ཚེ་རིང་དོན་གྲུབ་ཀྱི་སྒྲུང་ཐུང་གསར་པ། 《ཇག་པ》
རྟ་རྫི་ཞི་ལི་དེ་ལོ་བཅོ་ལྔ་ལའང་སླེབས་མེད་པ་འདྲ། དེ་ངོ་མ་གསོད་དགོས་དོན་མི་འདུག དེ་མ་བསད་ནའང་རྟ་ཁྱུ་དེ་ཁོ་ཚོར་འཐོབ་སྲིད་པ་གསལ་པོ་རེད། ཡིན་ནའང་ཇག་དཔོན་གྱིས་འཛེམ་དོགས་མེད་པར་དེའི་བྲང་དཀྱིལ་དུ་མེ་མདའ་གཅིག་བརྒྱབ་ནས་ས་ལ་གཡུགས་རྗེས་དེའི་བཞོན་པ་ཐོ་རུ་དེའང་རྟ་ཁྱུ་དང་མཉམ་དུ་དེད་ནས་སོང་། ཇག་དཔོན་གྱིས་མི་ཞིག་གསོད་པ་ལ་འབུ་ཞིག་གསོད་པའི་འཚེར་སྣང་ཡང་མེད། ཇག་དཔོན་དགྲ་བོའམ་གསལ་པོར་བཤད་ན་རྒྱུ་བདག་གི་སྟེང་ལ་དཔའ་ངར་ལྡན་པར་མ་ཟད་ཇག་ཚོགས་དེའི་ཁོངས་མི་རྣམས་ཀྱི་སྟེང་ལའང་ཤིན་ཏུ་བཙན་ཞིང་དོན་མེད་དུ་བརྙས་བཅོས་དང་དམའ་འབེབ་བྱེད། དེ་བས་ཀྱང་ཐོབ་ཆ་བགོ་སྐབས་རང་གིས་རྟ་ནོར་གང་བཟང་བསལ་ནས་ཉིས་སྐལ་སུམ་སྐལ་ལེན། དེའི་ཕྱིར་ཇག་ཚོགས་དེའི་ཁོངས་མི་རྣམས་ཇག་དཔོན་ལ་འཇིགས་སྣང་སྐྱེ་བ་ལས་ཀྱང་ཞེན་པ་ལོག་གིན་འདུག
ཇག་དཔོན་གྱིས་རྟ་རྫི་ཞི་ལི་དེ་བསད་རྗེས་ཇག་ཚོགས་དང་མཉམ་དུ་རྟ་ཁྱུ་དེ་དེད་ནས་ཕལ་ཆེར་ཉིན་ཕྱེད་ཙམ་གྱི་སར་སོང་།ར་མདའ་དང་ཉེན་ཁ་ཅི་ཡང་མེད་པས་ན་ཇག་དཔོན་གྱིས་གཞི་ནས་འགྲོ་མཚམས་བཞག་སྟེ་ཇ་སྐོལ་དགོས་པའི་བཀའ་ཕབ། ཁོ་ཚོ་བྲག་འགག་ཅིག་ཏུ་བ་རྡོའི་མཐའ་བསྐོར་ཏེ་ཇ་འཐུང་ནས་སྡོད་སྐབས་ཇག་དཔོན་གྱིས་མེ་མདའི་ཁོག་ལ་མདེའུ་གཅིག་དེད་རྗེས་མི་རེ་རེ་མགོ་བོ་མིག་ལེན་དུ་བླངས་ཏེ་ཁ་ནས“སྦོག”“སྦོག”ཅེས་པའི་སྒྲ་འབྱིན་པར་བྱེད། ཁོངས་མི་ཚོ་སྐྲག་ཐག་ཆོད་པའི་བཟོ་ལྟ་མཐོང་བ་ན་ཇག་དཔོན་ཧ་ཅང་ཡིད་ཚིམས་ནས་ལྷུག་ལྷུག་དགོད་བཞིན་མེ་མདའ་ས་ལ་བཞག་