འཁོར་བའི་ལན་ཆགས།
དེ་རིང་། དར་མདོའི་གནམ་གཤིས་ཧ་ཅང་འཁྱག་སྟེ། ཕྱི་རོལ་ན་ཤ་གསེང་རུས་གསེང་དུ་ཙག་ཤེད་སྟེར་བའི་གྲང་རླུང་འུར་འུར་དུ་ལྡང་ཞིང་། མདང་ནུབ་མཚན་གུང་དུ་བབས་པའི་ཁ་བ་སྲབ་མཐུག་རན་པ་དེའང་རླུང་བུར་བཞོན་ཏེ་གང་སར་འཕུར་བཞིན་གདའ།
དེ་རིང་གི་དར་མདོའི་གནམ་གཤིས་ནི་སྒྲོལ་མ་ཐོག་དང་པོར་དར་མདོར་སླེབས་པའི་གནས་བབ་དང་ཅི་འདྲའི་མི་མཚུངས་ཨང་།
སྒྲོལ་མ་ཐོག་དང་པོར་དར་མདོར་སླེབས་དུས། ལུས་ཀྱི་ཡན་ལག་ཐམས་ཅད་ནི་དེ་རིང་གི་གནམ་གཤིས་བཞིན་གྲང་ཤུར་ཤུར་དུ་གནས་ལ། སྙིང་གི་འཕར་ལྡིང་ཡང་དེ་རིང་གི་རླུང་བུ་བཞིན་འཇགས་དཀའ་བར་འདུག
འོན་ཀྱང་། དུས་ཚོད་ཀྱི་གོམ་སྟབས་མདུན་དུ་བསྐྱོད་པ་དང་བསྟུན་ནས། སྙིང་གི་འཕར་ལྡིང་ནི་རླུང་བུ་ཇི་བཞིན་རིམ་གྱིས་འཇགས་སོང་ལ། ལུས་ཀྱི་ཆ་ཤས་ཐམས་ཅད་ཀྱང་གནམ་གཤིས་ཀྱི་འགྱུར་ལྡོག་ལྟར་དྲོ་གྲང་རེས་མོས་སུ་འཁོར་མོད། འོན་ཀྱང་། སྒྲོལ་མའི་སེམས་ཁམས་ནི་དར་མདོའི་དགུན་ཟླ་རིང་མོ་བཞིན། ཡང་ན་ཁ་བ་དང་བུ་ཡུག་གི་ཁྲོད་ན་གནས་པའི་ཁེར་རྐྱང་གི་སྡོང་ལོ་བཞིན། ནམ་ཡང་དྲོད་ཁོལ་གྱི་དཔལ་ཡོན་རྒྱས་པའི་དབྱར་གཞུང་ཞིག་ཏུ་འགྲིམ་མ་ཐུབ། དྲང་མོར་བཤད་ན། སྒྲོལ་མ་ལའང་ཁག་མེད་དེ། ཁོ་མོ་ནི་རང་གི་ཁྱོ་ག་དང་བུ་ཕྲུག ཕ་ཡུལ་དང་ཕ་མ་སོགས་རྒྱབ་ཏུ་བསྐྱུར་ནས་མི་ཡུལ་ས་མཐའ་འདིར་འཁྱམ་ཡོང་བ་ཞིག་ཡིན་པས། ཁོང་ཚོ་མེད་པའི་ལོ་ཟླ་ནི་འཁྱག་ལྷང་ལྷང་གི་ཚོར་བ་ཞིག་ཅི་ལ་མིན། ཁོང་ཚོ་མེད་པའི་འཚོ་བ་ནི་གྲང་ཤུར་ཤུར་གྱི་སྣང་བ་ཞིག་ཅི་ལ་མིན།
གཉིས།
སྒྲོལ་མས་རང་གི་ཁྱིམ་ཚང་གང་བོའི་ལྷན་སྒྲོན་འདྲ་པར་ངོས་སུ་ཡུན་རིང་ཅེར་བའི་མོད་ལ། ཅུང་ཟད་ནང་དུ་ལྷུང་བའི་མིག་ཟུང་ལས་མཆི་མ་ལྡོག་པོ་འགའ་མཁུར་ཚོས་བརྒྱུད་ནས་མར་འགྲིལ་བྱུང་སྟེ། ཤེལ་ཕྲེང་ལྟ་བུའི་དྭངས་གཙང་ཟོལ་མེད་ཀྱི་མིག་ཆུའི་ཐིགས་པ་རེ་རེའི་གསེང་ན་ཅི་འདྲའི་བཟོད་དཀའ་བའི་སྐྱོ་སྡུག་དང་འགྱོད་གདུང་གི་རྣམ་ཤེས་རེ་རེ་སྦས་ཡོད་པ་རེད་ཨང་།
