་རེད་ཟེར། གཏམ་འདི་འདྲ་ཞིག་ཐོས་འཕྲལ་དུ། ངས་ད་གཟོད། ད་གཟོད་བགྲེས་པོས་ནམ་རྒྱུན“ཕྱི་རོལ་ན་ཁ་བ་འབབ་བཞིན་ཡོད་དམ”ཞེས་དྲིས་འོངས་པའི་དྲི་བ་འདིའི་མཐིལ་དོན་ཡོངས་སུ་རྟོགས་སོང་། མ་གཞི་དེ་ནི་ཁོང་གིས་བྱུང་བ་འདས་པའི་དུས་ཀྱི་མཛེས་སྡུག་གི་དགུན་ཁ་དེ་དྲན་པ་མ་ཡིན་ལ། སྐེ་དཀྲིས་དཀར་པོ་དང་འདྲ་བའི་དག་གཙང་གི་ཁ་བ་ལ་རེ་ཞིང་སྒུག་བཞིན་ཡོད་པའང་ཡིན་མི་འདུག ཡིན་པ་ནི་རང་གི་ཆུང་མ་རྐྱེན་ལམ་དུ་ཤོར་བའི་བྱུར་གྱི་སྣ་འདྲེན་ཏེ་ཁ་བ་ལ་བཅངས་པའི་སེམས་ཁྲལ་རིགས་ཤིག་ཡིན་པ་གཞི་ནས་འཕྲིགས་པར་གྱུར།
དེ་ལྟ་ནའང་། ངས་དེའི་ཕྱིར་དུ་སེམས་སྡུག་མ་བྱས་ལ་ཡི་ཆད་ཞེ་ཕངས་ཀྱང་མ་བྱུང་། སྔོན་ཆད་དཀར་གཙང་གི་ཁ་བ་ལ་རེ་ཞིང་སྒུག་པའི་གཞོན་ནུ་དེ། ད་ཆ་ཁུ་འཕངས་ཀྱི་འདབ་མ་གཅིག་ས་ལ་ལྷུང་བར་ཡང་སེམས་ཁྲལ་གྱིས་ཁེངས་པའི་བགྲེས་པོ་ཞིག་ཏུ་གྱུར་གདའ། འདི་ཡང་མི་ཚེའི་གོ་རིམ་ཞིག་ངོ་མ་ཡིན་མཆི།
བགྲེས་པོའི་དབུགས་ཀྱི་རྒྱུ་བ་མ་ཆད་པའི་སྔོན་ཏག་ཏག་ལ། ངས་རང་སེམས་སུ་འདི་ལྟར་སེམས་ཐག་བཅད། ངས་ནི་ཁོང་ཚེ་རིང་བཀྲ་ཤིས་ཡིན་པ་ཤེས་ནའང་། ཁོང་གིས་ང་བྱང་ཆུབ་བཟང་མོ་ཡིན་པ་ཤེས་མི་སྲིད། འོན་ཏེ། ང་ནི་ཁོང་དང་མཉམ་དུ་བརྩེ་དུང་གི་འོ་ཞོ་ཐོག་མ་འཐུང་མཁན་གྱི་གཞོན་ནུ་མ་དེ་ཡིན་པ་སུས་ཀྱང་བསྙོན་དུ་མེད་པས། ལོ་ངོ་ལྔ་བཅུའི་ཡར་སྔོན་དེར་རྗེས་འགྱོད་དུ་ལུས་པའི་སེམས་ཀྱི་རེ་བ་དེ་ཅིས་ཀྱང་མ་སྒྲུབ་ན། དེ་ཉིད་རང་གི་མི་ཚེ་གཅིག་གི་ཕམ་ཁ་ཞིག་ཏུ་བརྩི་མི་རུང་མོད། ཐོག་མ་ནས་བརྩེ་དུང་གིས་བསྐྲུན་པའི་ཚེ་སྲོག་འདི་ལ་མ་མཐའ་ཡང་ཞན་ཆ་ཕྲན་བུ་ཞིག་བསྒོས་སོང་བ་ནི་ངེས་གཏན་ཡིན། ད་ལྟ་བའི་དུས་ཚོད་འདི་ཉིད་དམ་འཛིན་བྱས་ཏེ། ཐོག་མའི་བརྩེ་དུང་དེའི་ཆེད་དུ། ཁོང་ལ་ཡང་བསྐྱར་འོ་ཞིག་བྱའོ། །