སྟེ་མུ་མཐུད་དུ་ཇ་འཐུང་། སྐབས་དེར་ཁོས་ཀྱང་ཇག་དཔོན་ལ་ལད་མོ་བྱེད་པ་ལྟར་མེ་མདའི་ཁོག་ལ་མདེའུ་གཅིག་དེད་དེ་མི་རེ་རེའི་མགོ་བོ་མིག་ལེན་དུ་བླངས་ཏེ་ཁ་ནས“སྦོག” “སྦོག”ཅེས་སྒྲ་འབྱིན་པ་ན་ཚང་མ་སྔར་ལས་ཀྱང་ཧ་ལས་སོང་། དེ་བས་ཀྱང་ཚང་མ་ཧ་ལས་ཤིང་ཧོན་འཐོར་དགོས་པ་ནི་ཁོས་ཇག་དཔོན་གྱི་མགོ་བོ་ཡང་མིག་ལེན་དུ་བླངས་ནས་བསྡད།
ཇག་དཔོན་གཞན་ལས་ཀྱང་ཧ་ལས་ཤིང་ཧོན་འཐོར་ཏེ་ལག་གི་ཅ་ནེ་ཡང་འདར་ནས་ལྷུང་ལ་ཁད་བྱེད་པ་དང་། རིམ་བཞིན་ཅ་ནེ་སར་བཞག་སྟེ་མེ་མདའ་ལ་འཇུ་རྩིས་བྱས། ཏག་ཏག་སྐབས་འདིར་བོའུ་སྐད་གྲགས་པ་དང་ཇག་དཔོན་གན་རྐྱལ་དུ་གཡུགས། བྲག་ཅ་རྒྱུན་རིང་དུ་གྲགས། ཇག་དཔོན་འདར་ཙམ་འདར་ཙམ་བྱེད་པ་དང་། འདར་མཚམས་ཇེ་རིང་ནས་ཇེ་རིང་དུ་སོང་། མཚམས་ཤིག་འགུལ་རྒྱུ་མེད་པར་གྱུར། བེམ་པོའི་ཞབས་ནས་ཁྲག་དམར་ནག་ཅིག་བཞུར་ཡོང་སྟེ་བ་རྡོའི་བར་གྱི་མེ་དང་འཕྲད་པ་ན“སིར་སིར”ཞེས་སྒྲ་ཞིག་གྲགས་པའི་དུས་མཚུངས་སུ་ཤ་བསྲེགས་ཀྱི་དྲི་མ་འཐུལ་ཡོང་། མི་འགའ་རེ་འཇིགས་སྐྲག་གི་ཁྲོད་དུ་སྐྱུག་མེར་ལང་།
ཁོ་གཞི་ནས་ཡར་ལངས་ཏེ་ཇག་དཔོན་གྱི་མེ་མདའ་དང་མདེལ་སྟར་བླངས། རང་གནས་སུ་ཧད་འདུག་པའི་ཇག་པ་ཚོར“ཡ—ད་བདེ་མོ་བྱོས། ད་ཐེངས་ཀྱི་རྟ་ཁྱུ་འདི་ནས་ང་ལ་སྐལ་མི་དགོས།”ཟེར་བ་དང་། ཇག་དཔོན་གྱི་རོ་ལ་མཛུབ་སྟོན་བྱས་ཏེ“ཁོ་ལ་དེ་བས་ཀྱང་སྐལ་མི་དགོས།”ཞེས་བཤད་རྗེས་རང་གི་རྟ་ལ་བཞོན། ཇག་དཔོན་གྱི་རྟ་ཁྲིད་ནས་འགྲོ་རྩིས་བྱེད་སྐབས་ཁོངས་མི་ལོ་གསེག་ཅིག་ཡོད་པ་དེ་གཞི་ནས་ཡར་ལངས་ཏེ“ཨ་རོགས། འུ་ཚོས་སྐྱིད་སྡུག་གཅིག་བྱེད་ཡ། ཁྱོད་མགོ་བ་བྱོས།”ཟེར།