“སྒྲོལ་མ། ཁྱོད་ཅིའི་ཕྱིར་ངུ་བ་ཡིན།” ཚོང་བདག་མས་སྒྲོལ་མའི་མིག་མཐའ་མཆི་མས་བསྐོར་འདུག་པ་མཐོང་འཕྲལ་ལམ་སང་དེ་ལྟར་དྲིས།
“་་་་་་” སྒྲོལ་མས་སྐད་ཆ་ཚིག་གཅིག་ཀྱང་བཤད་སྙིང་མ་བྲོད།
“ཨ། སྒྲོལ་མ། དོན་དག་ཅི་ཞིག་བྱུང་སོང”ཞེས་ཚོང་བདག་མ་ཐད་ཀར་སྒྲོལ་མའི་གམ་དུ་ཡོང་བ་ན། སྒྲོལ་མ་ནི་མོ་རང་ཉིད་ཐེ་བའི་འདྲ་པར་ཞིག་ལ་ཅེར་ནས་ངུ་བཞིན་འདུག་པས། ཚོང་བདག་མས་ཅི་ཞིག་གི་མཐིལ་དོན་རྟོགས་སོང་བ་ལྟར་གནས་སྐབས་སུ་སྐད་ཆ་ཅི་ཡང་བཤད་མ་ཕོད། འོན་ཀྱང་། སྒྲོལ་མའི་འདྲ་པར་དེ་ཚོང་བདག་མའི་མཐོང་ལམ་དུ་བརྒྱུད་རྗེས། ཚོང་བདག་མ་རེ་ཞིག་ཧ་ལས་ཤིང་ཧང་སངས་པར་གྱུར་སོང་།
འདྲ་པར་སྟེང་གི་བུད་མེད་དེ་མིག་མདུན་གྱི་སྒྲོལ་མ་ཡིན་སྲིད་དམ། ག་ལ་སྲིད། གཏན་ནས་ཡིན་མི་སྲིད། འདྲ་པར་སྟེང་གི་བུད་མེད་དང་མིག་མདུན་གྱི་སྒྲོལ་མ་གཉིས་ལ་འདྲ་ས་ཅུང་ཙམ་ཡང་མི་འདུག འོ་ན། འདྲ་པར་སྟེང་གི་བུད་མེད་དེ་སུ་ཡིན་ནམ། རེད། འདྲ་པར་དེ་ཁོ་མོའི་ཁྱིམ་ཚང་གི་འདྲ་པར་ཡིན་དགོས་འདུག ཁྱིམ་ཚང་གི་འདྲ་པར་ཡིན་ན་བུད་མེད་དེ་སྒྲོལ་མ་མིན་ན་སུ་ཞིག་ཡིན་ནམ། ཨ་ལ་ལ་དཔེ་སྲིད་དམ། དེ་འདྲའི་འགྱུར་ལྡོག་ཆེན་པོ་ཞིག་འབྱུང་སྲིད་དམ།
འདྲ་པར་སྟེང་གི་བུད་མེད་དེ་ནི་ཅུང་ཙམ་ཤ་རྒྱགས་པ་དང་། ངོ་གདོང་ཧྲིལ་བོར་སྣུམ་འོད་ཅིག་འཁྱུག་སྟེ་བལྟས་པ་ཙམ་གྱིས་དཀའ་ལས་ཅི་ཡང་མྱོང་མི་དགོས་པའི་བུད་མེད་བསོད་ནམས་ཅན་ཞིག་ཡིན་པ་ཤེས་ཐུབ་མོད། འོན་ཀྱང་། མིག་མདུན་གྱི་སྒྲོལ་མ་ནི་ཏག་ཏག་དེ་ལས་ལྡོག་སྟེ། ལུས་ཀྱི་མགོ་རྟིང་ཡོད་ཚད་སྐམ་རིད་དུ་གྱུར་ནས་དབྱུག་པ་ཞིག་དང་གཉིས་