བགྲེས་པོས་མིག་ཟུང་ཆེ་རུ་བགྲད་མེད་སྟབས་ང་དོན་དམ་སུ་ཡིན་མིན་དབྱེ་འབྱེད་མི་ནུས་མོད། ངས་ཁོའི་མཁུར་ཚོས་ངོས་ལ་ཞི་འཇམ་གྱིས་འོ་ཞིག་བྱས་པ་དེ། བགྲེས་པོའི་ཚེ་སྲོག་གི་ཆེས་མཇུག་མཐའི་སྐྱེལ་མ་རུ་གྱུར་སོང་། ཡིན་ཡང་། ཏག་ཏག་ཞི་འཇམ་གྱི་འོ་དེས་བགྲེས་པོའི་དྲན་པ་གང་ཞིག་བསླངས་སོང་སྟེ། ཁོང་གིས་ནི་བར་སྐབས་དམིགས་བསལ་བ་ཞིག་གི་བྱུང་བ་གང་ཞིག་གསེས་ལེན་ནམ་བླང་དོར་སྒོས་མག་མོག་ཙམ་ཞིག་དྲན་ཐུབ་པས་ན། ཁོང་གི་སྣང་ངོར། ཞི་འཇམ་གྱི་འོ་དེ་བྱེད་མཁན་ནི་ཏག་ཏག་རང་གི་ཆུང་མ་ཡིན་པའི་འཕྲུལ་སྣང་མག་མོག་ཅིག་སྐྱེས་པའི་མོད་ལ། བཞིན་ལ་ལྷད་མེད་ཀྱི་འཛུམ་ཞིག་དམུལ་རྗེས། ཆེས་མཐའ་མཇུག་གི་དབུགས་དབྱུང་མི་ཡུལ་དུ་བཞག་ནས་རེ་ཞིག་ཁུ་སིམ་གྱི་གནས་ག་ལ་བ་ཞིག་ལ་བསྐྱོད་དགོས་བྱུང་།
“འོ་དེ་ནི་བགྲེས་པོ་ལ་མཚོན་ན་ཇི་འདྲའི་མཛེས་སྡུག་གི་ཕེབས་སྐྱེལ་ཞིག་རེད་ཨང་།”
ཉིན་དེར། སྨན་པ་འགའ་ཡིས་བགྲེས་པོའི་བེམ་པོ་དྲུད་དེ་ནད་ཁང་གི་ཕྱི་རོལ་དུ་སོང་རྗེས། ང་ནི་རང་གི་ནད་ཁྲི་རུ་ལྷུང་སྟེ་ལྗིད་ཏིག་ཏིག་གི་བསམ་གཞིག་སྣ་ཚོགས་ཀྱིས་ངའི་ཡིད་ཁོང་གཅོང་ལྷང་ངེར་བཏང་ཞིང་། སྐད་ཆ་འདི་འདྲ་ཞིག་ངག་ནས་རང་དབང་མེད་པར་ཤོར་སོང་།
“འོ་ཞིག་གི་བར་ཐག་ནི་ཇི་འདྲའི་རིང་ཨང་། ཏག་ཏག་ལོ་ཡི་འཁོར་མོ་ལྔ་བཅུ་སྟེ། འོ་དེ་ནི་ལོ་ཟླ་ཞག་ཚེས་བགྲང་མེད་ཅིག་ལ་བསྙལ་བའི་སེམས་ཀྱི་འོ་ཞོ་སྐྱུར་མོ་ཞིག་དང་འདྲ་ལ། ཡང་བསམས་ཀྱང་བསམ་ན། འོ་ཞིག་གི་བར་ཐག་ཀྱང་ཇི་འདྲའི་ཐུང་ཨང་། ཏག་ཏག་སྐྱེ་འཆི་ཐེངས་ཤིག་གི་སྔ་ཕྱི་སྟེ། འོ་དེ་ནི་འཇིག་རྟེན་གཉིས་ཀྱི་བར་དུ་བཞེངས་པའི་ཡིད་འོང་གི་ཟམ་པ་ཆུང་ངུ་ཞིག་དང་ཇི་འདྲའི་མཚུངས་ཨང་། གང་ལྟར། འོ་དེ་ནི་བགྲེས་པོ་ལ་མཚོན་ན་ཇི་འདྲའི་མཛེས་སྡུག་གི་ཕེབས་སྐྱེལ་ཞིག་རེད་ཨང་།”
ཕྱི་རོལ་གྱི་ནམ་ཟླ་ཧ་ཅང་འཁྱག སྐད་ཅིག་ཉིད་ལ་དགུན་ཁ་སླེབས་བྱུང་བ་འདྲ། ད་ལོའི་དགུན་ཁ་འདིའི་ཁ་བ་ཐོག་མ་དུས་ནམ་ཞིག་ལ་ཚུལ་ཇི་ལྟར་དུ་བབས་ཡོང་ངམ།
*2016ལོའི་ཟླ་10པའི་ཚེས་27ཉིན་བྲིས།
2019ལོའི་ཟླ་11པའི་ཚེས་2ཉིན་གསར་དུ་ཁ་སྣོན་དང་བཟོ་བཅོས་དུ་མ་བརྒྱབ་སྟེ་གྲུབ།
2019ལོའི་ཟླ་11པའི་ཚེས་3ཉིན་ཞུ་དག་ཐེངས་དང་པོ་བྱས།
2019ལོའི་ཟླ་11པའི་ཚེས་10ཉིན་ཞུ་དག་ཐེངས་གཉིས་པ་བྱས།
རྩོམ་སྒྲིག་པ། དབང་མོ།
རྩོམ་ཁུངས། ངེད་དྲ་བ།