“མིན་མིན། མགོ་བ་ཞིག་དགོས་དོན་མེད། ད་ནས་བཟུང་ང་རང་ཁེར་འགྲོ་ཁེར་རྒྱུག་བྱེད་རྒྱུ་ཡིན།”
ཁོ་པར་ཇག་པ་ཞིག་ལ་མེད་དུ་མི་རུང་བའི་རྟ་སྔོ་སྔོ་གཡུ་འབྲུག་འདྲ་བ་ཞིག་དང་། མི་རྣམས་ཀྱིས་“སྦིར་ཡཱ”རུ་འབོད་པའི་ཨུ་རུ་སུའི་བོའུ་ཐོག་རྒོད་འདྲ་བ་ཞིག་ཀྱང་ཡོད་པས་སྐྲག་ས་འཇིགས་ས་ཅི་ཡང་མེད་པར་ཡིད་སེམས་དཔའ་སྤོབས་དང་ང་རྒྱལ་གྱིས་ཁེངས་ཏེ་ཁེར་འགྲོ་ཁེར་རྒྱུག་བྱེད་ཀྱིན་འདུག རིང་བོ་མ་འགོར་བར་ཡུལ་ཕྱོགས་འདིར“ཇག་པ་ཁེར་འགྲོ”ཞེས་རླུང་ལྟར་གྲགས་ཤིང་། མི་རྣམས་འཇིགས་ཡེར་བ་བཟོས། ཐ་ན་ཁོས་རྟ་ནོར་དེད་ཚེ་རྒྱུ་བདག་མང་ཤོས་ར་མདར་ཡང་ཡོང་ཕོད་ཀྱི་མེད།
ད་ཐེངས་ཁོས་གཞི་བདག་ལ་བསང་མཆོད་ཡིད་ཚིམས་པ་ཞིག་བྱས་ནས་ཐང་ལ་བུད་དེ་ཉིན་བཞི་འགོར་ཞིང་། ད་ནི་བྲོ་གའང་ཚར་ལ་ཉེ་ནའང་ལུ་གུ་ཞིག་ཀྱང་ལག་ལ་མ་ཡོང་། ལྷག་པར་དུ་སྐབས་འདིར་རང་ལ་ལོ་གསུམ་ལོན་མ་ཐག་པའི་བུ་མོ་སྙིང་རྗེ་བོ་ཞིག་ཡོད་པ་དེའི་མཛུམ་མདངས་མིག་ལམ་དུ་ཤར་ཞིང་ཧ་ཅང་དྲན་པའི་ཚོར་སྣང་ཞིག་སྐྱེས་ནས་དམིགས་ཡུལ་མེད་པར་རྟ་ཁ་ལྷོད་དེ་འགྲོ་གིན་འདུག དེ་ལྟར་དལ་ལྷོད་ཀྱིས་ཉག་ཁ་ཞིག་ཏུ་སླེབས་པ་ན་མདུན་གྱི་ལུང་མཐིལ་དུ་སྦྲ་ནག་ཁེར་ཁྱིམ་ཞིག་ཡོད་པ་མཐོང་། ཁོ་དེ་མ་ཐག་རྣམ་རིག་ཇེ་གསལ་དུ་གྱུར་ཏེ་རྟ་ཁ་བསྒགས་ནས་ཞིབ་ཏུ་བལྟས་ཚེ་སྦྲ་ནག་དེའི་གོང་རོལ་གྱི་སྤེན་གསེང་ན་བེའུ་ཡར་བཅུ་ཙམ་ཉལ་འདུག་པ་དང་། སྦྲའི་མར་ཞོལ་གྱི་ཆུ་འགྲམ་ན་འབྲི་གཡག་སུམ་ཅུ་ཙམ་གྱི་ནོར་ཁྱུ་ཞིག་བག་ཕེབས་ངང་རྩྭ་ཆུར་རོལ་བཞིན་ཡོད་པས་ཁོའི་ཡིད་སེམས་སྤྲོ་བས་ཁེངས། དེ་བས་ཀྱང་དགའ་འོས་པ་ཞིག་ནི་མིག་གིས་མཐོང་ཚད་ན་རྟ་གཅིག་ཀྱང་མེད་པ་འདིས་ར་མདའ་རྒྱུག་མཁན་མེད་པ་གསལ་བཤད་བྱས་ཡོད། ད་དུང་གལ་ཏེ་སྦྲའི་ཧྲག་འོག་ཏུ་ཉལ་ཡོད་པ་མིན་ན་ཁྱི་ཞིག་ཀྱང་མཐོང་རྒྱུ་མི་འདུག