སུ་མེད་ཅིང་། ཐལ་མདོག་ཏུ་གྱུར་བའི་ངོ་གདོང་ན་སྣུམ་ཞགས་ཅུང་ཙམ་ཡང་མཐོང་རྒྱུ་མེད་པའི་ཁར། སྐྱོ་མདངས་ཤར་བའི་མིག་ཟུང་ཡང་ནང་དུ་ལྷུང་སྟེ་ནད་ལྕི་མོ་ཞིག་གིས་མནར་བཞིན་ཡོད་པ་དང་ཀུན་ནས་མཚུངས། ཕྲ་ཞིང་རིང་བའི་ལག་པ་ནི་བྱ་སུག་ཟུང་དང་འདྲ་བར་རུད་པ་དང་ཁྲག་རྩ་ཐམས་ཅད་ཕྱི་རུ་གསལ་པོར་མངོན་འདུག གཟུགས་ཕོང་ནི་དེ་ལས་ཀྱང་སྡུག་སྟེ། ཕལ་ཆེར་ལུས་ཀྱི་འཚོ་བཅུད་ཐམས་ཅད་ཚགས་ཟད་དུ་གྱུར་ནས་རུས་པ་སྐམ་པོ་ཞིག་ལས་ཅི་ཡང་ལུས་མེད་པ་ལྟར་དུ་གནས་པས། གང་ནས་བལྟས་ཀྱང་འདྲ་པར་སྟེང་གི་བུད་མེད་དེ་དང་འདྲ་མཚུངས་ཀྱི་ཆ་ཞིག་གཏན་ནས་རྙེད་ཐབས་མི་འདུག
གསུམ།
དྲང་མོར་བཤད་ན། སྒྲོལ་མས་ལས་རིགས་འདི་གཉེར་ནས་ཟླ་བ་གཉིས་ལྷག་ཕྱིན་ཚར་ན་ཡང་། ཚོང་བདག་མས་སྒྲོལ་མའི་ཕ་ཡུལ་དང་སྒྲོལ་མའི་ཁྱིམ་ཚང་གི་གནས་ཚུལ་སོགས་ཅི་ཡང་མི་ཤེས་ཏེ། ཐ་ན་དེའི་སྐོར་ལ་རྒྱུས་ལོན་དང་སེམས་ཁུར་ཙམ་ཡང་བྱེད་མ་མྱོང་བས། ཚོང་བདག་མར་གློ་བུར་དུ་འགྱོད་སེམས་ཕྲ་མོ་ཞིག་ཀྱང་ངང་ངམ་ཤུགས་ཀྱིས་སྐྱེས་བྱུང་།
ཡུད་ཙམ་འགོར་རྗེས། ཚོང་བདག་མ་སླར་ཡང་སྒྲོལ་མའི་གམ་དུ་ཡོང་སྟེ“སྒྲོལ་མ། ད་ཁྱོད་མ་ངུ་དང་། འུ་གཉིས་ཀྱིས་ཁ་བརྡ་ཞིག་བྱས་ན་ཆོག་གམ”ཞེས་བྱམས་བརྩེ་ལྡན་པའི་ངང་བཤད་ཅིང་། གདོང་ལ་འཛུམ་མདངས་ཟོལ་མེད་ཅིག་བསྡུས་ཏེ་སྒྲོལ་མའི་ལག་ཟུང་ལ་དམ་དུ་འཇུས།
“འུན་འུན། ཆོག་གི” སྐབས་དེར། སྒྲོལ་མའི་ངུ་སྐད་ལ་ཅུང་ཙམ་བཟོད་བསྲན་མི་ཐུབ་པའི་གདངས་ཤིག་འདྲིས་མོད། ཁོ་མོས་ཨམ་གཙུགས་བསྡམས་ཏེ་སེམས་སྡུག་དང་སྐྱོ་གདུང་ཐམས་ཅད་ཕྱིར་མིད་ཅིང་། མིག་མཐའི་མཆི་མ་ཕྱིས་ཏེ་ངུ་མཚམས་བཞག་བྱུང་།