དེས་ན་ཁོ་ལམ་འགྲོ་བ་ཞིག་ཡིན་པའི་ཚུལ་གྱིས་སོང་སྟེ་ནོར་ཁྱུའི་གམ་ལ་སླེབས་པ་དང་མཉམ་དུ་བསམ་དབང་དྲན་དབང་མེད་པར་ནོར་ཁྱུ་དེད་སོང་ན་གལ་ཏེ་ཁྱིམ་དེའི་མི་རྣམས་ཀྱིས་མེ་མདའ་བརྒྱབ་ནའང་དེ་དུས་ཁོ་རང་ནོར་ཁྱུ་དང་བཅས་པ་ཅུང་ཐག་རིང་དུ་འཆོར་ཐུབ་པས་ན་ཉེན་ཁ་ཅི་ཡང་ཡོད་མི་སྲིད། ཡང་ན་རང་གིས་ཀྱང་ཕྱིར་མེ་མདའ་འགའ་བརྒྱབ་ན་དེ་ཚོ་ཕྱིར་ཁྱིམ་ལ་འབྲོ་སྲིད། གང་ཡིན་ཟེར་ན་རང་གི་མེ་མདའི་རྩེབས་ཚད་དང་ཟིལ་ཤུགས་ལ་དོ་ཟླ་ཡོང་མཁན་ཕལ་ཆེར་ཡོད་མི་སྲིད། ཁོས་མགོ་དགྱེས་ནས་ཉི་མར་བལྟས་ཚེ་ཉིན་གུང་ཡོལ་བ་ཙམ་རེད། སྤྱིར་བཏང་དུ་རྟ་ནོར་འདེད་པའི་ཆེས་བཟང་བའི་དུས་ཚོད་ནི་ས་རུབ་ལ་ཉེ་དུས་ཡིན་ནའང་ར་མདའ་རྒྱུག་པར་རྟ་རྒན་ཞིག་ཀྱང་བཞོན་རྒྱུ་མེད་པའི་ཁྱིམ་ཚང་འདི་ལ་མཚོན་ན་ད་ལྟ་དེད་ཀྱང་སྐྲག་རྒྱུ་ཅི་ཡོད།
ཁོ་ཉག་ཁ་དེ་རུ་སར་བབས་ཏེ་ཐོག་ཐུ་འོག་ཐུ་གཉིས་ཀ་མཉམ་དུ་ཡར་བཏེགས་ནས་གཅིན་པ་ཞིག་བཏང་། སྒའི་གློ་སྔར་ལས་དམ་པོར་བསྡམས། བོའུ་ཁོག་ལ་མདེའུ་དེད་ཡོད་པ་གསལ་པོར་ཤེས་བཞིན་དུ་ཡང་བསྐྱར་ཀླད་པ་སྐོར་ནས་གཅིག་བལྟས། དེ་ནས་སླར་ཡང་རྟ་ལ་བཞོན་ཏེ་བོའུ་རྭ་བོའུ་བྲང་དུ་བསྙལ་ནས་པང་དུ་བཟུང་རྗེས་རང་གི་འཆར་གཞི་ལྟར་ནོར་ཁྱུ་དེ་གཟས་ནས་སོང་། ནོར་ཁྱུའི་གམ་ལ་སླེབས་པ་དང་ཕྱོགས་གཅིག་ནས་སྲབ་མདའ་མགོ་ལ་སྐོར་བ་དང་། ཕྱོགས་གཅིག་ནས་རྟ་ཁ་གཡས་དཀྱོག་གཡོན་དཀྱོག་བྱས་ཏེ་ནོར་ཁྱུ་ཕྱོགས་གཅིག་ཏུ་བསྡུས་ནས་དེད། བཞོན་མ་རྣམས་ཀྱིར་ངུར་དིར་བྱེད་བཞིན་ཡང་ཡང་ཕྱིར་འབྲོ་རྩིས་བྱས། གལ་ཏེ་གཅིག་ཕྱིར་ཤོར་ན་གཞན་རྣམས་ཀྱང་འཆོར་ཉེན་ཆེ་བ་ཁོས་གསལ་པོར་ཤེས་པས་གོ་སྐབས་མ་བྱིན་པར་གང་མགྱོགས་ཀྱིས་མདུན་དུ་དེད། དུས་མཚུངས་སུ་ཁྱིམ་ཚང་དེའི་གྲགས་འགུལ་ལ་ནན་གྱིས་དོ་སྣང་བྱས། མཚམས་ཤིག་བྱིས་པ་གཅེར་བུ་ཞིག་སྒོར་བུད་ནས་ཁོའི་ཕྱོགས་སུ་བལྟ་བཞིན་ཅི་ཞིག་བཤད་པ་དང་། དེ་མ་ཐག་བུད་མེད་ཅིག་ཀྱང་སྒོར་བུད་ནས་ཅུང་ཙམ་བལྟས་རྗེས་གང་མྱུར་གྱིས་ཡར་སོང་སྟེ་བེའུ་ཡར་རྣམས་དེད་དེ་ཁོའི་རྗེས་སུ་བརྒྱུགས་ཡོང་། ཁོའི་སེམས་ལ་མོས་བེའུ་ཡར་ནོར་ཁྱུའི་ཉེ་སར་དེད་ཡོང་ན་འབྲི་མོ་རྣམས་ཕྱིར་ཤོར་ཡོང་བ་དང་། དེ་ནས་ནོར་གཞན་རྣམས་ཀྱང་ཕྱིར་ཞོགས་ཡོང་སྲིད་བསམ་པ་ཨེ་ཡིན་། ཧ་ཧ། དགོད་རྒྱུ་ཡོང་གི་བསམ་ནས་ཁེར་དགོད་ཅིག་ཀྱང་བྱས། དང་ཐོག་བྱིས་པ་གཅེར་བུ་དེའང་བུད་མེད་དེའི་རྗེས་སུ་རྒྱུག་ཡོང་ནའང་རིམ་བཞིན་དེ་གཉིས་ཀའི་བར་ཐག་ཇེ་རིང་དུ་སོང་། མཚམས་ཤིག་བྱིས་པ་དེ་ཐང་ཆད་ནས་དེ་གར་ཙོག་ནས་བསྡད་བྱུང་། བུད་མེད་དེས་ད་དུང་ཁོའི་ཕྱོགས་སུ་ལག་པ་གཡུག་པ་དང་སྐད་བརྒྱབ་ནས་ཅི་ཞིག་བཤད་ཀྱིན་ཡོད་ནའང་ཁོས་ཚིག་འབྲུ་མ་གོ་ལ་གོ་འདོད་ཀྱང་མེད་པས་གང་མགྱོགས་ཀྱིས་ནོར་ཁྱུ་དེད་ནས་སོང་། ཁོ་དང་བུད་མེད་དེ་གཉིས་ཀའི་བར་ཐག་རིམ་བཞིན་ཇེ་རིང་དུ་སོང་ནའང་མོས་མུ་མཐུད་དུ་ལག་པ་གཡུག་ཞོར་དང་ཅི་ཞིག་བཤད་ཞོར་རྗེས་བསྙེག་ཡོང་།