“རེད། སྒྲོལ་མ། འུ་གཉིས་ངོ་ཤེས་ནས་དུས་ཚོད་ངེས་ཅན་ཞིག་འགོར་སོང་མོད། ད་བར་དུ་བག་ལྷོད་པོར་ཁ་བརྡ་ཞིག་བྱེད་མ་ཐུབ་པས། ཕན་ཚུན་ལ་རྒྱུས་མངའ་ཅི་ཡང་མེད་པ་རེད། ང་ཁྱོད་ཀྱི་ཚོང་བདག་མ་ཡིན་པའི་ཆ་ནས་ངས་ཁྱོད་ལ་དགོངས་དག་ཞུ་འོས། རྗེས་སུ་དཀའ་ངལ་ཅི་ཞིག་ལ་ཕྲད་ཀྱང་ང་ལ་ཤོད་དང་། ངས་ནུས་ཚོད་ཀྱིས་རོགས་རམ་བྱ་ཡོང་།” སྒྲོལ་མ་གནས་འདིར་སླེབས་ནས་ད་བར་དུ་བྱམས་དང་སྙིང་རྗེ་ལྡན་པའི་སྐད་ཆ་ཞིག་ཐོས་པ་ནི་འདི་ཁོ་ན་ཙམ་ཡིན་པས། རེ་ཞིག་ཏུ་ལུས་སེམས་གཉིས་ལ་སྔར་ཡོད་མ་མྱོང་བའི་དྲོད་ཁོལ་ཞིག་འཁྱིལ་བྱུང་ལ། སེམས་ཀྱི་སྣང་ངོར་གམ་གྱི་བུད་མེད་དེ་ནི་རང་གི་ཨ་ཅེ་དངོས་ཡིན་ན་ཅི་མ་རུང་སྙམ་པའི་ཚོར་སྣང་ཞིག་ཀྱང་སྐྱེས།
“ལགས་སོ།། ཨ་ཅེ། བཀའ་དྲིན་ཆེ།” ཚོང་བདག་མའི་སྐད་ཆ་དེས་སྒྲོལ་མར་དྲོད་ཁོལ་ཨེན་ཙམ་བསྩལ་བྱུང་བས། སྒྲོལ་མའི་སྐད་གདངས་ཇེ་དག་ཡིན་ལ་གདོང་ལ་འཛུལ་ཆུང་ཞིག་ཀྱང་ངོམ་བྱུང་།
“སྒྲོལ་མ། དྲང་མོར་བཤད་ན། ང་ཚོའི་ལས་རིགས་འདི་གཉེར་མཁན་ཚང་མས་རང་གི་ཕ་ཡུལ་དང་དངོས་མིང་སོགས་གསལ་པོར་བཤད་མི་སྲིད་མོད། ཁྱོད་ཀྱིས་ང་ལ་རང་གི་གནས་ཚུལ་གསལ་པོ་ཞིག་བཤད་ན་ཆོག་གམ། དེ་ལྟར་བྱས་ན་ད་གཟོད་འུ་གཉིས་གྲོགས་པོ་བཟང་པོར་འགྱུར་ཐུབ་པ་མ་རེད་དམ།”
“ཨ་ཅེ། ངས་ཁྱོད་ལ་དྲང་མོར་བཤད། ཁྱོད་ཀྱིས་གཞན་སུ་ལའང་མི་བཤད་རོགས། གལ་ཏེ་ངའི་ཕ་མ་དང་ཡུལ་མི་ཚོས་གོ་སོང་ན་ང་གསོན་པར་དོན་སྙིང་ཅི་ཞིག་ཡོད།” སྒྲོལ་མས་ཚོང་བདག་མར་ཡིད་ཆེས་དང་སྐྱབས་བཅོལ་བའི་ཚུལ་གྱིས་བཤད།
“སེམས་ཁྲལ་མ་གནང་། ངས་ཁྱོད་ཚོའི་གནས་ཚུལ་ངོ་མ་དག་གཞན་པར་བཤད་བཞག་ན། མ་འོངས་པར་ཇི་ལྟར་ཚོང་གཉེར་བྱེད་དགོས་པ་རེད།”
“ཨ་ཅེ། དྲང་མོར་བཤད་ན། ངའི་མིང་ལ་སྒྲོལ་མ་མི་ཟེར། ཕ་ཡུལ་ཡང་ཀན་སུའུ་ནས་མིན།” སྒྲོལ་མས་ཅུང་ངོ་གནོང་བའི་ཚུལ་གྱིས། “ངའི་ཕ་ཡུལ་ངོ་མ་ནི་་་་་་”ཞེས་རང་གི་ཕ་ཡུལ་དང་དངོས་མིང་སོགས་སྦ་གསང་མེད་པར་བཤད།
“རེད། ཁྱོད་ལའང་ཁག་མི་འདུག ལས་རིགས་འདི་གཉེར་མཁན་ཚང་མས་རང་གི་ཕ་ཡུལ་དང་དངོས་མིང་གསང་ནས་གཞན་ལ་བཤད་མི་སྲིད་པ་རེད།” ཚོང་བདག་མས་སྒྲོལ་མའི་སྐད་ཆར་རམ་འདེགས་ཀྱི་ཚུལ་དུ་དེ་ལྟར་བཤད།
“ཨ་ཅེ། ཁྱོད་ཀྱིས་ཤེས་སམ། འཇིག་རྟེན་འདིར་ཆེས་མི་རྟག་པ་ནི་བདེ་སྐྱིད་རེད། ང་ལ་མཚོན་ན། མོ་ལོ་བཅོ་བརྒྱད་ཀྱི་སྐབས་སུ་གཉེན་སྒྲིག་བྱས་པ་ཡིན། དྲང་མོར་བཤད་ན། ངའི་ཁྱོ་ག་ནི་ང་ལས་ལོ་བདུན་བརྒྱད་ཙམ་གྱིས་ཆེ་བས་ན། གཟུགས་ལང་ཚོ་ནི་ང་དང་བསྡུར་ཐབས་མེད་མོད། འོན་ཀྱང་། ཁོས་ང་ལ་རང་ཉིད་ཀྱི་བུ་མོ་བཞིན་གཅེས་སྐྱོང་བྱེད་པར་མ་ཟད། ད་དུང་ཁྱིམ་ཕྱི་ནང་གི་ལས་ཀ་ཐམས་ཅད་ཁོ་རང་གཅིག་པུས་འགན་ཁུར་ནས་ང་ནི་སེམས་ཁྲལ་ཅི་ཡང་མེད་པར་སྐྱིད་པོར་འདུག་ཆོག ངོ་མ་དེ་དུས་ཀྱི་ང་ནི་གཟུགས་ལང་ཚོ་དང་རྒྱུ་འབྱོར་བ་སོགས་གང་ལ་བལྟས་ཀྱང་། སྡེ་བའི་ནང་གི་བུད་མེད་ཆེས་སྐྱིད་ཤོས་དེ་ཡིན་ཟེར་ཆོག འོན་ཀྱང་། ་་་་་་” སྒྲོལ་མས་བཤད་ནས་མཚམས་འདིར་སླེབས་དུས། མུ་མཐུད་དུ་བཤད་པའི་སྤོབས་པ་འཁུམས་ཏེ་རེ་ཞིག་སྡོད་དགོས་བྱུང་ཡང་། ཡུན་རིང་ཁོག་ལ་བསོགས་པའི་དབུགས་རིང་ཞིག་འབྱིན་ཏེ་སླར་ཡང་བཤད་བྱུང་། “འོན་ཀྱང་། བདེ་སྐྱིད་ནི་འགྱུར་མེད་རྟག་བརྟན་ཞིག་རྩ་བ་ནས་མིན་ཏེ། རྩྭ་མགོའི་ཟིལ་བ་བཞིན་སྐད་ཅིག་རྗེས་མར་ཅི་ཡོང་ནམ་ཡང་ཧ་མི་གོ་བ་ཞིག་རེད། ངེད་གཉིས་ཀྱི་བུ་དང་བུ་མོ་གཉིས་ཀ་ལག་ཆགས་ནས་སློབ་ཆུང་ལོ་རིམ་དང་པོ་དང་གཉིས་པ་འགྲིམ་བཞིན་པའི་སྐབས་དེར། ངེད་ཚང་གིས་ཁང་པ་གསར་པོ་བཟོ་བཞིན་ཡོད། འོན་ཀྱང་། སྟབས་མ་ལེགས་པ་ཞིག་ལ། ཁང་པ་བཟོས་ནས་འགྲུབ་ལ་ཉེ་བའི་སྐབས་ཤིག་ཏུ། ངའི་ཁྱོ་ག་ཁང་པའི་སུམ་ཐོག་ནས་ལྷུང་སྟེ་དབང་པོ་སྐྱོན་ཅན་དུ་གྱུར་སོང་བས། དུས་དེ་ནས་བཟུང་། ཁྱིམ་ཚང་འདིའི་ཕྱི་ནང་གི་ལས་ཀ་ཐམས་ཅད་ང་གཅིག་པུའི་ཕྲག་སྟེང་དུ་འབབ་དགོས་བྱུང་།”