ཁོ་ད་བར་དུ་བུད་མེད་ཅིག་རྐང་ཐང་དང་། ལག་སྟོང་གིས་ར་མདར་རྒྱགས་ཡོང་བར་འཕྲད་མ་མྱོང་བས་དགོད་རྒྱུ་ཞིག་དང་ཡ་མཚར་ཞིག་མཉམ་དུ་སྐྱེས། མཚམས་ཤིག་ཁོའི་སེམས་ལ་གང་ལྟར་ནོར་ཁྱུ་འདི་རང་ལ་དབང་འདུག་པ་དང་། རང་ཉིད་ལ་ཉེན་ཁ་ཅི་ཡང་མེད་པ་གསལ་པོ་རེད། དེས་ན་བུད་མེད་དེས་ཅི་ཟེར་ལ་གཅིག་ཉན་པ་དང་ཅི་བྱེད་ལ་གཅིག་བལྟ། ད་དུང་གོ་སྐབས་འགྲིག་ན་བེའུ་ཡར་རྣམས་ཀྱང་འཕྲོག་སྟེ་ནོར་ཁྱུ་དང་མཉམ་དུ་དེད་སོང་ནའང་མི་ཆོག་རྒྱུ་མེད་བསམ་སྟེ་རྟ་ཁ་ཕྱིར་དཀྱོག་ནས་བསྒུགས་བསྡད།
བེའུ་རྣམས་ཀྱིས་རྔ་མ་དྲུག་མགོར་བཟུང་ནས་ཞོགས་ཡོང་སྟེ་མ་བུ་འདྲེས། བུད་མེད་དེའང་གཞི་ནས་ཁོའི་ཉེ་སར་སླེབས་ནའང་དབུགས་འཚང་དྲགས་པས་རེ་ཞིག་སྐད་ཆ་བཤད་མི་ཐུབ་པར་པུས་བཙུགས་སུ་བསྡད་ནས་དབུགས་ཧར་ཧར་གཏོང་ཞོར་ལག་པའི་རྒྱབ་ཀྱིས་མིག་ནང་དུ་བཞུར་བཞིན་པའི་རྔུལ་ཆུ་ཡང་ཡང་འབྱིད་པ་དང་། རིམ་བཞིན་དབུགས་གཏོང་ལེན་རེ་དང་ཚིག་འབྲུ་རེས་བཤད་རྒྱུར“ཕར……བལྟས……ན……ཁྱོད……ཇག……པ……ཁེར……འགྲོ……ཟེར་བ……དེ་ཡིན་སྲིད། དྲིན་ཆེན་པོ……བེའུ་ཡར་འདི་དག……ཨ་མ་དང……མཉམ་དུ་འདེད་རོགས། ཁྱོད་ལ་བུ་ཕྲུག……ཡོད་མེད་མི་ཤེས། ……འཇིག་རྟེན་འདི་ན……མ་བུ་གསོན་པོར……ཁ་བཀར་བ་ལས་ཐུ་བའི……གདུག་རྩུབ་ཅིག་མེད། ……མ་བུ་མཉམ་དུ་དེད་ན……ཁྱོད་ལའང་སྟབས་བདེ་ཡིན། ……དེ་མིན་ན་འབྲི་མོ་རྣམས……ཕྱིར་ཤོར་ཡོང་ནི་རེད།”ཟེར། འདི་ནི་ལོ་ན་སུམ་ཅུ་ཡས་མས་ཀྱི་བུད་མེད་དར་མ་ཞིག་ཡིན་ལ། མོའི་གདོང་ན་སྤྲོ་ཉམས་མེད་ལ་སྡུག་ཉམས་མེད། དེ་བས་ཀྱང་སྐྲག་ཉམས་མེད་པར་ཁོ་དང་ཁོའི་པང་གི་མེ་མདའ་དེའང་ཟིལ་གྱིས་གནོན་པར་བྱེད།