སྒྲོལ་མས་རང་གི་ལོ་རྒྱུས་བཤད་ནས་སྐབས་འདིར་སླེབས་དུས། སྒྲོལ་མའི་མིག་མཐའ་ཡང་བསྐྱར་མཆི་མས་བརླན་བྱུང་ལ། ཚོང་བདག་མས་ཀྱང་ཧ་ཅང་ཡིད་སེམས་ཕངས་པའི་ཉམས་འགྱུར་དང་བཅས་དབུགས་རིང་ཞིག་གཏོང་དགོས་བྱུང་།
“དེ་ནས་བཟུང་། ངས་བུ་ཕྲུག་གཉིས་དང་ཁྱོ་ག་བཅས་ཁྱིམ་ཚང་གང་གི་ལྟོ་རྒྱབ་ཀྱི་འགན་ཁུར་དགོས་པས། སྔོན་ཆད་ལྟར་རང་ཁྱིམ་ནས་སྲས་མོ་བཞིན་སྐྱིད་པོར་འདུག་པའི་སྐལ་བ་གང་ན་ཡོད་དེ་རྩ་བ་ནས་མེད་པས། ང་རང་ཕྱོགས་ཡར་མར་ཀུན་ལ་ལས་ཀ་བཙལ་དུ་ཕྱིན་ཅིང་། སྒོར་མོ་ཅུང་ཙམ་རེ་རྙེད་དུས་ཁྱོ་ག་དང་བུ་ཕྲུག་དག་ལ་སྐུར་བཞིན་ཡོད།”
“འོ་ན། ས་ཆ་འདིར་ཁྱོད་རང་སུས་ཁྲིད་ཡོང་བ་རེད།” ཚོང་བདག་མས་ཧ་ཅང་གསལ་པོར་རྟོགས་འདོད་ཀྱི་རྣམ་འགྱུར་དང་བཅས་དེ་ལྟར་དྲིས།
“ངའི་གྲོགས་མོ་ཞིག་གིས་ཁྲིད་ཡོང་བ་ཡིན། དང་ཐོག་ང་གནས་འདིར་མ་ཡོང་གོང་། ལས་རིགས་འདི་ཡིན་པ་རྩ་བ་ནས་དྲན་མ་མྱོང་ལ། གྲོགས་མོས་ཀྱང་ང་ལ་འདི་རེད་ཅེས་གསལ་པོར་བཤད་མ་བྱུང་། ཁོ་མོས་ང་ལ་ཁ་པར་བཏང་ཡོང་ནས‘འདི་རུ་ཡོང་ན་སྒོར་མོ་རྙེད་ཐབས་ཡག་པོ་ཞིག་འདུག’ཟེར་བས། ང་ཡང་གྲོགས་མོར་ཡིད་ཆེས་ཏེ་བུད་ཡོང་བ་ཡིན། ཐོག་མར་འདིར་སླེབས་ཏེ་ལས་རིགས་འདི་ཡིན་པ་ཤེས་དུས་རྩ་བ་ནས་ལས་འདོད་མེད་མོད། འོན་ཀྱང་། ཉིན་འགའ་འགོར་རྗེས། གྲོགས་མོ་ནི་ཕ་ཡུལ་ན་དོན་དག་ཅིག་ཡོད་པས་ལོག་སོང་བ་དང་། ང་རང་ཁེར་རྐྱང་དུ་ལུས་ཏེ་ཁེན་ས་རྟེན་ས་ཅི་ཡང་མེད་པར་གྱུར་བས་ལས་རིགས་འདི་མི་གཉེར་ཐབས་མེད་བྱུང་། ཡང་གཅིག་བཤད་ན། ལས་རིགས་འདི་ནི་དཀའ་ཁག་ཆེན་པོ་མྱོང་མི་དགོས་པར་སྒོར་མོ་མང་ཙམ་རག་པའི་ལས་ཀ་ཞིག་རེད་འདུག་པས། ཁྲེལ་དང་ངོ་ཚ་ཐམས་ཅད་རྒྱབ་ཏུ་དོར་ནས་ལས་ཀ་འདིར་ཞུགས་པ་ཡིན།” སྒྲོལ་མས་བཤད་ནས་མཚམས་འདིར་སླེབས་དུས། སླར་ཡང་མིག་ཟུང་ལས་མཆི་མ་ལྡོག་པོ་འགའ་མཁུར་ཚུས་བརྒྱུད་ནས་མར་ལྷུང་བྱུང་མོད། འོན་ཀྱང་། ཁོ་མོས་མུ་མཐུད་དུ་སྙིང་སྟོབས་ཆེན་པོ་དང་བཅས“ད་གང་ལྟར་ཡང་། བྱིས་པ་གཉིས་ཀ་མུ་མཐུད་དུ་སློབ་གྲྭར་ཞུགས་ཐུབ་ཅིང་། ཁྱོ་གའི་ཚེ་མཇུག་འཁྱག་ལྟོགས་མེད་པར་རྫོགས་ཐུབ་སོང་ན། ང་རང་ཉིད་ཀྱིས་དཀའ་སྡུག་དང་ངོ་ཚ་ཅི་ཞིག་མྱོང་དགོས་ཀྱང་འགྱོད་པ་མེད”ཅེས་འཁང་ར་དང་ལེ་བདའ་ཅི་ཡང་མེད་པར་བཤད་བྱུང་།
སྒྲོལ་མའི་མི་ཚེའི་གཏམ་རྒྱུད་ཀྱིས་ཚོང་བདག་མའི་ཡིད་སེམས་རབ་ཏུ་བསྒུལ་བྱུང་སྟེ། ཚོང་བདག་མས་སྒྲོལ་མའི་གཏམ་རྒྱུད་ལ་ཉན་ནས་མཇུག་མཐར་སླེབས་དུས་མིག་མཐའ་མཆི་མས་བསྐོར་འདུག་ལ། བྱམས་དང་བརྩེ་བའི་མིག་ཟུང་གིས་སྒྲོལ་མའི་ངོ་གདོང་ཧྲིལ་བོར་ཐེངས་གཅིག་བལྟས་པ་ན། ཚོང་བདག་མས་ད་གཟོད་སྒྲོལ་མ་ནི་མོ་ལོ་སུམ་ཅུ་ལྷག་ལ་ཐོན་འདུག་པའི་རྟགས་མཚན་འགའ་མཐོང་བྱུང་སྟེ། ཐོད་དཀྱིལ་དུ་མ་བྲིས་རང་དོད་ཀྱི་གཉེར་རིས་འགའ་མངོན་འདུག་ལ། ཐལ་མདོག་ཏུ་གྱུར་བའི་ངོ་གདོང་དང་ཟུངས་ཟད་པའི་ལུས་པོ་བཅས་གང་ལ་བལྟས་ཀྱང་ཉི་ཤུ་བརྒལ་ནས་སུམ་ཅུའི་སྟོད་ལ་སླེབས་འདུག་པ་གསལ་པོར་རྟོགས་ཐུབ།
སྒྲོལ་མས་སླར་ཡང་རང་གི་ཁྱིམ་ཚང་གང་བོའི་ལྷན་སྒྲོན་འདྲ་པར་ལ་ཐེངས་གཅིག་བལྟས་རྗེས། ཡུད་ཙམ་ལ་བྲང་ཁར་སྦྱར་ཏེ་དབུགས་རིང་ཞིག་འབྱིན་པ་དང་། དེ་ནས་ཡང་བསྐྱར་མིག་མདུན་ལ་བླངས་ཏེ་ཐེངས་གཅིག་བལྟས།
བཞི།
སྐབས་དེར། ཕྱི་རོལ་ནས་སྒོ་རྡུང་བའི་སྒྲ་ཞིག་གྲགས་བྱུང་བས། ཚོང་བདག་མ་བྲེལ་སྟབས་ཀྱིས་ཡར་ལངས་ཏེ“སྒྲོལ་མ། མགྲོན་པོ་སླེབས་བྱུང་། མགྲོན་པོ་སླེབས་བྱུང”ཞེས་བཤད་ཞོར་སྐྱོ་ཉམས་ཐམས་ཅད་ཡལ་བར་དོར་ཅིང་འཛུམ་མདངས་བཅོས་མ་ཞིག་གདོང་ལ་བསྡུས་ཏེ་སྒོ་ཕྱེ་བར་བརྒྱུགས་སོང་།
རྩོམ་སྒྲིག་པ། དབང་མོ།
རྩོམ་ཁུངས། ངེད་དྲ་བ།