ཁོས་བུད་མེད་དེའི་གདོང་ལ་ཐད་ཀར་བལྟ་མི་ཕོད་པ་ལྟ་བུའི་སྣང་བ་ཞིག་སྐྱེས་ཏེ་ཁ་ཕྱིར་འཁོར་བ་ན་བེའུ་ཡར་དག་གིས་ཨ་མའི་ནུ་མ་ནུ་བཞིན་ཡོད་པ་དང་། འབྲི་མོ་དག་གིས་སྐེ་ཕྱིར་དཀྱོག་སྟེ་ཧ་ཅང་དུངས་དུངས་ཀྱིས་བེའུ་ཡར་དག་ལ་ལྕེ་ལྡེག་བྱེད་བཞིན་འདུག
ཁོའི་ཡིད་ལ་གློ་བུར་དུ་རང་གི་བུ་མོ་དང་ཆུང་མ་ཤར་ཏེ“ངོ་མ། མོ་མ་སྨད་གཉིས་གསོན་པོར་ཁ་དགར་ན་དེ་ལས་གདུག་རྩུབ་དང་བཟོད་ཐབས་བྲལ་བ་ཞིག་གང་ན་ཡོད། ཨ་ཁ། དེ་ནི་ངོ་མ་བསམ་ཕོད་པ་ཞིག་མ་རེད”སྙམ་ནས་སྡོད་སྐབས་བུད་མེད་དེ་ཡར་ལངས་ནས་ཕྱིར་སོང་བ་དང་། ལམ་རྐེད་དུ་མོས་བྱིས་པ་དེ་བྲང་ཁར་སྦྱར་ནས་འོ་ཞིག་བྱས་རྗེས་རྒྱབ་ལ་ཁུར་ནས་དལ་ལྷོད་ཀྱིས་བུད་སོང་། ཁོས་བུད་མེད་དེའི་རྗེས་སུ་བལྟ་བཞིན་ཧད་འདུག་པ་དང་། ཅུང་ཙམ་འགོར་རྗེས་ནོར་ཁྱུ་མུ་མཐུད་ནས་མདུན་དུ་དེད། མ་བུ་ཁ་ཐུག་རྗེས་ནོར་ཁྱུ་ཅི་ལྟར་དེད་ན་དེ་ལྟར་དྲང་མོར་འགྲོ་བས་དཀའ་ཚེགས་ཅི་ཡང་མེད། ཡིན་ནའང་ཁོ་མངོན་གསལ་གྱིས་ཇེ་དལ་དུ་སོང་བས་འབྲི་གཡག་ཚོས་རྩྭ་ཁམ་གང་རེ་དང་གོམ་པ་གང་རེ་བྱས་ནས་འགྲོ་ལ། ཐ་ན་བེའུ་ཡར་ལ་ལ་ཨ་མའི་རྗེས་སུ་འགྲོ་ཞོར་མཆུ་བསྲིངས་ཏེ་བརླ་བར་ནས་ནུ་མ་ནུ་བཞིན་འགྲོ་གིན་འདུག མཚམས་ཤིག་ཁོས་རྦད་དེ་འགྲོ་མཚམས་བཞག་པ་དང་། ནོར་ཁྱུའང་རིམ་བཞིན་ཕྱོགས་བཞིར་ཡན་ནས་རྩྭ་བཟའ་བཞིན་འདུག
ཕྱི་ཉིན་ནམ་ལངས་དུས་ནོར་ཁྱུ་ཁྱིམ་དེའི་འདབས་ན་ཡོད་པ་དང་། དེ་ནས་བཟུང་ཡུལ་ཕྱོགས་དེར་ཇག་པ་ཁེར་འགྲོ་ཟེར་བ་གོ་རྒྱུ་མཐོང་རྒྱུ་མེད་པར་གྱུར།
2022.4.22
2022ལོའི《མི་རིགས་ཀྱི་རྩོམ་རིག》དེབ་བཞི་པ་ལས་བདམས།
རྩོམ་སྒྲིག་པ། དབང་མོ།
རྩོམ་ཁུངས། 《མི་རིགས་ཀྱི་རྩོམ་རིག》